Difference between revisions of "Khrid bsdus stan thog gcig ma'i nyams len"

From Shangpa Resource Center
Line 6: Line 6:
 
|SubTopics=Manual
 
|SubTopics=Manual
 
|Author=Jamgön Kongtrül Lodrö Thayé
 
|Author=Jamgön Kongtrül Lodrö Thayé
|BDRC link=[https://www.tbrc.org/#library_work_ViewByOutline-O01DG1049094969%7CW23922 BDRC W23922]<br/>[https://www.tbrc.org/#library_work_ViewByOutline-o20877C2O0272%7CW23605 BDRC W23605]
+
|BDRC link=[https://www.tbrc.org/#library_work_ViewByOutline-O01DG1049094969%7CW23922 BDRC W23922]<br/>[https://www.tbrc.org/#library_work_ViewByOutline-o20877C2O0272%7CW23605 BDRC W23605]<br/>[https://www.tbrc.org/#!rid=W8LS16295 BDRC W8LS16295 (p.271)]
 
|TranslationFileFR=Tentokchikma scv3p513.pdf
 
|TranslationFileFR=Tentokchikma scv3p513.pdf
 
|TranslationAccessLevel=lama
 
|TranslationAccessLevel=lama

Revision as of 12:57, 20 November 2020








Resource ID SCv3p513
Title rtsa ba ni gu chos drug gi khrid bsdus stan thog gcig ma'i nyams len ye shes DA ki'i zhal lung
Topics Six doctrines of Niguma
Sub-Topics Manual
Author Jamgön Kongtrül Lodrö Thayé
Link BDRC W23922
BDRC W23605
BDRC W8LS16295 (p.271)

༄༅། །དཔལ་ལྡན་ཤངས་པའི་གསེར་ཆོས་ལས།
རྩ་བ་ནི་གུ་ཆོས་དྲུག་གི་ཁྲིད་བསྡུས་སྟན་ཐོག་གཅིག་མའི་ཉམས་ལེན་ཡེ་ཤེས་ཌཱ་ཀིའི་ཞལ་ལུང་ཞེས་བྱ་བ་བཞུགས་སོ།།

བརྟན་གཡོའི་ཁྱབ་བདག་བདེ་བ་ཆེ། །གཅིག་པུའི་རང་བཞིན་དུ་མའི་གཟུགས། །ཟབ་མོའི་རིམ་པ་ལས་སྐྱེས་པ། །བླ་མེད་དེ་ལ་ཕྱག་འཚལ་ལོ། །རྒྱུད་རྣམས་ཀུན་ལས་དངོས་བསྟན་ཅིང་། །གྲུབ་མཆོག་བྱེ་བ་གཤེགས་པའི་ཤུལ། །ཉམས་སུ་བླངས་པས་ཡེ་ཤེས་སྟེར། །ཆོས་དྲུག་སྟན་ཐོག་གཅིག་མ་འཆད།
།དེ་ཡང་མཐར་ཐུག་སྟོན་པ་རྣམ་ལྔ་སོགས་བླ་མེད་ཀྱི་རྒྱུད་སྡེ་མཐའ་དག་གི་རྫོགས་རིམ་སྙིང་པོར་དྲིལ་བ་ཡེ་ཤེས་ཀྱི་མཁའ་འགྲོའི་ཞལ་ལུང་ལས་རྩོད་མེད་དུ་བྱུང་ཞིང་། མཁས་གྲུབ་ཁྱུང་པོ་རྣལ་འབྱོར་སོགས་སྐྱེ་མཐའི་བྱང་སེམས་འབའ་ཞིག་པའི་ཐུགས་བཅུད་སྨར་ཆོས་དྲོད་ཚད་ཡིད་ཆེས་འཕྲལ་དུ་སྐྱེས་པ་འདི་ཉིད་རྒྱས་པར་ཡིག་རྙིང་རྣམས་དང་། ཁྱད་པར་རྗེ་བཙུན་སྒྲོལ་བའི་མགོན་པོའི་གསུང་རབ་ལས་ཤེས་པར་བྱ་ཞིང་། སྟན་ཐོག་གཅིག་མའང་དེ་ཉིད་དང་དམ་པའི་སྐྱེས་བུ་གཞན་གྱི་ཡིག་ཆ་མང་དུ་མཆིས་མོད། འདིར་དེ་དག་གི་ཟབ་བཅུད་དྲིལ་ཞིང་བརྒྱུད་པ་རྙིང་པ་ལ་བཀའ་བབ་ཀྱི་གདམས་ངག་གསར་པས་ཟུར་བརྒྱན་ཏེ་བཤད་པར་བྱའོ།
།སྤྱིར་སྒོ་འབྱེད་དང་བྱིན་རླབས་ཀྱི་བཀའ་རྣམས་ཐོབ་ཅིང་རྩ་བའི་ཆོས་བཞིའི་མྱོང་བ་ཅི་རིགས་སྐྱེས་པའམ།
མ་སྐྱེས་ཀྱང་ཁྲིད་ཆེན་རྫོགས་པ་ཞིག་གིས་རྒྱུན་ཁྱེར་ཉམས་ལེན་དུ་བྱ་བ་ནི་འདི་ཡིན་ནོ།
།དེ་ལ་སྤྱི་དང་ཁྱད་པར་གཉིས། སྤྱི་ལ་སྔོན་འགྲོ་དང་དངོས་གཞི་གཉིས། སྔོན་འགྲོ་ལའང་ཐུན་མོང་དང་ཐུན་མིན་གཉིས་སོ།
།ཐུན་མོང་སྤྱི་ལ་གྲགས་པའི་ཆོས་བཞིས་རྒྱུད་སྦྱངས་པ་སྔོན་དུ་སོང་བའི་དབང་དུ་བྱས་ནས་འདིར་གསལ་འདེབས་ཁྱུག་ཙམ་བྱ་སྟེ།
གནས་དབེན་པར་སྟན་བདེ་བར་ལུས་གནད་དཀྱུས་མཐུན་བཅའ།
དལ་བརྒྱད་འབྱོར་བཅུས་བརྒྱན་པའི་མི་ལུས་ཡིད་བཞིན་ནོར་བུ་ལས་ཀྱང་ཆེས་རྙེད་པར་དཀའ་བ་འདི་ཡང་འཆི་རྐྱེན་དུ་མས་མི་རྟག་པས་དེ་རིང་ཙམ་ཡང་མི་འཆི་བའི་གདེང་ནི་མེད། ཤི་ནས་དཀར་ནག་ལས་ཀྱི་འབྲས་བུ་ཁོ་ན་དབང་ཆེ་ཞིང་། །མཁའ་ཁྱབ་ཀྱི་སེམས་ཅན་རྣམས་ཀྱང་འཁོར་བའི་སྡུག་བསྔལ་དར་དྲགས་ལ་ཡུན་རིང་བས་གཙེས།
སྡུག་བསྔལ་འདི་ལས་སྐྱོབ་ཐུབ་པའི་སྐྱབས་ཀྱི་རྒྱལ་པོ་ནི་བླ་མ་རིན་པོ་ཆེ་ཡིན་པས་ཁྱེད་ལས་རེ་ས་མེད་དོ་སྙམ་པའི་བློ་ཐག་རྦད་ཀྱིས་བཅད།
ཆོས་འདིའི་རང་ལུགས་ཀྱི་ཐུན་མོང་གི་སྔོན་འགྲོ་དངོས་ནི་སྐྱབས་འགྲོ་སེམས་བསྐྱེད་གཉིས་ཏེ།
དང་པོ་ནི། ས་ཕྱོགས་དག་པའི་ཞིང་ཁམས་སུ་མོས། མདུན་གྱི་ནམ་མཁར་སེང་ཁྲི་སྣ་ཚོགས་པདྨ་ཉི་ཟླ་བཞི་བརྩེགས་པའི་སྟེང་དུ་དྲིན་ཅན་རྩ་བའི་བླ་མ་སྐུ་དངོས་དེ་ཀ་ལ་བཀྲག་མདངས་གཟི་བརྗིད་འོད་དུ་འབར་བ། རང་ལ་དགྱེས་པའི་འཛུམ་ཞལ་གྱིས་གཟིགས་པ། ཕྱོགས་བཅུ་དུས་གསུམ་གྱི་དཀོན་མཆོག་རྩ་གསུམ་མ་ལུས་པ་འདུས་པའི་བདག་ཉིད་དུ་ངེས་ཤེས་བསྐྱེད་ལ། བླ་མ་རང་མཁྱེན་སྙམ་པའི་བློ་གཏད་ལིང་གིས་བསྐྱུར། ནམ་མཁའི་མཐའ་ཁྱབ་ཀྱི་ཕ་མ་སེམས་ཅན་ཀུན་ཀྱང་རང་དང་ལྷན་ཅིག་སྐྱབས་སུ་འགྲོ་བར་མོས་ཏེ། ངག་ཏུ།
མ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་སྐྱབས་ཀུན་འདུས་ཀྱི་ངོ་བོ་བླ་མ་རིན་པོ་ཆེ་ལ་སྐྱབས་སུ་མཆི་བ་ལགས་སོ། །ཞེས་ཅི་ནུས་བརྗོད།
སྐྱབས་ཡུལ་སྐབས་འདིར་བསྡུ་བར་མི་མཛད།
གཉིས་པ་ནི། སེམས་ཅན་ཐམས་ཅད་བདག་གི་ཕ་མར་མ་གྱུར་པ་ནི་གཅིག་ཀྱང་མེད་པས་ཤིན་ཏུ་གཅེས་ཤིང་ཕངས་ཀྱང་འཁོར་བ་ན་སྡུག་བསྔལ་མཐའ་མེད་པ་ལ་སྤྱོད་པར་འདུག །འདི་རྣམས་ལ་དྲིན་ལན་དུ་ཕན་གདགས་དགོས། དེ་ཡང་ཕན་ཕྱོགས་རེས་མི་ཕྱིན་པས་ཐམས་ཅད་ཟུང་འཇུག་རྡོ་རྗེ་འཆང་ཆེན་པོའི་གོ་འཕང་ལ་འགོད་པའི་ཕྱིར་དུ་སྙན་བརྒྱུད་ཀྱི་ཐབས་ལམ་བསྒོམ་པར་བགྱིའོ་སྙམ་པའི་བློ་དུང་དུང་བས། ངག་ཏུ།
ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཀྱི་དོན་དུ་རྣམ་པ་ཐམས་ཅད་མཁྱེན་པ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་འཐོབ་པར་བྱ། དེའི་ཆེད་དུ་ཟབ་ལམ་ནི་གུའི་ཆོས་དྲུག་ཉམས་སུ་བླང་བར་བགྱིའོ། །ཞེས་ཡང་ཡང་བརྗོད།
དཀོན་མཆོག་སྐྱབས་འོག་ཆུད་པ་དང་། །སྐྱེས་བུ་ཆེན་པོའི་བློ་སྐྱེས་ན། །ཐར་པའི་ལམ་ལས་མི་ཟློག་ཅིང་། །སྤྱོད་ལམ་ཀུན་ཀྱང་བྱང་ཆུབ་རྒྱུ།
༈ སྔོན་འགྲོ་གཉིས་པ་ཐུན་མོང་མ་ཡིན་པ་དག་བྱེད་ཨའི་སྟོང་ར་ནི།
སྔར་བསྒོམས་པའི་རྩ་བའི་བླ་མ་ཉིད་སླར་ཡང་གསལ་གདབ་སྟེ་མོས་གུས་ཀྱི་གདུང་ཤུགས་དྲག་པོས།
དུས་གསུམ་སངས་རྒྱས་ཐམས་ཅད་འདུས་པའི་ངོ་བོ་བླ་མ་རིན་པོ་ཆེ། སེམས་ཅན་ཐམས་ཅད་ཀྱི་དོན་དུ་བདག་གི་ནད་གདོན་ཐམས་ཅད་ཞི་བར་མཛད་དུ་གསོལ། སྡིག་སྒྲིབ་ཐམས་ཅད་འདག་པར་མཛད་དུ་གསོལ། ཏིང་ངེ་འཛིན་ཁྱད་པར་ཅན་རྒྱུད་ལ་སྐྱེ་བར་མཛད་དུ་གསོལ།
ཞེས་གསོལ་བ་ཅི་ནུས་སུ་བཏབ་པས་བླ་མ་འོད་དུ་ཞུ། སྤྱི་བོ་ནས་ཞུགས་ཏེ་ཐིམ་པས་ཀླད་པ་གཏི་མུག་གི་རང་བཞིན་ཅན་དེ་སྦྱངས་ནས་ཡལ། མགྲིན་པ་ཡན་ཆད་མགོ་བོ་ཆུའི་ལྦུ་བ་ལྟ་བུ་ཁ་དོག་དཀར་ལ་རེག་བྱ་སྲབ་པའི་ནང་དུ་ཆོས་འབྱུང་དཀར་པོ་གྲུ་གསུམ་པ་དྭངས་གསལ་ཤེལ་གྱི་སྣོད་ལྟ་བུ། རྩ་བ་ཕྲ་བ་མགྲིན་པར་སླེབ་ཅིང་གདེངས་ཀ་གཡེལ་བ་གྱེན་དུ་བསྟན་པའི་ཟུར་གཅིག་སྨིན་ཕྲག་དང་། ཟུར་གཉིས་རྣ་ལྟག་གཡས་གཡོན་ལ་རེག་ཙམ་པ། དེའི་དབུས་སུ་དྲང་ཐད་དུ་བླ་མ་དང་རང་སེམས་སྐྱེ་མེད་མཚོན་པའི་ཨ་དཀར་པོ་གསལ་དྭངས་འོད་ཀྱི་རང་བཞིན་ཅན། ཕྱེད་ཆ་ཆོས་འབྱུང་ནང་དུ་ཆུད་ཅིང་ཕྱེད་ཙམ་སྟེང་དུ་འཐོན་པ། རྟེན་མེད་དུ་ལྡིང་བ་ལ་ཐོག་མར་བསྒྲིམས་ཏེ་སེམས་གཏད།
དེ་རྗེས་ཤེས་པ་གྲིམ་ལྷོད་རན་པོས་ཅི་ནུས་སེམས་འཛིན། མི་ནུས་ན་ཨ་ཐུང་གི་བཟླས་པ་ཤུབ་བུར་ལན་ཉེར་གཅིག་ཙམ་བཟླས་པས། ཨ་ཡིག་ལས་བདུད་རྩི་དཀར་པོའི་རྒྱུན་ཤུགས་དང་ལྡན་པར་བབ། ཆོས་བྱུང་མེར་གྱིས་གང་སྟེ་ཞམ་ཞམ་ལུད་པས་ལུས་ཕྱི་ནང་ཐམས་ཅད་དུ་ཁྱབ་ཅིང་བཀྲུས། ཐོག་མེད་ནས་བསགས་པའི་སྡིག་སྒྲིབ་བག་ཆགས་དཀོར་དང་སྐུ་གླུད་ཟོས་པ་དམ་ཚིག་ཉམས་ཆག་སོགས་དུད་ཁུ་སོལ་ཁུའི་རྣམ་པར་བ་སྤུའི་བུ་ག་དང་དབང་པོའི་སྒོ་རྣམས་ནས་ཕྱིར་ནག་ནུ་རུ་རུ་འདས། ལུས་ཀྱི་གདོས་བཅས་ལྗན་ལྗིན་རྣམས་ཀྱང་ཞུ་བ་ལྟར་སོང་ཞིང་བདུད་རྩིས་ཕྱི་ནས་ཀྱང་བཀྲུས་ཏེ་ནག་བུན་ནུ་ནུ་ས་འོག་ཐག་རིང་པོར་སོང་ནས་ཡལ། རང་ལུས་ཤེལ་གོང་གཡའ་དག་པ་ལ་ཐོགས་མེད་འཇའ་དཀར་པོ་ལྟ་བུ་བདུད་རྩིས་གང་བར་བསམས་ལ་ཤེས་པ་ལྷོད་ལ་བཞག
།འདི་ཉིད་ཆེད་དུ་བསྒོམ་སྐབས་དམིགས་བཟླས་དེ་རྣམས་བསྐྱར་བ་ཡིན་ལ་བླ་མའི་རྣལ་འབྱོར་ཐོག་མའི་གཅིག་དེས་ཆོག །དམིགས་པ་འདི་ལ་ཡན་ལག་གཉིས་ཏེ་
ནད་ཞི་བྱེད་ནི། ཚ་བ་ལ་བདུད་རྩི་དཀར་བསིལ་གྱིས་ནད་དམར་པོའི་རྣམ་པ། གྲང་བ་ལ་བདུད་རྩི་དམར་ཞིང་ཚ་བས་ནད་དཀར་འདུར་གྱི་རྣམ་པ། རླུང་ངམ་འདུས་པ་ལ་བདུད་རྩི་སེར་ལ་སྣུམ་པས་ནད་སྔོ་འདུར་གྱི་རྣམ་པ་སོགས། གང་ན་བའི་ཐད་དེ་ཀར་བུག་པ་བྱུང་ནས་བདས་པས་རྩད་ནས་དག་པར་བསམ།
གདོན་ཞི་བྱེད་ནི། ཨ་ལས་བབ་པའི་བདུད་རྩི་གདོན་སོ་སོའི་གཉེན་པོ་ཁྲོ་བོ་སེར་དྲག་ལྟ་བུར་གྱུར་པ་དང་། མེ་དཔུང་དང་ཁྲོ་ཆུ་ཁོལ་མའི་རྒྱུན་སྔགས་ཀྱི་སྒྲ་དང་བཅས་པས་ལྷག་མེད་དུ་ཚར་བཅད་པར་བསྒོམ་ལ་མཉམ་པར་བཞག་གོ།
།སྦྱང་བྱ་གདོད་ནས་མ་གྲུབ་པ། །སྦྱོང་བྱེད་སྐྱེ་མེད་ཡིག་འབྲུ་ཉིད། །སྤྲོས་པ་ཀུན་ཞི་དབུ་མའི་དོན། །སྦྱོང་ཚུལ་ཀུན་གྱི་ཟླ་མེད་པའོ།
༈ །དངོས་གཞི་ཆོས་དྲུག་གི་དང་པོ་ཐབས་ལམ་བདེ་དྲོད་རང་འབར་ལ་སྔོན་འགྲོ་དངོས་གཞི། རྗེས་གསུམ་མོ།
།སྔོན་འགྲོ་ལུས་གནད་མེའི་སྟོང་རའམ་གཏུམ་མོ་མེ་རྒོད་མ་ནི།
རང་བདེ་མཆོག་ལྷན་སྐྱེས་སུ་གསལ་བའམ་ཐ་མལ་དུའང་རུང་བའི་སྤྱི་བོར་སེང་གེ་བརྒྱད་ཀྱིས་བཏེགས་པའི་རིན་པོ་ཆེའི་ཁྲི་ཡངས་ཤིང་རྒྱ་ཆེ་བའི་སྟེང་དུ་པདྨ་དཀར་པོ་དང་ཉི་ཟླའི་སྟེང་དུ་རྩ་བའི་བླ་མ་སྟོན་ཟླ་ལྟར་དཀར་ཞིང་ཞལ་འཛུམ་བག་ཅན། རང་ལ་བྱིན་གྱིས་རློབ་རློབ་འདྲ་བ་བསྒོམ།
ལོག་རྟོག་ཤས་ཆེ་བ་དང་མོས་བློས་ཡར་གཞལ་དགོས་ཚེ་རྡོ་རྗེ་འཆང་དུ་བསྒོམས་ཀྱང་རུང་ནི་རུང་། ཆོས་དྲུག་འདིའི་ཁྱད་ཆོས་སུ་བླ་མ་སྐུ་དངོས་སྒོམ་པར་མཛད།
གོང་ལྟར་སྐྱབས་གནས་ཀུན་འདུས་སུ་མོས་པ་སོགས་སྒོ་དུ་མ་ནས་མོས་གུས་ཀྱི་གདུང་ཤུགས་དྲག་པོས།
དུས་གསུམ་སངས་རྒྱས་ཐམས་ཅད་འདུས་པའི་ངོ་བོ་བླ་མ་རིན་པོ་ཆེ། སེམས་ཅན་ཐམས་ཅད་ཀྱི་དོན་དུ་བདག་གི་ལུས་ལ་བདེ་དྲོད་ཀྱི་ཏིང་ངེ་འཛིན་ཁྱད་པར་ཅན་སྐྱེ་བར་མཛད་དུ་གསོལ། སེམས་ལ་བདེ་སྟོང་གི་ཏིང་ངེ་འཛིན་ཁྱད་པར་ཅན་སྐྱེ་བར་མཛད་དུ་གསོལ།
ཅེས་གསོལ་བ་དྲག་ཏུ་བཏབ་པས་བླ་མ་བདུད་རྩིའི་ངོ་བོར་ཞུ་བ་སྤྱི་བོ་ནས་ཐིམ། རྣམ་སྨིན་གྱི་ལུས་སྦྱངས་ཏེ་རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མར་གྱུར་པ་ནི།
དམར་སྨུག་ཞལ་གཅིག་ཕྱག་གཉིས་གཡས་རྡོ་རྗེ། །ཅུང་ཟད་འཐུར་སྡིགས་ཐོད་ཁྲག་ཐུགས་ཀར་གཡོན། །ཐོད་སྐམ་དབུ་རྒྱན་ཐོད་རློན་དོ་ཤལ་འཕྱངས། །སྤྱན་གསུམ་སྐྲ་གྲོལ་ཕྱག་རྒྱ་ལྔ་ཡིས་བརྒྱན། །གཡས་བརྐྱང་སྟབས་ཀྱིས་པད་ཉི་མི་རོ་དཀར། །མགོ་གཡས་བསྟན་སྟེང་མེ་ཕུང་དབུས་ན་བཞུགས།
།སྐུ་ལུས་ཀྱི་ནང་དར་དམར་གྱི་གུར་ཕུབ་པ་ལྟ་བུ་བ་སྤུའི་མཐར་ཐུག་པ་ཚུན་སྟོང་སང་ངེ་བར་བསམ། ལུས་གནད་མེ་ཐབ་དྲུག་ཆིངས་བྱ་སྟེ་ཙོག་པུ་རྐང་ངར་གཡས་ནང་གཡོན་པ་ཕྱི་ལ་ཡོད་པའི་རེའུ་མིག་ལྟར་བསྣོལ། ལག་གཉིས་ཀྱང་བསྣོལ་ཏེ་བར་ལྷུ་གཉིས་འཇུས་པའི་གྲུ་མོ་པུས་མོའི་སྟེང་དུ་ཡོད་པར་བྱ། སྒལ་ཚིགས་བསྲངས། ལྟ་སྟངས་ཐད་ཀར་བཞག །ལྟེ་བའི་ཐད་ཀྱི་མདུན་རྒྱབ་གཉིས་དང་མཁལ་ཁུང་གཡས་གཡོན་དང་བཞིར་མེའི་གོང་བུ་དམར་ལ་ཟླུམ་པ། ཤིན་ཏུ་ཚ་བ། མེ་ལྕེ་འབར་ཚད་པ་ལྕགས་བསྲེགས་གོང་བུ་ལྟ་བུ་བཞི་སྒྲོམས་སུ་གསལ་གདབ།
དམིགས་རྡེལ་དེ་མི་འདོར་བཞིན་དུ་རླུང་རོ་དལ་ལ་རིང་བ་ལན་གསུམ་འབུད། སྟེང་རླུང་དལ་བུས་བརྔུབས་ཏེ་ལྟེ་འོག་ཏུ་མནན། འོག་རླུང་ཡར་མི་འཐེན་པར་རང་སར་བཅིངས། ལྟེ་བར་གཡས་བསྐོར་གཅིག་དང་གཡོན་བསྐོར་གཅིག་བྱས་པས་མེ་གོང་རྣམས་འཐབས་ཏེ་ལུས་ཀྱི་ནང་ཐམས་ཅད་མེ་སྟག་དམར་སྐྱས་དམར་ཆེམ་ཆེམ་ཚ་འུར་འུར་ཁྱབ་པར་བསམ་ལ་མི་བདེ་བ་མེད་མེད་དུ་འཇམ་རླུང་བཟུང་། མི་ཐུབ་པ་ན་དང་པོར་ཤུགས་ཆུང་། བར་དུ་ཆེ། མཐར་སང་གིས་བུས། དེ་ལྟར་བཞི་བརྒྱད་སོགས་རླུང་ཐེངས་གང་ལྕོགས་བཟུང་། ཅུང་ཟད་བྱང་ནས་གཡས་བསྐོར་གཡོན་བསྐོར་རེ་རེ་རིམ་པར་བསྣན་པས་མཐར་བསྐོར་བ་བཅུ་གཉིས་རེ་ཙམ་ཐུབ་པ་ན་མེའི་ནུས་པ་རྙེད་པར་འགྱུར་ཞིང་། ཡན་ལག་ལྔ་སྦྱོང་སྔོན་དུ་འགྲོ་བའི་གཙུབ་ཤིང་གཙུབ་སྟན་མའི་འཁྲུལ་འཁོར་ཡང་ཅི་ནུས་བྱས་པས་དྲོད་སྐྱེ་བ་ལ་མྱུར་རོ།
།དངོས་གཞི་གཏུམ་མོ་ཟས་སུ་ཟ་བ་ནི། ལུས་གནད་རྐང་པ་སེམས་དཔའི་སྐྱིལ་ཀྲུང་ལྷོད་དེ་རྒྱ་ཆེ་བར་བཅའ། ལག་པ་བསྲངས་ཏེ་ལག་མཐིལ་གཉིས་པུས་མོར་བཀབ། སོ་མཆུ་རང་བབ་ལྟ་ལྟངས་གོང་མཚུངས། སྒལ་ཚིགས་བསྲང་། རྐང་པའི་མཐེ་བོང་ནང་དུ་དགུག
