Difference between revisions of "Skyer sgang pa'i rnam thar"

From Shangpa Resource Center
Line 8: Line 8:

|BDRC link=[https://www.tbrc.org/#library_work_ViewByOutline-O01DG1049094926%7CW23922 W23922]
[https://www.tbrc.org/#library_work_ViewByOutline-O3CN17353CN1895%7CW3CN766 W3CN766]
[https://www.tbrc.org/#library_work_ViewByOutline-O1GS662581GS66266%7CW20441 W20441]
[https://www.tbrc.org/#!rid=W8LS37032 W8LS37032 (p.525)]
[https://www.tbrc.org/#library_work_ViewByOutline-O4CZ3003361KG81377%7CW1KG1286 W1KG1286]
[https://www.tbrc.org/#!rid=W3CN18508 W3CN18508 (v1p.108)]
[http://purl.bdrc.io/resource/MW0TTBBC0065 MW0TTBBC0065]

༄༅། །བླ་མ་སྐྱེར་སྒང་པའི་རྣམ་པར་ཐར་པ་བཞུགས་སོ།།

།བླ་མ་མཉམ་མེད་རིན་ཆེན་དང་། །[[Shangom Chöseng|རྟོགས་ལྡན་ཞང་སྒོམ་]]ཞབས་ལ་འདུད། །ཚད་མེད་འགྲོ་སྐྱོབ་སྙིང་རྗེའི་སྐུ། །སྤྱན་རས་གཟིགས་ཀྱིས་བྱིན་གྱིས་རློབས།
།དང་པོ་དད་པས་ཆོས་སྒོར་ཞུགས། །བར་དུ་ཐུགས་རྗེ་ཆེན་པོ་བསྒྲུབས། །དེ་རྗེས་བླ་མ་སངས་རྒྱས་བསྟེན། །ད་ལྟ་འབྲས་བུ་མངོན་གྱུར་ཏོ།
།དེ་ཡང་བདག་གི་ཕ་ཡུལ་ནང་གོང་[[རྣམ་པ]]། རུས་འབའ་ཡིན་ནོ། །དེ་ཡང་དང་པོ་ལོ་བཅུ་གཉིས་ནས་གཤིན་རྗེ་གཤེད་ལ་བསྙེན་པ་བསྐྱལ། བཅུ་བདུན་དུ་[[Kyergang|སྐྱེར་སྒང་]]དུ་ཁུ་བོ་འབའ་ཐམས་ཅད་མཁྱེན་པ་ལ་རབ་ཏུ་བྱུང་ནས་བྱམས་པའི་ཆོས་ལྔ། སྤྱོད་འཇུག་བསླབ་བཏུས་བསྟན་རིམ་རྣམས་ཉན། དེ་ནས་འབའ་ཚད་མ་བ་ལྷ་སར་ཆོས་འཁོར་ལ་གདན་དྲངས་པའི་ཕྱག་ཕྱིར་ཕྱིན་པས། གྲྭ་པ་གཅིག་གིས་སྟོན་མོ་བྱས་པའི་རྣམ་བཞག་ལ། དར་ཡུག་སེར་པོ་གསུམ། ཟངས་གཅིག་ཕྱེ་མར་མང་ཞིག་ཕུལ་ནས། བྲག་ལྷའི་མདུན་དུ་དྲོ་ཐོན་ནས་ཉེ་འདོན་ལ་ཕྱིན་པས། ཀླུ་ཕུག་གི་ཁང་ཆུང་གཅིག་ལས་དཀར་བཏང་བ་གཅིག་འདུག་པས། དེ་མཐོང་བ་ཙམ་གྱིས་བློ་སྣ་འགྱུར་བ་བྱུང་ནས་ཁང་ཆུང་ཡ་གིན་སུ་ཡོད་པ་ཡིན་བྱས་པས། ལྷ་ས་སྡེ་བཞིའི་ཉེ་འདོན་པ་ན་རེ། [[འཕགས་པ་ལྕེ་སྒོམ་པ་]]བྱ་བའི་ཐུགས་རྗེ་ཆེན་པོའི་གྲུབ་ཐོབ་གཅིག་ཡོད་པ་ཡིན་ཟེར་བས། དེ་ནས་མོས་པར་བྱུང་སྟེ། དར་དང་། ཟངས་དང་། ཕྱེ་མར་ཁྱེར་ནས་ཕྱིན་ཏེ། བླ་མས་ཐུགས་རྗེ་ཆེན་པོ་ཞལ་གཟིགས་པ་ལགས་སམ་ཞུས་པས། ཐུགས་རྗེ་ཆེན་པོ་ཡིན་ནམ་མིན་ཆ་མེད། གྲིབ་ཀྱི་ཐད་ཀ་འདི་ན་ཚུར་སྐྱ་ཤར་ཤར་བ་ཞིག་གཏན་དུ་མཐོང་གིན་འདུག་པ་ཡིན་གསུངས། འོ་ན་ཐུགས་རྗེ་ཆེན་པོ་ཞུ་དགོས་བྱས་པས། ཐོག་མར་རིག་གཏད་ཀྱི་དབང་བྱ་དགོས་གསུངས་ནས། མར་ཁལ་གཉིས་ལ་མར་མེ་བྱས། གཉིས་ལ་བཙའ་རུའི་སྟོན་མོ་བྱས་ཏེ། དར་ཡུག་གསུམ་དང་། ཟངས་ཕུལ་ནས་སྒྲུབ་ཐབས་ཚར་གསུམ་ཞུས་ནས། བླ་མས་ལོ་དུ་ལ་ཞལ་གཟིགས་བྱས་པས། ངས་སྟོན་ཀ་བསོད་སྙོམས་རེ་བྱས། དེ་ནས་མཚམས་བཅད་ནས་བསྒྲུབས་པས་ལོ་བརྒྱད་ལོན་ཙ་ན་ནང་གཅིག་ཚ་བ་ཐོན་ནས་ཉི་མ་ལ་འགྲོ་སྙམ་ཙ་ན། ང་སྡོད་པའི་བྲག་ཁུང་ན་གུ་དི་རི་རི་འདུག་ནས་སུ་ཡིན་སྙམ་ནས་བལྟས་པས། ངའི་སྡོད་ས་དེ་ན་གཙོ་འཁོར་གསུམ་མ་ཎི་དི་རི་རི་ཟློ་ཤིང་འདུག་ནས། ཡན་ལག་བདུན་པ་ཚར་གཅིག་ཕུལ། དེ་ནས་གཏན་དུ་ཞལ་མཐོང་བ་ཡིན་གསུངས་སོ། །དེ་ནས་[[Kyergang|སྐྱེར་སྒང་]]དུ་ཕྱིན་ནས། ད་ཡང་ན་གཡག་གུ་ཤི་བ་དང་། ཡང་ན་བྱང་ཚ་ལོན་པ་གཅིག་ལ་གཏང་དགོས། མི་ལུས་ཐང་གཅིག་ཐོབ་པ་འདི་ལ་ཡང་ན་ཤི་བ་ཞིག་དང་། ཡང་ན་ཐུགས་རྗེ་ཆེན་པོ་ཞལ་མཐོང་བ་ཞིག་ལ་གཏད་དགོས། དོན་མེད་ཞིག་ལ་མི་ཚེ་སྟོང་ཟད་བྱས་པས་མི་ཡོང་བས་བསྒྲུབ་དགོས་སྙམ་སྟེ། མཚམས་བྱེད་ཁ་མ་ལ་ཁམས་པའི་གྲྭ་པ་རྣམས་ཀྱིས་རྟ་བཏགས། བེར་བཀོན། དར་བརྐྱང་ནས་ཁྱོད་གཞོན་དུས་སུ་ཐོས་བསམ་མ་བྱས་ན། འབའ་ཚད་མ་བ་རབས་ཆད་པས་བཀའ་བཞི་མཁས་པ་ཅིག་བྱེད་དགོས་ཟེར་བ་ལ་མ་ཉན་པས། གྲྭ་བ་རྣམས་གྲོས་བྱས་ཏེ། དབོན་པོ་མཚམས་བྱེད་པ་ལ་ཕྱེ་དང་ཆུ་ཤིང་གཅིག་ཀྱང་མ་སྐྱེལ་བར་ཕར་འགྲོ་ཚུར་འགྲོ་ཐམས་ཅད་ཀྱིས་རྡོ་རྒྱོབ་ཅིག །དེ་ལྟར་བྱས་པས་ཁོ་སུན་ནས་སློབ་གཉེར་ལ་ཚུད་དུ་འོང་ངོ་ཟེར་ནས་ཁྲིམས་བྱས་སོ། །དེ་ནས་ངས་མཚམས་དམ་པོ་བྱས་ནས་ཐུགས་རྗེ་ཆེན་པོ་བསྒྲུབས་པས། གྲྭ་བ་ཕར་འགྲོ་ཚུར་འགྲོ་ཐམས་ཅད་ཀྱིས་སྒོ་ལ་རྡོ་བརྒྱབ་ཅིང་། བཀའ་བཞིའི་དབུས་ནས་མར་བྱང་ཤང་ཤད་མི་བྱེད་པར། སྔགས་ཀྱིས་འཁོས་ཀའམ་ཁྱོད་ལ་མ་ཎི་པདྨེ་ཧཱུྃ་ང་གཅིག་གི་འོང་གིས་ཟེར་ནས་རྒྱགས་གཅིག་ཀྱང་མ་བསྐྱལ་ལོ། །དེ་ནས་ཞག་རེ་ལ་སྐྱོ་ཚ་ཕོར་རེ་རེས་མྱོང་། རེས་མ་མྱོང་། དེ་ཡང་མ་མྱོང་བར་ཐལ་པ་དང་བསྲེས་ཏེ་བཏུང་བས། གཉིད་གཏི་མུག་ཡིན་གཏི་མུག་ཉོན་མོངས་པ་ཡིན། དེ་སྔ་ཡང་ཉོན་མོངས་པ་འདི་ཀས་འཁོར་བར་བསྐྱུར་བ་ཡིན་སྙམ་ནས་གཉིད་གཅིག་ཀྱང་མེད་པར་མ་ཎི་བཟླས་པས། རླུང་ལངས་ནས་མགོ་འགས་པ་བཞིན་དུ་བྱུང་བ་ལ་སྐེ་རག་གིས་མགོ་བསྡམས་ནས་བཟླས་པ་དྲག་པོ་བྱས་པས་རྟགས་ཅི་ཡང་མ་བྱུང་ནས་སྦྱིན་སྲེག་ཆེན་པོ་བྱས་པས་སྡིག་པ་ཟད་པའི་རྟགས་རྣམས་རྫོགས་པར་བྱུང་ཡང་ཞལ་མ་མཐོང་ནས། ལོ་ཕྱེད་དང་བཞི་སོང་བའི་ཉིན་ཕྱེད་ནས་ཡི་མུག་ནས་བྲག་འོག་ཞིག་ཏུ་སྐྱོ་བསངས་ལ་ཕྱིན་ནས། ནམ་མཁའ་ལ་འཇའ་འོད་ཀྲུག་ཀྲུག་འདུག་ནས། ངས་ལོ་ཕྱེད་དང་བཞིར་ཞག་རེ་ལ་སྐྱོ་ཚ་ཕོར་རེ་ཡང་མ་མྱོང་བར་བཟླས་པ་དྲག་པོ་བྱས་པས་རླུང་ལངས་འདུག་རྦབ་ཏུ་འཆོར་སྙམ་ནས་བྲག་ཕུག་ཏུ་གཅར་བྱས་པ་དང་། མདུན་གྱི་ནམ་མཁར་འཇའ་ཚོན་གྱི་དཀྱིལ་ན། ཇོ་བོ་ཐུགས་རྗེ་ཆེན་པོ་གཙོ་འཁོར་གསུམ་འཛུམ་ཡེ་རེ་བཞུགས་ཤིང་གདའ་ནས། ཇོ་བོ་ཐུགས་རྗེ་རེ་ཆུང་། ངས་ལོ་ཕྱེད་དང་བཞི་ལ་ཞག་རེ་ལ་སྐྱོ་ཚ་ཕོར་རེ་ལས་མ་མྱོང་བ་ལ། དེ་ལས་ཞལ་སྔ་བར་མི་སྟོན་པར་ཞུས་བས། ཇོ་བོའི་ཞལ་ནས་བུ་ཁྱོད་ཀྱིས་སྒྲུབ་པ་བྱས་ནས་ཞག་གསུམ་ནས་ང་དང་འདུ་འབྲལ་གཅིག་ཀྱང་མེད་པར་ཡོད་པ་ཡིན་ཏེ་ཁྱོད་རང་གིས་ལས་ངན་མ་དག་པ་དང་། མཐོང་ན་དགའ་བའི་རེ་བས་བཀག་པ་ཡིན་གསུངས་ནས་དེའི་དུས་སུ།
ཚད་མེད་ཡོངས་སུ་དག་པ་སྙིང་རྗེ་ཆེན་པོའི་སྐུ། །ཆོས་ཉིད་རྣམ་དག་གངས་རི་བལྟམས་བ་འདྲ། །སྐྱོན་བྲལ་རིན་ཆེན་པདྨ་བརྩེགས་པའི་གདན། །གདུང་པ་ཀུན་སེལ་ཟླ་བ་རྒྱས་པའི་སྟེང་། །རྡོ་རྗེ་སྐྱིལ་ཀྲུང་བཅས་ནས་བདུད་བཞི་མནན། །ཚད་མེད་འབྲས་བུ་ལོངས་སྤྱོད་རྫོགས་པའི་སྐུ།
