Phyag rgya chen po rtogs mi rtog

From Shangpa Resource Center
Revision as of 08:45, 3 July 2024 by Sengue (talk | contribs)
(diff) ← Older revision | Latest revision (diff) | Newer revision → (diff)








Resource ID SCv8p169
Title phyag rgya chen po rtogs mi rtog bya ba
Topics Mahamudra Gauma
Sub-Topics Various
Author Gyeltsen Bum, Shönu Drup
Associated Person Niguma
Link BDRC W23922
BDRC W3CN18508 (v2p.102)
Notes Linked to Mahamudra Gauma last part.

༄༅། །ཕྱག་རྒྱ་ཆེན་པོ་རྟོགས་མི་རྟོག་བྱ་བ་བཞུགས་སོ།།

ན་མོ་གུ་རུ།
ཐབས་ཁས་མཁས་ཐུགས་རྗེའི་བདག་ཉིད་ཅན། །འགྲོ་བའི་དཔལ་ལྒོན་རིན་པོ་ཆེ། །རྣམ་རྟོག་ཆོས་སྐུར་ངོ་སྤྲོད་པའི། །འགྲོ་མགོན་བླ་མའི་ཞབས་ལ་འདུད།
།དེ་ལ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་སེམས་ཅན་གྱི་རྒྱུད་ལ། ཉོན་མོངས་པ་བརྒྱད་ཁྲི་བཞི་སྟོང་གི་གཉེན་པོར། ཆོས་ཀྱི་སྒོ་མོ་དེ་སྙེད་གསུང་ལགས། ཉོན་མོངས་པ་དེ་རྣམས་དུག་ལྔར་འདུས་ཤིང་། །དེ་སྤང་བ་ལ་ཐེག་པ་ཐུན་མོང་པས། འདོད་ཆགས་ལ་མི་གཙང་པའི་རྫས་སུམ་ཅུ་རྩ་གཉིས་ཀྱིས་གང་བ་ལ་སོགས་བསྒོམ་སྟེ།
།ཀྲྀ་ཡ་དཔུང་བཟང་གི་རྒྱུད་ལས། འདོད་ཆགས་ཤས་ཆེ་མི་གཙང་ཤ་ཚིལ་དང་། །པགས་པ་ཀེང་རུས་བལྟ་བས་རྣམ་པར་བཟློག །བྱམས་དང་སྙིང་རྗེའི་ཆུ་གདབ་ཞེ་སྡང་ལ། །གཏི་མུག་ལ་ནི་རྟེན་འབྲེལ་ལམ་གྱིས་སོ། །ཅེས་སོ།
།ཐེག་ཆེན་གསང་སྔགས་པ་རང་གི་དགེ་སྦྱོར་གྱི་དབང་དུ་སྡུད་ཅིང་ཉམས་སུ་ལེན། དེ་ལ་འདོད་ཆགས། ཞེ་སྡང་། གཏི་མུག །ང་རྒྱལ། ཕྲག་དོག་དང་བསྲེ་བའོ།
༼།དང་པོ་ལ་གསུམ།༽ །བཞི་ལ་སྟོབས་བསྐྱེད། ལམ་ལ་རྒྱན་འདགས། འབྲས་བུ་ལ་མངོན་དུ་འགྱུར་པའོ།