།རང་ཉིད་རྗེ་བཙུན་མར་གསལ་བའི་སྟོང་རའི་དབུས་སུ་རྩ་ཨ་བ་དྷཱུ་ཏཱི་མདའ་སྨྱུག་འབྲིང་པོ་ཙམ་དྲང་བ། སྲབ་པ། དྭངས་པ། དམར་བ་སྟེ་མཚན་ཉིད་བཞི་ལྡན། ཡར་སྣེ་ཚངས་བུག་དང་མར་སྣེ་ལྟེ་འོག་སོར་བཞིར་ཟུག་པ། གཉིས་ཀའང་བཅད་ཁར་ཡོད་ཅིང་ནང་སྟོང་སང་ངེ་བ་སྨྱུག་མ་ཁྲིགས་བཅད་བྱས་པ་ལྟ་བུའི་གཡས་སུ་རོ་མ་དམར་པོ། གཡོན་དུ་རྐྱང་མ་དཀར་པོ་གཉིས་ཀ་གྲོ་སོག་ཙམ་པ་བཅས་སུམ་གཤིབས་ལས། མར་སྣེ་དབུ་མ་ལས་སོར་བཞི་རིང་བར་སོང་བའི་སྣེ་ཡར་ལོག་སྟེ་དབུ་མའི་ནང་དུ་ཚུད་ཙམ་པ། ཡར་སྣེ་གཉིས་པོ་དབུ་མའི་ཡར་སྣེའི་རྒྱབ་ཕྱོགས་ནས་སོར་གཅིག་ཙམ་ཐད་དུ་འཁྱོགས། དེ་མཚམས་གཉིས་གཤིབས་བྱས་པས་དབུ་མའི་ཡར་སྣེའི་སྟེང་ནས་བཀབ་ཅིང་མདུན་དུ་གུག་ནས་སྣ་བུག་གཉིས་སུ་ཟུག་པ། དབུ་མའི་ཡར་སྣེའི་ནང་དུ་ཧཾ་ཡིག་དཀར་པོ་མགོ་ཐུར་བསྟན་བདེ་ཞིང་བསིལ་བ། མས་སྣ་རྩ་གསུམ་འདུས་མདོར་རཾ་ཡིག་དམར་པོ་མགོ་གྱེན་བསྟན་ཤིན་ཏུ་ཚ་བ། དེ་ལས་སོར་བཞི་ཙམ་གྱི་འོག་ཐད་བཤང་སྒོར་རླུང་གི་དཀྱིལ་འཁོར་ཟླ་གམ་སྔོ་སྐྱ་བཅད་ཁ་མདུན་བསྟན་རབ་ཏུ་གཡོ་བ་རྣམས་གསལ་བཏབ།
འབུད་པ་དགུ་ཕྲུགས་ནི། དང་པོ་དལ་ལ་རིང་བ་གསུམ། དེ་ནས་དྲག་ལ་ཐུང་བ་གསུམ། དེ་ནས་རོ་སྟོད་གཅུད་ཅིང་འབུད་པ་གསུམ་ནི། ལག་པ་གཡས་པའི་མཐེ་བོང་སྲིན་ལག་གིས་མནན་ཅིང་མཐེའུ་ཆུང་ཡང་བཀུག །མཛུབ་མོ་གུང་མོའི་རྒྱབ་ཏུ་སྦྱར་བས་སྣ་གཡོན་པ་བཙིར། གཡོན་མཐེ་བོང་ནང་དུ་བཅུག་པའི་ཁུ་ཚུར་མཆན་འོག་གཡས་པར་བཅུག་པ་གཡས་ཀྱི་བར་ལྷུས་མནན་ཏེ་གཡས་ཀྱི་ནུ་མ་གྲུ་མོ་གཅུད་ལ་བོར་ཞིང་སྣ་གཡས་ནས་རླུང་རོ་ལན་གཅིག་སང་གིས་འབུད། དེ་གོ་ཟློག་པས་གཡོན་ནས་གཅིག །སླར་ཡང་གཡས་ནས་གཅིག་འབུད་ལ་ཅུང་ཞིག་ངལ་གསོ་ཞིང་སྟོང་ར་གསལ་གདབ།
ཡང་དལ་བུས་རླུང་རོ་གཅིག་བསལ་ནས་སྟེང་རླུང་འཇམ་པོར་བརྔུབས་པ་ལྟེ་འོག་ཏུ་མནན། འོག་རླུང་ཡང་ཅུང་ཟད་འཐེན་ལ་ཁ་སྦྱོར་དུ་བཟུང་།
དམིགས་པ་རླུང་རྣམས་སྣ་སྒོ་ནས་རོ་རྐྱང་བརྒྱུད་ནས་རྩ་གསུམ་འདུས་མདོར་སླེབ། རླུང་དཀྱིལ་ལས་ཀྱང་རླུང་ཁ་དོག་སྔོན་པོ་མདུང་ཚུགས་སུ་ལངས་ཏེ་དབུ་མར་ཆུད། རླུང་གསུམ་པོས་རཾ་བུས་པས་མེ་ཕྲ་ཞིང་རྣོ་བ་གསལ་ལ་འཚེར་བ་ཇེ་རིང་འབར། རླུང་ཐེངས་འགའ་རེ་སོང་ནས་སྤྱི་བོའི་ཧཾ་ལ་ཕོག་པས་བྱང་སེམས་དཀར་པོའི་རྒྱུན་བབ། ཇེ་རིང་བྱུང་ནས་ལྟེ་བའི་རཾ་ལ་ཐིམ་པར་བསྒོམ། དེའང་མདུན་ཕྱོགས་སུ་མེ་དང་རྒྱབ་ཕྱོགས་སུ་ཐིག་ལེའི་འབར་འཛག་བྱ་སྟེ་ཤས་ཆེ་བ་ལ་དགོངས་པ་ཡིན་གསུངས། མེ་འོད་གང་དུ་བྱུང་བའི་ལུས་ཀྱི་ནང་ཚ་འུར་བ་དང་། བྱང་སེམས་ཀྱི་འོད་སྐྱ་ཡམ་གང་དུ་བྱུང་བ་དེར་བདེ་ཕྲིལ་གྱིས་བྱུང་བ་གཉིས་ལ་འདུན་པ་རེས་མོས་གཏད། དེའང་རླུང་ཇི་ཙམ་ཐུབ་ཐུབ་ཏུ་བཟུང་ཞིང་ཅུང་ཟད་མི་བདེ་ན་སྔོན་མ་ཕྱིར་མ་བཏང་བར་སླར་ཡང་རྔུབ་ཆུང་གང་ནུས་བཅས་ལྟེ་བའི་གཡས་གཡོན་དབུས་གསུམ་དུ་འཐེན་གནོན་བྱས་ཏེ་གཞིལ། མི་ཐུབ་ན་གོང་ལྟར་འཕང་། དེ་མ་ཐག་ཏུ་ཡང་བརྔུབས་ཏེ་བསྒོམ། ངལ་གསོ་ན་རླུང་ཐེངས་བཞི། བརྒྱད། བཅུ་དྲུག་ལ་སོགས་པའི་མཚམས་སུ་བྱ་ཡི་གང་འདོད་དུ་བཞག་མི་རུང་། ཉིན་མཚན་གྱི་མཐའ་དང་གུང་གཉིས་ལ་སྤང་ཞིང་ཐོག་མར་གཡོན་ནམ་མཉམ་རྒྱུའི་སྐབས་སུ་བཟུང་བའི་འགོ་བརྩམ་པ་དང་། དུག་རླུང་སོགས་སྤང་བླང་བྱ་བ་རྣམས་ཀྱང་གཞན་ལས་ཤེས་པར་བྱའོ།
།རྗེས་སྲིད་པའི་དབང་ཞུ་བ་ནི། བླ་མ་གདན་བཅས་གོང་ལྟར་གསལ་གདབ། ཕྱི་མཆོད་ཕྱོགས་དུས་ཀུན་གྱི་མཆོད་རྫས་བཟང་དགུ། ནང་དམ་ཚིག་དང་ཡེ་ཤེས་ཀྱི་བདུད་རྩི། གསང་བ་བདེ་སྐྱེད་ཀྱི་རིག་མ། འཁོར་གསུམ་སྒྱུ་མ་རྨི་ལམ་ལྟར་ཤེས་པ་དེ་ཁོ་ན་ཉིད་དེ་མཆོད་པ་བཞི་རྫོགས་སུ་ཕུལ་བར་བསམ་ཞིང་།
དུས་གསུམ་སངས་རྒྱས་ཐམས་ཅད་འདུས་པའི་ངོ་བོ་བླ་མ་རིན་པོ་ཆེ་ལ། ཕྱི་མེ་ཏོག་བདུག་སྤོས། ནང་ཤ་ལྔ་བདུད་རྩི་ལྔ། གསང་བ་བདེ་སྟོང་གི་ཡེ་ཤེས། ཡང་གསང་དེ་ཁོ་ན་ཉིད་ཀྱི་མཆོད་པ་དམ་པ་རྣམས་འབུལ་ལོ། །བཞེས་ནས་བདག་ལ་དབང་བཞི་རྫོགས་པར་བསྐུར་དུ་གསོལ།
ཞེས་གསོལ་བ་དྲག་ཏུ་བཏབ་པས། བླ་མའི་སྐུ་ལས་ཡེ་ཤེས་བདུད་རྩི་དཀར་ལ་བདེ་བའི་ངང་ཅན་བབ། སྤྱི་བོ་ནས་ཞུགས། སྨིན་མཚམས་ཡན་ཆད་གང་། ལུས་ཀྱི་དྲི་མ་དག །བུམ་དབང་ཐོབ། མགྲིན་པ་ཡན་ཆད་གང་། ངག་གི་དྲི་མ་དག །གསང་དབང་ཐོབ། སྙིང་ག་ཡན་ཆད་གང་། ཡིད་ཀྱི་དྲི་མ་དག །ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ། ལུས་ཐམས་ཅད་གང་། སྒོ་གསུམ་གྱི་དྲི་མ་མཐའ་དག་དག །དབང་བཞི་པ་ཐོབ། བླ་མ་འོད་དུ་ཞུ་ནས་རང་ལ་ཐིམ། བླ་མའི་གསང་གསུམ་དང་རང་གི་སྒོ་གསུམ་དབྱེར་མེད་དུ་མོས་ལ་མཉམ་པར་བཞག །འདི་ཉིད་དགོས་པ་དང་བྱིན་རླབས་ཤིན་ཏུ་ཆེ་བས་སྐབས་འདིར་ཚར་རེ་ཆག་ཐབས་མེད་ཅིང་ཁོལ་འདོན་ཕུར་ཚུགས་སུ་བསྒོམ་ན་བོགས་འདོན་ཐམས་ཅད་ཀྱི་མཆོག་གོ། །སྟོད་སྨད་ཀྱི་གེགས་རང་གྲོལ་སོགས་ནི་གཞུང་ལས་ཤེས་པར་བྱའོ།
།བདེ་སྟོང་ཕྱག་རྒྱ་ཆེན་པོའི་དངོས། །སྐྱེ་འདི་ཉིད་ལ་མྱུར་སྟེར་བ། །ཙཎྜི་རྒྱལ་བ་ཀུན་གྱི་ཐུགས། །བསགས་སྦྱངས་ཀུན་གྱི་མཐར་ཐུག་གོ། །།
༈ གཉིས་པ་སྒྱུ་ལུས་ཆགས་སྡང་རང་གྲོལ་ནི།
རང་ཉིད་འཁོར་ལོ་བདེ་མཆོག་སྐུ་མདོག་མཐིང་། །རྡོ་རྗེ་དྲིལ་བསྣོལ་ཕྱག་རྒྱ་དྲུག་གིས་བརྒྱན། །ཐོར་ཚུགས་ཟླ་ཕྱེད་སྣ་ཚོགས་རྡོ་རྗེས་མཚན། །མགོ་ཕྲེང་དོ་ཤལ་སྟག་ལྤགས་ཤམ་ཐབས་ཅན། །གཡོན་བསྐུམ་གཡས་བརྐྱང་འཇིགས་བྱེད་དུས་མཚན་མནན། །ཕག་མོ་དམར་མོ་གྲི་ཐོད་འཛིན་པས་འཁྱུད། །མེ་དཔུང་དབུས་སུ་པད་ཉིའི་གདན་ལ་གསལ།
།སྤྱི་བོར་གདན་བཞི་བརྩེགས་ལ་བླ་མ་དག་བྱེད་སྟོང་ར་ལྟར་གསལ། རྡོ་རྗེ་འཆང་དུ་བསྒོམ་ན་སྔོན་པོ་བྱ། དེའི་ཐུགས་ཀ་ནས་འོད་ཟེར་འཕྲོས། ཕྱོགས་དུས་ཀྱི་བླ་མ་ཡི་དམ་སངས་རྒྱས་བྱང་སེམས་དཔའ་བོ་མཁའ་འགྲོ་དགེ་འདུན་ཆོས་སྐྱོང་ཐམས་ཅད་སྤྱན་དྲངས་ཏེ་ཐིམ་པས་བླ་མ་ཉིད་དཀོན་མཆོག་ཀུན་འདུས་ཀྱི་བདག་ཉིད་ཡིན་ལ་ཡིན་བཞིན་པར་གྱུར།
མཚན་ཐོས་ཀྱང་འཁོར་བ་ངན་སོང་ལས་སྒྲོལ་ན། གསོལ་བ་བཏབ་ན་ལྟ་ཅི་སྨོས་སྙམ་པ་སོགས་མོས་གུས་དྲག་པོ་དང་། རིགས་དྲུག་སེམས་ཅན་སོགས་སྣོད་བཅུད་ཐམས་ཅད་ལས་གསོལ་འདེབས་ཀྱི་སྒྲ་འུར་དིར་དིར་བྱེད་པར་བསམས་ལ།