།ལ་སོགས་པའི་གཙོ་འཁོར་གསུམ་གྱི་བསྟོད་པ་བྱས་པའོ། །དེ་ནས་སྔར་བསྙེན་པ་བསྐྱལ་བའི་གཤིན་རྗེ་གཤེད་དམར་པོ་དེ་ཞབས་གཡས་ཀྱིས་ཐག་མའི་རི་ལ་སླེབ་པ། གཡོན་པས་[[Kyergang|སྐྱེར་སྒང་]]གི་རི་ལ་མནན་པ། ཕྱག་གཡས་འཁོར་ལོ། གཡོན་སྡིགས་མཛུབ་ཐུགས་ཀར་མཛད་པ་དབུ་སྐྲ་ནམ་མཁའི་ཁམས་ཁྱབ་པ་གཅིག་ཞལ་གཟིགས་སོ། །དེ་ནས་ཁུ་བོའི་ཞལ་ནས་ཤོག་དང་གསུངས་ནས་ཕྱིན་པ་དང་། ཁྱོད་ཀྱིས་ཐུགས་རྗེ་ཆེན་པོ་དང་། གཤིན་རྗེ་གཤེད་གཉིས་ཞལ་མཐོང་འདུག་པས། ད་ཁམས་པ་རྣམས་ལ་ཉན་རྒྱུ་མེད། ཐོས་པ་བྱེད་པ་བས་སྒྲུབ་པ་བྱེད་པ་ཁེ་ཆེ་བས། ད་ལྟ་[[ལ་སྟོད་]]ན་[[ཚ་རི་སྒོམ་པ་]]བྱ་བ་བླ་མ་[[Rechungpa Dorjé Drakpa|རས་ཆུང་པ]]འི་གདམས་ངག་ལ་མཁས་པའི་གྲུབ་ཐོབ་ཅིག་འདུག་ཟེར་བས། ད་ཁྱོད་རང་དེ་རུ་སོང་དང་གསུངས་ནས་དར་ཡུག་དྲུག་དང་གསེར་ཞོ་གང་གནང་ནས་གཙང་དུ་ཕྱིན་པས། ཉི་མ་ཕྱེད་ཙམ་ནས་ལ་ཁ་ཞིག་ཏུ་སླེབ་ནས་ངལ་བསོས་པས། ཉི་མ་དྲོན་པོ་ཞིག་ལ་སེར་ཕྲན་ཞིག་བབས་པས། ཉི་མ་ཚ་ལ་སེར་བ་དྲག་པ་གཉིས་སྟབས་སྟབས་སུ་འཚོགས་བ་འདི་མཚར་སྙམ་པ་བྱུང་བ་དང་། ག་རེ་འདི་ཐམས་ཅད་རང་གི་སེམས་སུ་འདུག །སེམས་སྐྱེ་མེད་ཆོས་ཀྱི་སྐུ་རུ་འདུག་སྙམ་ནས། རང་སེམས་སྐྱེ་མེད་དུ་ལྷན་ཅིག་རྟོགས་པ་བྱུང་བས། ཕྱིས་ནས་ཀྱང་རྟོགས་པའི་ངོ་བོ་ལ་བོགས་འདོན་རྒྱུ་མ་བྱུང་ངོ་།
།དེ་ནས་[[ལ་སྟོད་]]དུ་བླ་མའི་བཞུགས་ས་བྲག་ཞིག་ལ་ཆུ་འགྲམ་དུ་ཕྱིན་པ་དང་། ཉེ་གནས་ཆུ་ལན་པ་དང་འཕྲད་པས། ང་ལ་ཕྱག་འཚལ་འདུག་པས་ཁྱོད་ང་ལ་ཕྱག་འཚལ་བ་སུ་དང་ནོར་བྱས་པས། ཁོ་ན་རེ། ད་ནང་བླ་མའི་ཞལ་ནས་དེ་རིང་དབུས་ནས་གྲུབ་ཐོབ་གཅིག་ང་ལ་འཕྲད་དུ་འོང་བ་ཡོད་པས་དེ་ཐོངས་ཅིག་གསུངས་པ་ཡིན། ད་ཁྱེད་དུ་འོང་བར་འདུག །གཞན་སུ་ལའང་མཇལ་ཀྱིན་མེད་པས་ད་གཤེགས་ཟེར་ནས་བྲག་ལམ་ཞིག་ལ་ཕྱིན་ནས། བླ་མ་ལ་དར་ཁ་གང་ཕུལ་ནས། ང་ལ་རྒྱགས་ཙམ་མེད་པས་བླ་མ་རས་ཆུང་བའི་གདམས་ངག་རྣམས་མྱུར་དུ་ཚར་བ་ཞིག་ཞུ་དགོས་བྱས་པས། ཁྱོད་ཀྱི་གསེར་དང་དར་ཡུག་ཟད་ཙམ་ན་ཚར་བར་བྱ་ཡི་གསུངས། ངས་བླ་མ་ལ་རྫུན་དེ་ཀ་ལས་ཟེར་མ་མྱོང་། དེ་ནས་གསེར་དང་དར་བཙོང་ནས། བདེ་མཆོག་ལྷ་བཅུ་གསུམ་དང་ཕག་མོ་ལྷ་བཅུ་གསུམ་ལ་སོགས་པའི་དབང་ཞུས་ནས་ལོ་གཉིས་ལ་གདམས་པ་རྣམས་ཚར་བར་གནང་ངོ་། །དེ་ནས་འོ་ཡུག་ན་[[བླ་མ་སྤེན་ཕུག་པ་ཆེན་པོ་]]བྱ་བ། ཇོ་བོ་རྗེའི་གསང་སྔགས་ཐམས་ཅད་ཀྱི་བཀའ་བབས་པ་ཞིག་ཡོད་ཟེར་ནས། [[བླ་མ་སྤེན་ཕུག་པ་ཆེན་པོ་]]དང་མཇལ་ནས་བདེ་མཆོག་ལ་སོགས་པའི་དབང་མང་དུ་ཞུས། ལོ་ལྔའི་བར་དུ་ཇོ་བོའི་གདམས་ངག་ཚར་བར་གནང་ནས། ཇོ་བོའི་ཌཱ་མ་རུ་གཅིག་དང་ཐུགས་དམ་རྣམས་གནང་ངོ་། །དེ་ནས་[[ཤངས་ཀྱི་ལྷ་ཕུ་]]ན་[[Mokchokpa Rinchen Tsöndrü|བླ་མ་རྨོག་ལྕོག་པ་]]བྱ་བ། སྒྱུ་ལུས་རྨི་ལམ་འབྱོངས་པས། འོད་གསལ་མངོན་དུ་གྱུར་པའི་བླ་མ་གྲུབ་ཐོབ་ཆེན་པོ་གཅིག་བཞུགས་ཟེར་བ་ཐོས་ནས། བླ་མ་དང་མཇལ་དུ་ཕྱིན་པས། ལམ་ཁར་ཕྱུག་པོ་གཅིག་གིས་གསང་ལམ་གྱི་ན་བཟའ་གཅིག་བསྐུར། དེའི་དགོང་མོ་ལ་རྩར་ཉལ་བས་མི་ནག་པོ་རས་ཀྱི་ཨང་རག་གྱོན་པ་ཞིག་བྱུང་ནས། ནང་པར་འགྲོ་བའི་ཡའུ་བཙལ་ནས་དགྲ་མི་ཡོང་བར་ཡོད་ཅིང་། ངས་ཁྱོད་ཀྱི་བྲན་བཞིན་ཉན་གྱིས་སུ་ཐོད་ཐོད་ལ་མ་བྱིན་ཅིག་ཟེར་ནས་མི་སྣང་བར་སོང་ངོ་། །དེ་ནས་ལ་ལ་ཟླ་བོ་མང་དུ་བྱུང་། སྐུང་ལུང་དུ་བླ་མ་དང་མཇལ་དུ་ཕྱིན་པས་བླ་མའི་ཞལ་ནས། མདང་མི་ནག་པོ་གཅིག་བསུར་མ་བྱུང་ངམ་གསུངས། བྱུང་ལགས་བྱས་པས། དེ་མགོན་པོ་ཡིན་ཁྱོད་ཀྱི་བྲན་བཞིན་འོང་བར་འདུག་གོ་གསུངས་སོ། །དེ་ནས་མཚོན་ཆ་ཅན་གྱི་དབང་བསྐུར་མཛད་ནས་སྔོན་འགྲོ་དང་ཐབས་ལམ་གྱི་ཁྲིད་ཚར་བ་དང་། བླ་མའི་ཞལ་ནས། [[Niguma|ཡེ་ཤེས་ཀྱི་མཁའ་འགྲོ་མ་ནི་གུ་མ]]འི་ཆོས་དྲུག་ཆིག་བརྒྱུད་ཡིན་པས་འདི་ལྷག་མ་མ་ལུས་པ་ཞིག་ཁྱོད་ལ་སྟེར་དགོས། འདི་ལ་སྤྱིའི་དབང་བསྐུར་གཅིག་དང་སྒོ་སྒོའི་དབང་བསྐུར་རེ་ཡོད་པས། མིས་མ་ཚོར་བ་བྱེད་དགོས་གསུངས་ནས། དང་པོ་ཐབས་ལམ་གྱི་དབང་བསྐུར་ནས་མེ་རྒོད་གཏུམ་མོའི་ཁྲིད་རྐྱང་པས་ཞག་བདུན་ནས་རས་ཐུབ་པར་བྱུང་བ་དང་། ད་སྤྱིའི་དབང་བསྐུར་བྱེད་དགོས་གསུངས་ནས། ནམ་ཕྱེད་ནས་དབང་བསྐུར་བའི་དུས་སུ་བདེ་མཆོག་དང་། [[Niguma|ཌཱ་ཀི་མ་ནི་གུ་མ]]འི་ཞལ་མཐོང་། ཡང་སང་དགོང་སྒྱུ་ལུས་ཀྱི་དབང་བསྐུར་རྐྱང་པས་སྒྱུ་མའི་ཉམས་བཟང་པོ་བྱུང་ནས། སྣང་བའི་བདེན་འཛིན་ཐམས་ཅད་ཞིག་ནས་སོང་ངོ་། །དེ་ནས་ཟླ་བ་བཅུ་གཉིས་ནས་རྨི་ལམ་གྱི་དབང་བསྐུར་ནས། རྨི་ལམ་བཟུང་བས། ཟིན་པ་དང་སྦྱོང་སྤེལ་ཤེས་པ་དུས་གཅིག་ལ་བྱུང་བས། བླ་མའི་ཞལ་ནས། དབང་པོ་རབ་ཏུ་གྱུར་པ་ལ། །ཟིན་དང་སྦྱོང་སྤེལ་མཉམ་དུ་འོང་། །བྱ་བ་ཡིན་གསུངས་ནས་ང་ལ་བསྟོད་ར་མང་པོ་མཛད་དོ། །དེ་ནས་རྨི་ལམ་གྱི་སྟོབས་ཆེན་པོ་བྱུང་བ་དང་། བླ་མའི་ཞལ་ནས། ངའི་ཉེ་གནས་དེ་ཚོང་དུས་སུ་ཇ་འདོན་དུ་སོང་པ་ཡིན་ཏེ་ད་རུང་མ་བྱུང་། ཁོ་ལ་དགྲ་བྱུང་བ་ཡིན་ནམ་དོ་ནུབ་རྨི་ལམ་ཟུངས་ལ་ལྟོས་ཤིག་གསུངས་པས། ནམ་ཕྱེད་ཚུན་ཆད་གསོལ་བ་བཏབ་ནས་ཐོ་རངས་རྨི་ལམ་བཟུང་ནས་ཕྱིན་པས། ཁོ་ཚོང་དུས་ནས་ཉི་མ་གཅིག་འོངས་བའི་ས་ན། ཇ་སིག་མགོ་ཆགས་གཅིག་ལ་སྔས་གཏད་ནས་འདུག །ཇ་སིག་ནང་ན་རེ་བས་གཏུམས་པ་གཅིག་འདུག་ནས། ནང་པར་བླ་མའི་སྤྱན་སྔར་ཕྱིན་ནས་ཉེ་གནས་ཀྱིས་ཇ་ལོན་ནས་ཇ་སིག་ནང་ན་རེ་བས་གཏུམས་པ་གཅིག་ཀྱང་གདའ་ཞུས་པས། བླ་མའི་ཞལ་ནས་རེ་བས་གཏུམས་པ་དེ་ཏིག་ཅུག་གཅིག་རེ་བས་གཏུམས་ནས་འདུག་པས། ད་རུང་བོང་བུ་འ་མོ་ཀ་རྒན་པར་འདུག་པས་སྒོམས་ཤིག་གསུངས་སོ། །དེ་ནས་ཟླ་བ་བདུན་གྱི་མཚམས་བྱས་ནས་རྨི་ལམ་གྱི་འདུན་པ་རྩེ་གཅིག་ཏུ་བཏང་བས། ཉིན་པར་སྒྱུ་མའི་རྟོགས་པ་རང་ཤར་དུ་བྱུང་། མཚན་མོ་རྨི་ལམ་བཟུང་ནས་ཨོ་རྒྱན་དུ་ཕྱིན་ཏེ། [[སློབ་དཔོན་ལྭ་བ་པ་]]ལ་ཚིག་བསྡུས་ཞུས། ཌཱ་ཀི་མ་སེང་གེའི་གདོང་ཅན་ལ་དེ་ཉིད་གསུམ་གྱི་རྫོགས་རིམ་དང་རྩ་བ་བཅུ་པའི་གདམས་ངག་ཞུས། ཡང་རྨི་ལམ་བཟུང་ནས་རྒྱ་གར་ལྷོ་ཕྱོགས་སུ་སློབ་དཔོན་ཕྱོགས་ཀྱི་གོ་ཆ་ལ་ཕྱི་ནང་གསང་གསུམ་གྱི་རྟེན་འབྲེལ་ཞུས། ཡང་པོ་ཊ་ལར་ཕྱིན་པས་སྒྲོལ་མ་གཙོ་འཁོར་གསུམ་ཞལ་མཐོང་། སྒྲོལ་མའི་ཞལ་ནས།
སྒྱུ་ལུས་བདེན་མེད་གནད་ཡིན་ཨ་འཐས་ཤིག །རྨི་ལམ་འདུན་པའི་གནད་ཡིན་ལམ་དུ་ཁྱེར། །འོད་གསལ་མོས་གུས་གནད་ཡིན་གསོལ་བ་ཐོབ། །གཞན་དོན་སྙིང་རྗེའི་གནད་ཡིན་ཕྱོགས་འཛིན་སྤོངས།
།ལ་སོགས་པའི་ཆོས་མང་པོ་གསུངས་སོ།