།དང་པོ་ནི། བྱང་ཆུབ་ཏུ་སེམས་བསྐྱེད་ནས། འོད་གསལ་ཕྱག་རྒྱ་ཆེན་པོ་རྟོགས་པར་གསོལ་བ་གདབ་པའི་བར་དུ་བྱ། དེ་ནས་རང་བབས་གསུམ་གྱི་སྟེང་དུ་ཞོགས་ཚད་བཞག་པའི་ངང་ལས། ཆེད་དུ་འདོད་ཆགས་སྐྱེ་བའི་ཡུལ་ཉེ་བར་སྔོན་དུ་བྱས་ཤིང་། །བག་ལ་མ་ཞ་བར། རྩལ་ཇི་ལྟར་ཡོད་པ་བློ་ལ་རྫོགས་ཤིང་ལས་མ་བསགས་པའོ།
།འདོད་ཆགས་ཀྱི་རྣམ་རྟོག་དེའི་དབང་དུ་ཤོར་ན། འདོད་ཆགས་ཀྱིས་ཀུན་ནས་བླངས་པའི་ལས་སོགས། མོ་གདོན་ལྡང་གྲང་ནད་འཇུག །ཡི་དྭགས་སུ་སྐྱེའོ།
།སམ་བུ་ཊ་ལས། རྣམ་རྟོག་གཏི་མུག་ཆེན་པོ་སྟེ། །འཁོར་བའི་རྒྱ་མཚོར་ལྟུང་བར་བྱེད། །ཅེས་སོ།
།དེའི་དབང་དུ་མ་ཤོར་བར། །རང་གི་དགེ་སྦྱོར་གྱིས་ཚུར་དབང་དུ་འདུས་པས། འདོད་ཆགས་ལས་གྱུར་པ་ཉི་ཁྲི་ཆིག་སྟོང་དག །འདོད་ཆགས་ཅན་གྱི་མི་དང་མི་མ་ཡིན་པ་དབང་དུ་འདུ། མོ་གདོན་ལས་གྲོལ། གྲང་ནད་མི་འཇུག །ཡི་དྭགས་སུ་མི་སྐྱེའོ།
།སམ་བུ་ཊ་ལས། མི་རྟོག་ཏིང་འཛིན་ལ་གནས་ན། །མཁའ་བཞིན་བྱེད་པ་མེད་པར་མངོན། །ཅེས་སོ།
།དེ་བཞིན་དུ་ཞེ་སྡང་གི་དབང་དུ་ཤོར་ན། །དེས་ཀུན་ནས་སླངས་པའི་ལས་སོགས། ཕོ་གདོན་ལྡང་། །ཚད་ནས་འཇུག །དམྱལ་བར་འགྲོའོ།
།གཏི་མུག་གི་དབང་དུ་སོང་ན། །དེས་ཀུན་ནས་བསླང་པའི་ལས་སོགས། ས་གདོན་ལྡང་། །བད་ཀན་འཇུག །དུད་འགྲོར་སྐྱེའོ།
།དེའི་དབང་དུ་མ་ཤོར་བར་དགེ་སྦྱོར་གྱི་དབང་དུ་འདུས་པས། །ཞེ་སྡང་ལས་གྱུར་པ་ཉི་ཁྲི་ཆིག་སྟོང་དག །ཞེ་སྡང་ཅན་གྱི་མི་དང་མི་མ་ཡིན་པ་དབང་དུ་འདུ་བ་ལ་སོགས་ཤེས་པར་བྱའོ།
།གཉིས་པ་ནི། དེའི་དུས་སུ་སེམས་ཅན་ཐམས་ཅད་ཀྱི་འདོད་ཆགས་བདག་ལ་སྨིན་ནས། སེམས་ཅན་ཐམས་ཅད་འདོད་ཆགས་མེད་པའི་དགེ་བའི་རྩ་བ་དང་ལྡན་པར་གྱུར་ཅིག །ཞེས་ལན་གསུམ་བརྗོད་ཅིང་། །ཡིད་ལ་ཡང་བསམ་མོ།
།གསུམ་པ་ནི། ནང་སེམས་ཅན་དང་། ཕྱི་རྫས་དང་། ལོངས་སྤྱོད་ལ་ཆགས་པའི་རྣམ་རྟོག་སྐྱེས་པའི་དུས་སུ། དེའི་དབང་དུ་མ་ཤོར་བར། སྟན་དེའི་ཐོག །འཁོར་དེའི་ཁོངས་སུ། དེའི་དགེ་སྦྱོར་གྱི་དབང་དུ་བསྡུས་ཤིང་ལམ་དུ་བསློང་དགོས་པས། སེམས་ཅན་དང་རྫས་ལ་འདོད་འདུན་སེར་སྣའི་རྣམ་རྟོག །རྩལ་རྫོགས་ལ་ལས་མ་བསགས་པ་དེའི་ངོ་བོ་ལ་གཅེར་བལྟས་པས། དེས་ཟུངས་མ་ཐུབ་པར། དེ་རང་སྟོང་དུ་བརྗེན་ལྷང་གིས་འཆར་ཞིང་། གདངས་བདེ་བ་རུ་ལྷང་ངེ་བ་དེའི་རྒྱུན་མ་ཤོར་བ། རྟོག་པ་གཞན་གྱིས་བར་མ་ཆོད་པར་བདེ་སྟོང་འཛིན་མེད་དུ་ལམ་དུ་བཏང་ངོ་།
།གཉིས་པ་ནི། གཞི་དང་ལམ་སྔར་གྱི་དེས་ཀུན་ལ་མཚོན་ལ། འབྲས་བུ་ནི། ཀུན་ནས་མནར་སེམས་ཀྱིས་བསྡུས་པའི་ཞེ་སྡང་གི་རྣམ་རྟོག་དེའི་ངོ་བོ་ལ་གཅེར་བལྟས་པས། །དེས་ཟུངས་མ་ཐུབ་པར། རང་སྟོང་དུ་རྗེན་ལྷང་འཆར་ཞིང་། །གདངས་གསལ་བ་རུ་ལམ་མེ་བ། དེའི་རྒྱུན་མ་ཤོར་བར། རྟོག་པ་གཞན་གྱི་བར་མ་ཆོད་པར། གསལ་སྟོང་འཛིན་མེད་དུ་ལམ་དུ་བཏང་ངོ་།
།གསུམ་པ་ནི། ཤེས་བྱའི་གནས་ལ་བླང་དོར་གྱི་ཆ་མི་ཕྱེད་པའམ། གཉིད་རྨུགས་བྱིངས་པ། གཏི་མུག་གི་རྣམ་རྟོག་སྐྱེས་པའི་དུས་སུ། དེའི་ངོ་བོ་ལ་གཅེར་བལྟས་པས། །དེས་ཟུངས་མ་ཐུབ་པར། རང་སྟོང་དུ་རྗེན་ལྷང་གིས་འཆར་ཞིང་། །གདངས་མི་རྟོག་པ་སིང་ངེ་བའི་ངང་མ་ཤོར་བར། རྟོག་པ་གཞན་གྱིས་བར་མ་ཆོད་པར་༼བདེ་སྟོང་འཛིན་༽༼མི་རྟོག་སྐྱེ་༽མེད་དུ་ལམ་དུ་བཏང་ངོ་།
།རིགས་རུས་ཞོ་ཤ་ལ་སོགས་པ་ང་རྒྱལ་གྱི་རྣམ་རྟོག་དང་། །གཞན་གྱི་འབྱོར་པ་བློ་ཡུལ་དུ་མི་ཤོང་བའི་ཕྲག་དོག་ལ་སྔར་ལྟར་ཤེས་པར་བྱའོ།
།ཡང་ན་འདོར་མི་ཕྲ་བའི་འདོད་ཆགས་ཀྱི་རྣམ་རྟོག་སྐྱེས་པའི་དུས་སུ། རྗེས་སུ་ཡང་མི་འབྲང་། །སྤོང་ཡང་མི་སྤོང་། སྟོང་པ་ཡིན་སྙམ་པའི་བློས་བྱས་ཀྱི་ངོ་ཤེས་ཀྱང་མི་བསྐྱེད། རང་བབས་གསུམ་གྱི་སྟེང་དུ། རང་ཐོག་ཏུ་གློད་ནས། འཛིན་མེད་དུ་བཅས་བཅོས་མེད་པར་བཞག་པས། །འདོད་ཆགས་སུ་ལམ་མེ་བ་དེ་རང་ལ་ཉམས་ལེན་གྱི་ངོ་ཏིར་བྱས་པས། །དེ་ལ་གཞན་པའི་རྟོག་པས་དབེན་པ་གསལ་ལེར་བསྒོམ་པ་ཡིན། །དེར་འདོད་ཆགས་མ་སྤངས་གནས་སུ་དག་ནས། སྤང་བྱ་སྤང་མ་དགོས། གཉེན་པོ་བཙལ་ཡང་མ་དགོས་པར་གང་ཤར་དེ་དང་། །སྤང་བླང་དང་བྲལ་ནས། བདེ་སྟོང་འཛིན་མེད་དམ་ཆོས་སྐུར་འཆར་རོ། །དེ་ལྟར་ཞེ་སྡང་ལ་སོགས་པ་ལའང་ཤེ་པར་བྱའོ། །ཡང་ན་དུག་ལྔ་སྐྱེས་པའི་དུས་སུ། གཉེན་པོས་སྤང་བ་ཡང་མེད། རང་རྒྱུད་པའི་འཛིན་པས་ཡང་མ་དགོས་པ་དེ་ལ་བཟོ་མི་བྱེད། རྗེས་སུ་མི་འབྲང་བར། རང་བབས་གསུམ་གྱི་སྟེང་ནས། རང་ལུག་སུ་གློད་ནས་འཛིན་མེད་དུ་བཞག་པས། མ་སྤངས་གནས་སུ་དག་ནས་གསལ་སྟོང་འཛིན་མེད་སྐུ་གསུམ་དུ་འཆར་རོ། །དེས་ཉོན་མོངས་པ་ལྔ་དག་ནས། རིགས་ལྔ་ཡེ་ཤེས་ལྔར་འཆར་བར་འགྱུར་རོ།
།བརྟག་གཉིས་ལས། དུག་གི་དུམ་བུ་གང་ཉིད་ཀྱིས། །སྐྱེ་བོ་ཐམས་ཅད་འཆི་བར་འགྱུར། །དུག་གི་དེ་ཉིད་ཤེས་པ་ཡིས། །དུག་གིས་དུག་ནི་འབིགས་པར་བྱེད། །དེ་ལྟར་རླུང་གིས་ཟིན་པ་ལ། །མོན་སྲན་རྔིའུའི་བཟའ་བ་སྦྱིན། །བཟློག་པའི་སྨན་ནི་བཏང་བ་ལས། །རླུང་གིས་རླུང་ལ་བསྣུན་པར་བྱེད། །རྣམ་རྟོག་ལས་ནི་རྣམ་རྟོག་དང་། །སྲིད་པ་ཉིད་ཀྱིས་སྲིད་པ་དག །ཇི་ལྟར་རྣ་བར་ཆུ་ཞུགས་པ། །ཆུ་གཞན་གྱིས་ནི་དགུག་པར་བྱ། །དེ་བཞིན་དངོས་པོའི་རྣམ་རྟོག་ཀྱང་། །རྣམ་པར་ངེས་པར་སྦྱང་བར་བྱ། །ཇི་ལྟར་ཚད་པས་ཚིག་པ་ལ། །ྨེ་ཡི་ཡང་ནི་གདུང་བར་བྱ། །དེ་བཞིན་འདོད་ཆགས་མེས་ཚིག་པ། །འདོད་ཆགས་མེ་ཡིས་གདུང་བར་བྱ། །སྐྱེ་བོ་མི་ཟད་པའི་ལས། །གང་དང་གང་གིས་འཆིང་གྱུར་པ། །ཐབས་དང་བཅས་ན་དེ་ཉིད་ཀྱིས། །སྲིད་པའི་འཆིང་བ་ལས་གྲོལ་འགྱུར། །ཅེས་དང་།
།སམ་བུ་ཊ་ལས། ཆགས་པས་ཆགས་པ་དག་འགྱུར་ཏེ། །ཞེ་སྡང་གིས་ནི་ཞེ་སྡང་སྦྱང་། །གཏི་མུག་གིས་ནི་གཏི་མུག་དང་། །ང་རྒྱལ་གྱིས་ནི་ང་རྒྱལ་སྦྱངས། །ཕྲག་དོག་གིས་ནི་ཕྲག་དོག་སྦྱང་། །ཅེས་སོ།
།དེ་ལ་བསྒོམ་གྱི་གནད་ནི། །གོ་ཡུལ་དུ་ཤོར་ན་ནང་དུ་མྱོང་བ་མི་ཡོང་། །བཤད་པ་ཚིག་ཡིན། བྲིས་པ་ཡི་གེ་ཡིན། གོ་བ་བློ་ཡུལ་ཡིན། བསྒོམ་བློ་བསྐྱེད་མེད་པའང་སྐྱོང་མ་ཤེས་པ་ཡིན། དེ་སྐྱོང་བ་ལ་དྲན་འཛིན་ལས་ཟབ་པ་མེད། །དེའང་ཐོལ་སྐྱེས་ཀྱི་ཤེས་པ་ངོས་བཟུང་ལ། རང་ཐོང་དུ་གློད་ནས་འཛིན་མེད་དུ་བཞག་པས། དེ་མ་སྤངས་གནས་སུ་དག་ནས་སྐྱེས་གྲོལ་དུས་ཅིག་ལ་རྣམ་རྟོག་ཆོས་སྐུར་འཆར་རོ།
