Difference between revisions of "Gtor ma'i de nyid bdud rtsi'i dga' ston"

From Shangpa Resource Center
Line 6: Line 6:
 
|BDRC link=[https://www.tbrc.org/#library_work_ViewByOutline-O3PD988C2O6605%7CW3PD988 BDRC W3PD988]
 
}}
 
}}
<span class="main_text">༄༅། །</span>
+
<span class="main_text">༄༅། །གཏོར་མའི་དེ་ཉིད་བདུད་རྩིའི་དགའ་སྟོན་ཞེས་བྱ་བ་བཞུགས།།
 +
 
 +
།སྟོན་པ་བདེ་བར་གཤེགས་ལ་གུས་བཏུད་དེ། །བསྟན་པ་དམ་པའི་ཆོས་ཀྱི་ཉམས་ལེན་ལས། །དགེ་འདུན་རྣམས་ཀྱི་ཐུན་མཚམས་ཆོས་སྤྱོད་ཀྱི། །རིམ་པ་གཏོར་མའི་གོ་དོན་ཕྱོགས་ཙམ་བརྗོད།།བ་ལིཾ་ཞེས་བྱ་སྟོབས་དང་ནུས་པ་ལ། །འཇུག་སྟེ་རང་གཞན་རྒྱུད་ལ་འཆི་མེད་ཀྱི། །སྟོབས་ཆེན་ཐོབ་ནས་བདུད་བཞི་འཇོམས་ནུས་པའི། །དམ་རྫས་པཉྩ་ཨ་མྲྀ་ཏ་ཉིད་ཡིན།།བྷོ་ཊའི་བརྡ་ལས་གྲངས་པའི་སྦྲ་བཤད་ན། །ཆགས་མེད་ཡོངས་སུ་གཏོང་བས་གཏོར་ཞེས་བྱ། །སྡང་མེད་བུ་ལྟར་བརྩེ་བས་མར་བརྗོད་དེ། །ཉེ་རིང་མེད་པའི་བཏང་སྙོམས་གཉིས་ཀའི་གྲོགས།།ལྟ་བ་གནས་ལུགས་སེམས་ཀྱི་གཏོར་མ་ནི། །ཆོས་སྐུ་སྐྱེ་བ་མེད་པའི་རང་ཞལ་ལ། །སྣ་ཚོགས་སྣང་བ་མ་ལུས་ཅིག་ཅར་བབ། །རོ་གཅིག་ཆོས་ཀྱི་སྐུ་ཡི་འཚོ་གཞེས་བརྟན།།སྒོམ་པ་རྣལ་འབྱོར་ལུས་ཀྱི་གཏོར་མ་འདི། །ཡེ་ཤེས་གཏུམ་མོ་སྒྲོན་མེ་ལྔ་སྦར་ཞིང་། །ཐུགས་རྗེའི་ལྕགས་ཀྱུ་བདུད་རྩི་ལྔ་བཞུས་པས། །ཕུང་ཁམས་རྒྱལ་བ་རིགས་ལྔའི་འཚོ་གཞེས་བརྟན།།སྤྱོད་པ་བསྐྱེད་རིམ་ཕྱི་ཡི་གཏོར་མ་ནི། །གོང་དུ་ལྷག་པའི་ལྷ་ལ་མཆོད་པ་དང་། །འོག་ཏུ་འབྱུང་པོའི་ཚོགས་ལ་སྦྱིན་པ་དང་། །མཉམ་པར་རྡོ་རྗེའི་སྤུན་ཚོགས་རོལ་བའི་རྫས།།རྣལ་འབྱོར་གཏོར་མར་བརྩོན་པར་མི་བྱེད་ན། །དེ་ཡི་བར་ཆད་སེལ་བར་མི་ནུས་ཞེས། །ཕྲིན་ལས་དོན་ཡོད་གྲུབ་པའི་དམ་ཚིག་ཏུ། །རྡོ་རྗེ་འཆང་གིས་བཅས་པར་མཛད་པ་ཉིད། །དམ་ཚིག་པ་དང་ཡེ་ཤེས་སེམས་དཔའི་ལྷ། །གཅིག་པུའི་ཉམས་ཀྱིས་དུ་མའི་གར་མཛད་པ། །ཡབ་ཡུམ་སྲས་དང་བློན་པོ་འཁོར་གྱི་ཚོགས། །ཕོ་ཉ་བྲན་གཡོག་སྔོན་དུ་རོལ་བ་དང་། །ཕྱི་ནས་འབྲང་བ་ལ་སོགས་བསམ་མི་ཁྱབ། །དེ་དག་དགྱིས་ཤིང་ཚིམ་པར་བྱེད་པའོ།།དེ་ལྟའི་གཏོར་མའི་ཚུལ་ལ་མཐའ་ཡས་པས། །བསྡུ་ན་རང་གཞན་རྒྱུད་བསྡུས་ལུས་ལོངས་སྤྱོད། །བདག་པོས་བཟུང་དང་མ་བཟུང་གང་ཡང་རུང་། །དངོས་འབྱོར་ཡིད་སྤྲུལ་ཆེ་འབྲིང་ཆུང་ངུ་ཡིས། །དམིགས་པའི་རྟེན་གྱི་ཡོ་བྱད་གང་རུང་ཞིག །ལྷ་རུ་བསྐྱེད་དང་གཞལ་མེད་ཁང་དུ་བསྐྱེད། །ཤ་ལྔ་བདུད་རྩི་ལྔ་རུ་བསྐྱེད་པ་དང་། །ཟག་བཅས་ཟག་མེད་བདུད་རྩིའི་རྒྱ་མཚོ་དང་། །ལས་བཞི་སྒྲུབ་པའི་ཕོ་ཉར་བསྐྱེད་པ་དང་། །ལུས་སྲོག་ནོར་གྱི་གླུད་དུ་གཏོང་བ་དང་། །དགྲ་དང་འདྲེ་ཡི་ལིངྒར་བསྐྱེད་པ་དང་། །ཤ་ཁྲག་དམར་གྱི་གཏོར་མར་བསྐྱེད་པ་སོགས།།གཞན་ཡང་གཏོར་མགྲོན་རང་རང་མགུ་བྱེད་པའི། །གཟུགས་སྒྲ་དྲི་རོ་རེག་བྱ་ཡིད་ལོངས་སྤྱོད། །སོ་སོའི་བསམ་པ་ཇི་བཞིན་སྤྲུལ་པར་བཤད། །ཀུན་ཀྱང་འཕྲལ་སྣང་སྒྱུ་མའི་རྟེན་འབྲེལ་ཡིན། །རྟེན་འབྲེལ་རང་བཞིན་གང་དུའང་མ་གྲུབ་པས། །སྙིང་པོ་མེད་པས་སྙིང་པོ་ལེན་ཚུལ་གྱིས། །ཐབས་ཤེས་ལྡན་ན་བྱང་ཆུབ་ལམ་དུ་འགྲོ།།དེ་ལ་བྱ་བའི་རྒྱུད་ཀྱི་གཟུངས་སྔགས་ནས། །ཁ་འབར་མ་སོགས་གནོད་སྦྱིན་ཚིམ་བྱའི་ཕྱིར། །གཏོར་མའི་ཆོ་ག་ཞལ་ནས་གསུངས་པ་དང་། །བྱིན་གྱིས་རླབས་དང་རྗེས་སུ་གནང་པ་ཡི། །སྔགས་དང་ཕྱག་རྒྱ་ཏིང་འཛིན་རིམ་པ་བཞིན། །ཚུལ་ལྡན་སྒྲུབ་ན་ཕན་ཡོན་བསམ་ལས་འདས།།དེ་ལ་བརྟེན་ནས་རུང་མཐུན་སྦྱར་བ་ཡི། །བླ་མ་བརྒྱུད་པའི་མན་ངག་ལས་འོངས་པ། །གཏོར་མ་གཏོང་ཚུལ་དུ་མ་བྱུང་གྱུར་ཏེ། །ཐམས་ཅད་སྐྱེས་བུའི་ཉེར་མཁོ་ཉིད་དུ་ངེས།།འདིར་ནི་ཀུན་མཁྱེན་རང་བྱུང་རྡོ་རྗེ་ཡིས། །སྣ་ཚོགས་བེའུ་བུམ་ཞེས་བྱར་གསུངས་པ་དང་། །དོན་ལྡན་ཞབས་ཀྱིས་ཆོས་སྤྱོད་རབ་གསལ་དུ། །གསུངས་པ་གང་རུང་གཙོ་བོར་བྱ་དགོས་ལ།།ཐོག་མར་ཁུངས་དང་གླེང་གཞི་ལོ་རྒྱུས་ནི། །ཡི་དྭགས་ཁ་ནས་མེ་འབར་སྐྱབས་མཛད་དང་། །ཁ་འབར་མ་ནས་དབུགས་དབྱུང་ནས་གསུངས་ཏེ། །དེ་ཡང་ཚེ་དང་ལྡན་པ་ཀུན་དགའ་བོ། །དབེན་པར་སྤྱོད་ཚེ་ཡི་དྭགས་མི་སྡུག་པ། །ཁ་ནས་མེ་འབར་ཞིག་གིས་འདི་སྐད་ཅེས། །ཁྱོད་ནི་ཉིན་ཞག་བདུན་ན་དུས་བྱས་ཏེ། །ཡི་དྭགས་གནས་སུ་སྐྱེ་བར་འགྱུར་ཞེས་གསུངས། །དེ་ལ་སྐྱོབ་ཕྱིར་སྟོན་པས་འདི་སྐད་ཅེས། །ང་སྔོན་བྲམ་ཟེ་ཞིག་ཏུ་གྱུར་པ་ན། །བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་དབང་དང་། །དེ་བཞིན་གཤེགས་པ་དབང་ཕྱུག་ཡོན་ཏན་ལ། །གཟི་བརྗིད་ཚད་མེད་དབང་དུ་གྱུར་པ་ཡི། །འོད་ཟེར་རྣམ་པར་རྒྱལ་བའི་ཤུགས་ཞེས་པ། །གཟུངས་སྔགས་ཟབ་མོ་འདི་ནི་ཐོས་གྱུར་ནས། །ཡི་དྭགས་རྣམས་ལ་གཏོར་མ་བྱིན་བྱས་པས། །ཐམས་ཅད་མཐོ་རིས་ལྷ་རུ་སྐྱེས་གྱུར་ཏོ། །དགའ་བོ་ཁྱོད་ཀྱིས་ཟས་གཙང་ཆུ་སྦྱར་བ། །སྔགས་ཀྱིས་བསྔོས་ནས་གཙང་བར་བླུགས་བྱས་ན། །ཚེ་དང་བསོད་ནམས་རྣམ་པར་འཕེལ་འགྱུར་ཞིང།།ཁ་འབར་མས་གཙོས་ཡི་དྭགས་གངྒཱའི་ཀླུང་། །བྱེ་བ་ཁྲག་ཁྲིག་འབུམ་ཕྲག་དུ་མ་ཡིས། །བྱེ་མ་སྙེད་ཀྱི་གྲངས་དང་མཉམ་པ་ལ། །མ་ག་དྷ་ཡི་བྲེ་ཆེན་བདུན་བདུན་གྱི། །བཟའ་བཏུང་བྱིན་པར་འགྱུར་ཞིང་དེ་ཐོབ་ནས། །ཚིམ་ཞིང་རངས་ཏེ་ལྷ་ཡུལ་སྐྱེ་བར་འགྱུར།།དེ་བཞིན་དགེ་སློང་དགེ་བསྙེན་ཕ་མ་འམ། །གཞན་ཡང་རུང་སྟེ་གཟུངས་སྔགས་འདི་བཟླས་ནས། །ཡི་དྭགས་རྣམས་ལ་ཁ་ཟས་བྱིན་གྱུར་ན། །བསོད་ནམས་ཚད་མེད་ཡོངས་སུ་རྫོགས་འགྱུར་ཏེ། །ཚེ་རིང་མདངས་དང་སྟོབས་རྣམས་རབ་ཏུ་འཕེལ། །མི་མ་ཡིན་དང་གནོད་སྦྱིན་སྲིན་པོ་དང་། །ཡི་དྭགས་མ་རུངས་ཀུན་གྱིས་འཚེ་མི་ནུས། །དེ་ལ་གཟི་བརྗིད་ཚད་མེད་ལྡན་པར་འགྱུར།།གང་དག་ལྷ་ཡི་དྲང་སྲོང་བྲམ་ཟེ་ལ། །སྔགས་འདིས་ཁ་ཟས་གཙང་མ་བྱིན་རླབས་ནས། །འབབ་ཆུ་གཙང་མའི་ནང་དུ་དོར་བྱས་ན། །གངྒཱའི་ཀླུང་གི་བྱེ་མ་ཁྲག་ཁྲིག་འབུམ། །དཔག་མེད་བྱེ་མ་རྙེད་ཀྱི་རྡུལ་ཕྲན་གྲངས། །དྲང་སྲོང་བྲམ་ཟེའི་ཚོགས་ལ་ཅི་འདོད་ཀྱི། །མཆོད་པར་འགྱུར་ཞིང་ཀུན་གྱིས་དུས་གཅིག་ཏུ། །འདོད་དོན་འགྲུབ་པའི་སྨོན་ལམ་འདེབས་པར་འགྱུར།།གལ་ཏེ་དཀོན་མཆོག་གསུམ་ལ་མཆོད་འདོད་ཀྱང་། །སྤོས་དང་མེ་ཏོག་ཞལ་ཟས་ལ་སོགས་པར། །ཉི་ཤུ་རྩ་གཅིག་སྔགས་ནས་ཕུལ་བྱས་ན། །དེ་དག་ལྷ་རྫས་དམ་པའི་ངོ་མཚར་དང་། །ལྡན་ཞིང་སྤྱན་སྔར་རྒྱུན་ཆད་མེད་པར་འགྱུར།།དེ་ལྟ་བས་ན་ཁྱོད་ཀྱིས་འདི་ཟུངས་ལ། །རིགས་ཀྱི་བུ་དང་བུ་མོ་གཞན་ལའང་སྟོན། །སྦྱིན་པའི་ཕ་རོལ་ཕྱིན་པ་རྫོགས་འགྱུར་ཞེས། །བཅོམ་ལྡན་འདས་ཀྱིས་དེ་སྐད་བཀའ་བསྩལ་ཏོ།།དེ་ལྟར་སྤྱན་རས་གཟིགས་དང་སྟོན་པ་མཆོག །ཉེ་གནས་གསང་བའི་བདག་པོ་ཀུན་དགའ་བོ། །དགེ་སློང་ཀུན་དགའ་མོ་དང་གྲགས་འཛིན་མ། །ཉེ་གནས་མ་དང་འཕགས་པ་དགྲ་བཅོམ་དང་། །རྣལ་འབྱོར་དབང་པོ་ཨཱ་ནནྡ་བཛྲ། །རྡོ་རྗེ་གདན་པ་གསེར་གླིང་ཇོ་བོ་རྗེ། །དགེ་བཤེས་སྟོན་པ་སྐུ་མཆེད་གསུམ་ལ་སོགས། །བཀའ་གདམས་བརྒྱུད་པའི་སྲོལ་ལས་བྱུང་བར་གྱུར། །ལོ་པཎ་རྣམས་ཀྱིས་སྔར་ནས་བསྒྱུར་ཟིན་ཀྱང་། །ཕྱག་ལེན་དར་བ་ཇོ་བོའི་བཀའ་དྲིན་ཏེ། །བྱང་ཆུབ་སེམས་ཀྱི་ཕྱག་རྗེས་གཅིག་ཡིན་ནོ།།དེ་ལས་བྱུང་བ་ཆོ་གའི་རིམ་པ་ལ། །བདག་སྒྲུབ་རྫས་སྒྲུབ་གཏོར་མགྲོན་སྒྲུབ་པ་སྟེ། །སྒྲུབ་པ་གསུམ་དང་འབུལ་བའི་རིམ་པ་ཡི། །ལས་སྦྱར་གཅིག་སྟེ་དོན་ཚན་རྣམ་པ་བཞི།།དོན་ཚན་དང་པོ་རྟེན་གྱི་གང་ཟག་ནི། །སོ་སོར་ཐར་པའི་སྡོམ་གནས་གང་ཡང་རུང་། །ཚུལ་ཁྲིམས་འཆལ་པས་རིགས་སྔགས་མི་འགྲུབ་ཅིང་། །ཚུལ་ལྡན་སྨོན་ལམ་འགྲུབ་པར་གསུངས་པས་ན།།སུམ་ལྡན་རྡོ་རྗེ་འཛིན་པ་མཆོག་ཏུ་རིགས། །སྡོམ་ལྡན་མིན་ཀྱང་དད་པ་དོན་གཉེར་དང་། །བརྩོན་པའི་སྤྲོ་བ་ཡོད་ན་སུས་ཀྱང་རུང་། །ཆག་ན་རེ་བ་འབྲས་མེད་ཉེས་པ་ཡོད། །དེ་ཕྱིར་ཆག་མེད་གཏོང་བ་ཤིན་ཏུ་གཅེས། །བསམ་པ་བྱང་ཆུབ་སེམས་ཀྱི་སྙིང་རྗེ་དང་། །རྡོ་རྗེ་ཐེག་པའི་བསྐྱེད་རིམ་གསལ་དགོས་ལ། །སྤྱོད་ལམ་ཁྲུས་དང་གཙང་སྦྲར་བཅས་པ་དང་། །ཤ་ཆང་སྒོག་བཙོང་ལ་སོགས་སྤོང་བར་གསུངས།།བྱ་རྒྱུད་ཙམ་པོར་བདག་བསྐྱེད་མེད་མོད་ཀྱང་། །ཁྱད་པར་ཅན་ལ་བདག་བསྐྱེད་གསུངས་པས་ན། །ཐུབ་པའི་དབང་པོའམ་སྤྱན་རས་གཟིགས་སུ་བསྒོམ།།དོན་ཚན་གཉིས་པར་གང་དུ་གཏོང་བའི་སྣོད། །རྭ་དང་ཐོད་པ་བསེ་སོགས་མི་གཙང་རིགས། །ཆུང་དང་ཁ་ཆག་ཞབས་རྡོལ་དྲི་མ་ཅན། །ལྕགས་ཀྱི་སྣོད་དང་ལ་ཆ་ཏི་ཚ་ཅན། །འཁར་བའི་རིགས་ཀྱི་སྣོད་རྣམས་རབ་སྤངས་ནས། །གསེར་དངུལ་ཟངས་དམར་དུང་དང་ཉ་ལྕིབས་དང་། །རྫ་ཤིང་དཀར་ཡོལ་ལ་སོགས་འབྱོར་དང་བསྟུན། །རྣམ་པ་རྒྱ་ཆེ་ཁ་དབྱེས་ཆེ་ཆུང་ཚད། །ཇི་ལྟར་ཆེ་ཞིང་བསོད་ནམས་ཆེ་བར་གསུངས།།ནང་གི་བཅུད་ནི་ཤ་ཆང་ལ་ཕུག་དང་། །དུག་གི་རིགས་དང་སྡིག་དང་འདྲེས་པའི་ཟས། །སྤངས་ནས་ཟས་མཆོག་དཀར་གསུམ་མངར་གསུམ་དང་། །ཐ་མ་ཟན་དང་ཆུ་ལ་བྱ་བ་སྟེ།།ཇོ་བོས་བོད་ལ་ཕྱུག་པོ་མི་ཡོང་བ། །གཏོར་ཟན་སླ་དང་མཐེབ་སྐྱུས་ལན་ཞེས་གསུངས།།དྲི་མ་ཅན་ལ་གཏོར་མགྲོན་མི་འཁོར་བས། །དེ་གསུམ་སྤངས་ཤིང་གྲུབ་ཐོབ་ལྕེ་སྒོམ་པས། །འབྲུ་དང་ཆུ་གཙང་ཁོ་ན་སྦྱར་བ་ནི། །ལག་ཏུ་ལེན་པར་བདེ་བ་ཡིན་ཡང་གསུངས།།སློབ་དཔོན་ཨ་བྷྱས་སྔགས་ཚར་བདུན་བརྗོད་ཅིང་། །ལག་གཡས་བརྐྱང་བའི་སོར་མོ་ལྔ་པོ་ལས། །བདུད་རྩི་བབས་པས་ཆུ་དང་བཅས་པའི་ཟན། །ཉག་མ་རེ་ཡིས་མ་ག་དྷ་ཡི་བྲེའི། །ཁལ་ལྔ་ཙམ་དེའི་བཟའ་བར་གྱུར་པ་དེས། །ཚིམ་བར་བསམ་ཞིང་སེ་གོལ་ལན་གསུམ་བརྡབ།།ཅེས་གསུངས་དེས་ན་སྐབས་དང་རིགས་པས་དཔྱད།།ཟན་གྱི་གར་སླ་རང་གི་ཟ་རུང་ཙམ། །ཆེ་ཆུང་ཚད་ནི་ཆེ་བ་རི་རབ་ཙམ། །རྒྱ་མཚོ་ཙམ་མམ་ཆུང་བ་ནས་འབྲུ་ཙམ། །ཟན་ཁམ་གཅིག་དང་ཆུ་ཕུལ་གང་ཡང་རུང་། །རང་གི་འབྱོར་པ་དག་དང་བསྟུན་ཏེ་བྱ།།གྲུབ་ཐོབ་ཆེན་པོ་ཀརྨ་པཀྵི་ཡིས། །ཕྲིན་ལས་ཐམས་ཅད་གཏོར་མར་རག་ལས་པས། །ཉང་ཉུང་ཆང་ཆུང་ཙམ་གྱིས་མི་རུང་སྟེ། །རི་ལྟར་སྤུངས་ཤིང་མཚོ་ལྟར་བསྐྱིལ་དགོས་གསུངས།།གཏོར་མའི་གྲུབ་ཐོབ་བླ་མ་ལྕེ་སྒོམ་པས། །ནས་འབྲུ་ཟན་ཁམ་ཙམ་ལའང་བརྟེན་ནས་ནི། །བརྒྱ་རྩ་ཆག་མེད་ཐུགས་དམ་མཛད་པ་དང་། །སྒྲུབ་རྒྱགས་ཞོ་གཅིག་ཙམ་ལས་མེད་དུས་ཀྱང། །གཏོར་མ་འབུམ་ཚོའི་བསྙེན་པ་མཛད་པ་ན། །འཕྲལ་དུ་ལོངས་སྤྱོད་དཔག་ཏུ་མེད་པ་འཕེལ། །གཞི་བདག་དམ་ལ་ཐོགས་པ་བྱུང་ཞེས་གསུངས།།དམིགས་པ་གཙོ་ཟེར་དངོས་པོ་ཁྱད་བསད་ནས། །སྣོད་མེད་སྐམ་གཏོར་ལ་སོགས་མི་རུང་སྟེ།།ཆུ་ནི་སྐོམ་བ་སེལ་བའི་བདུད་རྩིའི་རྒྱུན། །ཟན་ནི་བཀྲེས་པ་སེལ་བ་སྲོག་གི་ཟུངས། །སྣོད་ནི་དེ་དག་བརྟེན་པའི་སྣོད་ཡིན་པས། །རྒྱུ་ཚོགས་གྲངས་ཚང་རྟེན་འབྲེལ་འགྲིགས་པ་དགོས།།ཡི་དྭགས་རྣམས་ཀྱིས་ཇི་ཙམ་ཐོབ་པ་ནི། །མ་ག་དྷ་ཡི་བྲེ་ཚད་བདུན་བདུན་ཏེ། །དེ་ཡི་བྲེ་རེར་གསེར་བྲེའི་ཁལ་བཞི་དང་། །བྲེ་བཞིར་གྲོ་པར་འདུག་ཅེས་གྲགས་པར་སྣང་། །དེ་ནི་སྔགས་མཐུ་ཁོ་ནས་འཕེལ་བའི་ནུས། །ཏིང་འཛིང་མཐུས་ནི་བསམ་མི་ཁྱབ་ཏུ་འཕེལ།།དོན་ཚམ་གསུམ་པར་དཀོན་མཆོག་སྲི་ཞུའི་མགྲོན། །མགོན་པོ་ཡོན་ཏན་རིགས་དྲུག་སྙིང་རྗེའི་མགྲོན། །ཤ་འཁོན་ལན་ཆགས་མགྲོན་བཞིར་གྲགས་པ་ལས།།དང་པོ་གཉིས་ནི་སྤྱན་འདྲེན་བྱས་ན་འབྱོན།།མ་བྱས་མི་འབྱོན་དྲངས་ཀྱང་མི་འབྱོན་པ། །རིགས་དྲུག་ནང་ནས་གནོད་སྦྱིན་གཞོང་ཐོགས་དང་། །ལག་རིང་རི་རྩེ་རྐན་དང་རྟག་མྱོས་རྣམས། །རྒྱ་མཚོ་ལུད་དང་རི་རབ་འགྱེལ་དོགས་དང་། །རི་རབ་རྩེ་ནས་གླིང་གཞི་བསྲུང་བ་དང་། །ཤིན་ཏུ་མྱོས་པར་གྱུར་པ་དེ་རྣམས་བཞིའོ།།སྤྱན་འདྲེན་བྱེད་དུ་མི་རུང་མགྲོན་བཞི་ནི། །ས་བདག་སྟོབས་ཆེན་ཤྲཱི་པ་ཏྲ་གཉིས། །ཧང་པཎ་ཀླུ་དང་ཡི་དྭགས་གཏེར་སྲུང་བཞི། །གཞན་དུ་ཕྱིན་ན་ས་གཞི་གཡོ་བ་དང་། །ནད་རྐྱལ་ཁ་ལུད་མཐོང་བའི་དུག་ཡོད་དང་། །གཏེར་བུམ་བོར་ན་མུ་གེ་འབྱུང་ཕྱིར་རོ།།སྤྱན་འདྲེན་མ་བྱས་ན་ཡང་འབྱོན་པ་ནི། །ཡི་དྭགས་རྣམས་ནི་ཤ་ལ་སྦྲང་མ་བཞིན། །བཤམས་མ་ཐག་ཏུ་འདུ་ཞིང་འཚོགས་པར་བྱེད།།དབྱེ་སྒོ་འདིར་ནི་མཆོད་ཡུལ་སྦྱིན་ཡུལ་གཉིས། །དེ་ལས་ཕྱེ་ན་བསམ་གྱིས་མི་ཁྱབ་ཀྱང་། །བརྒྱུད་པའི་ཕྱག་ལེན་བཅུ་གཉིས་དབྱེར་མཛད་དེ།།དང་པོ་བླ་མ་ཡི་དམ་ལྷ་ཚོགས་དང་།།གཉིས་པ་ཡེ་ཤེས་པ་ཡི་ཆོས་སྐྱོང་དང་།།གསུམ་པ་འཇིག་རྟེན་པ་ཡི་ཆོས་སྐྱོང་དང་།།བཞི་པ་བྲམ་ཟེ་དྲང་སྲོང་གྲུབ་པ་དང་།།ལྔ་པ་ལྷན་སྐྱེས་ལྷ་རྣམས་མཆོད་ཡུལ་ཡིན།།ལྷན་སྐྱེས་བདུད་དང་དྲུག་པ་རིས་དྲུག་དང་།།བདུན་པ་ཀླུ་དང་བརྒྱད་པ་ཡི་དྭགས་དང་།།དགུ་པ་ལན་ཆགས་བཅུ་པ་གཞི་བདག་སྤྱི།།བཅུ་གཅིག་བྱེ་བྲག་ཡུལ་གྱི་གཞི་བདག་དང་།།བཅུ་གཉིས་ཁས་ཉེན་དབང་ཆུང་མ་ཐོབ་ཅིང་།།གློ་བུར་ལྷགས་པ་རྣམས་ཏེ་སྦྱིན་ཡུལ་ཡིན།།དང་པོའི་ཁོངས་སུ་ཇོ་བོ་དཀོན་མཆོག་གསུམ། །རྒྱལ་བ་རྒྱལ་སྲས་ཉན་རང་འཕགས་པ་སོགས། །སྐྱབས་གནས་ཀུན་བསྡུ་དེ་དག་མཆོད་པའི་དགེས། །ཐུགས་རྗེའི་ལྕགས་ཀྱུས་རྗེས་སུ་འཛིན་པར་འགྱུར།།གཉིས་པ་ཡེ་ཤེས་ཆོས་སྐྱོང་མཆོད་པས་ནི། །སྔོན་གྱི་ཐུགས་དམ་བཞིན་ཏུ་ཕྲིན་ལས་མཛད།།གསུམ་པ་འཇིག་རྟེན་པ་ཡི་ཆོས་སྐྱོང་ནི། །སྟོན་པའི་སྤྱན་སྔར་སྡོམ་པ་སེམས་བསྐྱེད་ནོད། །སངས་རྒྱས་བསྟན་པ་བསྲུང་བར་ཁས་བླངས་ཤིང་། །འཇིག་རྟེན་སྐྱོང་ཕྱིར་འཇིག་རྟེན་ཚུལ་བཟུང་བའི། །ལྷ་ཆེན་བརྒྱད་དང་ཀླུ་བརྒྱད་གཟའ་ཆེན་བརྒྱད། །གནོད་སྦྱིན་བརྒྱད་དང་ཕྱོགས་སྐྱོང་རྒྱལ་ཆེན་བཞི། །རྒྱུ་སྐར་ཉེར་བརྒྱད་ཚངས་པ་བརྒྱ་བྱིན་སོགས། །གཙང་རིས་དཔལ་མགོན་རྣམས་ལ་མཆོད་བྱས་པས། །མི་མཇེད་འཇིག་རྟེན་ཀུན་ཏུ་བདེ་ལེགས་འབྱུང་།།བཞི་པ་ལྷ་ཀླུ་མི་ཡི་བྲམ་ཟེ་དང་། །དྲང་སྲོང་ཁྲིམས་ལྡན་དཀའ་ཐུབ་རིགས་སྔགས་འཆང་། །ཕན་དང་གནོད་པའི་དམོད་འདོར་བདེན་ཚིག་གྲུབ། །སྤྱན་དང་མངོན་ཤེས་རིག་གནས་བཅོ་བརྒྱད་རིག །སྨོན་ལམ་འདེབས་པ་དཔག་ཏུ་མེད་པ་དང་། །ནད་པར་ཕན་འདོགས་སྨན་གྱི་བྲམ་ཟེ་དྲུག །བདུད་རྩི་སྨན་གྱི་དྲང་སྲོང་བཅོ་ལྔ་སོགས། །མཆོད་པས་ནད་ཡམས་སེལ་ཞིང་སྨོན་ལམ་འགྲུབ།།ལྔ་པ་ལྷན་ཅིག་སྐྱེས་པའི་ལྷ་བདུད་ནི། །འཚོ་བའི་ལྷ་དང་སྲུང་སྐྱོབ་འགྲོགས་པའི་ལྷ། །འགོ་བའི་ལྷ་ལྔ་དེ་དག་རིམ་པ་བཞིན། །ཡུལ་ལྷ་སྲོག་ལྷ་དགྲ་ལྷ་མོ་ལྷ་དང་། །ཕོ་ལྷ་ཞེས་བྱ་ལུས་ཀྱི་གཟི་བརྗིད་དང་། །སེམས་ཀྱི་དཔའ་སྟོབས་མཐའ་དག་སྦྱིན་བྱེད་པའོ། །བསོད་ནམས་ཅན་ལ་ལྷན་སྐྱེས་ལྷ་མང་ཡང་། །བསོད་ཆུང་རྣམས་ལ་འདྲེ་བདུད་མང་དུ་འཁོར། །གཉིས་ཀར་མཆོད་སྦྱིན་བྱས་པས་གྲོགས་སུ་འགྱུར།།དྲུག་པ་རིགས་དྲུག་ཇི་སྙེད་ལ་སྦྱིན་པའི། །ལྷག་བསམ་མཐུ་ཡིས་དེ་སྙེད་བསོད་ནམས་འཐོབ། །ཀུན་ཀྱང་རང་གི་གདུལ་བྱའི་ཞིང་དུ་འགྱུར། །ཁྱད་པར་གཏོར་མ་མི་ལ་བསྡོ་བ་ནི། །དགེ་བཤེས་འཆད་ཀ་བ་ཡི་ཁྱད་ཆོས་གསུངས། །དགྲ་ལ་བསྔོས་ན་དེ་ཡི་གནོད་པ་ཞི། །བན་བོན་བསྔོས་ན་བྱད་ཁ་ཕུར་ཁ་བཟློག །ཡུལ་མིར་བསྔོས་ན་ཀུན་གྱིས་བྱམས་པར་འགྱུར།།བདུན་པ་ཀླུ་གཉན་ས་བདག་ལ་སོགས་ནི། །བཀའ་གཉན་ཀོ་ལོང་དམ་པའི་དབང་གིས་ན། །གཏོར་མ་སྒོས་སུ་བསྔོ་བར་བྱས་པ་ནི། །ཐོ་ཅོ་མི་གཙང་གྲིབ་སོགས་ཕོག་ཐུག་རྣམས། །བཟོད་ཅིང་གནོད་སེམས་ཞི་བའི་དགོས་པ་ཡོད།།བརྒྱད་པ་ཡི་དྭགས་རྣམས་ནི་ཁྱད་པར་དུ། །སྟོན་པས་འདི་ཉིད་ཁོ་ནའི་དོན་དུ་བཅས། །ཡི་དྭགས་རིགས་ལ་བྱེ་བ་སུམ་ཅུ་གཉིས། །སྔོན་ལས་སེར་སྣ་འཇུར་གེགས་བྱས་པ་དང་། །དགེ་འདུན་འདུ་བའི་སྒོ་ལ་སྤྱད་པ་དང་། །དཀོན་མཆོག་དཀོར་ལ་འབགས་པའི་ཉེས་པ་ཡིས། །ད་ལྟ་བཀྲེས་སྐོམ་ཚ་གྲང་ངལ་དུབ་དང་། །གཞན་གྱིས་རྡེག་འཚོག་རྐུ་འཕྲོག་ཏུ་མས་གཟིར།།དཔེར་ན་ཇོ་བོ་རྗེ་ཡིས་གཟིགས་པ་ན། །ལྦ་བར་རང་ལུས་བཏགས་པས་འགུལ་མི་ནུས། །དེ་ལ་བྲད་ནས་རྣག་ཁྲག་ཟ་བ་དང་།།སློབ་དཔོན་ཛེ་ཏཱ་རི་ཡིས་གཟིགས་པ་ལ། །བཅུ་གཉིས་ལོ་ལ་ཟས་སྐོམ་བསྒུགས་ན་ཡང་། །ལུད་པའི་བཅུ་ཆ་མ་གཏོགས་མ་ཐོབ་སོགས། །མི་སྡུག་ཉམ་ཐག་དུ་མ་ཡོད་པར་གསུངས།།དེ་དག་རྣམས་ལ་ནན་ཏན་གྱིས་བསྔོས་ན། །བཀྲེས་སྐོམ་བསལ་བའི་ཕན་ཡོན་དཔག་མེད་འབྱུང་། །ཕྱུག་ཅིང་འགྲངས་ལ་ཁ་ཟས་མི་དགོས་ལྟར། །མགྲོན་གྱི་ནང་ནས་ཡི་དྭགས་གཙོ་བོ་ཡིན།།དགུ་པ་ལན་ཆགས་གདོན་ཆེན་བཅོ་བརྒྱད་དང་། །བགེགས་རིགས་སྟོང་ཕྲག་བརྒྱད་ཅུ་གློ་བུར་གྱི། །ཡེ་འགྲོགས་སུམ་བརྒྱ་དྲུག་ཅུ་ལ་སོགས་པ། །གནོད་བྱེད་གདུག་རྩུབ་ནག་ཕྱོགས་འབྱུང་པོའི་རིགས། །བོད་ཀྱི་ལྷ་འདྲེ་མུ་བཙན་རྒྱལ་པོ་དང་། །ཐེའུ་རང་མ་མོ་བདུད་སྲིན་གཟའ་དང་ཀླུ། །གནོད་སྦྱིན་སྨན་མོ་གཤིན་རྗེར་གྲགས་པ་སོགས། །ཁྱད་པར་གཅིག་སྲོག་གཅིག་གིས་བཅད་པ་དང་། །གཅིག་ནོར་གཅིག་གིས་ཕྲོགས་པ་ལ་སོགས་པའི། །བུ་ལོན་ཤ་འཁོན་ཞུགས་པ་ཐམས་ཅད་ལ། །བསྔོས་པས་ཕན་ཚུན་གནོད་སེམས་ཞི་བར་འགྱུར།།བཅུ་པ་འཛམ་བུ་གླིང་གི་གཞི་ཡི་བདག །ཡུལ་བདག་གནས་བདག་ཅེས་གྲགས་མེ་དཔུང་བསྣམས་པ་མེ་ཡི་ལྟ། །གསལ་བའི་འོད་ཟེར་ཆུ་བདག་སྦྲུལ་ཞགས་བསྣམས་པ་ཝ་རུ་ཎ། །སྦུད་པ་བསྣམས་པ་རླུང་ལྷ་བཱཡ་བེ་བྱེ་རླུང་གི་བདག །འཁོར་ལོ་བསྣམས་པ་ལག་པ་ཆེན་པོ་གཏེར་བདག་རིན་པོ་ཆེའི་བུམ་བསྣམས་པ་ནོར་རྒྱུན་མ། །རིལ་གནས་པ་རི་རབ་བསྣམས་པ་བརྟན་པའི་བློ་གྲོས་དང་། །ནགས་ཀྱི་ལྷ་མོ་རྨ་བྱ་བསྣམས་པ་རྨ་བྱའི་མདངས་ལྡན་མ། །ཤིང་ཏོག་བསྣམས་པ་ཤིང་གི་ལྷ་མོ་ཀུན་ནས་འོད་ཟེར་དང་། །སྦྲང་རྩི་བསྣམས་པ་རྩི་ཐོགས་ལྷ་མོ་གྲུབ་པའི་བློ་གྲོས་སོགས། །ཁྱད་པར་བོད་ཁམས་བརྟན་སྐྱོང་འཁོར་བཅས་ལ། །བསྔོས་པས་ཡུལ་ཀུན་བཀྲ་ཤིས་བྱིན་ཆགས་ཤིང་། །ལོ་ཕྱུག་རྟག་ཏུ་ལེགས་པའི་དགོས་པ་ཡོད།།བཅུ་གཅིག་རང་ཉིད་གང་དུ་གནས་པ་དེར། །རྟག་ཏུ་གཉུག་མར་གནས་པའི་གཞི་བདག་རིགས། །ཚོང་དུས་ཆོས་རེ་སྐྱེ་བོའི་འདུ་འཚོགས་ས། །དགེ་འདུན་རྣམས་ཀྱི་ཀུན་དགའ་ར་བའི་ལྷ། །རིན་ཆེན་འབར་བ་བསྣམས་པ་ཐུགས་རྗེ་ཀུན་ཏུ་སྣང་བའི་བློ་གྲོས་དང་། །ཁྱིམ་གྱི་ཁྱིམ་ལྷ་རིན་པོ་ཆེ་བསྣམས་པ་ཀུན་ཏུ་སྣང་བ་སོགས། །གཞན་ཡང་འདི་ན་འདི་གནས་ཞེས་གྲགས་པ། །དེ་ལ་བསྔོས་པས་ཕྱག་དོག་གདུག་རྩུབ་ཞི། །གནས་པོ་གཞིན་དུ་སྟོངས་གྲོགས་རོགས་དན་བྱེད།།གཅུ་གཉིས་གློ་