དུས་གསུམ་སངས་རྒྱས་ཐམས་ཅད་འདུས་པའི་ངོ་བོ་བླ་མ་རིན་པོ་ཆེ། སེམས་ཅན་ཐམས་ཅད་ཀྱི་དོན་དུ་བདག་གིས་བདག་འཛིན་བློས་ཐོངས་པར་མཛད་དུ་གསོལ། དགོས་མེད་རྒྱུད་ལ་སྐྱེ་བར་མཛད་དུ་གསོལ། སྒྱུ་ལུས་འབྱོངས་པར་མཛད་དུ་གསོལ། རྨི་ལམ་འབྱོངས་པར་མཛད་དུ་གསོལ། འོད་གསལ་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་ད་ལྟ་ཉིད་དུ་མྱུར་བ་ཉིད་དུ་འདུག་ས་འདི་ཉིད་དུ་ཐོབ་པར་མཛད་དུ་གསོལ།
ཞེས་གསོལ་བ་དྲག་ཏུ་བཏབ་ནས་བླ་མ་རང་ལ་བསྟིམ། དེ་ནས་དམིགས་པ་ཙམ་ལ་ཟབ་པར་བསྔགས་པའི་གནད་བརྒྱད་ནི།
རང་ལུས་ལྷ་སྐུ་སྟོང་སང་ངེ་བའི་སྨད་ཆའི་ནང་དུ་ཆོས་འབྱུང་དཀར་པོ་འོད་ཀྱི་རང་བཞིན་གྲུ་གསུམ་པའི་ཟུར་གཅིག་ལྟེ་བ་དང་། ཟུར་གཉིས་མཁལ་ཁུང་གཉིས་ལ་བསྟན་པ། རྩ་བ་ཕྲ་བ་གསང་ཕྲག་དང་ཁ་གདེངས་གཡེལ་བ་གྱེན། དེ་ལ་སེམས་ཡུད་ཙམ་གཏད། གནད་དང་པོའོ།
།དེའི་ནང་དུ་རིགས་དྲུག་གི་སེམས་ཅན་དཔག་ཏུ་མེད་པ་སོ་སོའི་ལུས་དང་བྱེད་ལས་བཅས་བྱུང་ནས་ཆོས་འབྱུང་ཁྲིག་གིས་གང་བར་བསྒོམ། རང་ཉིད་འགྲོ་དྲུག་སོ་སོར་སྐྱེ་བའི་ལས་དང་བག་ཆགས་ཀྱི་རང་གཟུགས་སུ་ཤར་བའོ་སྙམ་པ་དང་། ལྟེ་འོག་ཏུ་འགྲོ་དྲུག་གི་སྣང་བ་འཆར་བྱེད་རྩ་ཡིག་ཡོད་པ་ཉིད་གཟུགས་སུ་ཤར་བའོ་སྙམ་པའང་དྲན་ཙམ་བྱ། གཉིས་པའོ།
།མཁའ་ཁྱབ་ཀྱི་སེམས་ཅན་དམིགས་ཡུལ་དུ་བྱས། སེམས་ཀྱི་རྩི་ཁ་ལྟེ་བའི་རིགས་དྲུག་ལ་གཏད་དེ་འདི་རྣམས་སྣང་ནི་སྣང་། བདེན་ནི་མི་བདེན། བདེན་མེད་སྒྱུ་མ་ལྟ་བུ། རྨི་ལམ་ལྟ་བུ་ཡིན་སྙམ་དྲག་ཏུ་བསྒོམ། གསུམ་པའོ།
།འདི་རྣམས་བདེན་མེད་ལ་བདེན་པར་བཟུང་ནས་འཁོར་བར་འཁྱམས་པ་སྙིང་རེ་རྗེ་སྙམ་པའི་སྙིང་རྗེ་ལྷང་ལྷང་བྱ། བཞི་པའོ།
།འདི་རྣམས་འཁོར་བའི་སྡུག་བསྔལ་ལས་བླ་མས་ངེས་པར་བསྐྱབ་ཏུ་གསོལ། ཕ་བླ་མ་རང་མཁྱེན་སྙམ་དུ་བློ་འགེལ། ལྔ་པའོ།
།དེ་རྣམས་གཅིག་ཡལ་གཉིས་ཡལ་རིམ་གྱིས་ཆོས་འབྱུང་སྟོང་སང་ངེ་སོང་བ་ལ་སེམས་གཏད། དྲུག་པའོ།
།དེ་ནས་གཏད་སོ་ཅིའང་མེད་པའི་འཛིན་མེད་ངང་དུ་ཤིག་གེར་བཞག །བདུན་པའོ།
།དེ་ལ་མ་གནས་ན་རང་གཞན་སྣོད་བཅུད་ཐམས་ཅད་མེད་བཞིན་དུ་སྣང་བ་སྒྱུ་མ་ལྟ་བུར་ཐག་བཅད།
ཐུན་མཚམས་སུའང་མི་རྟག །མོས་གུས། སྒྱུ་མའི་འདུན་པ་གསུམ་པོ་གང་རུང་དང་མ་བྲལ་བས་ཏིང་ངེ་འཛིན་སྤེལ་བར་བྱ།
ནད་གདོན་སོགས་རྐྱེན་བཟང་ངན་ཐམས་ཅད་ལམ་དུ་ཁྱེར་ཚུལ་གཞུང་ལས་ཤེས་པར་བྱའོ།
།མདོ་རྒྱུད་ཀུན་གྱིས་བསྟན་བྱའི་བཅུད། །བསྒོམ་ན་འཁོར་བའི་འཁྲུལ་འཁོར་འཇིག །ཡོན་ཏན་དྲུག་པོ་ཤུགས་ལ་འཆར། །སྣང་སྟོང་རབ་འབྱམས་ཨེ་མ་ཧོ།
༈ །གསུམ་པ་རྨི་ལམ་ཉིང་འཁྲུལ་རང་དག་ལ་གཉིས་ཏེ།
དང་པོ་བཟུང་བ་ནི། རང་ལུས་ཡི་དམ་དུ་གསལ་ཞིང་སྤྱི་བོར་བླ་མ་བསྒོམ་པ་སོགས་སྒྱུ་ལུས་སྐབས་ལྟར་དང་། གསོལ་འདེབས་ཀྱང་ཚིག་རྐང་གསུམ་པོ་དེ་ཀ་ལྟར་ལས། སྒྱུ་ལུས་སོགས་ཀྱི་ཚབ་ཏུ། རྨི་ལམ་ཟིན་པར་མཛད་དུ་གསོལ། ཞེས་མཐའ་བསྒྱུར་ནས་གསོལ་བ་དྲག་ཏུ་བཏབ་པས། བླ་མ་འོད་དུ་ཞུ་རང་ལ་ཐིམ། རང་ལུས་ལྷ་སྐུ་གསལ་སྟོང་དུ་ཤར་བའི་སྟོང་རའི་དབུས་སུ་རྩ་དབུ་མ་དཀར་པོ་ཤེལ་གྱི་ཀ་བ་ལྟ་བུ། ཡས་སྣ་སྤྱི་བོ་དང་མས་སྣ་གསང་གནས་སུ་ཟུག་པ། དེའི་ནང་གི་ཡར་སྣེར་ཧཾ་དཀར་པོ་མགོ་བོ་ཐུར་དུ་ལྟ་བ། མར་སྣེར་ཧཱུྃ་ཡིག་དམར་པོ་མགོ་བོ་གྱེན་དུ་ལྟ་བ་བསྒོམ།
དབུ་མ་ཡར་མར་ཕྲ་ཞིང་རྐེད་པ་ལྡིར་བ་ཉ་དབྱིབས་ལྟ་བུར་བསྒོམ་པའང་གསུངས་མོད། བློ་རིག་དང་བསྟུན་པའི་ཚེ་ན་ལག་ངར་ཙམ་དང་ཆུང་ན་སྦ་སྨྱུག་ཙམ་བསྒོམ་པ་རང་ལེགས། དབུ་མ་སྦོམ་ན་ཐིག་ལེ་འཁོར་བདེ་བ་ཡིན་ཀྱང་ཕྲ་སྦོམ་ཅན་དེ་ཅུང་མི་ལེགས། གང་ཤར་ཐམས་ཅད་ལ་སྤྱིར་བདེན་མེད་དང་། སྒོས་རྨི་ལམ་དུ་ཤེས་པའི་རྩིས་བཟུང་ནས་བསྒོམ་པ་ཁོ་ན་གལ་ཆེ།
དེ་ནས་སྤྱི་བོའི་ཧཾ་ལས་ཐིག་ལེ་དཀར་པོ་སྲན་མ་ཙམ་ཞིག་ཧྲིལ་གྱིས་ཆད། སྙིང་གར་སླེབ། གཏི་མུག་དག །སྙིང་ག་ཡན་ཆད་བདེ་ཡང་ཕྱོད་ཀྱི་སོང་། མར་སྣེའི་ཧཱུྃ་ལས་ཐིག་ལེ་དམར་པོ་སྲན་མ་ཙམ་ཞིག་ཆད། སྙིང་གར་སླེབ། འདོད་ཆགས་དག །ཁོག་སྨད་བདེ་ཡང་ཕྱོད་ཀྱི་སོང་། དཀར་དམར་གཉིས་སྙིང་གར་འཛོམ། ཞེ་སྡང་རང་དག་ལ་སོང་། སྙིང་གའི་ཐད་བདེ་ཡང་ཕྱོད་ཀྱི་སོང་བར་བསམ།
བདེན་མེད་དང་རྨི་ལམ་གྱི་འདུན་པ་དྲག་པོའི་ངང་སྙིང་གའི་ཐད་ཀྱི་དབུ་མའི་ཐིག་ལེ་གཉིས་པོ་འབྲོས་འདེད་ཀྱི་ཚུལ་དུ་གཡས་བསྐོར་གཡོན་བསྐོར་རང་གི་བློ་ལ་གང་བདེར་འཁོར་བ་ལ་སེམས་གཏད། བུམ་དབང་གི་གནད་དོ། །ཇི་ཞིག་ན་གཅིག་རྗེས་གཅིག་ཟིན་གྱིས་རེག་ཙམ་རེག་ཙམ་པར་མོས། གསང་དབང་ངོ་། །དེ་ནས་རེག་པས་ལུས་སེམས་བདེ་ཕྲིལ་ལེ་སོང་བར་མོས། ཤེར་དབང་ངོ་། །མཐར་གཅིག་ལ་གཅིག་ཐིམ་གཏད་མེད་དུ་ཡལ་བའི་ངང་དམིགས་མེད་དུ་བཞག །དབང་བཞི་པའི་གནད་དང་འབྲེལ་བའོ།
།བར་བར་དུ་བདེན་མེད་དང་རྨི་ལམ་ཡིན་སྙམ་པའི་འདུན་པ་ཁ་ཤས་རེ་དྲག་ཏུ་བྱ།
ཐུན་མཚམས་སུ་མི་རྟག་པ། མོས་གུས། རྨི་ལམ་གྱི་འདུན་པ་དང་མི་འབྲལ་བར་བྱ། ཟིན་པ་ལ་བརྟན་པ་ཐོབ་ནས།
གཉིས་པ་རྨི་ལམ་སྦྱོང་བ་ནི། སྐབས་འདིར་འདུན་པས་སྦྱོང་བ་སྟེ། བླ་མའི་རྣལ་འབྱོར་སོགས་སྔར་བཞིན་ལ་གསོལ་འདེབས་སྐབས། རྨི་ལམ་འབྱོངས་པར་མཛད་དུ་གསོལ། ཞེས་བསྒྱུར། འདུན་པ་ཁོ་ནས་རྩལ་ངེས་མེད་དུ་སྦྱངས་ཏེ་རྨི་ལམ་གྱི་ཡིད་ལུས་ལ་ཅི་སྦྱང་སྦྱང་ཡིན་སྙམ་པའི་འདུན་པ་རྒྱུན་ཆགས་དང་། ཀ་བ་རྩིག་པ་སོགས་ལ་ཟང་ཐལ། བུ་ག་ཕྲ་མོ་ལ་འཛུལ་ཞིང་མེ་ཆུ་གཅན་གཟན་གཡང་ས་སོགས་ཡ་ངའི་རིགས་ལ་ཐོག་བརྫི། མཁའ་ལ་འཕུར་ཞིང་ས་ལ་འཛུལ་བ། ཁྱད་པར་ངོ་ཚ་སྐྱུག་བྲོ་སོགས་རྣམ་རྟོག་ཆོད་དཀའ་བའི་རིགས་ལ་རེས་ཐོག་བརྫི། རེས་བདེན་མེད། རེས་ཟློག་བསྒོམ་གྱིས་ཉིན་མོ་འདུན་པས་སྦྱང་ཞིང་མཚན་སྣང་ལ་དངོས་སུ་སྦྱང་ངོ་། །སྤེལ་བ་སོགས་གཞུང་ལས་ཤེས།
མ་ཟིན་ན་སྤོགས་ཆོག །ཟིན་པ་བརྟན་བྱེད། འབྱམས་གཅོད་ལ་སོགས་པ་གལ་པོ་ཆེའི་གདམས་ངག་རྣམས་ཀྱང་མན་ངག་ལས་ཤེས་པར་བྱའོ།
།རྨི་ལམ་ལྟ་བུའི་ཆོས་རྣམས་ལ། །རྟག་ཏུ་རྨི་ལམ་ལྟར་ཤེས་ན། །རིགས་དྲུག་སྲིད་པའི་མངལ་ཁ་སྟོང་། །གསལ་སྟོང་ལྷ་སྐུ་རང་ཤར་རོ།། །།
༈ །བཞི་པ་འོད་གསལ་གཏི་མུག་རང་སངས་ལ།
སྔོན་འགྲོའི་ཚུལ་དུ་མི་རྟག་པ་དུང་བ་བསྒོམ་ཞིང་སྐྱོ་ཤས་བསྐྱེད།
