Lhaphu Mokchok

From Shangpa Resource Center
Revision as of 11:32, 8 October 2024 by Sengue (talk | contribs)





Resource ID G10
Place Type Monastery
Coordinates 29°42'8"N 89°25'48"E
Links Shangpa Foundation
BDRC G2CN11086

Name Variants

lha phu rmog lcog

Associated Persons

Monastry Founded by

History

Notes

In dpal ldan shangs pa bka' brgyud kyi chos 'byung gser chos zhing gi sa bon (W1KG26279 p.456): དེ་ཡང་ནི་གུའི་བརྒྱུད་འདེབས་ལས་ཤངས་ལྷ་ཕུ་རྨོག་ལྕོག་གི་དགོན་པ་རུ། མཉམ་མེད་རིན་ཆེན་བརྩོན་འགྲུས་ལ་གསོལ་བ་འདེབས་ཞེས་འཁོད་པ་བཞིན། དགོན་འདི་ནི་ཤངས་ལུགས་གདམས་པའི་ཆིག་བརྒྱུད་ཀྱི་བརྒྱུད་པ་བཞི་པ་རྨོག་ལྕོག་པ་རིན་ཆེན་བརྩོན་འགྲུས་ཀྱིས་ཡུལ་ལ་གཡང་ཆགས་ལྷ་ཕུའི་ངོགས་སུ་ཕྱག་བཏབ་ཅིང་། དེང་རྣམ་གླིང་རྫོང་ར་ཐང་ཡུལ་ཤོག་གད་ར་གྲོང་ཚོའི་ཁོངས་སུ་གནས། དགོན་འདིར་རྨོག་ལྕོག་ཅེས་བརྗོད་དོན་ཡང་རི་རྨོག་འདྲ་བའི་སྟེང་དགོན་པ་ལྕོག་འདྲ་བ་བཞེངས་པས་ཡིན་ཞེས་གྲགས། ཁུལ་དེའི་མི་རྣམས་ཀྱི་ཁ་རྒྱུན་དུ་རྨོག་ལྕོག་སྒྲུབ་ཁང་”ཞེས་འབོད་ཅིང་། རྗེ་རྨོག་ལྕོག་པས་དགོན་གནས་མ་བཏབ་གོང་སྒྲུབ་པ་ལ་ཞུགས་སའི་སྒྲུབ་ཁང་སྒོ་ལྷོ་ཕྱོགས་སུ་བསྟན་པ་དེ་རི་གཤམ་དུ་མཇལ་རྒྱུ་འདུག །མཉམ་མེད་རྨོག་ལྕོག་པ་རིན་ཆེན་བརྩོན་འགྲུས་ཀྱིས་སྤྱིར་མི་ཟས་སྤངས་ནས་མི་ལོ་བཅུ་གཉིས་རིང་སྒྲུབ་པ་བསྐྱོན་ས་དེ་ཡིན་ལ། ཁུལ་དེའི་ཤོད་རྒྱུན་དུ་ཁོང་སྒྲུབ་པ་མཐར་ཕྱིན་རྗེས་རྨོག་ལྕོག་གི་བྲག་རིའི་རྩེ་ལས་ཐོན་པར་གྲགས། ད་ལྟ་སྒྲུབ་ཁང་དེའི་ཕྱི་རོལ་དུ་མ་ཎི་ཁང་ཆུང་ངུ་གཉིས་ཀྱང་བཞེངས་འདུག