།དེ་ནས་[[Jé Gampopa|བླ་མ་ལྷ་རྗེ]]འི་མཆོད་པའི་དུས་སུ་ལྷ་བཞིའི་མདུན་བསྐྱེད་དང་བདག་བསྐྱེད་གཉིས་ཀྱི་དབང་གནང་ནས། ཞག་ཉི་ཤུ་རྩ་གཅིག་བསྒྲུབས་པས་སྤྱི་བོའི་སྟེང་ན་ཉིན་མཚན་མེད་པར་བཞུགས་པ་ཞལ་མཐོང་བས། བླ་མའི་ཞལ་ནས་ད་ཡི་དམ་ནི་རྒྱུན་ཆད་མེད་པར་མཐོང་ནས་འདུག །རྨི་ལམ་གྱི་སྟོབས་ནི་ཆེན་པོ་བྱུང་འདུག་པས། ད་མཚོན་ཆ་ཅན་གྱི་གྲྭ་བ་སོ་མ་རྣམས་ཀྱི་ཆོས་སྒོ་འབྱེད་པ་བྱེད་དགོས། ཁྱོད་ང་ལ་མོས་པ་འདུག་གསུངས་སོ། །དེ་ནས་དབྱར་གཅིག་ཆོས་སྒོ་ཕྱེས། ཐུགས་རྗེ་ཆེན་པོའི་སྒྲུབ་ཐབས་བཤད་པས་དགེ་སྦྱོར་གྱི་སྟོབས་ཀྱང་ཆུང་དུ་སོང་། འདུ་འཛི་ཆེས་པས་སོ་ཡང་མ་བསོད་པར་བྱུང་ནས། ཆོས་སྒོ་འབྱེད་པ་དེ་བཤོལ་ནས་མཚམས་དམ་པོ་བཅད་ནས་བསྒོམ་ཀྱང་། དགེ་སྦྱོར་དེ་ཡུན་རིང་པོ་སོར་ཚུད་དུ་མ་གཏུབ་པས། ད་དག་པའི་ས་གསུམ་ལ་མ་སླེབ་བར་མི་ཟས་དང་། གཞན་དོན་ཀྱང་བྱེད་མི་གཏུབ་པར་འདུག་སྙམ་པ་བྱུང་བ་དང་། ཐུགས་རྗེ་ཆེན་པོ་བྱོན་ནས།
འདུ་འཛི་གཡེང་བ་བདུད་ཀྱི་བར་ཆད་ཡིན། །ཆགས་སྡང་སྣ་ཚོགས་གྲོགས་སུ་མ་འཆར་བར། །རྐྱེན་ངན་དབེན་པའི་དགོན་པ་རྟག་ཏུ་བསྟེན། །ཚེ་ལ་ལོང་མེད་འཆི་བ་བསམ་པར་རིགས།
།ཞེས་གསུངས་སོ། །དེ་ནས་དགེ་སྦྱོར་སོར་ཆུད་པ་དང་། ཚེས་བཅོ་ལྔའི་ཉི་མ་ཤར་མ་ཐག་ལ། དགྱེས་རྡོར་མཚོན་ཆ་ཅན་ལྷ་བཅུ་གསུམ་གྱི་དཀྱིལ་འཁོར་སྐུ་རི་བོ་ཙམ་ཡོད་པ་ཞལ་མཐོང་། དེ་ནས་ཉི་ཤུ་གཉིས་ལ་རྨི་ལམ་བཟུང་ནས་དཔལ་འབྲས་སྤུངས་སུ་ཕྱིན་པས་རྒྱུད་སྡེ་ལྔའི་ལྷ་ཚོགས་རྣམས་ཀྱི་ཞལ་མཐོང་ནས་ཐམས་ཅད་གསུང་གཅིག་ཏུ་འདི་སྐད་གསུངས་སོ།
།དབང་བཞི་མ་རྫོགས་སྨིན་པར་ག་ལ་ནུས། །དབྱེར་མེད་བསྐྱེད་རིམ་མ་སྒོམ་གྲོལ་མི་སྲིད། །ཐོབ་འདོད་རེ་བས་འབྲས་བུ་མི་འབྱིན་པས། །རང་གྲོལ་རང་ཤར་སྐུ་གསུམ་དབྱེར་མེད་པས།
།ཞེས་ལན་གསུམ་གསུངས་པས། ཅིར་སྣང་ཐམས་ཅད་བསྐྱེད་རྫོགས་དབྱེར་མེད་དུ་རྟོགས་སོ། །དེ་ནས་མཚམས་བཀྲོལ་བ་དང་། ནུབ་གཅིག་རྨི་ལམ་ན། ཡི་གེ་ཨ་གཅིག་གིས་གསུས་པ་ཕར་ཐལ་ཚུར་ཐལ་དུ་ཕུག་པ་དང་། ཟུག་རྔུ་ཆེན་པོ་བྱུང་། ཡང་ལྕི་བ་དང་རི་ལ་འབུ་དབང་མེད་དུ་ཟ་དགོས་པ་གཅིག་རྨི་བ་དང་། ནང་པར་བླ་མའི་གསུངས་མ་ཆོག་པར་ཕྱུག་པོ་གཅིག་གི་བསྙེན་བསྐུར་ལ་ཕྱིན་པ་དང་། དེའི་དགོང་མོ་ལུས་པོ་ཐམས་ཅད་གཤག་གཏུབ་བྱས་པ་བཞིན་ན་ནས། སྨན་དང་རིམ་གྲོ་གང་གིས་ཀྱང་མ་ཕན་པར་ཤི་ལ་ཐུག་པ་དང་། ཐོ་རངས་སྒྲོལ་མ་དཀར་མོ་བྱོན་ནས། ཁྱོད་ཀྱི་ན་བ་འདི་སྐུ་གླུད་ཟོས་པས་ལེན་པ་ཡིན། དེ་གཞན་གྱིས་ཀྱང་མི་ཕན་པས་བྲུལ་གཏོར་ཐོངས་ཤིག །དེས་དམྱལ་བའི་ལས་ཞི་དེ་ལས་གྲོལ་བར་འགྱུར་རོ། །གསུངས་ནས་བྲུལ་གཏོར་བཏང་བས་ནད་དྲག་པོ་སོས་སོ། །དེ་ནས་བྲུལ་གཏོར་ཁོ་ན་ལ་མོས་ཤིང་ཡིད་ཆེས་པར་བྱུང་ངོ་། །དེ་ནས་བླ་མ་ལ་རྒྱུད་སྡེ་ལྔའི་དབང་ཞུས་ནས་དགྱེས་རྡོར་དང་། དགྲ་ནག་དང་། འཇིགས་བྱེད་དང་། རྒྱུད་སྡེ་ལྔའི་སྒྲུབ་ཐབས་དང་། གདམས་པ་རྣམས་མ་ལུས་པར་ཞུས་ནས། ད་ནི་ཤེས་བྱའི་སྒྲིབ་པ་མ་དག་བར་དུ་སྒྲུབ་པ་ཞིག་བྱ་དགོས་སྙམ་ཙ་ན། ཉིན་གཅིག་རྟ་པ་སུམ་བརྒྱ་ཙམ་བྱུང་ནས། ཁུ་བོ་འབའ་ཚད་མ་བ་གྲོང་པས་གདན་ས་ལ་འགྲོ་དགོས་ཟེར་ནས་བྱུང་བས། ང་མི་འགྲོ། ཁྱོད་རང་རྣམས་གདན་ས་གཞན་ལ་འཆོས། ད་ང་མ་ཤིའི་རིང་ལ་སྒྲུབ་པ་ཞིག་བྱེད་པ་ཡིན་བྱས་པས། བླ་མས་དམ་ཚིག་ལ་བསྒྲེས་ནས། ཁུ་བོའི་གདན་ས་གྱིས། དགེ་སྦྱོར་འཕེལ་བར་འོང་གིས། ཡེ་ཤེས་མགོན་པོ་ཕྱག་དྲུག་པ་བྲན་བཞིན་དུ་ཉན་པའི་བཀའ་བསྒོ་གནང་། བུ་འདི་རུ་མ་འདུག་དབུས་སུ་སོང་། མགོན་པོ་འདི་བྲན་བཞིན་དུ་ཉན་པར་འདུག་ཅིག་གསུངས་ནས། དེའི་དུས་སུ་[[Kyergang|སྐྱེར་སྒང་]]དུ་འོངས་ནས། སྐུ་འབུམ་གཅིག་བཞེངས་ནས་གདན་ས་བྱས། ད་དགོན་པ་འདི་ལ་ལྕགས་རི་གཅིག་བྱ་དགོས་སྙམ་པ་དང་། གར་དགོས་སུ་ས་སྤུངས་ནས་བྱུང་བ་དང་། རྨང་གཏིང་བས་ཡུལ་བས་དགག །དེ་ལ་མ་དགའ་བ་ཞིག་བྱུང་སྟེ། བླ་མའི་ཞལ་ནས་ཆོས་སྐྱོང་འདི་བྲན་བཞིན་དུ་ཉན་པར་འདུག་ཅིག་གསུངས་པ་ཡིན་ཏེ། ད་ལྕགས་རི་ཡང་དོན་མེད་པར་ཁོང་ཚོས་བཅག་ནས་མེད་དོ་ཟེར་བ་གཅིག་ཁ་ནས་ཤོར། དེའི་དགོང་མོ་ལྕགས་རི་བཅོག་པའི་མི་ཚང་མང་ཚད་ཅིག་ཤི་ནས་ནང་པར་བབས་བྱས། ང་ཡང་འགྱོད་ནས་བདུན་ཚིགས་བྱས་སོ། །དེ་ནས་ད་ནི་འདུ་འཛི་ལ་གཡེངས་ནས་འགྲོ་བར་འདུག་སྙམ་ནས་ཁུ་བོའི་ཟླ་མཆོད་མ་གཏོགས་པ་མཚམས་དམ་པོ་བྱས་ཏེ། གཉིད་ཙམ་མ་ལོག་པར་དགོངས་མོ་ས་རུབ་ནས་ནམ་མ་ལངས་བར་ལ་སྐུ་འབུམ་ལ་བསྐོར་བ་བྱས། ཉིན་པར་ཉལ་ས་ལས་མ་གཡོས་པར་དགེ་སྦྱོར་གཅིག་པོ་བྱས་པས་རྨི་ལམ་དང་འོད་གསལ་གྱི་སྟོབས་ཆེན་པོ་བྱུང་ནས། ནུབ་གཅིག་རྨི་ལམ་བཟུང་ནས་མཆོད་རྟེན་དཔལ་ཡོན་ཅན་ལྟར་ཕྱིན་པས་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པའི་ཞལ་ཡས་ཁང་ན། ཤེལ་གྱི་མཆོད་རྟེན་སངས་རྒྱས་ཀྱི་རིང་བསྲེལ་མ་ག་ཏའི་བྲེའི་ཁལ་གཅིག་བྲེ་བདུན་བཞུགས་པ་འོད་ཟེར་སྣ་ལྔ་ཕྱོགས་བཅུར་འཕྲོ་བ་འོད་ཟེར་གྱི་སྣ་ལ་མཆོད་པའི་ལྷ་མོ་དཔག་ཏུ་མེད་པ་བྱུང་ནས་མཆོད་པ་འབུལ་བ། གཞལ་ཡས་ཁང་གི་ནང་ཐམས་ཅད་རྒྱུད་སྡེ་ལྔའི་ལྷ་ཚོགས་མང་པོ་རིམ་པ་བཞིན་དུ་བཞུགས་པ། དེའི་ཕྱི་རིམ་ལ་ལྷ་དང་ཀླུ་དང་གནོད་སྦྱིན་དང་དྲི་ཟའི་ཚོགས་ཀྱིས་མཆོད་པ་འབུལ་བ་འདི་ལྟ་བུ་ཞིག་འདུག་ནས། ངས་ཀྱང་སྐད་ཅིག་ལ་ཕྱི་ནང་གསང་གསུམ་གྱི་མཆོད་པ་དཔག་ཏུ་མེད་པ་སྤྲུལ་ནས་ཕུལ་བ་དང་། ཌཱ་ཀིའི་ཚོགས་ཐམས་ཅད་མགྲིན་གཅིག་ཏུ་རིགས་ཀྱི་བུ་དེ་ལྟ་བུའི་མཆོད་པ་ནི་ཨེ་མ་ཧོ་ལན་གསུམ་གསུངས་པ་དང་། གསང་སྔགས་ཀྱི་ལྷ་ཚོགས་རྣམས་ཀྱི་ཐུགས་ཀ་ནས་འོད་ཟེར་བྱུང་ནས་རིགས་ཀྱི་བུ་ཚུར་ཤོག་དབང་བསྐུར་བར་བྱའོ་གསུངས་ནས། དབང་བཞི་རྫོགས་སུ་བསྐུར་བ་དང་། ལྷ་དབང་བསྐུར་བ་དང་། བདག་དང་མཆོད་པའི་ཚོགས་ཐམས་ཅད་ཀྱང་སྐྱེ་འགགས་དང་བྲལ་བའི་ཟུང་འཇུག་ཕྱག་རྒྱ་ཆེན་པོ་རྟོགས་ནས།
རིན་ཆེན་བརྩེགས་པའི་གཞལ་ཡས་ཁང་། །རྟེན་ཡོངས་སུ་དག་པའི་མཆོད་རྟེན་ལ། །རྒྱལ་བ་བདུན་གྱི་རིང་བསྲེལ་བཞུགས། །ཡིད་ཀྱིས་སྤྲུལ་པའི་མཆོད་པ་འབུལ། །དེ་ཡང་དམིགས་མེད་སྒྱུ་མའི་ཉམས། །ཟུང་འཇུག་ཕྱག་རྒྱ་ཆེན་པོར་རྟོགས།
།ཞེས་བྱ་བ་ལ་སོགས་པའི་མགུར་དེ་བླངས་སོ། །ཡང་རྨི་ལམ་བཟུང་ནས་པོ་ཏ་ལར་ཕྱིན་པས། རིན་པོ་ཆེ་ལས་གྲུབ་པའི་མཆོད་རྟེན་ལྟ་བུའི་སྟེང་ན། ཐུགས་རྗེ་ཆེན་པོ་གཙོ་འཁོར་གསུམ་པོ་རིན་པོ་ཆེའི་རྒྱན་སྣ་ཚོགས་ཀྱིས་བརྒྱན་པ་འོད་ཀྱི་རང་བཞིན་ཅན་ཏུ་བཞུགས་ནས་འདུག །ཁྲི་འཕང་རྣམས་ལ་ཐུགས་རྗེ་ཆེན་པོ་ཁ་སར་པཱ་ཎི་བྱིས་པ་ལོ་བརྒྱད་ལོན་པའི་ན་ཚོད་ལྟར་བཞུགས་ནས། ཆོས་ཀྱི་ཞུ་བ་པོའི་ཚུལ་མཛད་དེ།
ལྷ་ཀླུ་གནོད་སྦྱིན་དྲི་ཟ་རྣམས། །སྐྱོན་བྲལ་ཐུགས་རྗེ་ཆེན་པོའི་སྐུ། །ཐེག་ཆེན་ཆོས་རྣམས་སྟོན་པར་འགྱུར། །གང་མོས་དོན་རྣམས་དྲི་བར་བྱོས།
།ཞེས་གསུངས་པ་དང་། རི་རབ་ཀྱི་འོག་ནས་པདྨའི་སྡོང་པོ་ལ་ལྷ་དང་ཀླུ་དང་གནོད་སྦྱིན་དང་དྲི་ཟའི་ཚོགས་ལག་ན་མཆོད་པ་དཔག་ཏུ་མེད་པ་ཐོགས་ནས་འཁོད་དེ་རང་རང་གི་སྐད་ཀྱིས་ཁ་སར་པཱ་ཎི་ལ་ཞུས། ཁ་སར་པཱ་ཎིས་གཙོ་འཁོར་གསུམ་ལ་ཞུས་པ་དང་། ཐུགས་རྗེ་ཆེན་པོས་རང་རང་གི་སྐད་དུ་སྐྱེ་གནས་སྦྱོང་བ་དང་། གསང་སྒྲུབ་གསུངས་སོ། །དེ་ནས་གཙོ་འཁོར་གསུམ་པོ་བཅུ་གཅིག་ཞལ་དུ་གྱུར་ནས། དེའི་གནས་གསུམ་ནས་འོད་ཟེར་གསུམ་བྱུང་ནས་བདག་གི་གནས་གསུམ་དུ་ཕོག་པས། བདག་ཀྱང་ཐུགས་རྗེ་ཆེན་པོའི་སྐུར་གྱུར་པ་དང་། བཅུ་གཅིག་ཞལ་གྱིས་དུག་སྦྱོང་བའི་གདམས་ངག་དང་། གཟུངས་རིང་གི་བཟླ་ཐབས་དེ་གསུངས་ནས། པོ་ཏ་ལའི་གཟུངས་ཟུངས་ཤིག །དེ་མཐོང་ཚད་ངན་སོང་ལས་ཐར་ཐུགས་རྗེ་ཆེན་པོ་ཐོབ་པར་འགྱུར་རོ་གསུངས་སོ།
།ཡང་མདོ་བོ་ན་བླ་མ་ལྷོ་པས་བདེ་མཆོག་གི་དབང་བསྐུར་བྱེད་ཅིང་ཡོད་ཟེར་ནས་རྨི་ལམ་བཟུང་ནས་ལྟར་ཕྱིན་པས། བླ་མ་ལྷོ་བ་དེ་ཧེ་རུ་ཀ་ཞལ་གཅིག་ཕྱག་བཅུ་གཉིས་པར་གྱུར་ནས་བུམ་པ་བཟུང་ནས་སློབ་མ་རྣམས་ལ་བདེ་མཆོག་དངོས་ཀྱི་དབང་བསྐུར་ནས་འདུག་པ་ལ། ད་ལྟ་བོད་ན་བདེ་མཆོག་དངོས་ཀྱི་དབང་བསྐུར་བ་ལྷོ་པ་ལས་མི་འདུག་གསུངས་སོ། །ཡང་དུང་རུང་སྒང་པས་དབང་བསྐུར་བྱེད་ཀྱིན་ཡོད་ཟེར་ནས། དངོས་བཞིའི་སྲོད་ལ་རྨི་ལམ་བཟུང་ནས་བལྟས་པས། གཞི་དེའི་ཀླུ་སྲིན་མོ་གཅིག་གིས་གཏོར་མ་ཟོས་ནས་རང་བྱུང་གི་ཁྲག་སྙིང་ཁར་བྱུགས་པས་སློབ་མ་ཐམས་ཅད་འཐབས་པས་རྨས་མ་མང་པོ་བྱུང་ནས། ནང་པར་དུང་རུང་སྒང་པ་ནམ་ལངས་མ་ཐག་ངའི་གམ་དུ་བྱུང་བ་ལ། དགེ་བཤེས་དབང་བསྐུར་ཉེས་སམ་བྱས་པས་མདང་འཐབ་མོ་མང་དུ་བྱུང་ཟེར་བས། གཏོར་མ་མི་ཐུབ་པར་དབང་བསྐུར་བྱེད་པ་ག་ན་འོང་། ཁྱེད་རང་གི་གཞི་དེའི་ཀླུ་སྲིན་མོ་དེས་བར་ཆད་བྱེད་ཀྱིན་འདུག་པ་ཡིན། ད་ངས་རྟེན་འབྲེལ་བྱས་ལ་ཚེ་སྲིངས་ཤིག་བྱས་ནས་མར་མེ་སྦར་བ་གཅིག་ཁོ་ལ་གཏད་ནས་འདི་ཁྱེར་ལ་དགོན་པར་ཤད་ཀྱིས་སོང་ལ་བཤགས་པ་གྱིས་ཤིག་བྱས་ཙ་ན། ལམ་ཁར་ཇ་འཐུང་ཞིང་བསྡད་པས་ལམ་ཁར་མར་མེ་ཟད་ནས། ཁོ་ཡར་སླེབ་མ་ཐག་བཤགས་པ་བྱ་ལོང་མེད་པར་ཁྲག་སྐྱུགས་ནས་ཤི་འདུག་པས། དབང་བསྐུར་དུས་བགེགས་སྐྲོད་པ་དང་། ཆོས་སྐྱོང་ལ་བཀའ་བསྒོ་བ་གལ་ཆེ་བར་འདུག་གོ། དེ་ནས་དགོང་གཅིག་འབུམ་པ་ལ་བསྐོར་བ་བྱེད་ཅིང་ཡོད་པའི་དུས་སུ་ནམ་མཁའ་ལ་འོད་ཆེན་པོ་ཞིག་བྱུང་ནས་བལྟས་པས། དྲང་སྲོང་[[Rahula|རཱ་ཧུ་ལ་]]མགོ་དགུ་པ་ལག་ན་མདའ་གཞུ་ཐོགས་པ། མགོ་ལུས་ཐམས་ཅད་མིག་གིས་གང་བ། ཁ་ནས་གློག་འཁྱུག་པ། སྐུ་མདོག་དུད་ཁ་ཡོད་པ་ལྷ་མ་སྲིན་སྡེ་བརྒྱད་ཀྱིས་བསྐོར་བ། ནམ་མཁའ་ཁེངས་པ་ཤིན་ཏུ་འཇིགས་པ་ཆེ་བ་ཞིག་མཐོང་ནས། ཇོ་བོ་དཀོན་མཆོག་གསུམ་པོས། སེམས་ཅན་ཐམས་ཅད་དྲང་སྲོང་གི་འཇིག་པ་ལས་བསྐྱབ་ཏུ་གསོལ་བྱས་པས། [[Rahula|རཱ་ཧུ་ལ]]འི་གཡོན་དུ་ལྷ་མོ་དཀར་མོ་ཞིག་བྱོན་ནས།
བུ་ཁྱོད་རང་གི་སེམས་ལ་ལྟོས། །འཇིགས་པས་རང་སེམས་བདུད་དུ་བབས། །ལུས་ཀྱི་གཅེས་འཛིན་གཏིང་ནས་སྤོངས། །སྣང་སྟོང་སྒྱུ་མ་གཟུགས་བརྙན་ལ། །ཅི་ཕྱིར་འཇིགས་དང་སྐྲག་པར་བྱེད། །གཞན་ཕན་གསོལ་བ་འདེབས་པ་དེ། །ལེགས་པར་བསྟན་གྱིས་གུས་པས་ཉོན།
།ཙནྡན་གོ་ཤིར་ཤའི་སྣག་ཚ་ལ། དེ་བཞིན་གཤེགས་པ་ཀླུ་དབང་གི་རྒྱལ་པོ་ལ་ཕྱག་འཚལ་ལོ་ལ་སོགས་པ་དེ་བཞིན་གཤེགས་པ་བཞིའི་མཚན་བྲིས་ལ་ལུས་ལ་ཐོགས་ཤིག །དྲང་སྲོང་གི་འཇིགས་པ་ལས་སྐྱོབ་པར་འགྱུར་རོ་གསུངས་ནས་མི་སྣང་བར་གྱུར་ཏོ། །དེ་ནས་ཟླ་བ་གཅིག་ནས་ཏི་སེ་ནས་རི་པ་སུམ་བརྒྱ་བྱུང་ནས། ཆོས་རྗེ་གྲོང་ཟེར་ནས་འོང་པ་ཡིན་ཏེ། ལ་ལ་ན་རེ་མ་གྲོང་ངམ་ཡང་ཟེར། དོ་ནུབ་རྨི་ལམ་བཟུང་ནས་གཟིགས་པར་ཞུ་ཟེར་བས། ད་ལྟ་རང་བླ་ཡེ་ན་འབུལ་བ་ལེན་ཆོས་བཤད་ཅིང་འདུག་པ་ཡིན་ཏེ་བྱས་པས། ཁོང་རྣམས་ལྐོག་ཤུབ་བྱེད་ཅིང་། གྲུབ་ཐོབ་ཡིན་ཉན་ཡོད་རྟོགས་ལྡན་དུ་མི་འདུག་སྔགས་འདི་ཙམ་འདྲེན་ཅིང་འདུག །ད་རེས་ཁོང་གི་མངོན་ཤེས་ཐོག་ཏུ་ཕེབས་ན་རང་རེ་ཐམས་ཅད་ཐུགས་རྗེ་ཆེན་པོ་ཞུ་དགོས་ཟེར་ཅིང་འདུག །དེ་ནས་ངས། རྩ་གང་ཡིན། མདུད་པ་གང་ཡིན། གྲོལ་བ་གང་ཡིན། གྲོལ་བའི་དགོས་པ་གང་ཡིན། ཙནྡན་གོ་ཤིར་ཤ་གཅིག་ཀྱང་བསྐུར་བ་ཞུ་བྱས་ནས། རི་པ་རྣམས་ལ་ཡི་གེ་བསྐུར་བས། བླ་མ་འབྲི་གུང་པས། གཡུ་ཁང་དུ་དབུ་ཆེ་རྣམས་བསགས་ནས་ཡིག་ལེན་ཇི་སྐད་བསྐུར་བྱས་པས་མ་མཐུན་ཏེ། བླ་མ་རང་གིས་རྩ་ཉོན་མོངས་པ་མདུད་པ་དུག་གསུམ་གྱི་རྟོགས་པ། གྲོལ་བ་ཉོན་མོངས་པ་ལས་གྲོལ་བ། དགོས་པ་དོན་གཉིས་མཐར་ཕྱིན་པའོ་བྱས་པ་དང་། ཙནྡན་དང་། ཟི་པོལ་དང་། གོས་ཆེན་མང་པོ་བསྐུར་ནས་བྱུང་ངོ་། །དེ་ནས་བླ་མ་སོག་པ་དང་། རི་པ་མང་པོས་ཐུགས་རྗེ་ཆེན་པོ་ཞུས་ནས། ཁོང་རྣམས་ཀྱི་ཚེའི་སྟོད་སྨད་ལ་ཇི་ལྟར་བྱུང་བ་དང་། མ་འོངས་པ་རྣམས་བཤད་དེ། ཐུགས་རྗེ་ཆེན་པོ་ལོ་གསུམ་བསྒྲུབ་པར་ཁས་བླངས་སོ། །དེའི་རྗེས་ལ་འགའ་དང་རྒྱའི་རྒྱལ་པོས་བཟུངས་ཆུས་ཕན་ཐོགས་པའི་འབུལ་བ་ཡིན་ཟེར་ནས། དངུལ་བྲེ་གང་དང་། དར་ཟབ་དང་། གསེར་མང་པོ་གཞུང་མགྲོན་པ་ལ་བསྐུར་ནས་བྱུང་བ་དང་། དངོས་པོ་དག་པ་ཅི་བྱུང་ཐམས་ཅད་བླ་མ་ལ་བསྔོས་ནས་བསགས་པས་གཡུ་སུམ་ཅུ། སྣམ་བུ་སྟོང་། འབྲི་གཞོན་སུམ་ཅུ་སོ་དགུ། རྟ་བཅུ་གསུམ། སྣག་ཚའི་བཀའ་འགྱུར་རོ་ཅོག་དང་། གསེར་གྱི་ཉི་ཁྲི། ཇ་སིག་དང་། བེར་ཐུལ་དང་། དཀར་ཡོལ་ལ་སོགས་པ་དངོས་པོ་ཅི་ཡོད་ཐམས་ཅད་བླ་མའི་ཕྱག་ཏུ་འབུལ་དགོས་སྙམ་ནས། འབུལ་བ་སྐྱེལ་རོགས་བཙལ་བས་སྐྱེར་སྒང་པའི་གྲྭ་པ་རྙིང་པ་རྣམས་འཚོགས་ནས། འབའ་ཐམས་ཅད་མཁྱེན་པའི་གདན་ས་ནས། གཞན་དུ་འབུལ་བ་འདི་ཙམ་སྐྱེལ་བ་མི་འཐད་པས། རང་རེས་འབུལ་བ་སྐྱེལ་རོགས་མི་བྱེད་ཟེར་ནས་གྲོས་བྱས་པས། ཤངས་པ་ན་རེ་ཁོངས་རྣམས་ཁྲིམས་བྱས་ནས་འབུལ་བ་སྐྱེལ་རོགས་མི་བྱེད་པར་འདུག་པ་ད་ཅི་འཐད་ཟེར། ངས་དཀོན་མཆོག་ལ་གསོལ་བ་བཏབ་པ་ཡིན་ཏེ། འོ་ན་ཆོས་སྐྱོང་རང་གིས་སྒྲུབ་བམ་བྱས་པ་དང་། ཉི་མ་ཕྱེད་ཡོལ་ཙམ་ན་རལ་གུ་རང་ཕྲུག་གོན་པ། སྐེ་རག་དམར་རུའི་ཐོད་བཅིངས་པ་རྟ་ནག་ཞོན་པ་གཉིས་བྱུང་ནས། ཁྱེད་ལ་འབུལ་བ་སྐྱེལ་རོགས་མེད་ན་ཟླའུ་བཟང་པོ་འདུག་ཟེར་ནས། གང་ན་འདུག་བྱས་པས་འཕན་ཡུལ་པའི་ཚོངས་པ་མང་ཚད་གཅིག་དོ་ནུབ་མོན་འདྲ་ན་འདུག །སང་དགོང་སྒང་བུའི་གནས་སུ་འོང་བར་འདུག་ཟེར་རོ། །སང་དགོང་གཞོན་ཚུལ་གནས་སུ་བཏང་ཙ་ན། རྟ་ནག་ཞོན་པའི་མི་བདུན་མཛོ་ཕོ་མང་པོ་རོལ་དུ་ཁྲིད་ནས་བྱུང་བ་དང་། ཁྱེད་རྣམས་གར་འགྲོ་བྱས་པས་ཤངས་སུ་འགྲོ་ཟེར། འོ་ན་ངེད་ཀྱི་འབུལ་བ་སྐྱེལ་རོགས་དགོས་པས། [[Kyergang|སྐྱེར་སྒང་]]དུ་འདེངས་བྱས་པས་ཁྱེད་རང་གྲབ་ཀྱིས་ཤིག་ཟེར་ནས། ནངས་པར་ནམ་ལངས་མ་ཐག་ཏུ་མི་རྟ་རྣམས་བྱུང་ནས། ངེད་ཀྱི་མཛོ་ཕོ་འདི་རྣམས་ལ་ཁལ་ཁོལ། ཁྱེད་རང་གི་རྟ་ཐམས་ཅད་ལ་ཁལ་ཁོལ་ལ། ངེད་ཀྱི་རྟ་འདི་ལ་བླ་མ་ཆིབས་ཤིག་ཟེར་ནས་རྟ་གཅིག་བཏག །དེའི་དགོངས་མོ་བན་ལུང་དགོན་པར་བསྡད་དོ། །དེ་ནས་ཁོང་རྣམས་ཤོག་གུ་ལ་ལ་ཐག་ཉེ་སྟེ་འཇིགས་པ་ཆེ་བས་ཅི་ཙུག་འཐད་བྱས་པས། ཁྱེད་ཀྱི་རྐྱེན་འདི་ལས་ལྷག་པ་ངེད་ཀྱི་སྒྲོལ་ཕོད་འདི་ན་ཡོད་དོ། །ངེད་ཀྱི་སྐྱེལ་མ་ཐུག་འོང་ཅིག་ཟེར་རོ། །དེ་ནས་ལྷ་ཕུར་དགོང་ཀ་སླེབ་ཙ་ན་ཁོང་རྣམས་ན་རེ། དོ་ནུབ་ཕྱིན་ན་སྐུང་ལུང་སླེབ་པ་འདུག་སྟེ། དོ་ནུབ་མི་ཐོངས་ལ་འབུལ་བ་ལེན་དུ་ཤོག་གྱིས། སང་གྲོ་ལ་སླེབ་པར་འོང་ཅིག །ཁར་སང་ཁྱོད་ལ་འབུལ་བ་སྐྱེལ་རོགས་མི་འདུག་བ་བསུར་འོང་པ་ཡིན། དོ་ནུབ་དུར་ཁྲོད་མུན་པ་མི་བཟད་བ་བྱ་བ་ན། [[Dhanasamskrita|སློབ་དཔོན་དྷ་ན་སཾ་ཀྲྀ་ཏ་]]བྱ་བས་ཚོགས་འཁོར་བྱེད་པ་ཡོད་པས་ངེད་རྣམས་དེར་འགྲོ་བ་ཡིན་ཟེར་ནས་རྡུལ་འཚུབ་ཏུ་བྱས་ཏེ་མི་སྣང་བར་གྱུར་ཏོ། །དེ་ནས་ངས་ཤངས་པ་ལ་སྐྱེར་སྒང་པ་རྣམས་ལ་མ་བཤད་ཅིག །ཁོང་དཔོན་གཡོག་འདྲེས་ཁྲིད་པར་བྱས་སོ་ཟེར་འོང་བྱས། དེ་ནས་ནང་པར་བླ་མའི་སྤྱན་སྔར་ཕྱིན་ཙ་ན། བླ་མའི་ཞལ་ནས། [[Öntön Kyergangpa|དབོན་སྟོན་སྐྱེར་སྒང་པ་]]ཆོས་ཚུལ་བཞིན་དུ་གྱིས་དང་། དཔའ་བོ་དང་ཌཱ་ཀི་བྲན་བཞིན་དུ་ཉན་པར་འདུག་གི་བྱས་པ། ཁར་སང་རི་རབ་ཀྱི་ཟོམ་ན་གནས་པའི་མགོན་པོའི་འཁོར་རྣམས་ན་རེ། དབོན་སྟོན་ལ་འབུལ་བ་སྐྱེལ་རོགས་མི་འདུག་པས་བསུར་འགྲོ་བ་ཡིན་ཟེར་ནས་བསུར་སོང་བ་ཡིན་ཏེ་མ་བྱུང་ངམ་གསུངས་པ་ལ། བསུར་བྱུང་ལགས་ཞུས་པས། མདང་[[Dhanasamskrita|སློབ་དཔོན་དྷ་ན་སཾ་ཀྲི་ཏ་]]དང་། [[དྷརྨ་ཀ་ཤི་ཀ]]འི་ཚོགས་འཁོར་ལ་འགྲོ་ཟེར་ནས་མི་སྣང་བར་ཐལ་བྱས་སོ། །དེ་ནས་བླ་མ་ལ་འབུལ་བ་བྱས་པའི་དགོང་མོ་གཏོར་དབང་གཅིག་མཛད་ནས། ལྷ་མོ་དང་འཁོར་བཞིའི་སྒྲུབ་ཐབས་དང་། ཉི་ཁྲོས་སེར་བ་དང་། གཤིན་རྗེ་ར་སྒྲོལ་ལ་སོགས་པའི་གནད་རྣམས་མ་ལུས་པར་གནང་ངོ་། །ཡང་དབང་བསྐུར་གསུམ་མཛད་ནས་སྣང་བ་ལ་བརྟེན་ནས། བླ་མ་ལམ་དུ་ཁྱེར་བ་དང་། ཡི་དམ་ལམ་དུ་ཁྱེར་བ་དང་། སྒྱུ་མ་ལམ་དུ་ཁྱེར་བ་དང་། ལམ་ཁྱེར་གྱི་ཆོས་གསུམ་དང་། གཞན་ཡང་ཟབ་ཆོས་ལྷག་མ་ཐམས་ཅད་མ་ལུས་པར་གནང་ནས་དབུ་བསྙུང་བཞེས་སོ། །དེ་ནས་མར་འོང་བའི་[[Kyergang|སྐྱེར་སྒང་]]དུ་སླེབ་པའི་དགོང་མོ་ཆུ་བདག་ཝ་རུ་ཎ་བྱུང་ནས། ཤིང་སྡོང་སྐམ་པོ་གཅིག་ལ་མེ་ཏོག་ལྔ་སྐྱེས་པ་གཅིག་འབུལ་དུ་བྱུང་། འདི་ཅིའི་བརྡ་ཡིན་བྱས་པས་རབས་ཆད་པོ་གཅིག་ལ་བུ་འོང་བའི་བརྡ་ཡིན་ཟེར། སང་ཕྱུག་པོ་འབུམ་རྡོར་གདན་འདྲེན་དུ་འོང་བར་ཡོད། ང་ལ་གཏོར་མ་བཟང་པོ་ཐོངས་ཤིག །ཁོ་ལ་སྤུན་ཟླ་ལྔ་འོང་བར་འགྱུར་རོ་ཟེར་ནས་མི་སྣང་བར་ཐལ། དེ་ནས་ནང་པར་ཕྱུག་པོ་འབུམ་རྡོར་རིགས་གཏད་དང་སྣ་ལེན་པ་ལ་འབྱོན་པར་ཞུ་ཟེར་ནས་ཕྱིན་ཏེ། ཕྱེ་ཁལ་བརྒྱ་ལས་བྱས་པའི་གྲུལ་གཏོར་གཅིག་བཏང་བས། གཏོར་མའི་མདུན་དུ་ཝ་རུ་ཎ་བྱུང་། ཤིང་སྡོང་སྐམ་པོ་གཅིག་ལ་མེ་ཏོག་སྐྱེས་པ་གཅིག་ང་ལ་ཕུལ་ནས་ཕྱུག་པོ་འདིས་གཏན་དུ་ཞབས་ཏོག་བྱས་ནས་བུ་མེད་ན་ང་ངོ་ཚ་བར་འདུག་ཟེར་ནས་མི་སྣང་བར་སོང་། དེ་ནས་དགོང་གཅིག་ཝ་རུ་ཎ་བྱུང་ནས་ཁོ་རང་གི་སྒྲུབ་ཐབས་ཕུལ་ནས་ད་ང་ལ་གཏོར་མ་བྱིན་ལ། བི་ན་ཡ་ཀའི་སྟེང་ན་ཀླུའི་ཡིད་བཞིན་ནོར་བུ་ཡོད་པས་འབུལ་བ་ཡིན་ཟེར་ནས་དེར་གཏོར་མ་བསྐྱལ་ནས་ཀླུའི་དངོས་གྲུབ་བླངས་པས། དེ་ལས་འཚོ་བ་ཐམས་ཅད་རྩོལ་མེད་དུ་བྱུང་བ་དང་གཞོན་ཚུལ་ན་རེ། རྡོ་འབྱོང་དེས་ཅི་ཡང་མི་གཏུབ་སྙམ་ཙ་ན། རྡོ་དེ་ལག་ཏུ་བྱུང་ནས་ཟས་ནོར་ཅི་ཡང་བྱུང་ཟེར་རོ། །ཡང་སྟོན་ཟླ་ལ་དབོན་པོ་གཞོན་བརྩོན་ཆོས་བཤད་ཀྱིན་འདུག་པས། ཀྵེ་ཏྲ་པཱ་ལ་དང་། ཝ་རུ་ཎ་གཉིས་ཀྱིས་ཁོའི་ཆོས་ཁྲི་བསྒྱེལ་ཅིང་འདུག་པ་དང་། དེ་བསྒྱེལ་བ་ཅི་ཙུག་ཡིན་བྱས་པས་ཝ་རུ་ཎ་ན་རེ། ཆོས་པ་བྱ་བ་བསམ་པ་བཟང་དགོས་པ་ཡིན་ཏེ། ཁོ་ཞེ་ནག་པར་འདུག་པས་བསྒྱེལ་བ་ཡིན་ཟེར་ཅིང་འདུག་པས། གཞོན་ཚུལ་ལ་ཤངས་པའི་ཆོས་གཅིག་ཀྱང་མ་བྱིན་པ་ཡིན་ནོ། །དེས་ན་ཆོས་པ་ལ་བསམ་པ་བཟང་དགོས་པ་ཡིན་སྙམ་པ་བྱུང་ངོ་། །ཡང་ཚེས་བརྒྱད་ཀྱི་སྔ་དྲོ་སྟོན་གཞོན་བརྩོན་གྱིས་གཏོར་མ་བཤམས་པས། ཝ་རུ་ཎ་བྱུང་ནས་སྣ་ཚ་གྲིབ་བྱུང་བས་གཏོར་མ་མི་འདོད་ཟེར་ནས། གྲིབ་ཅི་ལ་བྱུང་བྱས་པས། གཞོན་བརྩོན་གྱིས་ལག་པ་མི་གཙང་བར་འདུག་ཟེར་བས། ཁྲུས་དང་གཙང་སྦྲ་གལ་ཆེ་བར་འདུག་གོ།
།ཡང་དགུན་ཟླ་ར་བའི་ཚེས་བདུན་གྱི་དགོང་མོ་རྨི་ལམ་བཟུང་ནས། ཨོ་རྒྱན་དུ་ཕྱིན་པས། སློབ་དཔོན་པདྨ་དང་མཇལ་ནས་རྟ་མགྲིན་གྱི་སྒྲུབ་ཐབས་ཟབ་པ་གཅིག་ཞུ་དགོས་བྱས་པ་དང་། སྐད་ཅིག་ལ་སློབ་དཔོན་རྟ་མགྲིན་ཞལ་གསུམ་ཕྱག་དྲུག་པ་གཅིག་ཏུ་གྱུར་ནས། རྟ་སྐད་ཐེངས་གསུམ་བཏོན་པས་མ་མོ་ཌཱ་ཀི་ཐམས་ཅད་འདུས་ནས་རྟ་མགྲིན་གྱི་དབང་བསྐུར་རོ། །པདྨ་རྒྱལ་པོའི་ཞལ་ནས། ངས་རྟ་མགྲིན་གྱི་རྒྱུད་དང་སྒྲུབ་ཐབས་བརྒྱ་རྩ་བརྒྱད་ཀྱི་ནང་ནས་མཆོག་ཏུ་གྱུར་པ། རྟ་མཆོག་རོལ་པའི་རྒྱུད་ལས་བཏུས་པའི་གསང་སྒྲུབ་གཅིག་སྙེ་མོར་སྦས་ཡོད་པ་དེ་སྔགས་པ་གཅིག་གིས་ཐོན་ནས་ཡོད་པས་དེ་ཞུས་ཤིག །རྒྱལ་པོ་དཔེ་དཀར་དཀོར་འདྲེ་དང་འགོང་པོའི་ཚོགས་ཐམས་ཅད་དང་། ལྷ་མ་སྲིན་སྡེ་བརྒྱད་ཐམས་ཅད་འཇོམས་པར་བྱེད་དོ། །གསུངས་ནས་ལུང་བསྟན་པས་སྙེ་མོར་ཕྱིན་ནས་སྔགས་པ་ལ་གསང་སྒྲུབ་ཞུས་སོ། །དེ་ནས་རྨི་ལམ་བཟུང་ནས་པདྨ་ལ་ཞུས་པས་ལེན་གསུམ་གྱི་བར་དུ་གསུངས་ནས། ད་རུང་འཁོར་ལོ་མ་བྱིན་པར་འདུག་པས་ཞུས་ཤིག་གསུངས་སོ། །ཡང་ཉི་ཁྲི་དང་། བུར་སྟོང་གཅིག་དང་། རེ་སྣམ་གཉིས་རྣམས་ཁྱེར་ནས་ཞུས་པས་འཁོར་ལོ་གནང་ངོ་། །དེའི་ཚེས་བཅོ་བརྒྱད་ལ་ལྷ་སར་ཕྱིན་པས། བོང་ང་རིར་ཐུགས་རྗེ་ཆེན་པོ་བཅུ་གཅིག་ཞལ་མཐོང་བས་ནམ་མཁའ་ཐམས་ཅད་འོད་ཀྱིས་ཁེངས་པར་བྱུང་བ་དང་། ཡང་རྩ་ཞལ་ལས་འོད་ཁ་དོག་མི་འདྲ་བ་ཉི་ཤུ་རྩ་གཅིག་བྱུང་བ་དང་། ངེད་དཔོན་གཡོག་ཉི་ཤུ་རྩ་གཅིག་ལ་ཕོག་པ་དང་དུས་དེ་ཉིད་དུ་ཏིང་ངེ་འཛིན་བཟང་པོ་རྒྱུད་ལ་སྐྱེས་སོ། །དེའི་དགོང་མོ་འཕྲུལ་སྣང་དུ་བྱ་ཡུལ་བ་འགས་རིག་གཏད་ཞུས་པའི་རྗེས་ལ། བཅུ་གཅིག་ཞལ་གྱི་བཞད་ཞལ་ནས་འོད་ཟེར་བྱུང་ནས་འཕྲུལ་སྣང་ཐམས་ཅད་འོད་ཀྱིས་ཁྱབ་པར་གྱུར་ཏོ། །དེ་ནས་བཅུ་གཅིག་ཞལ་གྱི་དབང་བསྐུར་ནས་སྒྲུབ་ཐབས་གསུངས་པ་རྣམས་དུས་དེ་ཁོ་ནར་དགེ་བཤེས་གྲགས་ཡེས་ཀྱིས་ཡི་གེར་བཀོད་དོ། །ཡང་དེའི་ཐོ་རངས་ལ་ཇོ་བོ་ཤཱཀྱ་ཐུབ་པ་ལ་ཡན་ལག་བདུན་པ་གཅིག་ཕུལ་ནས་བྱང་ཆུབ་ལྟུང་བཤགས་གཅིག་བཏོན་ཙ་ན། ལྕགས་ཀྱི་དྲྭ་སྒོའི་སྟེང་ན་སུ་ཁ་མ་སིདྡྷི་ལོ་བཅུ་དྲུག་ལོན་པ་ན་ཚོད་ཤིན་ཏུ་གཞོན་པ་སྐུ་མདོག་དཀར་བ་དབུ་སྐྲ་སིལ་མས་སྐུ་རྒྱབ་ནོན་པ། ཕྱག་གཡས་རྣམ་ཐར་སྒོ་གསུམ་མཚོན་པ། གཡོན་པས་སྡིག་མཛུབ་ཐུགས་ཀར་མཛད་དེ། རིགས་ཀྱི་བུ་ཉོན་ཅིག