དངོས་གཞི་འོད་གསལ་བཟུང་བ་ནི། རང་བདེ་མཆོག་ཏུ་གསལ་བའི་སྤྱི་བོར་གདན་བཞི་རྫོགས་ཀྱི་སྟེང་དུ། རྩ་བའི་བླ་མ་རལ་པའི་ཐོར་ཚུགས་རུས་རྒྱན་སྟག་ལྤགས་སོགས་དུར་ཁྲོད་ཆས་བརྒྱད་ཀྱིས་བརྒྱན་པ། རྡོ་རྗེ་འཆང་དུ་བསྒོམ་ན་ཡང་ཧེ་རུ་ཀ་ཞི་མ་ཁྲོ་སྤྱན་གསུམ་པ་བསྒོམ། གསོལ་འདེབས་སྔ་མའི་མཐའ། འོད་གསལ་ཟིན་པར་མཛད་དུ་གསོལ། ཞེས་བསྒྱུར་ལ་མོས་གུས་ཆེན་པོས་གསོལ་བ་དྲག་ཏུ་འདེབས། ལུས་ཀྱི་དབུས་སུ་རྩ་དབུ་མ་དཀར་པོ། དེའི་སྙིང་གའི་ཐད་དུ་པདྨ་དཀར་པོ་འདབ་བཞི་དང་ཟླ་བའི་སྟེང་དུ་རྩ་བའི་བླ་མ་དཀར་ལ་འོད་ཟེར་འཕྲོ་བ་ཚོན་གང་བ། ཐུགས་ཀར་ཐིག་ལེ་དཀར་པོ་སྲན་མ་ཙམ་འོད་འཕྲོ་བ་ལ་སེམས་གཏད་དེ་མཉམ་པར་བཞག །དེ་ལས་འོད་འཕྲོས། བླ་མའི་སྐུ་ཁྲ་ས་ལེ་ཁྱབ། ཐུགས་རྒྱུད་བདེ་བས་གང་། སྐུ་ལས་འོད་ཟེར་བྱུང་། རང་ལུས་ཁྱབ། རང་ལུས་བ་སྤུའི་བུ་ག་ནས་འོད་ཟེར་འཕྲོས། སྣང་བ་ཐམས་ཅད་ཁྲ་གསལ་གྱིས་ཁྱབ་པར་བསྒོམ། ཐུགས་ཀའི་ཐིག་ལེ་ལ་སེམས་གཏད་པ་དང་འོད་ཟེར་སྤྲོ་བ་དེ་ཀ་ཡང་ཡང་བསྐྱར། བར་བར་ཤེས་པ་རང་བབ་ཏུ་བཞག་པས་སྐབས་རེར་བདེ་གསལ་མི་རྟོག་པ་ཤུགས་འབྱུང་དུ་བྱུང་ན་རེ་དོགས་མེད་པར་བསྐྱང་། གཉིད་དུ་འགྲོ་ཁར་ཐུགས་ཀའི་ཐིག་ལེའམ་ཧཱུྃ་དངུལ་ཆུའི་མདོག་ལྟ་བུ་ལ་སེམས་གཏད།
ཐུན་མཚམས་སུ་མི་རྟག་པ་དང་བླ་མའི་མོས་གུས། ཁྱད་པར་སྐུ་གསུམ་ལམ་ཁྱེར་གྱི་འཇོག་སྟངས་ཞེས་པ། མིག་གླང་པོ་ཆེའི་ལྟ་སྟངས་ཧ་རེ་བཞག །ཤེས་པ་ཀློད། གང་ཤར་རང་ངོ་སྐྱོང་། སྣང་བ་སྣ་ཚོགས་ཀྱི་གསལ་ཆ་སྤྲུལ་སྐུ། རང་ངོ་ཤེས་པའི་སྟོང་ཆ་ཆོས་སྐུ། དེ་གཉིས་དབྱེར་མེད་པའི་རང་རིག་རང་གསལ་ལོངས་སྐུར་ཤེས་པས་ལམ་དུ་ཁྱེར། ཆོས་བརྒྱད་ཀྱི་ཨ་འཐས་བཤིགས། རྣམ་རྟོག་རང་གར་མ་ཤོར་བར་རང་གྲོལ་རང་དག་ཅིག་ཐམས་ཅད་དུ་གལ་ཆེ།
བསྲེ་བ་དང་རྗེས་གེགས་སེལ་བོགས་འདོན་སོགས་གཞུང་ལས་ཤེས།
ཀུན་རྟོག་འཕོ་བ་དབྱིངས་སུ་སྦྱང་། །མ་རིག་འཁོར་བའི་རྫུན་ཕུག་གཏིབས། །སྣང་བཅས་སྣང་མེད་འོད་གསལ་ཉིད། །ལག་གཏོད་གདམས་པའི་སྙིང་ཁྲག་གོ། །།
༈ །ལྔ་པ་འཕོ་བ་མ་བསྒོམས་སངས་རྒྱས་ནི།
སྐབས་འདིར་ལྷན་ཐབས་ཀྱི་མན་ངག་ཡེ་ཤེས་སྐར་ཁུང་མ་ལ་བྱེད་དེ། རང་ལུས་ལྷར་གསལ་སྤྱི་བོར་བླ་མ་བསྒོམ་པ་སོགས་སྒྱུ་ལུས་སྐབས་ལྟར་ལ། གསོལ་འདེབས་མཐར། བར་དོར་སངས་རྒྱས་པར་མཛད་དུ་གསོལ། །ཞེས་བསྒྱུར། བླ་མ་རང་ལ་ཐིམ། ལུས་ཀྱི་སྟོང་རའི་ནང་དུ་རྩ་དབུ་མ་ལག་ངར་རམ་སྦ་ལྕག་ཙམ་དཀར་པོ། མར་སྣེ་གསང་གནས་སུ་ཁ་ཟུམ་ཞིང་། ཡར་སྣེ་སྤྱི་བོའི་ཚངས་བུག་ཏུ་ཧད་པོར་ཡོད་པ། དབུ་མའི་ལྟེ་བའི་ཐད་དུ་ཆོས་འབྱུང་དཀར་པོ་རྩ་བ་ཐུར་དང་གདེངས་ཀ་གྱེན་བསྟན། ཟུར་གཅིག་མདུན་དང་གཉིས་གཡས་གཡོན་དུ་བསྟན་པའི་དབུས་གང་ལའང་མ་རེག་པའི་ཨ་དཀར་པོ་ཕྲ་ལ་གསལ་བ་འཕར་ལ་ཁད་པ་ཞིག་བསམ། རླུང་རོ་ལན་གསུམ་བསལ། བུམ་ཅན་ཤུགས་དྲག་ལ་ཡུན་ཐུང་བ་ཞིག་བཟུང་། ཨ་ལ་སེམས་གཏད། འོག་རླུང་འཐེན། ལྟོ་བ་སྒལ་ཚིགས་ལ་ཅུང་བཅེར་བས་ཨ་དེ་ཅུང་འཕར་ནས་སྔར་ཤུལ་དུ་བབ། དེ་ལས་དྲག་པར་བཅེར་བས་སྔར་ལས་མཐོ་ཙམ་འཕར་སྔར་ཤུལ་བསྡད། སླར་དྲག་ཏུ་བཅེར་བ་དང་མཉམ་ཆོས་འབྱུང་གི་ཁ་ཐག་ཅེས་བརྡབ་པས་རླུང་གི་ཤུགས་ཀྱིས་ཨ་དེ་མདའ་འཕངས་པ་བཞིན་དུ་དབུ་མའི་ལམ་རྒྱུད་ཚངས་བུག་ནས་ཐོན། ནམ་མཁའ་མཐོན་པོར་སླེབ་ནས་ཡལ་བར་བསམ་ལ་དབྱིངས་རིག་ནམ་མཁའ་གསུམ་འདྲེས་པ་ལ་ཧད་དེ་བཞག །དེ་ལྟར་ལན་བདུན་ཙམ་སྐྱར།
འབེབས་པ་ནི་ནམ་མཁར་ཨ་དཀར་པོ་ཞིག་ལམ་གྱིས་གྲུབ་པ་ཚངས་བུག་ནས་ཞུགས། དབུ་མར་དལ་བུས་བབ། ལྟེ་བའི་ཆོས་འབྱུང་དུ་བརྟན་ཅིང་བརྗིད་དང་ལྡན་པར་འདུག་པས་ལུས་བདེ་ཕྲིལ་གྱིས་བྱུང་བར་བསམ།
དེ་ཐུན་ཆུང་གཅིག་ཡིན། ཐོག་མར་སྦྱོང་སྐབས་རྟགས་མ་ཐོན་བར་དེ་ཉིད་ཡང་ཡང་བསྒོམ། རྒྱུན་དུ་དམིགས་པ་ཚར་རེ་ལས་མི་དགོས། ཐུན་མཚམས་སུ་དབུ་མའི་ཡར་སྣེ་ཟུམ་པར་བསྒོམ་མོ།
།ལས་ལ་བཟང་ངན་མ་མཆིས་པར། །མཁའ་སྤྱོད་དག་པའི་ཞིང་དུ་སྐྱེལ། །ཞག་བདུན་ཙམ་གྱིས་གཏན་དོན་འགྲུབ། །དམན་ཀྱང་འདི་ཙམ་འབད་ན་མཚར།
༈ །དྲུག་པ་བར་དོ་རྒྱལ་བ་ལོངས་སྐུ་ནི།
སྔོན་འགྲོ་སྔ་མ་ལྟར་ལ། བར་དོར་ལོངས་སྐུ་ཐོབ་པར་མཛད་དུ་གསོལ། ཞེས་གསོལ་འདེབས་ཀྱི་མཐའ་བསྒྱུར། བླ་མ་རང་ལ་ཐིམ། རང་དང་སྣང་བ་ཐམས་ཅད་སྲིད་པ་བར་དོ་དངོས་ཡིན་སྙམ་པའི་འདུན་པ་དྲག་པོ་སྦྱང་། འཁོར་བའི་སྡུག་བསྔལ། ཆགས་སྡང་གི་ཉེས་དམིགས་ལ་སྐྱོ་ཤས་བསྐྱེད། བར་དོའི་སྐབས་འདིར་རྣམ་རྟོག་སྐད་ཅིག་མས་གཏན་གྱི་བདེ་སྡུག་ཚབས་པོ་ཆེ་བྱེད་པས་མ་འཁྲུལ་བར་ཅི་ནས་བྱ་སྙམ་པའི་ངང་། མདུན་དུ་ཆོས་འབྱུང་སྔོན་པོ་རྩ་བ་ཕྲ་ཞིང་གདེངས་ཀ་གྱེན་དུ་བསྟན་པ་ཞིག་བསྒོམ། འདི་མ་རྟོགས་པ་ལ་མའི་མངལ། རྟོགས་པ་རྣམས་ལ་འོག་མིན་ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་ཡིན་སྙམ་དུ་བསམ། རང་ཉིད་དེའི་དབུས་སུ་ཕྱིན་པས་ཧཱུྃ་ཡིག་སྔོན་པོ་ཆེ་ཞིང་འོད་འབར་བར་གྱུར། དེ་ལས་འོད་འཕྲོས་ཆོས་འབྱུང་ལ་ཕོག་པས། འགྲོ་བ་རིགས་དྲུག་གི་མངལ་དུ་སྔར་སྐྱེས་པ་དང་། ད་ལྟར་སྐྱེ་བའི་ལན་ཆགས་དང་བག་ཆགས་ཐམས་ཅད་སྦྱངས། མ་འོངས་པའི་སྐྱེ་སྒོ་བཀག །སྐྱེ་གནས་གཞན་གསུམ་གྱི་བག་ཆགས་ཀྱང་ཞོར་ལ་དག་པར་བསམ། ཧཱུྃ་དེ་ཡོངས་སུ་གྱུར་པ་ལས་རང་ཉིད་འཁོར་ལོ་བདེ་མཆོག་ལྷན་སྐྱེས་སུ་གསལ་བའི་སྤྱི་བོར་བླ་མ་གདན་བཞི་རྫོགས་ཀྱི་སྟེང་དུ་བསྒོམ་སྟེ། བར་དོར་ལོངས་སྐུ་ཐོབ་པར་མཛད་དུ་གསོལ། ཞེས་གསོལ་བ་རྩེ་གཅིག་བཏབ།
གཟུགས་སྣང་ཐམས་ཅད་བདེ་མཆོག་ཡབ་ཡུམ། སྒྲ་རུ་གྲགས་ཚད་ཡི་གེ་བདུན་པ། ཡིད་ཀྱི་དྲན་རྟོག་ཐམས་ཅད་རྨི་ལམ་སྒྱུ་མའི་ངང་ཚུལ་བདེན་པར་མ་གྲུབ་པར་ཐག་བཅད།
ཆོས་འབྱུང་གི་གཡས་ཟུར་དུ་ཞེ་སྡང་སྐྱེ་བའི་ཡུལ་དང་ཕོ་ཐམས་ཅད་འཁོར་ལོ་སྡོམ་པ། གཡོན་ཟུར་དུ་འདོད་ཆགས་སྐྱེ་བའི་ཡུལ་དང་མོ་ཐམས་ཅད་རྡོ་རྗེ་ཕག་མོར་གྱུར་ནས་འཁོད་པར་མོས་ལ། མཆོད་པ་བཞི་རྫོགས་སུ་ཕུལ། བུད་མེད་ཀྱིས་བསྒོམ་ན་ཆགས་སྡང་སྐྱེ་བའི་ཡུལ་གོ་བརྗེ།
མོས་གུས་དང་། ལྷ་སྐུ་དང་། ཐམས་ཅད་བར་དོར་ཐག་བཅད་ཅིང་དེའང་བདེན་མེད་དུ་ཤེས་པ་ནི་རྒྱུན་ཆགས་སུ་གལ་ཆེའོ།
།ཆུ་རྐ་ཆད་པའི་ཡུར་ཆུ་བཞིན། །བར་དོའི་རྣམ་རྟོག་ཁ་བསྒྱུར་ན། །ཡང་སྲིད་སྲིད་པར་མི་འཇུག་པས། །ད་ལྟ་ཉིད་ནས་གོམས་འདྲིས་གཅེས།