སྔར་སྒྲུབ་ཕུག་གཤམ་དུ་ལམ་བུ་བཟོ་སྐབས་སྒྲུབ་ཁང་དེར་གཏོར་སྐྱོན་ཅུང་ཟད་ཕོག རྨོག་ལྕོག་གི་གནས་འདི་ནི་ཆོས་རྗེ་རྨོག་ལྕོག་པ་དང་དབོན་སྟོན་སྐྱེར་སྒང་པ་གཉིས་ཐོག་མར་མཇལ་ས་ཡང་ཡིན། ཆོས་རྗེ་རྨོག་ལྕོག་པ་ཆེན་པོ་མངོན་པར་དགའ་བའི་ཞིང་ཁམས་འོད་འཕྲོ་ཅན་ཞེས་བྱ་བར་ཕེབས་རྗེས། རྨོག་ལྕོག་གི་གདན་ས་འདི་དང་ཉེ་བའི་སྤང་པོའི་སྤྱིལ་བུར་རིན་ཆེན་བདུན་བརྒྱུད་ཕྱི་མའི་བདུན་པ་རྒྱ་སྒོམ་ལེགས་པ་རྒྱལ་མཚན་བཞུགས་ཡོད་པ་ཡང་། ནི་གུའི་རྒྱབ་ཆོས་གླུའི་ཕྲེང་བ་ལས་མ་གི་ཤེད་ཤངས་ཕུའི་རྨོག་ལྕོག་གི །ཕོ་བྲང་དེ་སྤང་པོའི་སྤྱིལ་བུ་ན། །མི་གཟུགས་ལ་ཞུ་བདེའི་འོད་འབར་བ། རྒྱ་སྒོམ་རྡོ་རྗེ་འཆང་ཆེན་དེ་ན་བཞུགས་ཞེས་འཁོད་པ་ལྟར་རོ།
།ད་ལྟ་ཆོས་རྗེ་རྨོག་ལྕོག་པས་ཕྱག་བཏབ་པའི་དགོན་གནས་འདིར་དམངས་གཙོའི་བཅོས་བསྒྱུར་གོང་བཙུན་མ་ཞལ་གྲངས་བཞི་བཅུ་ཙམ་ཡོད་པའི་རྙིང་མའི་དགོན་སྡེ་ཞིག་གི་འདུ་ཁང་དང༌། ཤག་ཁང་ལ་སོགས་པའི་རྩིག་ཤུལ་མང་པོ་ཞིག་མཇལ་རྒྱུ་འདུག་ལ། སྔར་དགོན་འདིར་རྟེན་གཙོ་གུར་དྲག་གིས་གཙོས་པའི་སྐུ་གསུང་ཐུགས་རྟེན་མང་དུ་བཞུགས་པ་དང་། གཞན་ཡང་གསེར་གྱི་རྔ་དང་སྦུབ་ཆལ། ལྷག་པར་དུ་ཆོས་རྗེ་རྨོག་ལྕོག་པའི་དབུ་ཞྭ་དམར་པོ་ཞིག་དང་སྒོམ་གཞོང་། གཤམ་ཐབ། ཞབས་ཕྱག་སོགས་ཡོད་པ་ལོ་ན་སྨིན་པའི་བགྲེས་སོང་འགས་དངོས་སུ་མཇལ་མྱོང་འདུག རྟེན་དེ་དག་ལས་རེ་ཟུང་ཞིག་རྨོག་ལྕོག་བྲག་གི་ལྟག་ཏུ་ཡོད་པའི་ལྷ་རྟེན་དེའི་གཟུངས་སུ་ཡོད་པ་ཕུད། མང་ཆེ་བ་མེ་ཆུའི་པང་དུ་བསྐུར་ཟིན་པས་མཇལ་བའི་སྐལ་པ་བྲལ།