།སྤྱོད་འཇུག་ལས། ཀུན་ནས་དྲན་པའི་ཐག་པ་ཡིས། །སེམས་ཀྱི་གླང་པོ་མ་བརྟག་ན། །འཇིགས་པ་ཐམས་ཅད་མེད་འགྱུར་ཞིང་། །བདེ་བ་ཐམས་ཅད་ལག་ཏུ་འོང་། །ཅེས་སོ།
།ཡང་དུག་ལྔའི་རྣམ་རྟོག་ཏོལ་སྐྱེས་པའི་དུས་སུ། །དེ་ངོས་བཟུང་ལ། དེ་གཉན་པོས་སྤངས་པའང་མེད། །རང་རྒྱུད་པའི་འཛིན་པས་ཀྱང་མ་གོས་པ་འདི་ལ་གང་སྐྱེས་ཐོག་ཏུ་བཅས་བཅོས་མེད་པར་བཞག་པས། དེ་མ་སྤངས་གནས་སུ་དག་ནས། རང་གྲོལ་དུས་གཅིག་ལ་ཉོན་མོངས་ཡེ་ཤེས་སུ་འཆར་རོ།
།ས་ར་ཧས། གང་མ་སྤངས་ཤིང་གོས་མེད་ཡེ་ཤེས་ལྡན། །ཅེས་དང་།
ནཻ་གུ་མས། ཆོས་སྐུའི་ནམ་མཁར་རྣམ་རྟོག་སྤྲིན་ཚོགས་ལས། །དུག་ལྔའི་གློག་འགྱུ་ཡེ་ཤེས་ཆེན་པོར་ལྟོས། །ཅེས་སོ།
།དེ་ལ་ཉོན་མོངས་པ་དང་། རྣམ་རྟོག་མིང་གི་རྣམ་གྲང་ཡིན་ཏེ།
ཡུམ་ལས། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཉོན་མོངས་པ་ནི་རྣམ་པར་རྟོག་པའོ། །སྤང་བྱ་ནི་རྣམ་པར་རྟོག་པའོ། །ཅེས་སོ།
དེའང་ཉོན་མོངས་པ་དང་ཡེ་ཤེས་སམ། རྣམ་རྟོག་དང་ཆོས་སྐུའི་བར་ན། ངོ་ཤེས་མ་ཤེས་སམ། རྟོགས་མ་རྟོགས། གོ་མ་གོ
།དེ་ཡང་ལུང་རིག་གི་སྒྲོ་འདོགས་དཔྱད་པ་དང་། རྣམ་རྟོག་ཆོས་སྐུའི་ལམ་ཁྱེར་འདི་གཉིས་རྟོགས་པར་གཅིག་ལ།
དང་པོ་ནི་གོ་ཡུལ་དུ་ཤོར་བ་ཡིན།
གཉིས་པ་ནི་མ་བཅོས་པར་བཞག་པའི་དུས་སུ། འཇོག་བྱེད་ཀྱི་རྟོགས་པ་དེ་རང་། རྟོག་མེད་རང་རིག་རང་གསལ་དུ་འཆར་བར། རང་རིག་པའི་རྟོགས་པ་ཡིན་ཏེ།
བརྟག་གཉིས་ལས། རང་གི་རིག་པའི་ཡེ་ཤེས་ཏེ། །ངག་གི་ལམ་འདས་སྤྱོད་ཡུལ་ཏེ། །འདི་ནི་བྱིན་རླབས་རིམ་པའི་ཕྱིར། །ཀུན་མཁྱེན་ཡེ་ཤེས་དེ་ལྟ་བུ། །ཅེས་དང་། རང་རིག་བདག་ཉིད་དག་པ་ཉིད། །དག་པ་གཞན་གྱིས་རྣམ་གྲོལ་མིན། །ཡུལ་གྱི་དངོས་པོ་དག་པའི་ཕྱིར། །རང་གི་རིག་པའི་བདེ་མཆོག་གོ །ཅེས་སོ།