།དེ་དག་ཀྱང་རྩ་བའི་ཆོས་བཞི་ལ་ཐོག་མར་ཉམས་མྱོང་གི་སྣེ་རེ་མ་རྙེད་བར་བསྒོམ། དེ་ནས་ཡོངས་རྫོགས་སུ་བསྒོམ་ན་སྔ་དྲོ་གཏུམ་མོ། ཉིན་གུང་སྒྱུ་ལུས། དགོང་མོ་རྨི་ལམ། མཚན་མོ་འོད་གསལ། ཡན་ལག་གི་ཆོས་འཕོ་བ་དང་བར་དོ་སྐབས་སུ་གང་བབ་ཏུ་བསྒོམ། ཆོས་དྲུག་ཀར་ཉམས་སུ་ལེན་མི་ནུས་ན་རང་གིས་གང་འདོད་དེ་ཁོལ་འདོན་བྱེད་ནས་བསྒོམ།
སྐྱབས་སེམས་སྟོང་ར་ཐམས་ཅད་ཀྱི་སྔོན་དུ་འགྲོ་དགོས།
གཏུམ་མོ་ཁོ་ན་བསྒོམ་འདོད་ན་ལུས་གནད་མེའི་སྟོང་ར་རླུང་ཐེངས་གསུམ་བཞི་ཙམ་དང་། གཏུམ་མོ་ཟས་སུ་ཟ་བ་ཅི་ནུས་སུ་བསྒོམ། རྗེས་སྲིད་པའི་དབང་ཞུ་བ་ཚར་གཅིག་བྱེད། དེ་ཁོ་ནས་ཐུན་བཞིའམ་དྲུག་སོགས་བཅད། གཞན་ལའང་དེས་འགྲེའོ།
།དེ་དག་གིས་ནི་ཁྲིད་ཡིག་མ་བུ་རྣམས་སུ་དངོས་སུ་བསྟན་པའི་ཆོས་དྲུག་སྙིང་པོར་བསྡུས་པ་བཤད་ཟིན་ཏོ།། །།
།རྩ་བའི་གཉིས་པ་ཁྱད་པར་གྱི་མན་ངག་ལས་འབྱུང་བ་ནི།
རྩ་བའི་ཆོས་བཞི་སྟན་ཐོག་གཅིག་རང་དུ་བསྒོམ་ན། སྐྱབས་སེམས་སྟོང་ར་ཡན་སྔར་ལྟར་ལ། སྤྱི་བབ་ནས་བླ་མའི་རྣལ་འབྱོར་ཞིག་བྱ་སྟེ། བསྒོམ་ཚུལ་སྟོང་ར་བཞིན་ལ། གསོལ་འདེབས་ནི་གདུང་ཤུགས་དྲག་པོས།
དུས་གསུམ་སངས་རྒྱས་ཐམས་ཅད་འདུས་པའི་ངོ་བོ་བླ་མ་རིན་པོ་ཆེ། སེམས་ཅན་ཐམས་ཅད་ཀྱི་དོན་དུ་བདག་གིས་བདག་འཛིན་བློས་ཐོངས་པར་མཛད་དུ་གསོལ། དགོས་མེད་རྒྱུད་ལ་སྐྱེ་བར་མཛད་དུ་གསོལ། སྒྱུ་ལུས་རྨི་ལམ་འབྱོངས་པར་མཛད་དུ་གསོལ། འོད་གསལ་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་ད་ལྟ་ཉིད་དུ་མྱུར་བ་ཉིད་དུ་འདུག་ས་འདི་ཉིད་དུ་ཐོབ་པར་མཛད་དུ་གསོལ།
ཞེས་པས་གསོལ་བ་དྲག་ཏུ་བཏབ། འདི་སྐབས་བླ་མ་དཀོན་མཆོག་ཀུན་འདུས་སུ་ཤེས་པ་དང་། སེམས་ཅན་ཐམས་ཅད་བསམ་འོག་ཏུ་བཅུག་པ་ཙམ་ལས་སྐྱབས་ཡུལ་ཚུར་བསྟིམས་པ་དང་། འགྲོ་དྲུག་གིས་གསོལ་བ་འདེབས་པའི་དམིགས་པ་མི་དགོས། མཐར་བླ་མ་རང་ལ་བསྟིམ་སྟེ་མཉམ་པར་བཞག
༈ གཏུམ་མོ་སྟན་ཐོག་གཅིག་མ་ནི། ལུས་གནད་རྣམ་སྣང་ཆོས་བདུན་སྤྱི་ལྟར་ལས། ལྟ་སྟངས་ཐད་ཀར་བལྟ། ལག་མཐིལ་གཉིས་ཀྱིས་པུས་མོ་མནན། རང་ཉིད་རྡོ་རྗེ་ཕག་མོ་བཞུགས་ཚུལ་སོགས་རང་ལུས་དང་མཐུན་པ། རྒྱན་དང་གདན་སོགས་སྤྱི་མཐུན་བསྒོམ། ལུས་ཀྱི་ནང་སྟོང་སང་ངེ་བའི་དབུས་སུ་རོ་རྐྱང་སྤངས་པའི་རྩ་དབུ་མ་མཚན་ཉིད་བཞི་ལྡན་རིང་ཐུང་སོགས་གོང་ལྟར་ལ། ལྟེ་འོག་སོར་བཞིའི་ནང་དུ་རཾ་དམར་ནག་ནས་འབྲུ་ཙམ། ལྟེ་བའི་ཐད་ཀྱི་ནང་དུ་ཉི་གདན་སྲན་ཆུང་ཙམ་ལ་གནས་པའི་ཨ་ཤད་དམར་སེར་སོར་གང་ཙམ་ཕྲ་མོ་ཞིག་བསྒོམ། དེ་རྩ་བའི་བླ་མའི་ངོ་བོ་ཡིན་སྙམ་མོས་གུས་དུང་བ་བྱ། དབུ་མའི་ཡས་སྣར་ཧཾ་དཀར་མགོ་ཐུར་བསྟན། སྟེང་གི་ནམ་མཁར་བླ་མ་དཀར་ལ་འཛུམ་ཞིང་གཟི་བརྗིད་འབར་བར་བསམ། རླུང་རོ་དགུ་ཕྲུགས་སུ་འབུད་ལ་སྦྱོར་བ་བཞི་ལྡན་གྱི་རླུང་དྲག་ཏུ་བཟུང་བས། རླུང་ཉིད་དབུ་མའི་གཡོན་ནས་མདུང་ཚུགས་སུ་སོང་། མས་སྣ་ནས་ཞུགས་ཏེ་རཾ་བུས་པས་མེ་ལྕེ་དམར་ནག་སོར་བཞི་འབར། བླ་མའི་ངོ་བོ་ཨ་ཤད་བསྐུལ། དེ་ལས་མེ་དམར་སེར་འུར་གྱིས་འབར། སྤྱི་བོའི་ཧཾ་བསྲོས། མེ་ལྕེས་ཚངས་བུག་ནས་ཐོན་ཏེ་རྒྱ་ཆེར་འབར་བའི་རྩེ་མོ་ལས་མཆོད་པ་བཞི་རྫོགས་སུ་སྤྲུལ་ནས་བླ་མ་མཆོད། མེ་ལྕེའི་འོད་ལས་བདེ་དྲོད་ཀྱི་མཆོད་པ་དང་བཅས་པས་མཉེས་པར་བྱེད། སངས་རྒྱས་ཀུན་འདུས་ཀྱི་ངོ་བོ་དེའང་བྱང་ཆུབ་སེམས་ཀྱི་བདུད་རྩིར་ཞུ་ནས་མེ་ལྕེ་དང་ལྷན་ཅིག་ཚངས་བུག་ནས་བྱོན་ཏེ་སྤྱི་བོའི་ཧཾ་ལ་འདྲེས་པས་ཐིག་ལེའི་རྒྱུན་ནར་གྱིས་བབ། མགྲིན་པར་སླེབ། དགའ་བ་དང་བུམ་དབང་། སྙིང་གར་སླེབ། མཆོག་དགའ་དང་གསང་དབང་། ལྟེ་བའི་ཨ་ཤད་ལ་ཐིམ། ཁྱད་དགའ་དང་ཤེར་དབང་། དེ་ལས་ཀྱང་བདུད་རྩི་བབ་པ་རཾ་ལ་ཐིམ། ལྷན་སྐྱེས་དང་དབང་བཞི་པའོ་ཞེས་དོན་དྲན། སླར་འབར་འཛག་སྐྲ་ཤད་འཛིངས་པ་གཏུམ་མོ་དཀྱུས་ལྟར་བསྒོམ་པ་ལས། རཾ་དང་ཨ་ཤད་ཀྱི་མེ་གཅིག་ཏུ་འདྲེས་པ་འབར་བ་དང་། ཐིག་ལེ་འཛག་པ་ཨ་ཤད་བརྒྱུད་རཾ་ལ་ཐིམ་པར་བསྒོམ་པའོ།
།འདི་ནི་གཏུམ་མོ་ཟས་སུ་ཟ་བ། བྱིན་རླབས་བླ་མའི་གཏུམ་མོ། སྲིད་པའི་དབང་ཞུ་བ་གསུམ་ག་དམིགས་པ་གཅིག་ལ་དྲིལ་བས་བྱིན་རླབས་དང་གནད་ཤིན་ཏུ་ཆེ་གསུངས།
སྐབས་འདིར་རླུང་དྲག་ཏུ་བུས་པའི་ཕྱི་འཛིན་ཁོང་འདྲེན་དྲག་པོའི་ངང་འབར་བ་ལ་སེམས་གཏད་པ་དང་། དྲག་ཏུ་བརྔུབས་ཏེ་ཐུར་སེལ་གྱི་སྒོ་གཉིས་ལ་གཟིར་ཞིང་ཞུ་བ་ལ་སེམས་གཏད། ཐམས་ཅད་དུ་སེམས་ནམ་མཁའ་ལ་ཡས་སུ་བཅུག །ལྟོ་བ་ཕྱིར་བསྐྱེད་ནས་ལུས་གཅུ་ཞིང་རྩལ་སྤྲུགས་དྲག་པོ་བྱེད་པ་དང་། ཧལ་ཞེས་བརྗོད་པ་ན་རླུང་སྦྱོར་གཅིག་ལ་ཐབས་ལམ་ཡོངས་སུ་རྫོགས་པ་ཤིན་ཏུ་གསང་བའི་མན་ངག་ཉེ་བརྒྱུད་དོ། །ཐོག་མ་ནས་སྟན་གཅིག་མ་འདི་བསྒོམ་པ་མིན། གཞུང་གི་ཐབས་ལམ་ལ་དྲོད་ཚད་རྙེད་ནས་རྒྱུན་ཁྱེར་དང་བོགས་དོན་དུ་འདི་ཉིད་བསྒོམ་པར་བྱའོ།། །།
༈ སྒྱུ་ལུས་ལ། རྩ་བའི་བླ་མ་སྤྱི་བོ་སྙིང་ག་སོགས་སུ་བསྒོམ་ཡང་རུང་། གང་ན་བཞུགས་པའི་ཕྱོགས་སམ་མཁའ་ཁྱབ་ཏུ་བཞུགས་པ་ལ་གསོལ་བ་བཏབ་ཀྱང་ཆོག་སྟེ།
ཕ་བླ་མ། ཕ་བླ་མ། བླ་མ་རང་མཁྱེན། དྲིན་ཅན་རྩ་བའི་བླ་མ་ཁྱེད་ལ་གསོལ་བ་འདེབས་སོ།
།ཞེས་མོས་གདུང་དྲག་པོ་སྙིང་ལ་ཟུག་པ་བསྒོམས་ནས་དེའི་ངང་ལ་ཀློད་ལ་བཞག །རང་ལྷ་སྐུར་ལམ་ཙམ་གསལ་བཏབ། རང་གཞན་སྣང་བ་ཐམས་ཅད་ལ་བསམ་སྟེ། འདི་ཐམས་ཅད་མེད་བཞིན་དུ་འཁྲུལ་པའི་སྣང་བ་ཡིན། བཟང་ངན་ཆགས་སྡང་ཆོས་བརྒྱད་སོགས་ལ་ཨ་འཐས་ཀྱི་དགག་སྒྲུབ་བྱེད་པ་རེ་འཁྲུལ། གཏད་པ་ཅི་ཡོད། སྒྱུ་མ་རྨི་ལམ་རང་ཡིན་སྙམ་དྲག་ཏུ་སྦྱངས་པས་རྩིས་གདབ་མེད་པར་སོང་བ་དེ་ཀར་བཟོ་མེད་དུ་བསྐྱང་། དེ་མ་ཐག་རང་ལུས་ལྷར་གསལ་བའམ་ཐ་མལ་ཡིན་ཀྱང་རུང་སྟེ་ལྟེ་འོག་ཆོས་འབྱུང་མན་ཆད་དཀྱུས་ལྟར་བསྒོམས་པས་དབང་པོ་རབ་འབྲིང་ཐ་མའི་ཉམས་ལེན་གྱི་གནད་གཅིག་ཏུ་འདུས་པའོ།
།རྨི་ལམ་ལ། བཟུང་བ་དཀྱུས་ལྟར་རང་ཟིན་ཐིག་ལེ་དབང་བཞིའི་གནད་ཚར་གསུམ་ཙམ་འཇུར་ནས་བསྒོམ་པའི་རྗེས་སུ། རང་གཞན་སྣོད་བཅུད་དགྲ་གཉེན་ལོངས་སྤྱོད་སོགས་ལ་བདེན་མེད་ཀྱི་འདུན་པ་དྲག་ཏུ་སྦྱང་། དེ་ཀའི་ངང་གང་ཤར་བཟོ་མེད་དུ་འཇོག །དེ་ཉིད་ཡང་ཡང་གོམས་པར་བྱ།