In gtsang rnam gling khul gyi dgon sde'i gnas bshad dad pa'i dmigs bu (W3KG116 p.347): དྲུག་པ། ར་ཐང་ཤང་ཁུལ།
གཅིག རྨོག་ལྕོག་དགོན།
དེང་ར་ཐང་ཤང་གད་ར་གྲོང་ཚོའི་ཁོངས་སུ་གནས་ཤིང་། ནི་གུའི་བརྒྱུད་འདེབས། ལས་ཤངས་ལྷ་ཕུ་རྨོག་ལྕོག་གི་དགོན་པ་རུ། །མཉམ་མེད་རིན་ཆེན་བརྩོན་འགྲུས་ལ་གསོལ་བ་འདེབས། །ཞེས་འཁོད་པ་བཞིན། དགོན་འདི་ནི་ཤངས་ལུགས་གདམས་པའི་ཆིག་བརྒྱུད་ཀྱི་བརྒྱུད་པ་བཞི་པ་རྨོག་ལྕོག་པ་རིན་ཆེན་བརྩོན་འགྲུས་(སྤྱི་ལོ་1110-1170)ཀྱིས་སྤྱི་ལོའི་དུས་རབས་བཅུ་གཉིས་པའི་ནང་ཕྱག་བཏབ། དགོན་འདིར་རྨོག་ལྕོག་ཅེས་བརྗོད་དོན་ནི་རི་རྨོག་འདྲ་བའི་སྟེང་དགོན་པ་ལྕོག་འདྲ་བ་བཞེངས་པས་སོ། །ཁུལ་དེའི་མི་རྣམས་ཀྱི་ཁ་རྒྱུན་དུ་རྨོག་ལྕོག་སྒྲུབ་ཁང་ཞེས་འབོད་ཅིང༌། རྗེ་རྨོག་ལྕོག་པས་དགོན་གནས་མ་བཏབ་གོང་མི་ལོ་བཅུ་གཉིས་རིང་སྤྱིར་མི་ཟས་སྤངས་ནས་སྒྲུབ་པ་ལ་ཞུགས་སའི་སྒྲུབ་ཁང་སྒོ་ལྷོ་ཕྱོགས་སུ་ས་བསྟན་པ་དེ་རི་གཤམ་དུ་མཇལ་རྒྱུ་ཡོད།
སྔར་གྱི་རྨོག་ལྕོག་དགོན་ཉམས་རྒུད་དུ་སོང་བའི་ཤུལ་དུ་མོ་དགོན་ཞིག་ཉམས་གསོ་བསྐྱར་སྐྲུན་བྱས། དེ་ཡང་བཀའ་བརྒྱུད་གསེར་ཕྲེང་། དུ་རྨོག་ལྕོག་ཏུ་རྗེ་བཅུ་པའི་ཆོས་ཁྲིར་གསོལ་འདེབས་མཛད་ཅེས་འཁོད་པ་ལྟར། རབ་བྱུང་བཅུ་གཉིས་པའི་མེ་རྟ་(སྤྱི་ལོ་1726)ལོར་ཏྲེ་ཧོ་སྐུ་ཕྲེང་བཞི་པ་བློ་བཟང་ཆོས་ཀྱི་དབང་པོ་(སྤྱི་ལོ་1683-1730)རྨོག་ལྕོག་སྒྲུབ་ཁང་དུ་ཕེབས་ནས། ཀརྨ་སྐུ་ཕྲེང་བཅུ་པ་ཀརྨ་ཆོས་དབྱིངས་རྡོ་རྗེའི་(སྤྱི་ལོ་1604-1674)བཞུགས་ཁྲིར་གསོལ་འདེབས་མཛད་པ་གསལ་བས། དགོན་གནས་འདིར་ཀརྨ་སྐུ་ཕྲེང་བཅུ་པ་ཡང་ཕེབས་མྱོང་བ་འདྲ། རབ་བྱུང་བཅོ་ལྔ་པའི་ས་བྱ་(སྤྱི་ལོ་1909)ལོར་པཎ་ཆེན་ཆོས་ཀྱི་ཉི་མ་(སྤྱི་ལོ་1883-1937)དབུས་འགྱུར་ལྷ་ལྡན་དུ་ཆིབས་བསྒྱུར་མཛད་པའི་ཕེབས་ལམ་ན་དཀར་མདོ་རུ་འབྱོར་ཉེར་རྨོག་ལྕོག་བཙུན་མ་སོ་དྲུག་ཆིབས་བསུའི་སེར་སྦྲེང་དུ་ཕེབས་པས། སྐབས་དེར་དགོན་འདིར་མ་མཐར་ཡང་བཙུན་མ་སུམ་ཅུ་སོ་དྲུག་ཡོད་པ་ཤེས་ཐུབ། དམངས་གཙོའི་བཅོས་བསྒྱུར་གཏོང་མཚམས་སུ་བཙུན་མ་ཞལ་གྲངས་བཞི་བཅུ་ཙམ་ཡོད་པའི་སྔ་འགྱུར་རྙིང་མའི་མོ་དགོན་ཞིག་ཡིན།