།དེ་ལ་རྟོགས་པའི་རང་བཞིན་གདོད་མ་ནས་གསལ་བྱར་བཞག་པའམ། བཅིངས་གྲོལ་མེད་པར་དག་པའམ། ཆོས་སྐུའི་ངོ་བོར་བཞུགས་པ་ཡིན་ལ། དེ་རང་རིག་པའི་ཡེ་ཤེས་ཀྱི་ཞལ་མངོན་སུམ་བལྟ་ཞིང་མངོན་དུ་བྱེད་དེ། །དེའང་སྣང་བ་གང་ཤར་གྱི་ཐོག་དུ། ཚོགས་དྲུག་ཞེན་འཛིན་མེད་པར་བཞག་པས། །ཐ་མལ་གྱི་ཤེས་པ་སུ་ཀྱང་བཟོ་མ་བྱས་པར་བརྗེན་ནེ་བ་འདི་ཁོ་རང་གིས་ཁོ་རང་ངོ་ཤེས་པ་ལས། ཡང་དག་པའམ། ཆོས་སྐུའམ། གནས་ལུགས་ཀྱི་རང་ཞལ་མཐོང་བ་སྟེ། རང་གྲོལ་ཕྱག་རྒྱ་ཆེན་པོ་ཞེས་བྱའོ།
།མངོན་རྟོགས་རྒྱན་ལས། འདི་ལ་གསལ་བྱ་ཅི་ཡང་མེད། །བཞག་པར་བྱ་བ་ཅུང་ཟད་མེད། །ཡང་དག་ཉིད་ལ་ཡང་དག་བལྟ། །ཡང་དག་མཐོང་ན་རྣམ་པར་གྲོལ།
།དེ་ཕྱིར་ཕྱག་རྒྱ་བཞི་ཡི་ནི། །གསལ་སྟོང་དམ་ཚིག་གིས། བདེ་སྟོང་ལས་ཀྱི། སྣང་སྟོང་ཆོས་ཀྱི་ཟུང་འཇུག་ཕྱག་རྒྱ་ཆེན་པོའོ།
བྱེ་བྲག་ཏུ་ཕྱག་རྒྱ་ཆེན་པོའི་སྒྲ་དོན་ནི། སམ་ཀྲྀ་ཏའི་སྐད་དུ། མ་ཧཱ་མུ་དྲ་སྟེ། དེ་ལ་མུ་དྲ་ཅེས་པ་མི་འདའ་བའམ། མི་ཕྱེད་པའམ། མི་སྟོང་པའམ། འདུ་འབྲལ་མེད་པ་ལ་འཇུག་སྟེ། དེས་ན་སྣང་སྲིད་འཁོར་འདས་ཀྱི་ཆོས་ཐམས་ཅད་རང་ས་རང་ས་ནས་སོ་མ་ཉམས། མདོག་མ་བསྒྱུར། དུས་གསུམ་དུས་མེད་དུ། རང་བྱུང་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ལས་མི་འདའ་བས་ཕྱག་རྒྱ་མ་ཧཱ་ཞེས་པ། དེའི་གོང་ན་གཞན་མེད་པས་ཆེན་པོའོ།
།དེའང་ཤེས་བསྐད་ཅིག་མའི་ཐོག་ཏུ་སྦྱར་ནས། རྣམ་པར་རྟོག་པ་གཅིག་ཐོལ་སྐྱེས་པའི་དུས་སུ། རྣམ་པར་རྟོག་པ་དེ་ལ་དགག་སྒྲུབ་གཅིག་ཀྱང་མ་བྱས་པར། རྣམ་རྟོག་ཏ་ལེ་བ་དེ་རང་། ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཀྱི་དངོས་གཞི་ཡིན། དེ་རྟོགས་རུང་མ་རྟོགས་རུང་། དེ་ལས་མི་གཡོ་མི་འདའ་བས་ཕྱག་རྒྱ། རྣམ་རྟོག་དེ་ལས་ལོགས་ན་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཞེས་བྱ་བ་བཙལ་དུ་མེད་པས་ཆེན་པོའོ།
།ཕྱག་རྒྱ་ཆེན་པོ་ཐིག་ལེའི་རྒྱུད་ལས། ཕྱག་ནི་སྟོང་པའི་ཡེ་ཤེས་ཏེ། །རྒྱ་ནི་འཁོར་བའི་ཆོས་ལས་གྲོལ། །ཆེན་པོ་ཟུང་དུ་འཇུག་པ་སྟེ། །ཕྱག་རྒྱ་ཆེན་པོ་ཞེས་བརྗོད་དོ། །ཅེས་སོ།