བུར་ལྷགས་པའི་ཡི་དྭགས་རིགས། །དཔེར་ན་སྟོན་མོ་ཆེན་པོ་བྱས་གྱུར་ཀྱང་། །བསོད་ཆུང་ཁ་ཅིག་རྗེས་ནས་ལུས་པ་ལྟར། །སྐལ་ཆད་རྣམས་ལ་ལྷག་མ་ཆ་བརྒྱད་བྱིན། །རེ་བ་བཞིན་དུ་སྟོང་ལོག་མེད་པར་འགྱུར།།དོན་ཚན་བཞི་པ་འབུལ་བའི་རིམ་པ་ལ། །དུས་གནས་དམ་ཚིག་ཆོ་ག་བྱ་བ་དངོས། །ཚིམ་ཚུལ་ཕན་ཡོན་ལས་སྦྱོར་རྣམ་གྲངས་སོ།།དང་པོ་ཉི་ཤར་བཀྲ་ཤིས་ཕུན་སུམ་ཚོགས། །ཟས་ཀྱི་དྲི་ལ་འགའ་ཞིག་སྐྲག་པའི་ཕྱིར། །ཁ་ཟས་མ་ཟས་གོང་དུ་གཏོང་པའང་གསུངས། །བྲམ་ཟེའི་རིགས་འགའ་ཕྱི་དྲོ་མི་ཟ་བས། །སྔ་དྲོ་ལེགས་ཞེས་ལྕེ་སྒོམ་པ་ཡིས་གསུངས། །ཕྱི་དྲོ་ཉི་མའི་གྲིབ་ཆུང་ཉིལ་བ་ན། །ཡི་དྭགས་བཟའ་བཏུང་འཚོལ་བས་དེར་ཡང་རུང་། །འབྱུང་པོ་ཕལ་ཆེར་མཚན་མོ་རྒྱུ་བས་ན། །མཚན་མོ་བཏང་བས་ཕྲིན་ལས་མྱུར་འགྲུབ་བྱེད།།མདོར་ན་མི་ལྟོགས་རྣམས་ལ་ཁ་ཟས་བཞིན། །ནམ་དུའང་རུང་ཞེས་ཇོ་བོ་རྗེ་ཡིས་གསུངས།།གཏོང་བའི་དུས་གནས་སྔར་ལས་མ་ཡོལ་བྱ། །གལ་ཏེ་ཡོལ་ན་ཅུང་ཟད་སྔ་བ་ལེགས། །ཐོག་མ་གང་དུ་བཏང་བའི་ས་ཡུལ་དེར། །སྐོར་གཅིག་ངེས་པར་འཚོགས་པར་འདུག་ཅེས་གསུངས།།གཉིས་པ་དམ་ཚིག་གཏོར་སྟེགས་མ་བྱས་ན། །མི་ཆེན་ལྕོག་རྩེ་མེད་བཞིན་བརྙས་པ་དང་། །རྒྱུ་འགྲུལ་གཞན་གྱིས་ཞར་ལ་འཁྱེར་བའང་སྲིད། །དབུལ་པོ་བླུག་སྣོད་མེད་པར་སྦྱིན་པ་བཞིན། །སྣོད་མེད་བརྙས་དང་ཆེད་གཉེར་མེད་པར་འགྱུར། །གཙང་སར་བཏང་ཞིང་དོར་པ་མ་བྱས་ན། །འབགས་བཙོག་དྲི་མས་ཟས་དེ་དུག་ཏུ་འགྱུར། །ཆུ་མེད་སྐམ་གྱི་ས་བོན་ལྟར་འགྱུར་བས། །སྟོན་པས་ཆུ་དང་བཅས་ཏེ་གཏོང་བར་གསུངས། །མུན་པའམ་གཞན་ཡང་མི་མཐོང་སར་བཤམས་ན། །འོལ་ཚོད་མུན་ནང་མདའ་འཕངས་ཉིད་འགྱུར་བས། །སྣང་བ་དང་བཅས་རང་གིས་མཐོང་སར་བཤམས། །གཏོར་སྣོད་ཡོ་ན་ཡི་དྭགས་བློ་མི་བདེ། །རྒྱུ་དེས་རང་བློ་ཀྱོག་པའི་སྐྱོན་འབྱུང་ཞིང་། །གཏོར་སྣོད་འབྲེལ་ན་རྩོད་པ་འབྱུང་བའི་ཕྱིར། །ཕན་ཚུན་མ་རེག་ཙམ་དུ་དྲང་པོར་བཤམས། །འཇུངས་པ་རྣམས་ཀྱི་ཡི་ག་མི་གང་ཞིང་། །འབོ་ཞིང་ལུད་པའང་དེ་ཡིས་འཐོབ་འགྱུར་བས། །རབ་ཏུ་ཁེངས་ཤིང་ལུད་པ་ཙམ་དུ་གཏོང་། །སྦྱིན་གྲབས་བྱས་ཤིང་མ་བྱིན་ལྟ་བུ་ཡིས། །གཤིས་ངན་འཚིག་ནས་སྟོང་ལོག་བྱེད་སྲིད་པས། །གཏོར་མ་རན་པར་བསྒུལ་བསྐྱོད་མི་བྱ་ཞིང་། །གལ་ཏེ་བསྒུལ་ན་དེ་མ་ཐག་ཏུ་གཏོང་། །ལུས་ངག་ཙམ་ལ་འབྲས་བུ་མི་འབྱུང་བས། །མ་ཡེངས་སེམས་ཀྱི་དམིགས་འདུན་དྲག་ཏུ་བྱ། །སྟོན་མོ་བཤམས་ནས་གསོལ་བརྡ་མ་སྤྲད་བཞིན། །ནམ་ཟའི་དུས་དང་གང་འཐོབ་མི་ཤེས་པས། །གཏོང་དུས་ངེས་པར་མཚམས་སྦྱོར་བརྡ་སྤྲོད་བྱེད། །སྔ་མའི་ལྷག་མས་འབགས་བཙོག་འབྱུང་བའི་ཕྱིར། །གཏོར་སྣོད་བཤལ་ཞིང་བཀྲུས་ཏེ་གཙང་བར་བྱ། །ཟན་དང་བཀྲུ་བཤལ་བསྲེས་ན་མི་རུང་ལྟར། །བཤལ་ཆུ་ལོགས་སུ་བྱས་ནས་གཙང་སར་དབོ། །དེ་ཡང་བཟའ་བཏུང་བླུག་ཏུ་རེ་བ་དང་། །ཡིད་དུ་མི་འོང་རྟེན་འབྲེལ་འཆུག་པའི་ཕྱིར། །སྣོད་སྤྱད་སྟོང་པ་ཙ་རུ་མི་བཞག་གོ།།གསུམ་པ་ཆོ་གར་སྦྱོར་དངོས་རྗེས་གསུམ་ལས།།ཐོག་མར་སྐྱབས་འགྲོ་སེམས་བསྐྱེད་རྒྱས་པའམ། །བསྡུ་ན་སངས་རྒྱས་ཆོས་ཚོགས་ཁོ་ན་སྟེ།།འདི་ལྟའི་ཚིགས་བཅད་རེ་རེའི་བཀའ་དྲིན་ཡང་། །བོད་ཁམས་ཀུན་གྱིས་ཁུར་ཡང་མི་ཐེག་ཅེས། །དགེ་བཤེས་སྤྱན་སྔ་པ་ཡི་གསུང་ལས་གྲགས།།ལྕེ་སྒོམ་པས་ཀྱང་འདི་ཉིད་གལ་ཆེ་བས། །ང་ཡིས་སྣོད་རེར་སེམས་བསྐྱེད་རེ་བྱས་གསུངས།།དོན་དམ་སེམས་བསྐྱེད་སྟོང་པ་ཉིད་སྒོམ་ཞིང་། །དེ་ལས་སྙིང་རྗེས་གཟུགས་སྐུར་ལྡང་ཚུལ་གྱིས། །བདག་བསྐྱེད་སྒོམ་ཞིང་གཏོར་མགྲོན་མདུན་བསྐྱེད་རྣམས། །སོ་སོར་སྤྱན་འདྲེན་ཞུ་ཞིང་མདུན་དུ་དགུག།དངོས་གཞི་སྔགས་དང་དམིགས་པ་ཕྱག་རྒྱ་ཡིན།།སྔགས་ཀྱི་ནུས་པ་བསམ་གྱིས་མི་ཁྱབ་སྟེ། །དཔེར་ན་བསྟོད་སྨད་སྙན་དང་མི་སྙན་ལས། །སེམས་ལ་བདེ་སྡུག་བསྐྱེད་པའི་ནུས་ཡོད་བཞིན། །ཁྱད་པར་སྟོན་པས་བྱིན་གྱིས་བརླབས་པས་ན། །ཕན་ཡོན་འབྱུང་བར་ངེས་ཤེས་བསྐྱེད་དེ་འབད། །དམིགས་པ་ཆོས་ཅན་སྣང་ཆ་ཀུན་རྫོབ་དང་། །དེ་ཡི་ཆོས་ཉིད་སྟོང་པ་དོན་དམ་བདེན། །དོན་དམ་དམིགས་པ་མེད་པའི་དམིགས་པ་སྟེ། །སྔོན་ཚེ་རྗེ་བཙུན་ཆེན་པོ་སྒམ་པོ་བས།།ཏིང་འཛིན་ངང་ནས་ཆུ་སྦྱིན་མཛད་པ་བཞིན། །ཀུན་རྫོབ་ཆོས་ནི་སེམས་ཀྱིས་བཏགས་པ་ཙམ། །རྒྱུ་མཚན་དེ་ཕྱིར་ཅིར་ཡང་བསྒྱུར་རུང་བས། །དམིགས་པ་རྣོན་པོ་རྣལ་འབྱོར་མཚོན་ཆར་གྲགས།།འོན་ཀྱང་ཆགས་ཤིང་ཞེན་པའི་དངོས་འཛིན་གྱི། །བྱ་བྱེད་ཇི་ལྟར་བཟང་ཡང་འཁོར་བའི་རྒྱུ།།སྒྱུ་མ་མཁན་པོ་རང་གིས་སྤྲུལ་པ་ཡི། །རྟ་གླང་སོགས་ལ་ཆགས་འཛིན་མེད་ལྟར་སྤྱོད། །དེས་ནི་ཟག་པ་མེད་པའི་ཚོགས་རྫོགས་ནས། །དམིགས་གཏད་མཚན་མ་ཀུན་ལས་གྲོལ་བར་འགྱུར། །ཟབ་མོའི་དེ་ཉིད་དེ་ལྟར་རབ་ཤེས་པའི། །རྣལ་འབྱོར་བ་དེས་གཏོར་མའི་དེ་ཉིད་རིག།ཕྱག་རྒྱ་ཟུང་འཇུག་རྣལ་འབྱོར་རྩེ་གཅིག་དོན། །སེམས་ཀྱི་བསམ་པ་མཚོན་པའི་ལུས་ཀྱི་བརྡ། །མཆོག་སྦྱིན་སེ་གོལ་ལ་སོགས་ཕྱག་ལེན་བཞིན།།སྔགས་ཚན་དང་པོས་མཆོད་གཏོར་གདོན་བགེགས་བསལ། །གཉིས་པས་རང་བཞིན་རྣམ་དག་དྲན་བྱེད་ཅིང་། །གསུམ་པ་འབྲུ་གསུམ་གཏོར་མའི་དེ་ཉིད་ཅེས།།རིན་ཆེན་སྣོད་མཆོག་ཡིད་དུ་འོང་བའི་ནང་། །སངས་རྒྱས་ཀུན་གྱི་སྐུ་གསུང་ཐུགས་རང་བཞིན། །ཟག་མེད་ཡེ་ཤེས་བདུད་རྩིར་བྱིན་བརླབ་སྟེ།།ཡིག་གསུམ་དང་པོས་བསྐྱེད་པའི་ས་བོན་དང་།།གཉིས་པས་ཟག་མེད་བདུད་རྩིར་བྱིན་གྱིས་བརླབ།།ཡང་ན་འབྲུ་གསུམ་དང་པོས་ཉེས་སྐྱོན་སྦྱོང་།།གཉིས་པས་སྣོད་བཅུད་ཕུན་སུམ་ཚོགས་པར་བསྒྱུར།།གསུམ་པས་ཟད་མེད་རྒྱ་ཆེར་སྤེལ་བ་ཡི།།བྱིན་རླབས་དགུ་ཕྲུགས་ཞེས་བྱ་བཞེད་པའང་ཡོད།།བཞི་པ་ཁ་འབར་མ་ཡི་གཟུངས་སྔགས་དངོས། །དེ་ནི་བདུད་རྩི་འཐོབ་པར་བྱེད་པའི་སྔགས།།དེ་ཡང་བླ་མ་ཡི་དམ་ཆོས་སྐྱོང་དང་། །ཟག་པ་མེད་པའི་མཆོད་སྤྲིན་རྒྱ་མཚོ་དང་། །གཞན་དག་རྣམས་ལ་ངོ་བོ་བདུད་རྩི་ཉིད། །རྣམ་པ་སོ་སོའི་ཡིད་བཞིན་རོ་བརྒྱ་པའི། །བཟའ་དང་བཏུང་བའི་ལོངས་སྤྱོད་དུ་མ་དང་། །ལྷ་ཡི་ཞལ་ཟས་