ད་ལྟ་རྨོག་ལྕོག་གི་བྲག་རྩེར་སྔར་གྱི་འདུ་ཁང་དང་། ཤག་ཁང་ལ་སོགས་པའི་རྩིག་ཤུལ་མང་པོ་ཞིག་མཇལ་རྒྱུ་འདུག་ལ། སྔར་དགོན་འདིའི་ནང་རྟེན་དུ་གུ་དྲག་གིས་གཙོས་པའི་སྐུ་གསུང་ཐུགས་རྟེན་དུ་མ་དང༌། གཞན་ཡང་གསེར་གྱི་རྔ་དང་སྦུབ་ཆལ། ལྷག་པར་དུ་ཆོས་རྗེ་རྨོག་ལྕོག་པའི་དབུ་ཞྭ་དམར་པོ་ཞིག་དང་སྒོམ་གཞོང༌། གཤམ་ཐབ། ཞབས་ཕྱག་སོགས་ཡོད་པ་ལོ་ན་སྨིན་པའི་བགྲེས་སོང་འགས་དངོས་སུ་མཇལ་མྱོང་ཟེར། རྟེན་དེ་དག་ལས་རེ་ཟུང་ཞིག་རྨོག་ལྕོག་བྲག་གི་ལྟག་ཏུ་ཡོད་པའི་ལྷ་རྟེན་དེའི་གཟུངས་སུ་ཡོད་པ་ཕུད། མང་ཆེ་བ་མེ་ཆུའི་པང་དུ་བསྐུར་ཟིན་པས་མཇལ་བའི་བསྐལ་པ་བྲལ། མི་ལོ་འགའ་ཤས་ཀྱི་གོང་རོལ་དུ་ཁུལ་དེའི་དད་ལྡན་རྣམས་ཀྱིས་རྨོག་ལྕོག་སྒྲུབ་ཁང་ཡོད་སའི་ཉེ་འཁོར་དུ་བཞེངས་གནང་བའི་གཙུག་ལག་ཁང་གི་ནང་རྟེན་དུ་སྟོན་པ་ཤཱཀྱ་ཐུབ་པ་དང༌། སློབ་དཔོན་པདྨ་འབྱུང་གནས། མཁས་གྲུབ་ཁྱུང་པོ་རྣལ་འབྱོར། རྨོག་ལྕོག་རིན་ཆེན་བརྩོན་འགྲུས། སྐྱེར་སྒང་ཆོས་ཀྱི་སེང་གེ་སོགས་ཀྱི་སྐུ་བརྙན་དང་། ད་ཡོད་ཤངས་པའི་ཆོས་དཔེ་ཡོངས་རྫོགས། འཇུ་མི་ཕམ་འཇམ་དབྱངས་རྣམ་རྒྱལ་རྒྱ་མཚོའི་གསུང་འབུམ་སོགས་ཀྱི་ནང་རྟེན་རྣམས་བཞུགས། དགོན་འདི་དང་སྐུ་ལུང་དགོན་གྱི་སྐོར་ཅུང་ཟད་ཞིབ་པ་རྨོག་ལྕོག་པ་རིན་ཆེན་བརྩོན་འགྲུས་ཀྱི་རྣམ་ཐར་དང༌། མགུར་ཚོ། མགོན་པོ་ཕྱག་དྲུག་གི་ཆོས་འབྱུང་། རྨོག་ལྕོག་གི་གནས་ཡིག་བཅས་བཞུགས་སོ། །ཞེས་པའི་དཔེ་དེབ་ཏུ་གཟིགས་པར་འཚལ།
གཞན་ཡང་། རྒྱལ་སྲས་ཐོགས་མེད་བཟང་པོའི་(སྤྱི་ལོ་1295-1369)དངོས་སློབ་ཅིག་གིས་བླ་མ་ཉིད་ལ་རི་རྨོག་འདྲ་བ་ཞིག་གི་སྟེང་དུ། དགོན་པ་ལྕོག་ཙམ་ཞིག་རྒྱབ་ན་ཇི་ལྟར་རིགས་ཞེས་ཞུས་པས་བླ་མའི་བཀའ་ལྟར་ཕྱག་བཏབ་ཅིང༌། དེའི་རྗེས་ཐོགས་སུ་མངོན་ཤེས་ཐོགས་མེད་དུ་མངའ་བ་ཀུན་སྤངས་ནམ་མཁའ་གྲགས་ཀྱིས་དངུལ་ཆུ་རྨོག་ལྕོག་བཟུང་ཞེས་པའི་དངུལ་ཆུ་རྨོག་ལྕོག་དགོན་ནི་བཞད་དངུལ་ཆུའི་རི་སྟེང་དུ་གནས་པ་འདྲ་བས། འདི་དང་མི་འཁྲུལ་བ་གལ་ཆེའོ།


Loading map...