Khrid brgya'i brgyud pa'i lo rgyus kha skong

From Shangpa Resource Center
Revision as of 09:23, 7 September 2024 by Sengue (talk | contribs)








Resource ID DNZ--
Title khrid brgya'i brgyud pa'i lo rgyus kha skong
Topics Biography
Author Jetsün Taranatha
Link W20877

Excerpt
ཁྲིད་བརྒྱའི་བརྒྱུད་པའི་ལོ་རྒྱུས་ཁ་སྐོང་བཞུགས་སོ།།

ན་མོ་གུ་རུ། ཁྲིད་བརྒྱ་བརྒྱུད་པའི་ལོ་རྒྱུས་ཁ་སྐོང་། བླ་མ་ལ་ཕྱག་འཚལ་ལོ།
།དེ་ཡང་ཟབ་ཁྲིད་བརྒྱ་དང་བརྒྱད་ལས། དོན་བཞི་པ་བདེ་མཆོག་བོང་ཞལ་ཅན་གྱི་རྫོགས་རིམ་ཡན་ཆད་ཀྱི་ལོ་རྒྱུས། རྗེ་བཙུན་ཀུན་དགའ་གྲོལ་མཆོག་ཞབས་ཀྱིས་མཛད་ཟིན་ཅིང་། དེ་མན་ཆད་རྩོམ་འཕྲོར་བཞུགས་པ། འདིར་ཁ་འགེངས་ཀྱི་ཚུལ་དུ་བརྗོད་པར་བྱའོ། (...)