།ནམ་མཁའ་རིག་མེད་སྟོང་པ་ལ། །རིག་བཅས་སེམས་ཀྱི་རྩ་བ་གཅུན། །རྩ་བ་གཅུན་ལ་ལྷུག་པར་ཞོག
།གསུངས་ནས་གསུངས་ལྷང་ལྷང་བཞུགས་པ་ཞིག་མཐོང་ངོ་། །དེ་ནས་བྲག་ལྷ་ཀླུ་ཕུག་ཏུ་འཕགས་པའི་བཞུགས་སར་རིག་གཏད་གཅིག་བྱས་ནས་ཕྱིར་ཕྱིན་པ་དང་། མཚོ་དཀྱིལ་ན་པདྨའི་སྡོང་པོ་རྒྱས་པའི་སྟེང་ན་ཐུགས་རྗེ་ཆེན་པོ་རྩ་ཕྱག་བདུན་བཅུ་པ་ཞིག་བཞུགས་ནས་ཀླུ་རྣམས་ལ་ཆོས་གསུངས་ཞིང་འདུག་པ་མཐོང་ངོ་། །དེ་ནས་བྲག་ལྷ་གནས་ཀྱི་མདུན་དུ་གཏོར་མ་བཏང་བས་ཕྱག་བཞི་པའི་གཡས་ན་སྒྲོལ་མ། གཡོན་ན་ཁྲོ་གཉེར་ཅན་བཞུགས་པ་མཐོང་ནས་དུག་གསུམ་ཞི་མཛད་ཀྱི་གསོལ་འདེབས་བྱས་པས། སྒྲོལ་མའི་ཞལ་ནས།
གཉིས་འཛིན་སྤངས་ན་འདོད་ཆགས་ངང་གིས་ཞི། །ཕ་མར་ཤེས་པས་ཞེ་སྡང་རང་སར་གྲོལ། །གསལ་ལ་རྟོག་མེད་གཏི་མུག་དབྱིངས་སུ་ཐིམ། །འགག་མེད་དུག་གསུམ་རང་སར་འཆིང་བྱེད་འདི། །དེར་འཛིན་མེད་པས་རང་སར་གྲོལ་བར་ངེས། །ཉོན་མོངས་རང་ཤར་རང་གྲོལ་ཉིད་དུ་ལྟོས།
།ཞེས་ལྷ་སོ་སོས་གསུངས་སོ། །དེ་ནས་ཡང་བྲག་ལྷའི་ཀླུ་དེས་རིག་གཏད་གཟུངས་ཆོག་ཞུས་ནས། ཞག་གསུམ་ཀླུ་ཕུག་ཏུ་བསྡད་དོ། །དེ་ནས་[[Kyergang|སྐྱེར་སྒང་]]དུ་ཕྱིན་ཙ་ན། ངོམ་ཤོད་བའི་དགེ་བཤེས་ཕར་ཕྱིན་དཔོན་གཡོག་གསུམ་མཇལ་དུ་བྱུང་བ་དང་། ནམ་མཁའ་ལ་ཟླ་བ་གཅིག་ཤར་བྱུང་བ་དེ་དྲང་སྲོང་གིས་བཟུངས་བྱུང་བས། ཇོ་བོ་དཀོན་མཆོག་གསུམ་པོ། དྲང་སྲོང་གིས་བཟུངས་བའི་ཟླ་བ་འདི་བཏང་དུ་གསོལ་བྱས་པས་དུམ་པ་གཅིག་བཏང་བྱུང་བས་དེ་དགེ་བཤེས་ཀྱི་ལྟས་སུ་འདུག་ནས། ཁྱོད་ལ་ཚེ་རིང་པོ་མི་ཡོང་བར་འདུག །ངས་ཨེན་ཙམ་གཅིག་བསྲིངས་ནས་ཡོད་ཀྱི། ད་དགོན་པར་རྒྱུག་ལ་ཐུགས་རྗེ་ཆེན་པོ་སྒྲུབས། ལོ་གསུམ་ནས་འདིར་ཤོག་བྱས་སོ། །དེ་ནས་དགེ་བཤེས་དེས་ཐུགས་རྗེ་ཆེན་པོའི་ཞལ་མཐོང་ནས་འཕྲད་དུ་བྱུང་སྟེ། བླ་མ་ཆེན་པོ་ད་ངའི་དོན་གྲུབ་ཟེར་ནས་འདུག་པ་དང་། ངས་དེ་ནས་ཞག་གསུམ་གྱི་དྲོ་ལ་སླེབ་པར་འདུག་ཅིང་། དེ་མ་ཐག་སྤོང་ཐག་གྱིས། དགོན་པར་གཏོད་བྱས་པ་དང་། ཁོས་སླེབ་མ་ཐག་ཏུ་སྤོང་ཐག་བྱས་པས་ཁོ་གྲོངས་ནས་འཇའ་ཚོན་དུ་སོང་ཟེར་རོ། །ཡང་ངམ་ཤོད་ནས་དགེ་བཤེས་ཆོས་རྒྱལ་བྱུང་ནས། བླ་མ་ད་ང་འདོད་ཆགས་གཏན་ནས་དག་འདུག་ཟེར་རོ། །ཕར་ཕྱིན་ལྟར་བྱས་ན་རྒྱུད་ཚོད་མཐོ་རབ་སོང་གདའ། དེར་ཙུག་ཡིན་ཀྱང་བླ་མ་ལ་ཞུར་འོང་པ་ཡིན་ཟེར། ཀླུ་སྲིན་མོས་བར་ཆད་བྱས་འདུག་པས། འདོད་ཆགས་དག་གམ་མ་དག་ལྟ་ཡིས་བྱས་ནས། རྡོ་རྗེ་དྲིལ་བུ་ཁོའི་མགོ་ཐོག་ཏུ་བཞག་ནས་བྱིན་བརླབས་བྱས་པ་དང་། ཁོ་བརྒྱལ་ནས་དྲན་མེད་དུ་སོང་བ་དང་། ཀླུ་སྲིན་མོ་ཡང་བྲོས་ནས་སོང་ངོ་། །ཁོ་ལ་འདོད་ཆགས་མེ་འབར་བ་བཞིན་དུ་སོང་བས། དེ་སྔར་གྱི་གདོན་གྱི་བར་ཆད་བྱུང་བ་མ་ཤེས་པར་འདུག །ད་འདོད་ཆགས་རང་དག་ལ་འགྲོ་བ་གཅིག་ཞུ་དགོས་ཟེར་ནས། ཀེང་རུས་ཏ་རའི་གདམས་པ་བཏབ་ནས་ཏིང་ངེ་འཛིན་བཟང་པོ་བྱུང་ངོ་། །སྐར་ཆུང་བཙས་པོས་སྣ་དྲངས་པའི་མཛེ་ཕོ་བཅུ་གསུམ་ལ་གཟུངས་ཆུ་བྱིན་པ་ཙམ་དང་། རྡོ་རྗེ་དྲིལ་བུའི་བྱིན་བརླབས་བྱས་པ་ཙམ་ལ་མཛེ་ཐོན་པ་བྱུང་ངོ་། །ཡང་ཡོལ་པའི་དཔོན་སློབ་ཞང་བཙུན་བྱ་བ་སྨྱོ་འདུལ་དུ་བྱུང་བས་ཁྱོད་ཀྱི་སྐྱེ་བ་སྔ་མ་རྒྱ་གར་དུ་སློབ་དཔོན་ཇོ་མོ་ཅན་གཅིག་ལ་བ་འཇུག་འདྲ་བ་བྱས་ནས་འབར་བས་རྒྱུ་བྱས་ནས་འདུག་པས་བཤགས་པ་གྱིས་རྐྱེན་ལོ་རོ་རྒྱལ་པོས་བྱས་འདུག་པ་ངས་ལྟ་སྟངས་ཞིག་བྱས་པས་ཁོའི་སྨྱོ་ཐུལ་ལོ། །དེས་ན་བླ་མའི་རྣམ་ཐར་གང་ལ་ཡང་ལོག་ལྟ་མི་བྱེད་པ་གལ་ཆེ་བར་འདུག་གོ། ང་ལ་མོན་པ་འདྲ་བ་གཅིག་གིས་སྨན་བླའི་ལྡེར་བཟོ་གཅིག་གི་རབ་གནས་བཅོལ་བས། ངས་སྨན་བླའི་མཐེའུ་ཆུང་མ་ལེགས་སོ་བྱས་པས། དེ་ནས་ཞག་འགའ་མཐེའུ་ཆུང་ཤིན་ཏུ་ན་བར་བྱུང་བ་དང་། རྗེ་བཙུན་མ་སྒྲོལ་མ་བྱོན་ནས། ཁྱོད་ཀྱི་སྡེར་བཟོ་མ་ལེགས་པ་བྱས་ནས་མ་འཕྱས་པར་སྨན་བླའི་མ་ལེགས་པ་བྱས་པའི་ངག་གི་ཉེས་པ་འདིར་སྨིན་པ་ཡིན་ཅིང་། སྨན་བླའི་སྡེར་བཟོའི་དྲུང་དུ་བཤགས་པ་གྱིས་ཤིག་གསུངས་ནས་བཤགས་པ་བྱས་པས་དྲག་པ་དང་། རྣམ་སྨིན་ཕྲ་ཞིང་ཕྲ་བ་ལ་འཛེམ་པ་དང་། བཤགས་པ་དེ་འཕྲལ་ལ་བྱ་བ་གལ་ཆེ་བར་འདུག །ཡང་གྲི་བོ་མགོན་པོ་ཤ་བ་རྒྱུག་འགྱེལ་གྱི་མན་ངག་འཚོང་ཞིང་འདུག་ནས། དེ་ལ་མི་གསོད་ཀྱི་ཤན་པ་གྲི་པོ་ཤ་བ་མགོན་པོ་བྱས་ནས་ཐེབས་འགའ་འབར་བས། ཁོང་གྲོང་ནས་སྤུར་སྦྱོང་བའི་དུས་སུ་རྨི་ལམ་བཟུང་ནས་བལྟར་ཕྱིན་པས། བདག་མེད་མ་ལྷ་མོ་བཅོ་ལྔ་སྤུར་ཁང་གི་ནང་ན་ཞལ་ཕྱིར་གཟིགས་ནས་འདུག་པ་དེ། ང་ཕྱིན་པ་དང་ནང་དུ་ཞལ་གཟིགས་ནས་འདུག་པ་དང་། བདག་ལ་ཞལ་བསྟན་དུ་གསོལ་བྱས་པས། ཁྱོད་ཀྱིས་སྔགས་ཀྱི་རྣལ་འབྱོར་པ་ལ་འབར་ཡོད་པས་ད་བཤགས་པ་གྱིས་གསུངས་ནས། བཤགས་པ་བྱས་པ་དང་། དགྱེས་རྡོར་ཡབ་ཡུམ་གཉིས་ཀྱིས་ཨཱ་ལི་ཀཱ་ལིའི་བཤགས་པ་བསྟན་ཏེ། བདག་མེད་མའི་ཞལ་ནས། རིགས་ཀྱི་བུ།
གསང་སྔགས་སྤྱོད་པའི་རྣལ་འབྱོར་གྱིས། །རྣམ་ཐར་དཔག་པར་མི་ནུས་ཤིང་། །ཐམས་ཅད་མཁྱེན་པར་མ་གྱུར་ཚེ། །གཞན་རྒྱུད་ཁོང་དུ་མི་ཆུད་པས། །མནར་མེད་སྐྱེ་བའི་ལས་ལ་སོམས། །རང་རྒྱུད་ངན་པས་དག་སྣང་སྦྱོངས། །མཐོལ་བཤག་གཉིས་དང་འབྲལ་མི་བྱེད།
།ཅེས་གསུངས་ནས་མི་སྣང་བར་གྱུར་ཏོ། །དེ་ནས་ཕག་མོ་གྲུ་པའི་ཞི་བྱེད་རྨི་ལམ་དེ་ཞུ་དགོས་སྙམ་ནས་གསོལ་བ་བཏབ་པས། ཕ་དམ་པ་བྱོན་ནས་དུག་གསུམ་ལམ་ཁྱེར་གྱི་གདམས་ངག་ཞུས་པས། ད་གསང་སྒྲུབ་ཀྱི་སྐབས་སུ་འགྲོ་བའི་སྐོར་ལ་ང་སྒོམས་གསོལ་བ་ཐོབ་ཅིག །ངས་ཀྱང་བྱིན་གྱིས་བརླབས་པར་བྱའོ་གསུངས་སོ། །དེ་ནས་སྐོར་རྒྱལ་ཚ་ཉལ་འདུག་པ་དང་ལངས་ནས་ཕྱིར་བྱུང་། ཡང་ཉལ་ནས་ནང་པར་བླ་མས་[[ནཱ་རོ]]འི་ཡིག་ཆུང་ཞི་བྱེད་རྨི་ལམ་དེ་བྱིན་ན་དགའ་སྙམ་འདུག་པ། ནང་བར་ཁྱོད་མོས་ན་མདང་ང་ཡིད་སྨོན་བཏང་བའི་ཆོས་དེ་གཉིས་བྱ་ཡིས་བྱས་པ་དང་། ཁོ་ན་རེ། མདང་གི་དེ་མཁྱེན་པར་ཐུགས་ལ་བཏགས་ཏེ། ལར་བླ་མ་མི་མཁྱེན་དགུ་མཁྱེན། ང་མི་འགྱུ་དགུ་འགྱུ་ངོ་རེ་ཚ་ཟེར་ནས་བྱུང་ངོ་། །ཡང་བཟད་པའི་ཀླུ་ཇོ་སྲས་ཀྱིས་ཤ་མར་ཉི་ཤུ་དང་། སྣམ་བུ་བརྒྱད་ང་ལ་འབུལ་སྙམ་ནས་བྱུང་བ་དང་། གནམ་བར་དུ་ང་ལ་བསྔོས་པའི་ཤ་མར་གཞན་ལ་འབུལ་ནས་མ་ཐེང་། དེ་ལས་སྡིག་ཆེ་བ་མེད་པ་ཡིན། ང་ལ་ད་མཐོ་དམན་མེད་དེ་ཚོང་དཔོན་བཟང་སྐྱོང་གི་མདོ་ལས།