སྦྱང་བའང་གོང་ལྟར་ལ་སྒྱུ་མ་ལྟ་བུའི་འདུན་པ་དང་རང་བབ་ཀྱི་འགྲོས་སྐྱོང་བ་གནད་ལྷག་པར་ཆེ། ཡུལ་སྣང་གཏན་ལ་དབབ་འདོད་ན། སྙིང་གར་ཧཱུྃ་དཀར་པོ་དྭངས་གསལ་འོད་འཕྲོ་བ་བསྒོམ། རྨི་ལམ་སྒྱུ་མའི་འདུན་པ་དང་ཡུལ་སྣང་བལྟ་འདོད་དྲག་ཏུ་བྱ། ཧཱུྃ་ལས་འོད་ཐག་པ་ལྟ་བུ་རྒྱངས་ཀྱིས་འཕྲོས། གང་བལྟ་བར་འདོད་པའི་ཡུལ་ལམ་དངོས་པོ་དེ་འོད་ཀྱི་ཞགས་པས་དྲངས་ནས་སྙིང་གའི་ཧཱུྃ་ལ་ཐིམ། ཧཱུྃ་གི་འོད་ཀྱིས་སྣང་བ་ཐམས་ཅད་ཁྲ་ཆེམ་གྱིས་གསལ་བ་ལ་སེམས་གཏད། སྐབས་འདིར་བུམ་ཅན་བསྒོམ་པ་གལ་ཆེ། སྒྱུ་ལུས་རྨི་ལམ་གྱི་དགེ་སྦྱོར་སྐྱེ་བ་ལ་བསགས་རྒྱབ་ཡོད་པ་ཞིག་དགོས་ཏེ།
མ་ཟིན་འབྱམས་དང་གོལ་ས་གསུམ། །བསོད་ནམས་ཚོགས་ཀྱིས་བཅད་པར་བྱ། །ཞེས་འབྱུང་ངོ་།། །།
༈ འོད་གསལ་ལ། གོང་བཤད་དེ་དམིགས་པའི་མཐིལ་ཡིན་མོད། དེས་ཅིས་ཀྱང་མ་ཟིན་ན་རྣོ་ཁྱད་ནི། ལུས་ནང་དབུ་མའི་མར་སྣེར་ཨ་དཀར་པོ་བསམ། སྟེང་རླུང་ནན་ནན། འོག་རླུང་འཐེན་འཐེན་བྱས་པས་ཨ་དེ་གསང་བའི་རྩ་བར་ལྷན་ལྷན་སོང་། གསང་བའི་རྩ་ལམ་ནས་དཀྱུས་ཀྱོག་ཀྱོག་པའི་ངང་ནོར་བུའི་ནང་དུ་ཁ་དོག་སྔོན་པོ་འོད་འཚེར་བ་ཞིག་ཏུ་གྱུར། མགོ་ནང་བསྟན་དུ་ལོག །ཤུགས་དྲག་པོས་ཕྱི་ལ་འགྲོ་ཚད་པ་ལ་བུ་ག་དོག་པོར་མ་ཤོང་བས་ལྷན་ལྷན་འདུག་པ་ལ་སེམས་ཡུད་ཅིག་དྲག་ཏུ་གཏད། ཡང་དེ་ཀའི་སྣང་བ་མ་འགག་ཙམ་ལ་ཧད་དེ་བཞག །དེ་ཉིད་ཡང་ཡང་བསྒོམ། འདི་བུད་མེད་ཀྱིས་བསྒོམ་ན་དབུ་མའི་མར་སྣེ་ལྟེ་འོག་སོར་བརྒྱད་ཙམ་དུ་སླེབ་པའི་མར་སྣེ་དེ་ལ་བསྒོམ། གཞན་འདྲ། འཛིན་པ་ལ་ལྷག་པར་ཟབ་བོ།། །།
༈ འཕོ་བ་ནི། ལུས་ནང་དབུ་མ་དཀར་པོའི་མར་སྣེར་ཨ་དཀར་པོ། སྤྱི་བོའི་ཚངས་བུག་ཧད་པོར་ཡོད་པར་བསྒོམ། རླུང་ཕྱིར་འབུད་པ་དང་ལྷན་ཅིག་ལྟེ་འོག་སོར་བཞིའི་ཨ་དེ་དབུ་མའི་ལམ་དང་ཚངས་བུག་བརྒྱུད། ནམ་མཁའི་དབུས་སུ་མདའ་འཕངས་པ་བཞིན་དུ་སོང་ནས་དབྱིངས་སུ་ཡལ། ཅུང་ཟད་མཉམ་པར་བཞག །ཡང་ཨ་དེ་ནམ་མཁར་བྱུང་བ་ཚངས་བུག་ནས་བབས་ཏེ་དབུ་མའི་མར་སྣེར་ཕྱིན་པར་བསམ། འདི་ལ་འགྲོ་འོང་སྤེལ་མ་བསྒོམ་པ་ལས་སྒོ་དགག་པ་སོགས་མི་དགོས་གསུངས། འདི་ལའང་འཆུག་མེད་མཁའ་སྤྱོད་དམ། ཡེ་ཤེས་སྐར་ཁུང་མ་སྔོན་དུ་འགྲོ་དགོས་པ་ཤེས་པར་བྱའོ།། །།
༈ བར་དོའི་སྐབས་གོང་གསལ་གཞུང་ཁྲིད་ལྟར་ལས། ཆགས་སྡང་གི་ཡུལ་ཆོས་འབྱུང་ནང་དུ་ལྷར་གསལ་བའི་སྐོར་དེ་མི་བྱ་བར། འགྲོ་བ་རིགས་དྲུག་གི་གནས་དང་། གཟུགས་སྒྲ་དྲི་རོ་རེག་བྱ་བཟང་ངན་ཐམས་ཅད་ལ་སྒྱུ་མ་དང་བར་དོའི་འདུན་པ་སྦྱང་། མངལ་སྒོང་གི་གཉིས་སྦྱོར་སོགས་གསལ་གདབ། བར་དོའི་འདུན་པས་ཡི་དམ་ཡབ་ཡུམ་དུ་བསྒྱུར། དེའང་སྒྱུ་མར་ཤེས་པས་ཞེན་མེད་ཀྱི་ངང་བསྐྱང་བར་བྱའོ།
།དེ་ལྟར་ཆོས་དྲུག་སྟན་ཐོག་གཅིག་ཏུ་ཉམས་སུ་ལེན་ཚུལ་ཞལ་རྒྱུན་མ་ཆད་པ་དང་། བྱིན་རླབས་བཀའ་བབ་ཀྱི་གདམས་པ་འགའ་ཞིག་ཡེ་ཤེས་ཀྱི་མཁའ་འགྲོས་རྗེ་བཙུན་ཀུན་དགའ་གྲོལ་མཆོག་ལ་དངོས་སུ་སྩལ་བའི་ཉེ་བརྒྱུད་ཆེས་ཟབ་པ་བཅས་སྨོས་ཟིན་ཏོ།
།འདི་ཉིད་ལ་རྟགས་ཐོན་རང་བྱེད་ན་ཁྲིད་ཆེན་རྒྱས་པ་དམིགས་རྐང་རེ་བདུན་མའམ། འགྲིང་པོ་དམིགས་རྐང་བཅུ་བདུན་མ་ཙམ་ལ་རྩ་བར་བཟུང་། དམིགས་པ་བཀའ་རྒྱ་མའི་རིགས་རྣམས་སྐབས་དང་བསྟུན་ཏེ་ལེན། ཉམས་མྱོང་གི་སྣེ་ཟིན་ནས་འདིར་བསྟན་ཙམ་གྱིས་ཆོག་ཤེས་པར་བྱས་ན་ཤིན་ཏུ་ལེགས་ཤིང་། འདིར་བསྟན་མ་བུ་གཉིས་ལའང་གནད་ཐམས་ཅད་ཚང་བར་ཡོད་པས་ཉམས་ལེན་ནུས་ན་འདི་ཙམ་གྱིས་ཀྱང་དགོས་དོན་འགྲུབ་པར་ཡོད། ཡང་སྒྱུ་ལུས་རྨི་ལམ་ཁོ་ན་ལྟ་བུ་ཁོལ་འདོན་སྤྲོ་ན་དེ་དག་སྟན་ཐོག་གཅིག་མ་ཟུར་དུ་འབྱུང་བ་ལས་ཤེས་པར་བྱའོ།
།ཐམས་ཅད་ལ་སྤྱིར་གཅེས་པའི་གནད་དུ། རྩ་བའི་བླ་མ་དཀོན་མཆོག་རྩ་གསུམ་ཀུན་འདུས། ཡན་ལག་གི་བླ་མ་གཞན་ཐམས་ཅད་དེའི་རྣམ་འཕྲུལ་དུ་ཤེས་པས་སངས་རྒྱས་ལས་ཀྱང་ལྷག་པའི་མོས་གུས་ལྟེམ་རྐྱང་མེད་པ་ནི་སྤྱིར་གསང་སྔགས་ལམ་གྱི་སྲོག་རྩ་མེད་ཐབས་མེད་ཅིང་།
ཁྱད་པར་དཔལ་ལྡན་རྨོག་ལྕོག་པའི་ཞལ་ནས། འོད་གསལ་གཏན་ལ་འབེབས་པ་སྒྱུ་མ། སྒྱུ་མ་གཏན་ལ་འབེབས་པ་རྨི་ལམ། རྨི་ལམ་གཏན་ལ་འབེབས་པ་དད་འདུན། དད་འདུན་སྟོན་བྱེད་བླ་མ།
དེས་ན་རྩ་བའི་བླ་མ་ལ་ཐམས་ཅད་རག་ལས་པར་གསུངས་པས་ཐབས་ལམ་སྐྱོང་བ་ལ་ཤིན་ཏུ་གལ་ཆེ་བ་དེས་གོ་ནུས་ཤིང་། རང་སེམས་སྟོང་པ་ཆོས་སྐུ། སྣང་བ་སྤྲུལ་སྐུ། དབྱེར་མེད་རང་རིག་རང་གསལ་ལོངས་སྐུར་ཤེས་པས་ཉིན་མཚན་ཀུན་ཏུ་མ་ཡེངས་དྲན་པའི་རྩིས་བཟུང་ནས་ལམ་དུ་ཁྱེར། དེའི་ངང་དུ་རླུང་བུམ་ཅན་ནམ། འཇམ་རླུང་ངམ་བར་རླུང་ཅི་ནུས་འབད་པས་གསལ་སྟོང་བདེ་སྟོང་དུ་ཤར་བ་ཀུན་སྒྱུ་མ་ལྟ་བུར་ཤེས་ཤིང་། དེའང་འཛིན་མེད་ཕྱག་རྒྱ་ཆེན་པོའི་ངང་དུ་བཞག་སྟེ་མཉམ་བཞག་གི་ཉམས་ལེན་རྗེས་ཐོབ་སྤྱོད་ལམ་ཐམས་ཅད་དང་བསྲེས་པས་མྱུར་དུ་བརྟན་པ་འཐོབ་པར་འགྱུར་ལ། རྟག་ཏུ་ཀུནྡ་བྱང་སེམས་མི་ཉམས་པ་དང་། རྣམ་རྟོག་ཐ་མལ་དུ་མི་འཆོར་བའང་རྣལ་འབྱོར་པའི་དམ་ཚིག་གོ། །དེ་ལྟར་བསྒོམས་པས་ལུས་ངག་ཡིད་ཀྱི་ཉམས་འཇམ་རྩུབ་མཐོ་དམན་བདེ་སྡུག་ཇི་ལྟར་བྱུང་ཡང་དགའ་སྡུག་སྤང་བླང་རེ་དོགས་མེད་པར་སྒྱུ་མ་རྨི་ལམ་དུ་ཤེས་ནས་བྱུང་རྒྱལ་དུ་བསྐྱང་བ་ནི་གེགས་སེལ་གྱི་མཆོག་ཡིན་ཞིང་། དགེ་སྦྱོར་ལེགས་པར་སྐྱེས་པ་སོགས་བཟང་ངན་ཅི་བྱུང་བླ་མའི་ཐུགས་རྗེ་ཁོ་ནར་ཤེས་པས་གསོལ་འདེབས་མོས་གུས་ཁོ་ན་ལ་ལམ་གྱི་གཞི་འཆའ་བ་དང་། མ་རྟོགས་པའི་སེམས་ཅན་རིས་མེད་པ་ལ་བྱམས་སྙིང་རྗེ་འབའ་ཞིག་བསྐྱེད་པའི་ཕན་སེམས་ཀྱིས་དུས་འདའ་བ་ནི་བོགས་འདོན་དང་འགྲོ་དོན་གྱི་རྩ་བའོ། །དེ་ལྟར་བསྒོམས་པས་ཇི་ཞིག་ན་ཆེད་གཏད་ཀྱི་རྩོལ་བ་མ་བྱས་པར་སེམས་བདེ་གསལ་མི་རྟོག་པའི་འོད་གསལ་མཐའ་དབུས་མེད་པར་རང་ཤར་བ་དང་། བསྐྱེད་འདོད་ཀྱི་བློ་མངོན་འགྱུར་བ་མེད་བཞིན་དུ་ལྷ་སྐུའི་སྣང་བ་གསལ་དྭངས་ཝ་ལེར་ཤར་བ་ནི་སྒྱུ་ལུས་ཀྱི་ལྷ་སྐུ་རང་ཤར་ཞེས་བྱ་སྟེ་ཟབ་གསལ་དབྱེར་མེད་འཕགས་པའི་མངོན་རྟོགས་དང་ཆོས་མཚུངས་པའོ།
།གཞན་ཡང་མཁས་གྲུབ་ཁྱུང་པའི་ཞལ་ནས། སྒྱུ་ལུས་རྨི་ལམ་ལ་སོགས་པའི་ཆོས་འདི་རྣམས་ཉམས་སུ་ལེན་ཙ་ན། རྨི་ལམ་མི་འཚམ་པ་དང་། ཌཱ་ཀི་གཟུགས་སྣ་ཚོགས་སུ་བསྒྱུར་ནས་ལྟས་དང་ཆོ་འཕྲུལ་སྣ་ཚོགས་སྟོན་དུ་འོང་བས་དེ་ལ་འཇིགས་མི་དགོས། ལར་དུས་དང་རྣམ་པ་ཐམས་ཅད་དུ་ང་རང་གིས་བྱིན་གྱིས་བརླབ་པ་ཡིན་གསུངས།