།ནི་གུ་ཆོས་དྲུག་སོགས་ལ། ཡེ་ཤེས་མཁའ་འགྲོ་ནི་གུ་ནི། ནཱ་རོ་པའི་ལྕམ་དུ་གྱུར་པ་སོགས་ལོ་རྒྱུས་ཀུན་ཁྱབ་དང་། ཁྱད་པར་ཤར་ཕྱོགས་ཝ་བ་པ་ལ་གདམས་པ་ཅུང་ཟད་གསན། སློབ་དཔོན་ཉིད་དང་ལྷན་ཅིག་ཞག་བདུན་དུ་བསྒོམ་པས། ཡེ་ཤེས་མཁའ་འགྲོ་མ་འཇའ་ལུས་སུ་གྱུར། ས་བརྒྱད་པའི་རྟོགས་པ་མངོན་དུ་མཛད། ཤར་ཕྱོགས་ལྭ་བ་པའི་སྤྱི་གཙུག་ནས་སྦར་མཐིལ་ཙམ་ཞིག་ལུས་སྐད། འདི་ལྭ་བ་པ་ཆུང་པ་ཡིན་ནོ། །མཚན་ནི་གུ་ཞེས་པ། ལེགས་སྦྱར་དང་བསྟུན་ཏེ། ནི་གུཔྟ་ཞེས་ངེས་གསང་ངམ། ངེས་སྦས་ཞེས་པར་ཡིན་པར་ཡང་གྲགས་ལ། དོན་དུ་ཡེ་ཤེས་ཀྱི་མཁའ་འགྲོ་མ་རྣམས་ཀྱི་བརྡའི་སྐད་ཞིག་གོ །དེ་ལ་མཐར་ཐུག་ལྔ་དང་ལྡན་པ། གྲུབ་ཆེན་ཁྱུང་པོས་འཕགས་ཡུལ་ཡོངས་ཁྱབ་ཏུ་གྲགས་པའི་རྒྱུད་གཞུང་ཡང་མང་དུ་གསན་ཅིང་། ཁྱད་པར་ཐུན་མོང་མ་ཡིན་པ་ས་ག་ཟླ་བའི་ཚེས་བཅོ་ལྔའི་ནུབ་མོ་ཟླ་བ་སྐྱ་རྒྱང་ངེ་ཤར་བ་ན་སྤྲུལ་པའི་དཀྱིལ་འཁོར་དུ་སྒྱུ་ལུས་དབང་མོ་ཆེ་བསྐུར། ཐོ་རངས་ཀྱི་དུས་སུ་མནལ་ལམ་དུ་ཆོས་དྲུག་ཚར་གཅིག་གསན། ཕྱིས་དངོས་སུ་གཉིས་ཏེ་ལར་ཚར་གསུམ་གསན། དེ་ནས་འགྲོ་མགོན་སངས་རྒྱས་སྟོན་པའི་བར་ཆིག་བརྒྱུད་དུ་བཀའ་རྒྱས་བཏབ་པ་ལྟར་གནས་ཤིང་། འགྲོ་མགོན་སྟོན་པ་དེ་ལ་ཞི་བྱེད་སྤྱོད་ཡུལ། ཇོ་བོ་རྗེ། ནཱ་རོ་པ་སོགས་ཀྱི་གདམས་ངག་དང་། ཤངས་ཆོས་ཉིད་ཀྱིའང་། །མཻ་ཏྲི་པ། རཱ་ཧུ་ལ། རྡོ་རྗེ་གདན་པ་སོགས་ཀྱི་གདམས་ངག་གིས་རྗེས་སུ་བཟུང་བའི་སློབ་མ་དཔག་ཏུ་མེད་པ་ཡོད་ཅིང་། ནི་གུ་དང་སུ་ཁའི་གདམས་ངག་ཆ་ཤས་ཐོབ་པ་ནི་མཐའ་ཡས་ཀྱང་། སྨིན་གྲོལ་ཆ་ལག་དང་བཅས་པར་ཡོངས་སུ་རྫོགས་པར་གནང་བ་ནི་སློབ་དཔོན་ཨའི་སེང་གེ། མཁས་གྲུབ་ཤངས་སྟོན། མཁས་གྲུབ་གཞོན་ནུ་གྲུབ་གསུམ་ཡིན་ལ། ཕྱི་མ་གཉིས་ལས་བརྒྱུད་ཚུལ་མི་འདྲ་བ་དཔག་ཏུ་མེད་པ་གྱེས་ནའང་། མཁའ་འགྲོའི་ཐེམ་ཡིག་གིས་བསྡོམས་པའི་ཕྱིར། བརྡའ་དོན་གཉིས་ཀ་ནས་མི་འདྲ་བ་གཏན་ནས་མེད་ཅིང་། བཅོས་ལྷད་དང་བྲལ་བའི་ཕྱིར། སྒྲུབ་བརྒྱུད་ཀུན་གྱི་ཡང་རྩེར་བཞུགས་པ་ཡིན་ནོ།
།དེ་ལ་ནེ་གུའི་གདམས་སྐོར་འདི་ཀུན་ནི། སྤྱིར་མདོ་རྒྱུད་ཐམས་ཅད་ཀྱི་དགོངས་པ། ཁྱད་པར་མཐར་ཐུག་སྟོན་པ་རྒྱུད་སྡེ་ལྔའི་སྙིང་པོ། ཡང་སྒོས་ཐུན་མོང་མ་ཡིན་པ། སྡོམ་པ་རྒྱ་མཚོ་དང་། རིན་ཆེན་རྒྱ་མཚོའ་སྙིང་པོ་ཁོལ་ཕྱུང་དུ་བཞེད་དོ།
།ཕྱག་ཆེན་གའུ་མ་ནི། ཁྱུང་པོས་འདིའི་རྩ་ཚིག་ཏ་ལའི་ལོ་མ་ལ་བྲིས་ཏེ། ཙནྡན་གྱི་གའུར་བཅུག་ནས། གཅེས་སྤྲས་ཆེན་པོས་བསྣམས་ཏེ་བྱོན་པས། གའུ་མར་མཚན་ཐོགས་པ་སྟེ། ཐབས་ཤེས་གཉིས་ཀྱི་གའུར་རིག་པ་སེམས་ཀྱི་ནོར་བུ་བཅུག་པ་སོགས་ཀྱི་སྒྲ་བཤད་བྱེད་པ་ནི་སྙིང་པོས་དབེན་པའི་འཆལ་གཏམ་ཙམ་མོ།