།མདོར་ན་ཕྱག་རྒྱ་ཆེན་པོའི་རང་ངོ་དེ། །བྱིན་རླབས་ཀྱི་འཕོ་བས་དོན་གྱི་ཆིག་བརྒྱུད་ཐོབ་སྟེ། ཐ་མལ་ཤེས་པ་བསྒོམ་དུ་ངོ་འཕྲོད་ཅིང་། །རིག་ཐོག་ཏུ་རྡོ་རུས་ཐུག་སྟེ། །རང་སར་རང་གིས་ཆོག་ཅིང་། །རྐྱེན་ཐུབ་པ་ཅིག་གལ་ཆེའོ།
།སྣ་ཚོགས་རྟོག་པའི་འདུད་འཕྲོ་ཀུན། །ཆོས་སྐུ་མི་རྟོག་རྩལ་སྦྱོང་ལ། དྲན་འཛིན་གནད་མཆོག་ཟབ་ལམ་ཡིན། །རང་གྲོལ་བདེ་ཆེན་ལྷུན་གྲུབ་ཤོག
།ཡེ་ཤེས་མཁའ་འགྲོ་ནཻ་གུ་མའི་རྟོགས་མི་རྟོག་ཞེས་བྱ་བ། བླ་མའི་གསུང་ལྟར་སྔགས་འཆང་དྷྭ་ཛ་ལཀྵས་ཡི་གེར་བཀོད་པའོ། །རྫོགས་སོ།

མཁས་བཙུན་གཞོན་ནུ་གྲུབ་ཀྱིས། རྣམ་རྟོག་དང་ཆོས་སྐུའི་བར་ན། ངོ་ཤེས་མ་ཤེས་སམ། རྟོག་མ་རྟོག་སམ། རིག་མ་རིག་གམ། །ཁ་ཕྱིར་བལྟ་ནང་བལྟའི་ཁྱད་པར་ཙམ་ལས་མེད་དོ། །ཅེས་གསུང་སོ།
མཻ་ཏྲི་པས། ཉམས་སུ་མྱོང་བ་ཐ་མལ་ཉིད། །ནམ་མཁའ་ལྟ་བུའི་ངོ་བོར་གསལ། །རེ་དོགས་བླང་དོར་གཉིས་འཛིན་མེད། །འདི་རྟོགས་ཀུན་ཏུ་བཟང་པོའོ།
།བསམ་མི་ཁྱབ་ཀྱི་རྒྱུད་ལས། །རྟོགས་དང་གོམས་དང་མཐར་ཕྱིན་པ། །འདི་ལ་ཡོད་པ་མ་ཡིན་ཏེ། །རྟོགས་པའི་སྐད་ཅིག་དེ་ཉིད་ལ། །བཅུ་བཞིའི་ས་ལ་ངེས་པར་གནས། །ཅེས་གསུང་སོ།
།བདེ་བའི་བློ་གྲོས་ཀྱིས་ཞུས་པའི་མདོ་ལས། དེ་ཕྱིར་སེམས་རྟོགས་འདི་ཉིད་ཀྱིས། བསླུ་མེད་སངས་རྒྱས་ཉིད་ཡིན་ནོ། །ཅེས་སོ།
བྲམ་ཟེ་ཆེན་པོས། མ་བཟུང་མ་བཏང་རང་ག་ཉིད་དུ་ཞོག །དྲན་རྟོག་བྱུང་ན་དེ་ཀ་རང་ལ་ལྟོས། །ཆུ་དང་རླབས་གཉིས་ཐ་དད་མ་རྟོགས་ཤིག །ཅེས་སོ།
།བློ་གྲོས་མི་ཟད་པས་བསྟན་པ་ལས། ཉོན་མོངས་པ་འདི་དག་རྟོགས་པའི་ཕྱིར་བྱང་ཆུབ་སྟེ། །ཉོན་མོངས་པའི་ངོ་བོ་གང་ཡིན་པ་དག་བྱང་ཆུབ་ཀྱི་ངོ་བོ་ཡང་དེ་ཡིན་ནོ།
།ཅེས་དང་བློ་གྲོས་རྒྱ་མཚོས་ཞུས་པ་ལས། ཆོས་ཐམས་ཅད་མཉམ་པ་ཉིད་དུ་རྟོགས་པས་བྱང་ཆུབ་སྟེ། དེ་བས་ན་བྱང་ཆུབ་སེམས་དཔའ་བྱང་ཆུབ་རིང་བའི་འདུ་ཤེས་མི་བྱའོ།། ཅེས་གསུངས་སོ།། ཨྀཐི།། །།