ཡིད་འོང་རྒྱན་ལྡན་པ། །ཁ་དོག་དྲི་རོ་རིག་བྱ་དམ་པའི་དངོས། །འབྲུ་འབྲས་ལོ་ཏོག་མེ་ཏོག་བདུག་སྤོས་དྲི། །སྣང་གསལ་ཞལ་ཟས་རོལ་མོ་རྩི་བཅུད་དང་། །རིན་ཆེན་གོས་སོགས་མཁོ་དགུའི་ཡོ་བྱད་རྣམས། །ལག་ལེན་མཁས་པས་གྲལ་དུ་བཀྱེ་ལེགས་བཞིན། །གང་ལ་གང་འཚམས་རིམ་པ་མ་འཆོལ་བར། །རྒྱལ་ཕམ་སྙོམས་ཤིང་ཀུན་གྱིས་འཐོབ་པར་བྱེད། །དེ་བཞིན་གཤེགས་པ་བཞི་ཡི་མཚན་བརྗོད་པའི། །རྒྱུ་མཚན་གཏོར་མ་བྱིན་གྱིས་རློབ་པ་དང་། །ཐོས་པའི་མོད་ལ་ཕན་ཡོན་འབྱུང་བ་ཡིན། །དེས་ན་གཟུངས་ཀྱི་ཐོག་མཐའ་གང་དུའང་རུང་། །དེ་ཡང་དགེ་བཤེས་སྟོན་པའི་རྗེས་འབྲངས་ནས།།རིན་ཆེན་མང་ནི་ཤཱཀྱ་ཐུབ་པ་ཉིད། །གཙོ་མའི་གསེར་མདོག་ངུར་སྨྲིག་ཆོས་གོས་གསོལ། །པད་ཟླའི་གདན་ལ་རྡོ་རྗེ་སྐྱིལ་མོ་ཀྲུང་། །ཕྱག་གཡས་མཆོག་སྦྱིན་གཡོན་པ་མཉམ་བཞག་མཛད། །མཚན་དེ་ཐོས་པས་དབུལ་ཕོངས་ལས་གྲོལ་ནས། །བསོད་ནམས་ལོངས་སྤྱོད་ཕུན་སུམ་ཚོགས་པར་འགྱུར།།གཟུགས་མཛེས་དམ་པ་འཕགས་པ་སྤྱན་རས་གཟིགས། །གངས་རི་ལྟར་དཀར་དར་དང་ནོར་བུས་བརྒྱན། །པད་ཟླར་གཡས་བརྐྱངས་རོལ་པའི་སྐྱིལ་ཀྲུང་བཞུགས། །ཕྱག་གཡས་མཆོག་སྦྱིན་གཡོན་གྱིས་པད་དཀར་འཛིན། །མཚན་དེ་ཐོས་པས་མི་སྡུག་གཟུགས་སྤངས་ནས། །གཟུགས་བཟང་མཛེས་སྡུག་སྟོབས་ལྡན་ལུས་སུ་འགྱུར།།སྐུ་མཆོག་འབྱམས་ཀླས་འཇམ་དཔལ་གཞོན་ནུ་སྟེ། །གུར་གུམ་མདངས་ཆགས་རྒྱན་རྣམས་ཀུན་གྱིས་མཛེས། །པད་ཟླར་སྐྱིལ་ཀྲུང་ཕྱག་གཡས་རལ་གྲི་དང་། །གཡོན་ན་གླེགས་བམ་དང་བཅས་ཨུཏྤལ་བསྣམས། །མཚན་དེ་ཐོས་པས་ལྟོ་བའི་ནད་ཀུན་བྱང་། །ཟས་ཀྱི་རོ་བྲོ་ཆོག་ཤེས་ལྡན་པར་འགྱུར།།འཇིགས་བྲལ་གསང་བའི་བདག་པོ་ཕྱག་རྡོར་ནི། །ཨིནྡྲ་ནཱི་ལའི་འོད་འབར་རྒྱན་གྱིས་སྤྲས། །པད་ཟླར་སྐྱིལ་ཀྲུང་ཕྱག་གཡས་རྡོ་རྗེ་གསོར། །ཕྱག་གཡོན་སྐྱབས་སྦྱིན་མཚན་དེ་ཐོས་པ་ཡིས། །ཕན་ཚུན་རྡེག་འཚོག་གཅིག་གིས་གཅིག་ཟ་སོགས། །འཇིགས་དང་ཐོ་འཚེ་ཀུན་ལས་སྐྱོབ་པར་འགྱུར།།དེ་ནས་རྗེས་ནི་པང་ན་རིན་ཆེན་མང་རིན་འབྱུང་། གཟུགས་མཛེས་གང་གིས་མཐོང་ཡང་ཡིད་དུ་འོང་བ་ཞིག སྐུ་འབྱམས་ཀླས་གང་ཆེན་མཚོ། འཇིགས་བྲལ་དོན་ཡོད་གྲུབ་པར་བྱས་ཀྱང་རུང་སོ་སོར་འདོད་གསོལ་དང་། །བདེན་བདར་ཆོས་བཤད་བསྔོ་བས་རྒྱས་བཏབ་སྟེ།།མྱུར་མགྱོགས་རྟ་མཆོག་འདྲ་བའི་སྦྱིན་འབྲས་ཀྱང་། །སྨོན་ལམ་སྲབ་མདའ་འདྲ་བས་ལ་བསྒྱུར་རོ། །ཀུན་ཀྱང་ཕར་ཕྱིན་དྲུག་ལྡན་ཉམས་བླངས་ཏེ།།ཇོ་བོའི་ཞལ་ནས་བྱང་ཆུབ་སེམས་མཆོག་དང་། །ཕ་རོལ་ཕྱིན་དྲུག་སྲང་ལ་བཅལ་གྱུར་ཀྱང་། །མཉམ་པ་ཉིད་ལ་སངས་རྒྱས་འབྱུང་ཞེས་གསུངས།།དེ་བས་རང་འདོད་སྤངས་ནས་མཆོད་སྦྱིན་བྱ། །གཞན་ལ་འཚེ་མེད་གཙང་སྦྲའི་ཚུལ་ཁྲིམས་སྲུང།།སྐབས་དེར་གཞན་ལ་མི་རྒོལ་ངལ་དུབ་བཟོད། །དགེ་སྦྱོར་ལས་སུ་མ་སོང་རབ་སྤྲོ་བས། །རྐྱེན་གྱིས་བཟློག་ཏུ་མེད་པའི་བརྩོན་འགྲུས་རྩོམ། །མ་ཡེངས་སྨྲ་བཅད་རྩེ་གཅིག་བསམ་གཏན་འཇོག །དགེ་བའི་བཤེས་གཉེན་རྣལ་འབྱོར་པ་ཆེན་པོས།།ཐུགས་དམ་དུས་སུ་དྲུང་དུ་མི་མི་གཏོང་། །བསམ་པ་གཞན་པ་སྐྱེ་བའི་སྐྱོན་ཡོད་ཅིང་། །ཡེངས་པ་ཐམས་ཅད་སྙོམས་ལས་ཡིན་ཞེས་གསུངས།།བདེན་གཉིས་ཚུལ་ལས་མི་འགལ་ཤེས་རབ་ནི། །ཀུན་རྫོབ་ཐབས་ཀྱི་བྱ་བ་རུས་ཐོན་ཞིང་། །ཆུད་ཟོས་མེད་པའི་ཀད་དེ་ཀྲིག་གེ་དགོས། །མན་མུན་སབ་སུབ་ཙམ་གྱིས་མི་ཡོང་སྟེ། །རྒྱུ་འབྲས་མི་བསླུའི་འབྲེལ་པ་འགྲུབ་པའི་ཕྱིར། །རྒྱུ་ཚོགས་ངན་ལས་འབྲས་བཟང་འབྱུང་བ་མེད། །དོན་དམ་སྐྱེ་མེད་རྟོགས་པའི་ཤེས་རབ་ཀྱིས། །ཅིར་ཡང་མ་གྲུབ་གསལ་སྟོང་ཟུང་འཇུག་སྟེ། །འཁོར་གསུམ་ཡོངས་སུ་དག་པའི་ངང་ནས་སྤྱོད།།དེ་ལྟའི་ཕར་ཕྱིན་དྲུག་གི་དགེ་ཚོགས་རྣམས། །བྱམས་དང་སྙིང་རྗེ་བྱང་ཆུབ་སེམས་གསུམ་གྱི། །བསམ་པ་ཡེ་ཤེས་སྟོབས་ཀྱིས་ལྷག་པར་བྱེད།།སྟོང་ཉིད་རྒྱུ་འབྲས་ཚུལ་དུ་འཆར་བ་དང་།།རྒྱུ་འབྲས་སྟོང་ཉིད་ངང་དུ་གྲོལ་བ་ཡི།།ཤེས་རབ་སྟོབས་ཀྱིས་དགེ་རྩ་རྒྱས་པར་བྱེད།།དབང་པོ་སངས་རྒྱས་རྣམས་ཀྱི་བྱིན་རླབས་དང་། །བསྔོ་རྒྱུ་མི་ཟད་འགག་པ་མེད་པ་ཡི། །བསྔོ་བའི་སྟོབས་ཀྱིས་དཔག་ཏུ་མེད་པར་བྱེད།།གཏོར་མགྲོན་རང་གི་རིག་པའི་འཆར་སྒོར་ཤེས། །རིག་བྱ་རིག་བྱེད་གཟུང་འཛིན་སྦུབས་ལས་གྲོལ།།མཆོད་ཡུལ་མཐར་ཐུག་སངས་རྒྱས་ཆོས་ཀྱི་སྐུ།།མཆོད་པའི་མཐར་ཐུག་དེ་ཁོ་ན་ཡིས་མཆོད།།མགྲོན་པོ་རང་ཁྱིམ་བདེ་མོར་སླེབས་པ་བཞིན། །བྱར་མེད་སྤྲོས་བྲལ་དབྱིངས་སུ་འཇོག་པ་འདི། །བཀའ་བརྒྱུད་འདི་པའི་ཆོས་སྤྱོད་རབ་གསལ་ཡིན། །སྒྲུབ་པའི་སྙིང་པོ་འདི་ལ་སྒྲིལ་ནུས་ན། །འཇིག་རྟེན་འཁོར་བའི་ཆོས་དང་མ་འདྲེས་པར། །ཉན་རང་དམན་པའི་རང་འདོད་ལས་གྲོལ་བའི། །སྤྱོད་པ་བསླབ་གསུམ་མཛེས་པའི་སྒྲུབ་རྟགས་ཤིག །རང་གཞན་ཀུན་གྱི་སྣང་ངོར་སྟོན་ནུས་ཤིང་། །དེ་ལས་གཞན་པའི་སྒྲུབ་རྟགས་མེད་ཀྱང་བཟོད། །དེ་ལྟའི་ལྟ་སྤྱོད་རྣམ་པར་དག་པ་ལ། །རྗེས་འཇུག་ཉན་ཐོས་ཐ་དག་འབད་པར་རིགས།།གཞི་པ་ཚིམ་ཚུལ་རྣམ་པ་བཞི་ཡིན་ཏེ།།དང་པོ་བཤམས་མ་ཐག་ནས་ཚིམ་པ་ནི། །མདངས་དང་དྲི་ཙམ་ཁོ་ནས་འཚོ་བའོ། །འདི་སྐབས་སློབ་དཔོན་སྒོམ་པའི་ཞལ་སྔ་ནས།།ཆོས་སྤྱོད་གཏོར་མ་གནད་དུ་འཁྱོལ་བ་ལ། །སྒོམ་ཆེན་ཕོ་གྲུང་མོ་གྲུང་ཞིག་དགོས་ཏེ། །ཕལ་ཆེར་འདྲེ་ཡིས་ཁྱེར་ཞེས་གསུངས་པ་ལྟར།།བཤམས་མ་ཐག་ནས་ཐོ་འཚམ་ཟ་བ་ཡོད། །དེ་ཕྱིར་ཐོག་མའི་བསང་ཆུས་བསྲུང་བ་གཅེས།།བསྔོ་ནས་ཚིམ་པ་མ་བསྔོས་གོང་རོལ་དུ། །མི་ཐོབ་དངོས་གཞིའི་ཆོ་ག་གྲུབ་འཕྲལ་ཐོབ།།བཏང་བས་ཚིམ་པ་སྒོ་ཕྱིའི་སློང་མོ་བཞིན། །ཚོགས་པ་རྣམས་ཀྱིས་འཐོབ་པར་བྱ་བའི་ཕྱིར། །གཙང་སར་དོར་ནས་ཡུད་ཙམ་བསྲུང་བར་བྱ།།རྗེས་ཀྱི་ཚིམ་པ་ལྷག་བཤལ་ཟ་རྣམས་སོ། །དེ་རྗེས་བྱ་ཁྱི་སྤྲང་པོ་ལ་སོགས་པའི། །གཟུགས་ཅན་དབུལ་པོ་རྣམས་ཀྱང་ཚིམ་གྱུར་པས། །དངོས་པོ་གཅིག་གིས་ཚོགས་གསོག་ལན་གཉིས་ནུས།།ལྔ་པ་ཕན་ཡོན་དཔག་མེད་མདོར་བསྡུས་ན།།དགའ་བོ་དུས་མིན་འཆི་བསླུར་གསུངས་པ་ཡི། །རིགས་པ་དེས་ནི་ཚེ་སྒྲུབ་མཆོག་ཏུ་འགྱུར།།བླ་མ་ལྕེ་སྒོམ་པ་ཡི་གསུང་ལས་ཀྱང་། །ང་ཡི་མི་ཚེ་རིང་དུ་ཐུབ་པ་འདི། །གཏོར་མ་བཏང་བའི་བྱིན་རླབས་ཡིན་ཞེས་འབྱུང་།།ཡི་དྭགས་མདངས་ཉམས་མ་ལུས་གསོས་པ་དང་། །ལྷན་ཅིག་སྐྱེས་པའི་ལྷ་རྣམས་མཉེས་བྱས་པས། །མདངས་བཟང་ལང་ཚོ་གཞོན་ཤ་ཆགས་པར་འགྱུར། །གཏོར་མགྲོན་རྣམས་ཀྱིས་རྟག་ཏུ་བསྲུང་བའི་ཕྱིར།།སུས་ཀྱང་གླགས་ལྟའི་བར་གཅོད་བྱ་མི་ནུས། །བཀྲེས་སྐོམ་བསལ་ཞིང་བདུད་རྩི་སྦྱིན་པའི་མཐུས། །ནད་དང་མུ་གེ་སེལ་བའི་སྨན་དུ་འགྱུར། །ལྕེ་སྒོམ་པ་ཡི་གསོལ་རྒྱགས་ཆད་པ་ན། །ཕད་བུ་སྤྲུགས་པའི་ཕྱེ་མས་གཏོར་མ་མཛད། །ཉི་མ་ཕྱེད་ནས་མཆོད་སྟོན་འདུ་བའི་ཚེ། །ཞིང་གི་སོ་ནམ་སྒྲུབ་ལས་ཁེ་ཆེ་ཞིང་། །མྱུར་བའི་བསོད་ནམས་ངོ་མཚར་མི་འདུག་གམ། །ཞེས་སོགས་གོང་མ་དུ་མའི་མྱོང་བ་ཡིས། །མཐོང་ཆོས་འབྲས་བུ་བྱུང་བར་གསུངས་པ་ལྟར། །ལོངས་སྤྱོད་ནོར་སྒྲུབ་འདི་ལས་ཟབ་པ་མེད།།ཀུན་ཁྱབ་སྙིང་རྗེ་ཆེན་པོས་སྦྱིན་བྱས་ཤིང་། །ཆོས་དབྱིངས་འཁོར་གསུམ་དག་པས་བསྔོས་པ་དེས། །ཚངས་དང་འཁོར་ལོས་སྒྱུར་བའི་དཔལ་ཐོབ་སྟེ། །མི་ཟད་ནམ་མཁའི་མཛོད་དང་ལྡན་གྱུར་ཅིང་།།ཡི་དམ་ཆོས་སྐྱོང་ཞི་ཁྲོའི་ལས་ཀུན་གྱི། །སྔོན་དུ་འགྲོ་ཞིང་དངོས་གཞི་སྒྲུབ་པ་དང་། །རྗེས་ནས་མ་ཚང་རྣམས་ཀྱང་ཁ་སྐོང་བས། །ཕྲིན་ལས་རྣམ་བཞི་སྒྲུབ་པའི་ཕོ་ཉ་ཡིན།།སེམས་བསྐྱེད་བཟང་པོས་ཉོན་མོངས་བདུད་འཇོམས་ཤིང་།།སྡུག་བསྔལ་བསལ་བས་ཕུང་པོའི་བདུད་ལས་གྲོལ།།བགེགས་རིགས་ཟློག་པས་ལྷ་ཡི་བདུད་དཔུང་འཇོམས།།འཆི་བ་བསླུ་བས་འཆི་བདག་བདུད་ལས་རྒྱལ།།སྦྱིན་བདག་གཙོ་བོ་ཆེན་པོར་གྱུར་པ་དང་། །མི་མ་ཡིན་པས་གཟི་འོད་སྒྲུབ་པའི་ཕྱིར། །ཀུན་ལས་འཕགས་པའི་གཟི་བརྗིད་འཐོབ་པར་འགྱུར། །པདྨའི་མཚོ་ལ་ངང་པ་འདུ་བ་ལྟར། །དཔག་ཚད་མང་པོའི་མི་མ་ཡིན་རྣམས་འདུ།།ལེན་པོ་གཏོང་པོའི་འགྲོ་བ་གཉིས་ཀ་ཡང་། །ཕྱི་མ་ཡི་དྭགས་འཇིག་རྟེན་རབ་སྤངས་ནས། །མཐོ་རིས་མཛེས་པའི་ལུས་རྟེན་འཐོབ་པར་འགྱུར།།དཀོན་མཆོག་རྣམས་ཀྱིས་བུ་ལྟར་དགོངས་པ་དང་།།རིགས་དྲུག་ཀུན་གྱིས་རྟག་ཏུ་བཀུར་བ་དང་།།མི་མ་ཡིན་རྣམས་ཅི་བཅོལ་ཉན་པ་སོགས།།ཐུན་མོང་དངོས་གྲུབ་འཕྲལ་དུ་ཐོབ་གྱུར་ནས། །མཐར་ཐུག་མཆོག་གི་དངོས་གྲུབ་མྱུར་འཐོབ་པའོ།།དྲུག་པ་ལས་སྦྱོར་རྣམ་གྲངས་བསྟན་པ་ལ། །ཚོགས་གསོག་ལན་འཇལ་འཆི་བསླུ་ནད་པའི་གླུད། །ཟློག་པ་མཐུ་ཡི་ཚུལ་དུ་གཏོང་བ་དྲུག།དང་པོ་སྐྱབས་སེམས་ཕར་ཕྱིན་དྲུག་ལྡན་དང་། །འཁོར་གསུམ་ཡོངས་དག་བསྔོ་བས་རྒྱས་བཏབ་ནས། །ཐ་མ་ཆོས་ཀྱི་སྦྱིན་པས་བསྡུ་བའོ།།གཉིས་པ་གདོན་བགེགས་གནོད་བྱེད་ངོས་བཟུང་ལ། །དེ་དག་མགུ་བའི་ལོངས་སྤྱོད་དུ་བསྔོས་ཏེ། །བླ་མ་དཀོན་མཆོག་གཉིས་ཀའི་དཔང་པོར་གསོལ། །ཆོས་སྐྱོང་ལ་སོགས་གཞན་ལ་ངོ་ཆེན་སྦྲན། །རིགས་དྲུག་ལ་སོགས་འབོད་འོས་མགྲོན་དུ་བྱས། །གནོད་བྱེད་གདོན་བགེགས་ལན་ཆགས་འདེད་མཁན་ཏེ། །གཞི་བདག་རྣམས་ལ་ནད་པ་སྲུངས་ཤིག་བྱ། །སྡེ་བརྒྱད་ཕ་རོལ་དཔུང་གྲོགས་མ་བྱེད་ཅེས། །བཤད་སྦྱང་དྲག་པོའི་སྒོ་ནས་རྩེ་གཅིག་པས། །ཉི་མ་འཆར་ཀ་དག་དང་བསྟུན་ཏེ་གཏོང་།།གསུམ་པ་དགེ་སློང་བཞི་སྡེ་མཆོད་པ་སོགས། །གཞན་ཡང་རིམ་གྲོ་དུ་མ་དང་བསྒྲིགས་ནས། །དགེ་སློང་གཅིག་གིས་གཏོར་མ་གཏོང་བའི་ཚེ། །ནད་པའི་མིང་ནས་ཕྱུང་སྟེ་འདོད་དོན་གསོལ།།བཞི་པ་ངར་གླུད་རེ་རེ་བྱས་ནས་ནི། །ཆེ་གེའི་ཚེ་སྲོག་ཤ་ཁྲག་རིན་གླུད་དུ། །ཁྱེར་ཞེས་ཉི་མ་ནུབ་དང་བསྟུན་ཏེ་གཏང་།།ལྔ་པ་མཐུ་བཟློག་དྲུག་པ་མཐུ་སྒྲུབ་ནི། །དུ་མ་འབྱུང་བ་གཞན་དུ་ཤེས་པར་བྱ།།ནད་པའི་དོན་སོགས་རིམ་གྲོ་ཕལ་ཆེར་ལ། །དགེ་སློང་གཙང་མ་ཚུལ་ཁྲིམས་ལྡན་པ་ཡིས། །སླར་ཡང་བཤགས་བསྡམ་ལ་སོགས་བྱས་ནས་ནི། །སྣམ་སྦྱར་གསོལ་ཏེ་ཐམས་ཅད་རྩེ་གཅིག་གིས། །དགེ་འདུན་འདུན་པ་མཐུན་པས་བཏང་བྱས་ཤིང་། །ཆུ་བོར་དོར་ན་ཕན་ཡོན་ཆེ་བར་གསུངས།།གཞན་ཡང་བསོད་ནམས་གསོག་ན་དཀོན་མཆོག་མཆོད།།ཡི་དྭགས་རྣམས་ལ་སྦྱིན་པ་གཙོ་བོར་འདོན།།བསྟན་པ་བསྲུང་ན་ཡེ་ཤེས་ཆོས་སྐྱོང་དང་།།རྒྱལ་ཁམས་བསྲུང་ན་འཇིག་རྟེན་ཆོས་སྐྱོང་དང་།།ནད་པའི་རིམ་གྲོར་བྲམ་ཟེ་དྲང་སྲོང་དང་།།དོན་རྣམས་བསྒྲུབ་ན་ལྷན་ཅིག་སྐྱེས་པའི་ལྷ།།དགོན་གནས་འཛིན་ན་ས་བདག་གཞི་བདག་དང་།།ཡུལ་ཕྱོགས་བདེ་འདོད་སོ་སོའི་ཡུལ་བདག་དང་།།གནོད་བྱེད་རྦོད་གཏོང་བ༌བཟློག་ན་སྡེ་བརྒྱད་དང་།།ལན་ཆགས་ཤ་འཁོན་སྦྱང་ན་གནོད་བགེགས་དང་།།རིགས་དྲུག་སྤྱི་ལ་ཕམ་ཕབ་ཚུལ་ལ་སོགས།།ཕྲིན་ལས་གཞོལ་ཚུལ་སྐབས་བབ་རིགས་པས་དཔྱད། །དེ་རྣམས་གཞུང་བཞིན་གཏོང་བའི་གཤང་སྦྱར་རོ།།བྱང་སེམས་རང་ཉིད་ཐུབ་པའི་དབང་པོར་སྒོམ། །དེ་ཡི་སྙིང་པོ་བཟླ་བའི་བདག་བསྐྱེད་དང་།།འབྲུ་གསུམ་དང་པོས་མི་གཙང་བ་རྣམས་སྦྱངས། །གཉིས་པ་རིན་ཆེན་སྣོད་དུ་བཅུད་ཀྱི་རྫས། །ལྷ་ཡི་ཞལ་ཟས་རི་རབ་ལྟར་མཐོ་ཞིང་། །བདུད་རྩི་རྒྱ་མཚོ་ལྟ་བུར་འཁྱིལ་བར་བསམ། །གསུམ་པས་དེ་དག་སྟོང་གསུམ་གང་བར་སྤེལ།།དེ་བཞིན་ཤེགས་པ་བཞི་ལ་ཕྱག་འཚལ་ནས། །གཟུངས་སྔགས་ལན་གསུམ་སེ་གོལ་བདུན་གྱིས་འབུལ། །མགྲོན་གྱིས་ཐོབ་ནས་སོ་སོར་གྱེས་པར་བསམ། །བདེན་སྟོབས་བསྔོ་བ་ཆོས་བཤད་མདོར་བསྡུས་ལུགས།།བརྒྱ་རྩའི་རྗེས་དོར་ཏོག་གཅིག་ཆུ་སྦྱིན་བྱ། །མདོ་འདོན་སྨོན་ལམ་བཏབ་ནས་སྤྱོད་ལམ་འཇུག།འཇུར་གེགས་ཏོག་གཅིག་འདི་ཡི་ལོ་རྒྱུས་ནི། །ཉན་ཐོས་མཆོག་གཉིས་ཉིན་གུང་ལྗོངས་རྒྱུ་ཚེ། །ཡི་དྭགས་སྔོ་སྐམ་མིག་དམར་སྐྲ་འཛིངས་ཤིང་། །སྐེ་དང་ཡན་ལག་ཕྲ་ལ་སེན་མོ་ཡིས། །ཁུ་ཚུར་ཐལ་བྱུང་ཕུག་པའི་མི་སྡུག་གཟུགས། །ཁ་ནས་དགོས་ན་མེད་ན་མ་སྦྱིན་ཅིག །སྦྱིན་ནའང་ཆེས་སོ་དེ་ལས་ཕྲིས་ཞེས་པའི། །སྒྲ་ལྔ་སྒྲོག་དང་ཕྲད་ནས་གསོལ་བ་ན།།སྟོན་པས་དེ་ནི་ཆུ་ཙམ་མ་གཏོགས་པས། །གཞན་ལ་འཇུར་གེགས་བྱས་པའི་རྣམ་སྨིན་ཉིད།།དེས་ན་ཆུ་ལ་གཞན་གྱི་དྲི་མེད་པ། །སྦྱིན་ཞིང་ཛྭ་ལ་མི་དཾ་ལ་སོགས་པའི། །སྔགས་བརྗོད་སེ་གོལ་གཅིག་གིས་གཏོང་བར་གསུངས།།དེ་ཕྱིར་ལག་པ་རབ་ཏུ་བཀྲུས་བྱས་ནས། །སེན་མོའི་བར་གྱི་རྩམ་དྲིའང་མེད་པར་བྱ།།དགེ་བཤེས་སྤྱན་སྔ་པས་ནི་ཆུ་རྐྱང་ལས། །ཟན་ཡང་དུམ་ཙམ་འཇུག་པ་ཕལ་ཆེར་ལ། །གཟིགས་ཞེས་མྱོང་བས་གསུངས་པའི་མན་ངག་ལུགས། །སེ་གོལ་གཉིས་སོགས་མང་ན་སྐྲག་པ་སྐྱེ། །དེས་ན་སེ་གོལ་ཏོག་ཅིག་ཁོ་ན་བྱ།།ཕན་ཡོན་ཚེ་རིང་ནད་ཉུང་བྱད་གཏད་བཟློག །བར་གཅོད་ཀུན་གྱིས་མི་ཚུགས་ཁྱད་པར་དུ།།ལོངས་སྤྱོད་ནོར་གྱི་དངོས་གྲུབ་འབྱུང་བ་དང་།།ཡི་ག་འཆུས་དང་སྙིང་མི་དགའ་བ་སེལ།།མདངས་དང་ལྡན་ཞིང་གཞན་ལ་སྤེལ་བྱས་ན།།ཡི་དྭགས་རྒྱུད་ལས་གྲོལ་ནས་འཚང་རྒྱའོ།།འཇིག་རྟེན་ཡི་དྭགས་ཀུན་ལ་བྱིན་པས་ནི། །འཇུར་གེགས་གཅིག་ལ་བྱིན་པ་བསོད་ནམས་ཆེ། །ཅི་ཕྱིར་ཞེན་འདིས་ནི་ཆུ་མ་གཏོགས། །གཞན་གྱི་སྦྱིན་པ་ཀུན་གྱི་གོ་བཀག་ཅིང་།།རང་བློས་བཅད་ནས་ཆུ་ཡང་མ་བྱིན་པས། །གཙང་པོའང་གྲེ་བའི་སྦུབས་སུ་སྐམ་ནུས་པའི།།མི་བཟད་སྡུག་བསྔལ་འབར་བ་དེ་ལ་ནི། །ཁ་ཟས་གཞན་རྣམས་བྱིན་ཀྱང་མི་འཐོབ་པས། །སེམས་རྒྱུད་རབ་ཏུ་ཞི་བའི་སྔགས་བརྗོད་པས། །ཆུ་སྦྱིན་ཁོ་ན་ཕན་ཡོན་ཆེ་བར་གསུངས།།སུ་རུ་པ་ནི་ངེས་པ་བདུན་ལྡན་ཏེ།།ཟས་སྐོམ་ཅུང་ཟད་ཙམ་ཡང་མ་སྤྱད་གོང་། །གཏོང་བའི་དུས་དང་ལན་ཅིག་ཆག་ན་ཡང་། །བརྒྱལ་ཞིང་བོགས་པའི་སྡུག་བསྔལ་ཆེར་ཡོད་པས། །ཆག་མེད་གཏོང་བ་དུས་ཀྱི་ངེས་པ་ཡིན།།མི་སྒྲ་ཁྱི་སྒྲ་སོགས་ལ་སྐྲག་པ་དང་། །མི་གཙང་དྲི་སོགས་ཚོར་བ་རག་པའི་ཕྱིར། །དབེན་ཞིང་གཙང་བ་གནས་ཀྱི་ངེས་པ་ཡིན།།ལྕགས་སྣོད་མཚོན་ཆའི་རིགས་སུ་མཐོང་འགྱུར་བས། །རྫའམ་རིན་ཆེན་སྣོད་ཀྱི་ངེས་པ་ཡིན།།ཡི་དྭགས་རྣམས་ཀྱི་གཏོར་མའི་སྣོད་ལ་ནི། །ལྕགས་ཀྱི་གཟེར་བུ་ཙམ་ཡང་མེད་པར་དགོས། །སྐྱུག་བྲོའི་གནས་སུ་མཐོང་ནས་མི་ལེན་པས། །གཙང་བར་གནས་པ་གང་ཟག་ངེས་པ་ཡིན།།གཙང་མའི་ཆུ་ཟན་རྫས་ཀྱི་ངེས་པ་ཡིན།།རང་ཉིད་ཐུབ་པའམ་གཟུགས་མཛེས་གང་རུང་བསྒོམ། །སྣོད་ནི་རིན་ཆེན་ཟན་ནི་ལྷ་ཡི་ཟས། །ཆུ་ནི་བདུད་རྩིའི་རྒྱ་མཚོར་མོས་པ་དང་། །ཡི་དྭགས་ཀུན་ལ་བྱམས་པས་ཁྱབ་བྱས་ནས། །ཁ་ཟས་རྒྱལ་ཕམ་མེད་ཅིང་གནོད་མེད་པར། །སྦྱིན་པ་ལྷག་བསམ་དག་པའི་ངེས་པ་ཡིན།།གཟུངས་སྔགས་ལན་བདུན་ལག་གཡོན་སེ་གོལ་གསུམ། །དེ་ཡིས་བསྔོས་ནས་སྔགས་ཚན་ཕྱི་མ་ནི། །མི་དན་ཁ་ཅིག་སྟོན་མོས་མགུ་བྱས་ཀྱང་། །སླར་ཡང་གླགས་ལྟ་འཚེ་བར་བྱེད་པ་ཡོད། །དེ་ལྟའི་ཡི་དྭགས་གནོད་འཚེ་བསྲུང་ཆེད་ཡིན། །གཙང་སར་དོར་ཞིང་ཆོས་སྦྱིན་བསྔོ་བ་བྱ།།ཆོ་ག་ངེས་པ་དེ་ལྟའི་ཕན་ཡོན་ནི། །ཡི་དྭགས་ཀུན་ལ་འབྲས་ཆེན་བྲེ་ཆེན་རེ། །སོ་སོར་བྱིན་པའི་བསོད་ནམས་འཐོབ་འགྱུར་ཞིང་། །སྐྱེ་བར་ཉམས་ཆུང་མི་འགྱུར་དབུལ་མི་འགྱུར། །སྟོབས་ཆེ་གཟུགས་བཟང་མཐོང་ན་དགའ་བ་དང་། །ཕྱུག་ཅིང་ལོངས་སྤྱོད་ཕུན་ཚོགས་ཚེ་རིང་ཞིང་། །ནད་མེད་བྱང་ཆུབ་མྱུར་དུ་འཐོབ་པ་དང་། །ཤི་འཕོས་བདེ་བ་ཅན་དུ་སྐྱེ་བར་གསུངས།།ཟས་ཀྱི་སྔོན་དུ་ཆངས་བུ་སྦྱིན་པ་ནི། །སྲོག་དང་ནོར་གྱི་བླུད་དུ་འགྱུར་བ་སྟེ།།སྔོན་ཚེ་འཕྲོག་མ་ལྔ་བརྒྱའི་བུར་བཅས་པས། །ཉིན་ཞག་རེ་ལ་མི་ཡི་འགྲོ་བ་ནི། །ལྔ་བརྒྱ་ཕྲག་གསུམ་ཟོས་པར་གྱུར་པའི་ཚེ། །སྟོན་པས་དེ་ཡི་བུ་གཅིག་གསོལ་ལྷུང་དུ། །སྦས་པ་རྫུ་འཕྲུལ་དུ་མས་བཙལ་གྱུར་ཀྱང་། །མ་རྙེད་ཤིན་ཏུ་དུབ་ཅིང་སྡུག་བསྔལ་བས། །སྟོན་པ་ཉིད་ལ་སྐྱབས་སུ་གསོལ་བར་བྱས། །དེ་ལ་ཕྱག་སོར་ལྔ་ཡི་རྗེས་ལྡན་གྱི། །ཆངས་བུ་བསྩལ་ནས་ཐམས་ཅད་ཚིམ་པར་མཛད། །ཀུན་གྱིས་སྲོག་གཅོད་སྤོང་བར་ཁས་བླངས་ཤིང་།།འཁོར་རྣམས་བཞི་ཡིས་ཆངས་བུ་སྦྱིན་པ་དང་། །དེ་དག་ཀུན་ཀྱང་འཕྲོག་མས་སྲུང་བར་གདམས། །དེ་ལྟར་ཆངས་བུའི་སྔགས་སམ་ཁ་འབར་སྔགས།།གང་ཡང་རུང་བས་བྱིན་གྱིས་བརླབས་ནས་སྦྱིན། །རང་ཉིད་ཟས་ཀྱི་བྱ་བར་འཇུག་པའི་ཚེ། །ལུས་ལ་སྲིན་བུ་བརྒྱད་ཁྲི་སྙེད་ཡོད་པ། །ད་ལྟ་འདི་དག་ཟང་ཟིང་གིས་བསྡུས་ནས། །མྱུར་བར་ཆོས་ཀྱི་བདུད་རྩིས་བསྡུ་བར་བྱ། །སྙམ་དུ་ལྷག་པའི་བསམ་པ་བསྐྱེད་པ་དང་། །སྒོ་གསུམ་དམ་པའི་ཆོས་ལ་བཀོལ་བའི་ཕྱིར། །ཟས་སྐོམ་གླ་རྔན་ཚུལ་དུ་སྦྱིན་པར་བསམ།།གཞན་ཡང་བསྐྱེད་རྫོགས་གང་རུང་དང་ལྡན་པས། །ཟས་ཀྱི་རྣལ་འབྱོར་ནང་གི་སྦྱིན་སྲེག་སོགས། །ཆོ་གའི་ཚུལ་མང་མདོར་བསྡུས་ཙམ་དུ་ན།།བདག་ཉིད་འཇིག་རྟེན་དབང་པོའི་སྐུར་བསྒོམ་ཞིང་།།ཟས་རྣམས་ཡི་གེ་གསུམ་གྱིས་བདུད་རྩིར་བསྒྱུར།།དེ་ཡིས་མཆོད་པར་མོས་ལ་རོལ་པར་བྱ།།ཉུང་ན་དགེ་ལ་སྦྱོར་བར་མི་ནུས་ཤིང་།།མངས་ན་གཉིད་སོགས་ཉེས་པ་འཕེལ་འགྱུར་བས།།རན་པར་བྱ་ཞིང་ལྷག་མའི་ཆངས་བུ་རྣམས། །འབྱུང་པོར་བསྔོས་ནས་སྨོན་ལམ་གདབ་པར་བྱ།།གཞན་ཡང་སྤྱི་གཏོར་དཀར་གསུམ་མངར་གསུམ་ནི། །མགྲོན་རིགས་མཆོག་དམན་ཀུན་ལ་སྦྱིན་དུ་རུང་།།ནང་གི་གཏོར་མ་འདོད་པའི་ཡོན་ཏན་ལྔ། །རིགས་དྲུག་འགྲོ་བ་རྣམས་ལ་སྦྱིན་པར་བྱ།།གསང་བ་ཤ་ལྔ་བདུད་རྩི་ལྔ་སྦྱར་ནི། །ཡི་དམ་མཁའ་འགྲོ་ཆོས་སྐྱོང་རྣམས་ལ་འབུལ།།དེ་ཁོ་ན་ཉིད་རང་ལུས་མཆོད་སྦྱིན་ནི། །གནོད་བྱེད་ལན་ཆགས་སྡིག་སྒྲིབ་སྦྱོང་བར་བྱེད།།མདོར་ན་སྣང་སྲིད་གཏོར་མ་མ་གྱུར་མེད། །ཕྱི་སྣོད་འཇིག་རྟེན་གཏོར་གཞོང་ཆེན་པོ་རུ། །ནང་བཅུད་སེམས་ཅན་ཐམས་ཅད་གཏོར་མར་བསྔོ། །བདག་འཛིན་སྤུ་རྩེ་ཙམ་ཡང་མ་འཁྲིས་པར། །ཐམས་ཅད་བཏང་བ་གཏོར་མ་ཆེན་པོའོ།།དེ་ལྟར་གཏོར་མའི་དེ་ཉིད་འདི་བརྗོད་པས།།བདག་གཞན་འགྲོ་བ་སེམས་ཅན་མ་ལུས་པ།།ཤེས་བྱ་ཀུན་གྱི་དེ་ཉིད་རིག་གྱུར་ནས།།རྡོ་རྗེ་འཛིན་དབང་འཐོབ་པའི་བཀའ་དྲིན་སྩོལ།།ཞེས་པ་འདི་ནི་དགེ་སློང་སྤོང་བ་པ་ཀརྨ་སྲུང་གིས་སྐུལ་པ་ལྟར། ཞྭ་དམར་ཅོད་པཎ་འཛིན་པའི་མཚན་གྱི་བྱིན་རླབས་དང་ལྡན་པ་དཀོན་མཆོག་འབངས་ཀྱིས་བྲིས་པའོ།
 +
 
 +