དབོན་སྟོན་སྐྱེར་སྒང་པ་ལ་ཡི་དམ་ལྷས་གདམས་ངག་གི་གནད་བསྡུས་སུ་སྩལ་བ། སྒྱུ་ལུས་བདེན་མེད་གནད་ཡིན་ཨ་འཐས་བཤིག །རྨི་ལམ་འདུན་པའི་གནད་ཡིན་ལམ་དུ་ཁྱེར། །འོད་གསལ་མོས་གུས་གནད་ཡིན་གསོལ་བ་ཐོབ། །གཞན་དོན་སྙིང་རྗེའི་གནད་ཡིན་ཕྱོགས་འཛིན་སྤོངས།
།ཞེས་པའི་གནད་བཞི་ལ་གདམས་ངག་གི་རྐང་ཐམས་ཅད་ཚང་ཞིང་། འགྲོ་འདུག །འཕོ་སྐྱས། བློ་སྣ། ལོག་གཏམ་མང་པོ་སྟེ་དགེ་སྦྱོར་གྱི་སད་བཞི་ལ་མ་བསྐུར་བར་ཉམས་སུ་བླང་ན་ད་ལྟ་དུས་སྙིགས་ཤིང་བསྟན་པའི་གཟུགས་བརྙན་དུ་གྱུར་པའི་སྟོབས་ཀྱིས་གཞུང་ནས་བཤད་ཚོད་ཀྱི་མངོན་རྟགས་ཆོས་ཕལ་ཆེར་ལ་འབྱུང་དཀའ་ཡང་། འདིར་ནི་ཡེ་ཤེས་མཁའ་འགྲོ་རྣམ་པ་གཉིས་ཀྱིས་སློབ་མ་ཡང་སློབ་བརྒྱུད་པ་དང་བཅས་པ་རྣམས་ལ་ཐུགས་རྗེས་བཟུང་ཞིང་། དག་པ་བདེ་སྟོང་གི་མཁའ་སྤྱོད་དུ་ཁྲིད་པ་ཁྱུང་པོ་ཉིད་ལ་ལུང་བསྟན་ཞིང་། ཁྱུང་པོ་ཉིད་ཀྱིས་ཀྱང་།
ང་ལས་ལྷག་པ་ནམ་ཡང་མེད་དེ་ང་དང་མཉམ་པའང་མེད་ལ། བདག་གི་བརྒྱུད་འཛིན་ཐམས་ཅད་ཀྱང་ཀུན་ལས་ཁྱད་པར་འཕགས་པས་ན། བསགས་པ་ཡང་རབ་འབའ་ཞིག་འབྱུང་བར་འགྱུར་རོ་
ཞེས་བདེན་པར་གསུངས་པ་ལྟར། བརྒྱུད་པའི་བླ་མ་རིན་ཆེན་རྣམ་ལྔ་སོགས་ཕལ་མོ་ཆེ་སྐྱེ་བ་གཅིག་གིས་ཐོགས་པའི་བྱང་སེམས་མཐོང་ཐོས་དྲན་རེག་ཐམས་ཅད་ངན་སོང་ལས་སྐྱོབ་ནུས་པར་ལུང་བསྟན་ཐོབ་ཅིང་ཆོས་བརྒྱུད་མ་ཆད་བར་དུ་ཉམས་རྟོགས་སྐྱེ་བར་བྱིན་གྱིས་རློབ་པ་གྲུབ་ཐོབ་སོ་སོས་ཞལ་གྱིས་བཞེས་ལ། བདག་གི་བླ་མ་གྲུབ་པའི་དབང་པོ་ཀརྨ་གཞན་ཕན་འོད་ཟེར་ཡན་ཆད་ཆོས་དྲུག་གི་ཉམས་མྱོང་གཞུང་ནས་བཤད་ཚོད་སྐྱེས་ཤིང་། ཡི་དམ་ལྷའི་ཞལ་མཐོང་། བདེན་གཉིས་དབྱེར་མེད་ཀྱི་རྟོགས་པ་མངོན་དུ་གྱུར་པ་ཚིག་རྐྱང་གི་བཤད་སྒྲོས་གཙང་གཙང་ཙམ་མ་ཡིན་པ་བློ་གཏད་ཐུབ་པའི་གདམས་ངག་བྱིན་རླབས་ཀྱི་དྲོད་མ་ཡལ་བ་ཡིན། སྤྱིར་ཡང་ཉམས་སུ་ལེན་པ་ལྟ་ཅི་སྨོས། དད་པས་མཐོང་བའམ་ལན་ཅིག་ཐོས་པ་ཙམ་གྱིས་ཀྱང་མཆོག་ཐུན་མོང་གི་དངོས་གྲུབ་འབྱུང་བར་ཐེ་ཚོམ་མེད་པ། ཉེས་པའི་སྐྱོན་དང་བྲལ་ཞིང་ལེགས་པའི་ཡོན་ཏན་རྫོགས་པ། ལོ་ཟླ་ཙམ་གྱིས་འཚང་རྒྱ་ངེས་པའི་གསེར་ཆོས་གཅིག་བརྒྱུད་མ་ཞེས་བརྒྱུད་པ་ནས་བརྒྱུད་པར་བསྔགས་པ་ཡིན་ཏེ། གྲུབ་ཆེན་ཁྱུང་པོའི་ཞལ་ནས།
ངའི་གདམས་ངག་འདི་གཞན་ལས་ཁྱད་པར་འཕགས། མགོ་བྱིན་ན་མགོས་ཕན་ཐོགས། བར་བྱིན་ན་བར་གྱིས་ཕན་ཐོགས། གཤམ་བྱིན་ན་གཤམ་གྱིས་ཕན་ཐོགས་པ་ཡིན་པས་ཐེ་ཚོམ་ཡིད་གཉིས་མ་བྱེད་པར་བརྩོན་འགྲུས་ཆེན་པོས་ཉམས་སུ་ལོངས་ཤིག །བླ་མ་སངས་རྒྱས་དངོས་ལས་ཞུས་པ། ཌཱ་ཀི་དངོས་སུ་འདུ་བ། ཡོན་ཏན་དངོས་སུ་སྐྱེ་བ། བརྒྱུད་པའི་བཀའ་བབ་དང་ལྡན་པ། ཌཱ་ཀིའི་བྱིན་རླབས་དང་ལྡན་པ། གདམས་ངག་གི་ནུས་པ་དང་ལྡན་པ་འདི་ཉམས་སུ་ལོངས་ཤིག །དབང་པོ་རབ་རྣམ་སྨིན། འབྲིང་བག་ཆགས། ཐ་མ་ཡང་བར་དོར་འཚང་མི་རྒྱ་མི་སྲིད་པ་ཡིན་ནོ། །བདག་གིས་བཀའ་བབ་དང་གདམས་ངག་གི་གནད་འདི་ལྟ་བུ་རྒྱ་བོད་གང་ནའང་མེད་པར་ཐག་ཆོད་པ་ཡིན་ནོ།
།ཞེས་སོགས་ཡང་ཡང་བསྔགས་ཤིང་གྲུབ་མཐའ་རིས་མེད་པས་བསྔགས་པའི་མེ་ཏོག་འཐོར་བས་གྲགས་པའི་བ་དན་སྲིད་རྩེར་སྙེག་བཞིན་པ་ལགས་མོད། བརྒྱུད་པ་མར་ལ་བབ་པ་ན་གསེར་ཆོས་འདི་རྣམས་ཡང་ན་བཀའ་ཆད། ཡང་ན་ཚོང་འདུས་ཀྱི་འོ་མ་བཞིན་དུ་འགྲོ་བར་ལུང་གིས་བསྟན་པ་མངོན་དུ་གྱུར་ཏེ་ལྟར་སྣང་དང་བསླད་ཅན་མང་པོས་གཟུགས་བརྙན་དུ་གྱུར་པ་ན། གྲོལ་མཆོག་ཞབས་ལ་ཉེ་བརྒྱུད་ཀྱི་བཀའ་བབ་ཤིང་ཀུན་མཁྱེན་སྒྲོལ་བའི་མགོན་པོའི་མན་ངག་བར་མ་ཆད་པའི་གནད་དང་འཁྲུལ་མེད་ཡེ་ཤེས་ཀྱིས་གཟིགས་པས་རིན་ཆེན་རྣམ་བདུན་གྱི་དགོངས་པ་ཕྱིན་ཅི་མ་ལོག་པར་གསལ་བར་མཛད་པའི་སྙིང་པོ་ནི་འདི་ཁོ་ནའོ།།
།།ཤིན་ཏུ་སྙིགས་མར་གྱུར་ན་ཡང་། །གསེར་ཆོས་འདི་འཛིན་གྲུབ་བརྙེས་ཀྱིས། །རྗེས་སུ་བཟུང་བ་སྐལ་པ་བཟང་། །ཡོན་ཏན་བསམ་གྱིན་དང་རེ་སྤྲོ། །འདི་བྲིས་ནོངས་པ་གང་མཆིས་པ། །བླ་མ་སངས་རྒྱས་སྤྱན་སྔར་བཤགས། །ཉམས་སུ་མི་ལེན་ཁ་ཁྱེར་བས། །སྤྱད་ན་ཌཱ་ཀིའི་ཆད་པ་འབྱུང་། །འདི་མཐོང་ཐོས་དང་དྲན་པ་ཡང་། །བདེ་ཆེན་ཞིང་དུ་བརྫུས་སྐྱེས་ཏེ། །གྲུབ་ཆེན་ཁྱུང་པོ་ཡབ་སྲས་ཀྱིས། །རྗེས་བཟུང་མཁའ་སྤྱོད་ཆེ་འགྲུབ་ཤོག
།ཅེས་པ་འདིའང་རྡོ་རྗེ་སློབ་དཔོན་ཆེན་པོའི་གོ་འཕང་གདོད་ནས་གྲུབ་པ་འཇིགས་བྲལ་མཁྱེན་བརྩེའི་འོད་ཟེར་ཅན་གྱིས་སྔ་ཕྱིར་བཀའ་སྩལ་གནང་བ་ལྟར། ཁྱུང་རིགས་སུ་སྐྱེས་ཤིང་ཤངས་ཆོས་ལ་མོས་པས་སྤྱོད་པ་ཡོན་ཏན་རྒྱ་མཚོས་དཔལ་སྤུངས་ཡང་ཁྲོད་བདེ་ཆེན་འོད་གསལ་གླིང་དུ་ཌཱ་ཀི་འདུ་བའི་དུས་ཚེས་འགྲུབ་སྦྱོར་དང་ལྡན་པའི་སྔ་ཆར་གྲུབ་པར་བགྱིས་པ་དཔལ་ལྡན་ཤངས་པའི་བཀའ་བརྒྱུད་ས་སྟེང་ཁྱབ་པའི་རྒྱུར་གྱུར་ཅིག། །།དགེ་ལེགས་འཕེལ།། །།

W8LS16295 p. 306: ༼ཨོཾ་སྭ་སྟི་སིདྡྷི། ཁྱབ་བདག་རྡོ་རྗེ་འཆང་གི་ངོས་པའི་མཛོད། །བདེ་ཆེན་ཡེ་ཤེས་ཌཱ་ཀིའི་གསང་བའི་ཚིག །གྲུབ་མཆོག་བྱེ་བ་ཕྱག་བརྒྱའི་གཅེས་པའི་དབྱིག །རྟོག་གེས་མ་བསླད་དྲི་མེད་བཻཌཱུརྻ། །ཟབ་དོན་མཆིང་བུ་ཀུན་ལས་ཆེས་འཕགས་པ། །ཤངས་པའི་གསེར་ཆོས་རྩ་བ་ཆོས་དྲུག་ཁྲིད། །ཟབ་དོན་ཐང་བརྡལ་ལྷན་ཐབས་ཁ་སྐོང་དང་། །སྡོང་པོ་ཕྱག་ཆེན་རྗེ་བཙུན་སྒྲོལ་མགོན་གསུང་། །སྙིང་པོ་ཀུན་འདུས་ཕྱག་ཆེན་གའུ་མ། །ཡལ་ག་འབྲས་བུ་བླ་མགོན་དབྱེར་མེད་ཁྲིད། །གྲུབ་ཆེན་ཐང་སྟོང་རྒྱལ་པོས་མཛད་པ་ལྟར། །གསོལ་འདེབས་ལེ་ཚན་སྟན་ཐོག་གཅིག་མ་དང་། །སུ་ཁ་ཆོས་དྲུག་ཁྲིད་བཅས་མཐའ་རྒྱས་ཀུན། །དཔལ་སྤུངས་ཡང་ཁྲོད་ཀུན་བཟང་བདེ་གླིང་གི །སྒྲུབ་རྣམས་གཙོར་གྱུར་སྐལ་ལྡན་ཀུན་དགའི་གསོས། །སྙིང་པོའི་བསྟན་སྲོག་ཡུན་ཏུ་གནས་པའི་བཙས། །འཛད་མེད་ཆོས་ཆར་འཇོ་བའི་ཕྱི་མོའི་འཕྲུལ། །དད་ལྡན་ཕྱག་མཛོད་ཀརྨ་རྒྱལ་དབང་གིས། །ལྷག་བསམ་རབ་ཏུ་དཀར་བས་ཡོན་སྦྱར་ཏེ། །བསྒྲུབ་པའི་ལེགས་བྱས་ཉི་ཟླའི་སྣང་བྱེད་ཀྱིས། །སྒྲིབ་གཉིས་མུན་བསལ་ཡེ་ཤེས་སྣང་བ་རྒྱས། །འབྲེལ་བཅས་ཡེ་ཤེས་ཌཱ་ཀིའི་རྣམ་གཉིས་ཀྱིས། །རྗེས་བཟུང་མཁའ་སྤྱོད་ཆེན་པོར་མཆེས་དངོས་གྲུབ། །སྙིང་པོའི་བསྟན་པ་ཁྱབ་ཅིང་རྟག་པ་ཡི། །བཀྲ་ཤིས་དཔལ་གྱིས་ས་གསུམ་མཛེས་གྱུར་ཅིག །ཅེས་པའང་ཀརྨ་ངག་དབང་ཡོན་ཏན་རྒྱ་མཚོ་ཕྲིན་ལས་ཀུན་ཁྱབ་དཔལ་བཟང་པོས་ཁྱེད་དུ་བརྗོད་པ་དགེ་ལེགས་འཕེལ།༽