།འདིའི་སྦྱོར་དངོས་རྗེས་གསུམ་གྱི་གདམས་ངག་ནི། མཁའ་འགྲོ་ནི་གུའི་གསུང་ལས་ནམ་ཡང་མི་འདའ་ལ། རྟོགས་པ་དོན་གྱི་བརྒྱུད་པ་ནི། མཁའ་འགྲོ་ནི་གུ། སུ་ཁ་སིདྡྷི། མཻ་ཏྲི་པ་གསུམ་གྱི་དགོངས་པ་ཕྱོགས་གཅིག་ཏུ་དྲིལ་བ་ཡིན། ངོ་སྤྲོད་ཀྱི་སྐབས་གྲུབ་ཆེན་ཁྱུང་པོས། ཕྱི་རོལ་ཡུལ་ལ་སྣང་སྟོང་རྒྱ་ཡིས་གདབ། རིག་པ་སེམས་ལ་གསལ་སྟོང་རྒྱ་ཡིས་གདབ། །རང་ལུས་ལྷ་སྐུ་བདེ་སྟོང་རྒྱ་ཡིས་གདབ། ཅེས་རྒྱས་གདབ་གསུམ་གྱི་ཐ་སྙད་མཛད་ལ། རྗེ་རྨོ་གཅོག་པས་ཆོས་དྲུག་གི་རྟོགས་པ་བསམ་གྱིས་མི་ཁྱབ་པ་འཁྲུངས་པའི་ཚེ། གྲུབ་ཆེན་ཁྱུང་པོ་མི་བཞུགས་པས། དེའི་གོལ་ས་གཅོད་པའི་ཕྱིར། རྗེ་སྒམ་པོ་ལ་ཕྱག་ཆེན་གསན། གནས་ལུགས་རྟོགས་པའི་བོགས་འདོན་མཐར་ཐུག་པ་བྱུང་། དེ་ནས་རྗེ་དྭགས་པོའ་བཞེད་པ་དང་བསྟུན། རྒྱས་གདབ་དང་བྲལ་བའི་ཐ་སྙད་མཛད་དོ།
།ལམ་ཁྱེར་གསུམ་ནི། ཆོས་དྲུག་གི་སྒྱུ་ལུས་དབང་པོ་རབ་འབྲིང་གསུམ་ལས་འཕྲོས་པ་ཡིན་པས་ཡལ་ག་ཞེས་གྲགས། འཆི་མེད་འཆུག་མེད་ནི། འོད་གསལ། སྒྱུ་ལུས། ཕྱག་ཆེན་རྣམས་སྙིང་པོར་དྲིལ་བ་ཡིན་པས། འབྲས་བུ་འཆི་མེད་ཞེས་གྲགས་སོ།
།སུ་ཁ་ཆོས་དྲུག་ནི། གྲུབ་ཆེན་ཁྱུང་པོས་ཡེ་ཤེས་ཀྱི་མཁའ་འགྲོ་སུ་ཁ་སིདྡྷི་ལ་རྒྱུད་གཞུང་དང་འབྲེལ་བའི་ཚིག་བརྒྱུད་ཆེན་པོ་མ་གསན་ཀྱང་། སྙིང་པོ་དོན་གྱི་གདམས་ངག་གསན་པ་དང་། ཟབ་མོའ་དབང་བསྐུར་བ་དང་། གྲུབ་ཆེན་ཉིད་བརྒྱུད་འཛིན་དང་བཅས་པ་ཐམས་ཅད་ལ་རྒྱུད་བྱིན་གྱིས་བརླབས་པ་སྟེ་གསུམ་གྱི་སྒོ་ནས་བཀའ་དྲིན་བླ་ན་མེད་པ་མཛད། འདི་ལ་གསང་སྒྲུབ་མན་ངག་གཟེར་གསུམ་ལ་སོགས་པ་ཆོས་སྐོར་ཤིན་ཏུ་ཟབ་པར་བཞུགས་པ་ལས་སུ་ཁ་ཆོས་དྲུག་ཏུ་གྲགས་པ་ལ་ཡང་གཟེར་གསུམ་གྱི་ལྟེ་བར་སྤྲུལ་འཁོར་ལ་བརྟེན་ནས་བྱུང་བ་ཡིན་ཅིང་། འདི་ལ་ཡིག་རྙིང་དུ་མངོན་པ་གཅིག་བཞུགས་མོད་ཀྱང་སྔོན་དུས་དར་རྒྱས་ཆེར་མེད། ཕྱིས་སྐུ་ཞང་མཁྱེན་རབ་རྗེས་ཤིན་ཏུ་དར་བར་མཛད་དོ།
།བདག་མེད་མའི་ནང་ཁྲིད་ནི། དམ་པ་སངས་རྒྱས་ཀྱི་ཞང་པོ་བྲམ་ཟེ་ཨཱརྻ་དེ་ཝ་གྲུབ་པ་ཐོབ་པའི་ཆོས་ཡིན་ཅིང་། སུ་ཁའི་ཆོས་སྐོར་འདི་ཀུན་ལ་ཁྱུང་པོའ་དུས་ཀྱི་གདམས་ངག་རྩ་བ་རེ་དང་། རི་གོང་དཔལ་གྱི་ཡང་དགོན་དུ་མཁའ་འགྲོ་ཉིད་ཀྱིས་ཞག་བདུན་གྱི་བར་དུ་གཉན་སྟོན་ཆེན་པོ་ལ་དངོས་སུ་གདམས་པའི་ཟབ་ཁྱོད་འདོན་རྒྱུ་རེ་ཐམས་ཅད་ལ་ཡོད་དོ། (...)