༈ ཡོངས་གྲགས་སྣོད་ཚམ་བཅུ་གཅིག་བཤམས་མོད་ཀྱང་། །འདིར་ནི་གཏོར་སྣོད་བཅུ་གཉིས་རིམ་པར་བཤམས། །གཙང་མའི་ཟན་ལ་ཆ་མཉམ་གསུམ་དུ་བགོས། །དང་པོའི་ཆ་ནས་ཕུང་ཀྱི་ཞལ་ས་འབུལ། །ལྷག་ངེས་གཏོར་སྡེར་དང་པོར་བླ་མ་དང་། །ཡི་དམ་སྲས་བཅས་རྣམས་ལ་མཆོད་པ་འབུལ། །ལྷག་མའི་ཆ་གཉིས་དུམ་བུ་བཞིར་བགོ་ཞིང་། །བཞི་གསུམ་བཅུ་གཉིས་དེ་རྣམས་རེ་རེ་ལ། །རིལ་བུ་བཅུ་བཅུ་བྱས་ན་སྣོད་གཉིས་པ་། །རིལ་བུ་ཉི་ཤུ་བླུག་པས་ཆོས་སྐྱོང་མཆོད། །དེ་ལྷག་སྣོད་བཅུད་རིལ་བུ་བཅུ་བཅུ་བླུག །དཀོན་མཆོག་མཆོད་དུས་གཟུངས་སྔགས་ཉེར་གཅིག་བཟླ། །ཆོས་སྐྱོང་རྣམས་ལ་གཟུངས་སྔགས་བཅུ་བཞི་བཟླ། །ལྷག་མ་རྣམས་ལ་མཚན་བཞི་སྒྲོག་པ་དང་། །གཟུངས་སྔགས་བདུན་བདུན་བཟླ་ཞིང་རེ་རེའི་མཐར། །ལག་གཡས་མཆོག་སྦྱིན་བརྐྱངས་ནས་སེ་གོལ་བརྡབ། །རིམ་པས་བཤགས་ཤིང་ཆུ་གཙང་ཡིད་དགས་བཤལ། །གཤེགས་གསོལ་སྤྲོ་ན་ཀུན་གྱི་མཐར་བྱའོ།།གཏོར་མ་ཆ་བཅུའི་ལྷན་ཐབས་ལ་སྐྱབས་འགྲོ་སེམས་སྐྱེད་ནི་རྒྱས་པའམ་བསྡུ་ན། སངས་རྒྱས་ཆོས་ཚོགས་སོགས། དེའི་རྗེས་སུ་དོན་བཞི་སྟེ། བདག་སྒྲུབ་པ། རྫས་སྒྲུབ་པ། མགྲོན་སྒྲུབ་པ། མགྲོན་ལ་འབུལ་བའི་རིམ་པའོ།།བདག་སྒྲུབ་པ་ནི་ཐུགས་རྗེ་ཆེན་པོ་བསྒོམ་པའོ།།རྫས་སྒྲུག་པ་ནི། དཀར་གསུམ་མངར་གསུམ་ལ་སོགས་ཤ་ཆང་སྒོག་གསུམ་མ་འདྲེས་པ་དང་། གཏོར་མའི་རྒྱུ་རྩམ་པ་ལ་སོགས་པའི་རིན་པོ་ཆེའི་སྣོད་དམ་གང་ཡང་རུང་བའི་སྣོད་དུ་བཅའ་ཞིང་། སྟེགས་ཀྱི་ཁར་བཞག་ནས་གཞུང་བཞིན་བསྒོམ་པའོ།།མགྲོན་སྒྲུབ་པ་ནི། བསྡུས་པར་ན། བླ་མ་བརྒྱུད་པར་བཅས་རྣམས་དང་། །ཞེས་སོགས་མཆོད་སྦྱིན་གྱི་ཡུལ་བརྗོད་པའི་སྐབས་སུ་སོ་སོར་མདུན་གྱི་ནམ་མཁའ་དང་ས་གཞིར་བྱོན་པར་བསམ་པ་ཉིད་དོ། །རྒྱས་པར་ན། གཏོར་མ་ཡེ་ཤེས་བདུད་རྩིར་གྱུར། །ཞེས་པའི་རྗེས་སུ། ཧཱུྃ། བཞེངས་ཤིག་བཞེངས་ཤིག་སྟོབས་བཅུ་མངའ་བའི་ལྷ། །ཞེས་ཤློ་ཀ་གཅིག་གི་མཐར་བཛྲ་ས་མ་ཛཿ ཞེས་པས་སྤྱན་དྲངས། བཅོམ་ལྡན་འདིར་ནི་བྱོན་པ་ལེགས། །ཞེས་ཤློ་ཀ་གཉིས་ཀྱི་མཐར། ཨོཾ་སརྦ་ཏ་ཐཱ་ག་ཏ་པདྨ་ཀ་མ་ལ་ཡེ་སྟྭཾ་ཞེས་བཞུགས་སུ་གསོལ། དེ་ནས་ཡན་ལག་བདུན་པ་རྒྱས་བསྡུས་གང་རུང་ཞིག་བྱ།བཞི་པ་མགྲོན་ལ་འབུལ་བའི་རིམ་པ་ནི། བླ་མར་བརྒྱུད་པ་བཅས་རྣམས་དང་། །ཞེས་སོགས་སོ། །ཆ་གཉིས་པ་ཆོས་སྐྱོང་སྲུང་མ་མན་ཆད་ལ་སྤྱན་འདྲེན་བཞུགས་གསོལ་སོགས་སྦྱོར་མི་དགོས་ཤིང་། སོ་སོའི་མཚན་ནས་བརྗོད་པའི་ཚེ་སྐད་ཅིག་གིས་མདུན་དུ་བྱོན་པར་བསམ་པ་ཉིད་དོ། །དེ་ནས་མཐར་གཤེགས་གསོལ་སྤྲོ་ན། དམ་པ་ཉིད་ནི་འཐོབ་པར་ཤོག །ཅེས་པའི་རྗེས་སུ། ཨོཾ། ཁྱེད་ཀྱིས་སེམས་ཅན་དོན་ཀུན་མཛད། །ནས་བཛྲ་མུཿས་ཡེ་ཤེས་པ་དང་། མཆོད་སྦྱིན་གནས་འདིར་གང་ལྷགས་པ་ནས། སརྦ་བྷཱུ་ཏ་གཙྪས། འཇིག་རྟེན་པ་རྣམས་གཤེགས་སུ་གསོལ། ཞེས་པ་ཞྭ་དམར་པ་ལྔ་པས་སོ།། །།སྦར་འདི་དཔལ་སྤུངས་སྒྲུབ་ཁང་དུ་བླ་མིང་བཀྲ་ཤིས་ཚེ་རིང་ནས་བསྐྲུན་པའོ།། །།དགེའོ། །མངྒལཾ། །</span>

Revision as of 10:46, 22 November 2021

Resource ID
Title gtor ma'i de nyid bdud rtsi'i dga' ston
Topics Various
Author Könchok Yenlak
Link BDRC W3PD988

༄༅། །གཏོར་མའི་དེ་ཉིད་བདུད་རྩིའི་དགའ་སྟོན་ཞེས་བྱ་བ་བཞུགས།།

༈ ཡོངས་གྲགས་སྣོད་ཚམ་བཅུ་གཅིག་བཤམས་མོད་ཀྱང་། །འདིར་ནི་གཏོར་སྣོད་བཅུ་གཉིས་རིམ་པར་བཤམས། །གཙང་མའི་ཟན་ལ་ཆ་མཉམ་གསུམ་དུ་བགོས། །དང་པོའི་ཆ་ནས་ཕུང་ཀྱི་ཞལ་ས་འབུལ། །ལྷག་ངེས་གཏོར་སྡེར་དང་པོར་བླ་མ་དང་། །ཡི་དམ་སྲས་བཅས་རྣམས་ལ་མཆོད་པ་འབུལ། །ལྷག་མའི་ཆ་གཉིས་དུམ་བུ་བཞིར་བགོ་ཞིང་། །བཞི་གསུམ་བཅུ་གཉིས་དེ་རྣམས་རེ་རེ་ལ། །རིལ་བུ་བཅུ་བཅུ་བྱས་ན་སྣོད་གཉིས་པ་། །རིལ་བུ་ཉི་ཤུ་བླུག་པས་ཆོས་སྐྱོང་མཆོད། །དེ་ལྷག་སྣོད་བཅུད་རིལ་བུ་བཅུ་བཅུ་བླུག །དཀོན་མཆོག་མཆོད་དུས་གཟུངས་སྔགས་ཉེར་གཅིག་བཟླ། །ཆོས་སྐྱོང་རྣམས་ལ་གཟུངས་སྔགས་བཅུ་བཞི་བཟླ། །ལྷག་མ་རྣམས་ལ་མཚན་བཞི་སྒྲོག་པ་དང་། །གཟུངས་སྔགས་བདུན་བདུན་བཟླ་ཞིང་རེ་རེའི་མཐར། །ལག་གཡས་མཆོག་སྦྱིན་བརྐྱངས་ནས་སེ་གོལ་བརྡབ། །རིམ་པས་བཤགས་ཤིང་ཆུ་གཙང་ཡིད་དགས་བཤལ། །གཤེགས་གསོལ་སྤྲོ་ན་ཀུན་གྱི་མཐར་བྱའོ།།གཏོར་མ་ཆ་བཅུའི་ལྷན་ཐབས་ལ་སྐྱབས་འགྲོ་སེམས་སྐྱེད་ནི་རྒྱས་པའམ་བསྡུ་ན། སངས་རྒྱས་ཆོས་ཚོགས་སོགས། དེའི་རྗེས་སུ་དོན་བཞི་སྟེ། བདག་སྒྲུབ་པ། རྫས་སྒྲུབ་པ། མགྲོན་སྒྲུབ་པ། མགྲོན་ལ་འབུལ་བའི་རིམ་པའོ།།བདག་སྒྲུབ་པ་ནི་ཐུགས་རྗེ་ཆེན་པོ་བསྒོམ་པའོ།།རྫས་སྒྲུག་པ་ནི། དཀར་གསུམ་མངར་གསུམ་ལ་སོགས་ཤ་ཆང་སྒོག་གསུམ་མ་འདྲེས་པ་དང་། གཏོར་མའི་རྒྱུ་རྩམ་པ་ལ་སོགས་པའི་རིན་པོ་ཆེའི་སྣོད་དམ་གང་ཡང་རུང་བའི་སྣོད་དུ་བཅའ་ཞིང་། སྟེགས་ཀྱི་ཁར་བཞག་ནས་གཞུང་བཞིན་བསྒོམ་པའོ།།མགྲོན་སྒྲུབ་པ་ནི། བསྡུས་པར་ན། བླ་མ་བརྒྱུད་པར་བཅས་རྣམས་དང་། །ཞེས་སོགས་མཆོད་སྦྱིན་གྱི་ཡུལ་བརྗོད་པའི་སྐབས་སུ་སོ་སོར་མདུན་གྱི་ནམ་མཁའ་དང་ས་གཞིར་བྱོན་པར་བསམ་པ་ཉིད་དོ། །རྒྱས་པར་ན། གཏོར་མ་ཡེ་ཤེས་བདུད་རྩིར་གྱུར། །ཞེས་པའི་རྗེས་སུ། ཧཱུྃ། བཞེངས་ཤིག་བཞེངས་ཤིག་སྟོབས་བཅུ་མངའ་བའི་ལྷ། །ཞེས་ཤློ་ཀ་གཅིག་གི་མཐར་བཛྲ་ས་མ་ཛཿ ཞེས་པས་སྤྱན་དྲངས། བཅོམ་ལྡན་འདིར་ནི་བྱོན་པ་ལེགས། །ཞེས་ཤློ་ཀ་གཉིས་ཀྱི་མཐར། ཨོཾ་སརྦ་ཏ་ཐཱ་ག་ཏ་པདྨ་ཀ་མ་ལ་ཡེ་སྟྭཾ་ཞེས་བཞུགས་སུ་གསོལ། དེ་ནས་ཡན་ལག་བདུན་པ་རྒྱས་བསྡུས་གང་རུང་ཞིག་བྱ།བཞི་པ་མགྲོན་ལ་འབུལ་བའི་རིམ་པ་ནི། བླ་མར་བརྒྱུད་པ་བཅས་རྣམས་དང་། །ཞེས་སོགས་སོ། །ཆ་གཉིས་པ་ཆོས་སྐྱོང་སྲུང་མ་མན་ཆད་ལ་སྤྱན་འདྲེན་བཞུགས་གསོལ་སོགས་སྦྱོར་མི་དགོས་ཤིང་། སོ་སོའི་མཚན་ནས་བརྗོད་པའི་ཚེ་སྐད་ཅིག་གིས་མདུན་དུ་བྱོན་པར་བསམ་པ་ཉིད་དོ། །དེ་ནས་མཐར་གཤེགས་གསོལ་སྤྲོ་ན། དམ་པ་ཉིད་ནི་འཐོབ་པར་ཤོག །ཅེས་པའི་རྗེས་སུ། ཨོཾ། ཁྱེད་ཀྱིས་སེམས་ཅན་དོན་ཀུན་མཛད། །ནས་བཛྲ་མུཿས་ཡེ་ཤེས་པ་དང་། མཆོད་སྦྱིན་གནས་འདིར་གང་ལྷགས་པ་ནས། སརྦ་བྷཱུ་ཏ་གཙྪས། འཇིག་རྟེན་པ་རྣམས་གཤེགས་སུ་གསོལ། ཞེས་པ་ཞྭ་དམར་པ་ལྔ་པས་སོ།། །།སྦར་འདི་དཔལ་སྤུངས་སྒྲུབ་ཁང་དུ་བླ་མིང་བཀྲ་ཤིས་ཚེ་རིང་ནས་བསྐྲུན་པའོ།། །།དགེའོ། །མངྒལཾ། །