སྦྱིན་ནོ་ཞེས་ནི་ཁས་བླངས་ནས། །གང་གིས་གཞན་ལ་སྟེར་བྱེད་པ། །དེ་ལས་སྡིག་ཆེ་གང་ཞིག་ཡོད། །དེ་ལས་བསླུས་པ་གང་ཞིག་ཡོད།
།བྱ་བ་ཡིན་པ་ད་ཕྱིས་དེ་འདྲ་མ་བྱེད། དགེ་སྦྱོར་མི་བྱེད་ན་ཕྲེང་བའི་འགེལ་ཕུལ། དེ་ལྟ་བུ་མ་བྱེད་ལྷ་ལ་བརྙས་པར་འགྲོ་བ་ཡིན། ཁྱོད་སང་གནབ་ཙན་གྲོང་གསེབ་དང་གྲོང་ལྟག་ཏུ་བསྡད་ནས། ཡིག་སྣ་སྣ་ཚོགས་གསོག་པའི་འཁོར་འབྲི་ཕྱུགས་ཀྱི་འདྲེ་བརྡུང་བའི་ཟླའོ་ཨེན་རེ་ཚོལ་བ་གཅིག་འོང་བར་འདུག་བྱས་པས། ཕྱིས་ནས་འབུལ་བ་ཆེན་པོ་བསྐྱལ་ནས་གཏམ་གཏོང་མ་ནུས་སོ། །ཡང་འཕན་ཡུལ་བའི་བྱའུ་མདར། ང་ལ་རྐུན་མ་བྱེད་དུ་འོངས་ནས་ཅི་ཡང་མ་ཐོབ་པ་དང་། ང་མོས་པ་སྐད་བྱེད་ལ་ཕྱེ་གཅིག་བླངས་འགྲོ་སྙམ་པ་དང་། ཁྱེད་ཀྱི་རྐུན་མ་བྱས་ནས་ཅི་ཡང་མ་ཐོབ། ད་ང་ལ་ཁྱོད་ཕྱེ་འདོད་པ་དེ་བདེན། ཁོ་ལ་གོས་སྣམ་གསུམ་དང་ལམ་རྒྱགས་བསྐུར་བྱས་པས། ཁོ་མོས་ནས་རབ་ཏུ་བྱུང་ཏེ་ལ་བ་གཙང་སྒོམ་ཅན་དུ་བསྒོམས་པས་ཐུགས་རྗེ་ཆེན་པོ་ཞལ་མཐོང་། ཡང་གནམ་བར་གྱི་[[Shangom Chöseng|ཞང་སྒོམ་]]མིང་སྲིང་གཉིས་ཐུགས་རྗེ་ཆེན་པོ་ཞུར་བྱུང་བས། སྲིང་མོ་ལ་ཁྱོད་ཆོས་སྒོར་ཞུགས་ཀྱང་ཁྱིམ་ཐབ་ཡིད་ལ་སེམས་པ་ཙམ་མ་བྱེད་ཅིག །ཐུགས་རྗེ་ཆེན་པོའི་ཕྱོགས་སུ་གྱིས་ཤིག་བྱས་པས། མོ་ན་རེ། དེ་སྔའི་རྣམ་རྟོག་མཐོལ་ལོ་བཤགས། །བློ་ཆོས་སུ་འགྲོ་བར་བྱིན་གྱིས་རློབས། ཟེར་ནས་དམ་བཅའ་དྲག་པོ་བྱས་ནས་བསྒྲུབ་པས་ལོ་བདུན་ནས་ཐུགས་རྗེ་ཆེན་པོ་མཐོང་བ་གཅིག་བྱུང་ངོ་། །དེ་ལ་སོགས་པའི་མི་རྩར་བྱུང་བ་ཕལ་ཆེར་གྱི་ཚེ་རིང་ཐུང་དང་རྣམ་རྟོག་ཅི་སྐྱེས་ཐམས་ཅད་བཤད་པས། འགའ་དང་རྒྱའི་རྒྱལ་པོས་ཐོས་ནས་འབུལ་བ་མང་པོ་བསྐུར་ནས་བྱུང་བ་དང་། ཡང་དབུས་གཙང་གི་དགེ་བཤེས་དང་སྡེ་བཅད་ཕལ་ཆེར་མོས་ནས་ཆོས་ཞུ་བ་དང་། རྟེན་བསྐུར་ནས་རབ་གནས་ཞུ་བ་དང་། བར་ཆད་འོང་མི་འོང་དང་། ཚེ་རིང་ཐུང་ལ་སོགས་པ་འདྲིར་བྱུང་ཚད་ལ་བཤད་པས་ཐམས་ཅད་མོས་པར་བྱུང་། དེ་ནས་མཆེད་གྲོགས་ལྷ་སྡིང་པ་ཕྲག་དོག་སྐྱེས་ཏེ་བསྐུར་པ་བཏབ་པས། དབོན་སྟོན་འདི་བ་སོ་དར་མ་སེང་གེ་བྱ་བ་ཡིན། ཁོ་བྲམ་ཟེའི་ཐེའུ་རང་གཅིག་བསྒྲུབས་ནས་མངོན་ཤེས་རྫུན་བཤད་བྱས་པས་ཐམས་ཅད་མགོ་འཁོར་ནས། ད་ཁོ་ལ་ལོག་འཚོའི་བསོད་ནམས་ཆེ་ཚད་སྐྱེས་འདུག་ཟེར་རོ། །དེ་ཡང་སྔོན་གྱིས་ལས་ངན་ཡིན་ཏེ། ང་སྐྱེ་བ་མང་པོའི་སྔོན་རོལ་དུ་རྒྱ་གར་ཤར་ཕྱོགས་སུ་པཎྜི་ཏ་དྷརྨ་པ་ལ་བྱ་བ་གྲྭ་པ་ལྔ་བཅུ་ཙམ་གྱིས་བསྐོར། ཆོས་ཤིན་ཏུ་མཁས་པ་ཞིག་ཏུ་གྱུར་ནས། རྒྱ་གར་གྱི་ཕྱོགས་ཐམས་ཅད་ནས་ཐེག་པ་ཆེ་ཆུང་གི་ཆོས་ལ་ང་ལས་མཁས་པ་སུ་མི་འདུག་སྙམ་ནས། ཞེ་སྡང་ཕྲག་དོག་གི་ཀུན་སློང་མེད་ཀྱང་། ཆོས་འདི་ཡིན་འདི་མ་ཡིན་དང་། དག་གམ་མ་དག་གི་བཤགས་རལ་ཕྱེ་བ་ཐམས་ཅད་ངའི་སྲོལ་ལ་ཞུགས་སོ། །དེ་ལྟར་བཤགས་ཕྱེ་བ་དེའི་རྣམ་པར་སྨིན་པས། ད་གང་དུ་སྐྱེས་ཀྱང་སྐུར་པ་ཤ་སྟག་བྱུང་ངོ་། །ད་རེས་ཀྱང་ཐུགས་རྗེ་ཆེན་པོ་ལ་སོགས་ཡི་དམ་མང་པོ་ཞལ་མཐོང་། [[Khyungpo Neljor|བླ་མ་ཤངས་པ]]འི་བཀའ་དྲིན་གྱིས་སྒྱུ་ལུས་རྨི་ལམ་འབྱོངས་ནས། འོད་གསལ་དང་གསལ་སྣང་མཆེད་པའི་སྟོབས་ཀྱིས་གཞན་རྒྱུད་ཤེས་པ་བྱུང་ནས་གཞན་ལ་ཕན་པར་འདུག་ནས་བཤད་པས་སྐུར་པ་འདི་བྱུང་བ་ཡིན་ཏེ། ད་རེས་ཀྱི་འདིས་ལས་ཀྱི་ལྷག་མ་ཐམས་ཅད་སངས་དག་ནས་སྐྱེ་བ་ཕྱི་མ་ལ་ཕུན་སུམ་ཚོགས་པའི་གདུལ་བྱ་འབྱུང་བར་འགྱུར་རོ། །དེ་ཡང་ལས་ཀྱི་རྣམ་སྨིན་འདི་འཇིགས་པར་འདུག་པས། མི་དགེ་བ་ཆུང་ངུ་ལ་ཡང་འཛེམ་པ་དང་། བཤགས་པ་མྱུར་དུ་བྱེད་པ་འདི་གལ་ཆེ་བར་འདུག་གོ།
།དེ་ནས་བྱང་རྩེ་ལྡེང་ན་[[Shangom Chöseng|རྟོགས་ལྡན་ཞང་སྒོམ་ཆོས་སེང་]]བྱ་བ། [[Khyungpo Neljor|བླ་མ་ཤངས་པ་]]ལོ་བཅུ་གཉིས་བསྟེན་པའི་རྣལ་འབྱོར་གྲུབ་ཐོབ་ཆེན་པོ་ཞིག་འདུག་ཟེར་ནས་ནམ་ཟླ་སོས་ཀ་ཞིག་མཇལ་དུ་ཕྱིན་ནས། མཁའ་སྤྱོད་མ་དཀར་དམར་དང་དགྱེས་རྡོར་བདེ་མཆོག་དང་། མགོན་པོའི་གནད་ཡིག་དང་། དམིགས་པའི་སྒྲོམ་བུ་དང་། འཕོ་བ་ལ་སོགས་པའི་ཞལ་གདམས་རྣམས་མང་དུ་ཞུས་སོ། །དེ་ནས་ཡང་འདམ་པ་ཅོག་སྟོན་ལ་དཔལ་ལྡན་སྒམ་པོ་པའི་ཆིག་བརྒྱུད་རྣམས་མངའ་བ་དང་། གྲུབ་ཐོབ་ཏུ་འདུག་པ་དེས་བླ་མ་དཔལ་གྱི་གདམས་པ་རྣམས་ཞུས་སོ། །དེ་ནས་སོས་ཀ་དེར་ཆོས་བཤད་ཅིང་ཡོད་ཙ་ན། བླ་ཡེ་ལ་ཕྱག་སྟོང་སྤྱན་སྟོང་དེ་ཡང་མཐོང་། ཡང་མཚོ་ཆེན་པོ་པདྨ་རྒྱས་པ་གཅིག་གི་དཀྱིལ་ན། པདྨའི་སྡོང་པོ་ཤིན་ཏུ་རྒྱས་པ་གཅིག་གི་སྟེང་ན་ཐུགས་རྗེ་ཆེན་པོ་རྩ་ཕྱག་ལྔ་བཅུ་པ་གཅིག་བཞུགས་ནས་འདུག་པ་ལ། པདྨའི་གསེབ་ནས་ཡར་ལ་ལྷ་དང་ཀླུ་མང་པོས་ཆོས་ཞུ་ཞིང་འདུག་པ་གཅིག་མཐོང་བ་དང་། དེའི་ཁྲོ་ཞལ་གྱི་སྤྱན་དབུས་མ་ལས་བགེགས་ཐམས་ཅད་འཇོམས་པ་ཞེས་བྱ་བའི་འོད་ཟེར་མཐིང་ག་གཅིག་བྱུང་ནས་བདག་གི་སོ་ལ་ཕོག་པས་འབུ་སྲིན་དང་། སྡིག་པ་མང་པོ་དོན་སོང་བས་སོ་རྒྱུན་དུ་ན་བ་དེ་དུས་དེར་དྲག་གོ། །དེ་ནས་ཕྱུགས་ནད་མཆེད་དུ་བྱུང་བ་ལ་ནད་ཞི་བའི་གསོལ་བ་བཏབ་པས་ཐོ་རངས་དགྲ་ནག་དང་འཇིགས་བྱེད་ཀྱི་ལྷ་ཚོགས་རྣམས་བྱོན་ནས་ནད་འདྲེ་ཐམས་ཅད་བསད་པ་དང་། རེངས་པ་དང་། བསྐྲད་པས་ནད་ཞག་གསུམ་ནས་ཆོད་དོ། །ཡང་གཤིན་རྗེ་གཤེད་ནག་པོ་དང་། འཇིགས་བྱེད་དང་རྟ་མགྲིན་གསུམ་གྱི་སྒོ་ནས་སྨྱོ་བ་བརྒྱད་ཅུ་བཏུལ་ལོ། །དེ་ནས་བསྐྱེད་རིམ་ལ་བརྟན་པ་ཐོབ་པ་དང་། སྣང་བ་བདེན་མེད་དུ་རྟོགས་པ་གཉིས་མ་བྱུང་གི་བར་དུ་གདོན་དང་སྨྱོན་པ་བཏུལ་ན་གྲིབ་དང་འདྲས་ཆེན་པོ་འོང་བར་འདུག་པས་གཏུབ་ཚད་ཀྱིས་མ་བྱེད་ཅིག །ཡང་གདུང་རྟེན་རྒྱལ་པོ་ཅན་གཅིག་ལ་རབ་གནས་བྱས་པས་རྒྱལ་པོ་དེ་འགྲོ་མ་གཏུབ་རྟེན་ལ་རྡོ་རྗེ་བསྣུན་པའི་གཏམ་རྒྱུད་གསུངས། དྲག་པོ་གཅིག་གཅུན་པས་ཆུན་པའི་རབ་གནས་ལེགས་ཀྱང་ང་ལ་འདྲས་ཨན་ཙམ་བྱེད་དུ་བྱུང་ནས་སྦྱིན་སྲེག་བྱས་ལ་རྒྱལ་པོ་གཏན་ནས་བརླག་པར་བྱ་དགོས་སྙམ་ཙ་ན། སློབ་དཔོན་པདྨ་བྱོན་ནས། གདོན་ཆེན་པོ་མ་བརྡུང་། ཀླུ་ཆེན་པོ་ལ་སྦྱིན་སྲེག་མ་བྱེད། ཆིག་བརྒྱུད་མ་སྤེལ། སྔགས་ལ་མ་གཤེ། མཆེད་གྲོགས་ལ་ཕྲག་དོག་མ་བྱེད། སེམས་ཅན་ལ་བློས་སྤང་མི་བྱ་གསུངས་སོ། །དེ་ནས་ངའི་རྟོགས་པ་ལ་བླ་མ་ཇི་ཙམ་བཞུགས་མི་ཤེས། ང་རང་ཡང་ནམ་འཆི་ཆ་མེད། དེ་སྔ་ཡང་འབུལ་བ་དྲག་པོ་ལན་གཉིས་པ་ཡིན། ད་ངས་བླ་མ་གདན་འདྲེན་དུ་བཏང་ལ་ཅི་ཡོད་འབུལ་དགོས་སྙམ་ནས་གདན་འདྲེན་དུ་བཏང་བས་བླ་མ་བྱོན་ནས། ཚེས་བཅུའི་ནུབ་མོ་མཆོད་པ་ཤོམས་ཤིག །ཉམས་རྟོགས་བསྡུར་དགོས་གསུངས་ནས། ང་རང་གི་དགེ་སྦྱོར་སྐྱེས་པ་རྣམས་ཞུས་པས། བླ་མའི་ཞལ་ནས། རྒྱ་གར་གྱི་གྲུབ་ཐོབ་རྣམས་ཀྱི་ཞལ་ནས། [[Khyungpo Neljor|བླ་མ་ཤངས་པ་]]ཁྱེད་ཀྱི་དགེ་སྦྱོར་གྱི་སྐྱེ་ཚུལ་ལྟ་བུ་སུ་ལ་ཡང་མ་བྱུང་གསུངས་བར་འདུག་གོ། །ང་ལ་ཡང་[[Khyungpo Neljor|བླ་མ་ཤངས་པ]]འི་ཞལ་ནས། [[Mokchokpa Rinchen Tsöndrü|རིན་ཆེན་བརྩོན་འགྲུས་]]ཁྱོད་ཀྱི་དགེ་སྦྱོར་སྐྱེ་ཚུལ་འདི་ལྟ་བུ་སུ་ལ་ཡང་མ་བྱུང་གསུངས། དབོན་སྟོན་གྱི་དགེ་སྦྱོར་སྐྱེ་ཚུལ་འདི་ལྟ་བུ་དང་། ལྷ་སྐུ་དང་འོད་གསལ་གྱི་རྩལ་འདི་ལྟ་བུ་ང་ལ་ཡང་མ་བྱུང་སྟེ་ལར་ད་ལྟ་དཔོན་སློབ་གཉིས་སུ་ཚོགས་པ་ལ་འོ་སྐོལ་གཉིས་ལས་ཉམས་རྟོགས་བཟང་བར་མེད་པར་ཐག་ཆོད་པས་དགའ་བ་ཁྱད་པར་ཅན་སྒོམས་ཤིག །ད་[[Khyungpo Neljor|བླ་མ་ཤངས་པ]]འི་གདམས་ངག་འདི་ལ་ཌཱ་ཀི་དངོས་སུ་འདུ་བ་ཡིན་ཏེ། འདི་མ་འོངས་པའི་དུས་སུ་སོང་ཙ་ན། ཡང་ན་བཀའ་ཆད། ཡང་ན་ཚོང་དུས་ཀྱི་འོ་མར་འགྲོ་བར་འདུག་པས་ངས་དང་པོ་རིག་པ་དྭངས་དུས་སུ་ཇི་ལྟར་བཤད་པ་བཞིན་དུ་ཡི་གེར་བཀོད་ཅིག་གསུངས། བླ་མ་རྡོ་རྗེ་འཆང་དངོས་ཡིན་པས་བཀོད་པར་ཞུ་བྱས་པས། འོ་ན་མཆོད་པ་སྐྱར་མ་གཅིག་ཤོམས། གསེར་གྱི་མཎྜལ་དང་། སྤོས་ཀྱང་ཕུལ་ཅིག །གསོལ་བ་གདབ་པར་བྱའོ་གསུངས་ནས། གསོལ་བ་དྲག་པོ་བཏབ་པས་ཡེ་ཤེས་ཀྱི་[[Niguma|ཌཱ་ཀི་མ་ནི་གུ་མ་]]བྱོན་ནས། སྤྱིར་ཆོས་དྲུག་དང་ཁྱད་པར་འབྱམས་གཅོད་གསུངས་སོ། །དེ་ནས་ནང་པར་འབུལ་བ་བྱེད་པའི་མང་བསྐོལ་བྱས་ནས་འབུལ་བ་རྣམས་སྤུངས་ནས་བླ་ཡེ་ལ་འབྱོན་པར་ཞུ་ཞུས་པས། བླ་མའི་ཞལ་ནས། ད་སྔོན་ལ་སྟེང་དུ་འདོང་ངོ་གསུངས་ནས་ཕྱིན་ཙ་ན། ད་ཕྱམ་རྩེ་ཕུད་ལ་སྦ་མཁར་ལ་ཡར་ཕྱོར་ཅིག །དབོན་སྟོན་པ་བ་ལ་མཛོ་སྐྱེས་བྱ་བ་ལན་གསུམ་གྱིས་ཤིག །ང་བ་ཡིན། དབོན་སྟོན་ཁྱོད་མཛོ་ཡིན་པས་བ་ལ་མཛོ་སྐྱེས་བྱ་བ་ཡིན་ནོ། །དུས་དེ་རིང་ལས་ཉམས་དགའ་བ་ཨེ་འོང་ན་གསུངས་སོ། །དེ་ནས་བླ་མ་བླ་ཡེ་ལ་བྱོན་ནས་འབུལ་བ་ཕྱག་ཏུ་བཞེས་པ་དང་། དེ་རིང་བཤགས་པ་གྱིས་ལ་གསོལ་བ་ཐོབ་ཅིག་གསུངས་ཙ་ན། ཕལ་ཆེར་གྱིས་བླ་མ་བདེ་མཆོག་དྲུག་ཅུ་རྩ་གཉིས་ཀྱི་དཀྱིལ་འཁོར་དུ་མཐོང་། དེ་ལྟར་འབུལ་བ་ཆེ་བ་གསུམ་བྱས་པས། འབུལ་བ་ཐེབས་རེ་ལ་དགེ་སྦྱོར་གྱི་རྟོགས་པ་མི་འདྲ་བ་རེ་རེ་བྱུང་བས། ཞིང་དག་པའི་བླ་མ་ལ་བསོད་ནམས་ཀྱི་ཚོགས་བསགས་ནས་སྨོན་ལམ་འདེབས་པ་འདི་ཁོ་ན་གལ་ཆེ་བར་འདུག་གོ་སྙམ་མོ། །དེ་ནས་ལོ་མང་པོ་མ་ལོན་པ་ལ་བླ་མ་གཤེགས་ཀྱི་དོགས་ནས་ཚེས་བཅོ་བརྒྱད་ཀྱི་ནུབ་མོ་རྨི་ལམ་བཟུང་ནས། བླ་མའི་སྤྱན་སྔར་ཕྱིན་ཙ་ན། གཟིམས་ཆུང་ན་ཌཱ་ཀི་མ་མང་པོ་དང་། མི་མ་ཡིན་མང་པོ་འདུག་པས། བླ་མའི་ཞལ་ནས་དབོན་སྟོན་བྱོན་པ་དགའ་སྟེ། ད་ང་མྱུར་དུ་འགྲོ་བས་སང་དགོང་ཤོག་གསུངས་ནས་ཕྱིན་ཙ་ན། བླ་མ་མི་བཞུགས་པར་འདུག་ནས། མང་པོ་ངུས་པས་རྗེ་བཙུན་མ་བྱོན་ནས་བདེ་བ་ཅན་དུ་འོད་དཔག་མེད་དང་མཇལ་ནས་མངོན་པར་དགའ་བའི་ཞིང་ཁམས་སུ་གཤེགས་པར་ཡོད་ཀྱི་དེར་གསོལ་བ་ཐོབ་ཅིག
།ནམ་མཁའ་འདི་ལ་སྐྱེ་འཆི་མེད་པར་ལྟར། །བླ་མ་ལ་ཡང་སྐྱེ་འཆི་ག་ལ་ཡོད། །མོས་གུས་སྟོབས་ཀྱིས་འབྲལ་མེད་གནས་པ་ཡིན། །མྱ་ངན་མ་བྱེད་མངོན་དགར་གསོལ་བ་ཐོབ།
།གསུངས་ནས་ང་རང་ཡང་མངོན་དགར་འགྲོ་དགོས་སྙམ་ཙ་ན་གཉིད་སད་དོ། །དེ་ནས་ཞག་གསུམ་སོང་ནས་གསོལ་བ་བཏབ་པ་དང་། ཤངས་ནས་བང་ཆེན་བྱུང་སྟེ་བླ་མ་གཤེགས་ཟེར་ནས་བྱུང་བས། ཁོང་རྣམས་ཀྱིས་ང་ལ་གསང་འདུག་པས་ངས་ནམ་ལངས་མ་ཐག་ཁོང་རྣམས་བསགས་ནས། ངའི་བླ་མ་གཤེགས་ནས་ཞག་གསུམ་སོང་། ད་ངའི་ཆ་རྐྱེན་ཅི་འདུག་ཐམས་ཅད་མཆོད་པ་གྱིས། ཁྱེད་རང་རྣམས་ཀྱང་ཅི་ཡོད་ཕུལ་བྱས་ནས། ཟླ་བ་གཅིག་ཏུ་བླ་མའི་མཆོད་པ་བྱས་སོ། །དེ་ནས་ཚེས་བརྒྱད་ཀྱི་སྔ་དྲོ་ཐུགས་རྗེ་ཆེན་པོ་བྱོན་ནས། མཚམས་མ་བྱེད་པར་གསང་སྒྲུབ་དང་རིག་གཏད་ཞུས་ཚད་ལ་ཐུགས་རྗེ་ཆེན་པོའི་སྒོ་ནས་ཐུགས་རྗེ་ཆེན་པོ་སྟོན་ཅིང་། སྙིགས་མའི་དུས་སུ་ཁྱེད་ཀྱིས་བསྟན་པའི་སྒྲུབ་ལུགས་འདི་དར་ཞིང་ཞལ་མཐོང་བ་མང་དུ་འབྱུང་བར་འགྱུར་རོ། །གསུངས་སོ། །དེ་ནས་ཐུགས་རྗེ་ཆེན་པོ་ཞུས་ཚད་ལ་སྟེར་བའི་གོ་ཆ་གྱོན་པ་ཡིན་ཏེ། ཆོས་ཐུན་བརྒྱད་པོ་འདི་ཡང་ཚར་བར་ཉན་ནུས་ཡོང་བར་མི་འདུག །ཡང་ན་དེའི་ཚེས་བཅུ་བཞིའི་ཉི་མ་ཕྱེད་ཡོལ་ཙམ་ན་བཅུ་གཅིག་ཞལ་བྱོན་ནས། ང་དང་ཁྱོད་ནི་དབྱེར་མེད་དེ། །སྐྱེར་སྒང་པ་ནི་པོ་ཏ་ལར། །གསུངས་པས། གཞན་དུ་དགེ་སྦྱོར་བགྱིས་པ་བས། འདི་རུ་གཉིད་ལོག་པ་དགའ་བ་ཡིན་ནོ། །ད་ངའི་སློབ་མ་[[སྟོད་ལུང་]]གི་ཤངས་སོ་བཞིས་ཐུགས་རྗེ་ཆེན་པོའི་ཞལ་མཐོང་། ཐོད་ལེ་ཀོར་ལ་སོགས་པ་བླ་མ་ལྔ་བཅུའི་ཞལ་མཐོང་འདུག་པ་དང་། ངའི་སློབ་མ་ཡང་སློབ་བརྒྱུད་འཛིན་རྣམས་ཀྱིས་ཀྱང་ཞལ་མཐོང་མཁན་མང་དུ་འོང་བར་འདུག་སྟེ། ངའི་འདི་ཞལ་མཐོང་འབའ་ཞིག་གི་བརྒྱུད་པ་ཡིན་པ་དང་། ཐུགས་རྗེ་ཆེན་པོས་མ་འོངས་པའི་དུས་སུ་ཡང་ཞལ་མཐོང་མང་པོ་འབྱུང་བར་ལུང་བསྟན་པས་ཐེ་ཚོམ་ཡིད་གཉིས་མི་དགོས་སོ། །བདག་གི་རྣམ་ཐར་བསྡུས་པ་འདི། དགེ་བཤེས་གྲགས་པ་ཡེ་ཤེས་དང་། ནག་པོ་གཞོན་ཚུལ་གཉིས་ཀྱི་དོན་དུ་ཡི་གེར་བཀོད་པ་ཡིན། དེ་ནས་བླ་མ་དགུང་ལོ་བདུན་ཅུ་བཞེས་པའི་སྟོན་ཟླ་འབྲིང་པོའི་ཚེས་བརྒྱད་ནས་སྐུ་སྐེད་ཨན་ཙམ་བསྙུང་ནས། རིམ་གྲོའམ་སྨན་དཔྱད་འདྲ་བ་བྱེད་པར་ཞུ་དགོས་བྱས་པས། སྨན་དང་རིམ་གྲོ་བྱས་ཀྱང་མ་བྱས་ཀྱང་། ཚེས་བཅོ་བརྒྱད་ལ་ནད་སངས་ནས་འགྲོ་བར་འདུག་གསུངས་ནས་ཅི་ཡང་མ་གནང་ངོ་། །དེ་ནས་ཚེས་བཅུ་གསུམ་ལ་ཚོགས་གསོག་གིས་གསུངས་ནས་བྱས་པས། བཅུ་བཞི་ལ་དྲག་འདུག་ཅིང་། སང་དབུ་ཆེ་རྣམས་འཚོགས་ཤིག །ངས་ཆོས་བཤད་པ་ཡིན་གསུངས་ནས། སང་སྔ་དྲོ་ནས་འཚོགས་པ་དང་། ད་འཚོགས་སམ་གསུངས་ནས། འཚོགས་ཞུས་པས་ཕ་མའི་དང་རྩིས་མཁན་གྱི་ལྟར་བྱས་ཀྱང་། ཕོ་ལོ་བཞི་བཅུ་ལས་མི་ཐུབ་པར་འདུག་པ་ཡིན་ཏེ། [[Khyungpo Neljor|བླ་མ་ཤངས་པ]]འི་བཀའ་དྲིན་གྱིས་ཕོ་ལོ་བདུན་ཅུ་དོན་གསུམ་ཐུབ། ལོ་བརྒྱ་ལྷག་ཙམ་སྡོད་སྙམ་པ་ཡིན་ཏེ། ཁྱོད་ཚོ་ལ་སྐྱོ་བ་སྐྱེ་བར་བྱུང་བས་ང་འགྲོ་བར་ཡིན། ཇོ་བཙུན་དར་ཤེ་ཁྱོད་སྙམ་ན་ལོ་རེ་ལ་འབུམ་བརྒྱ་ཚར་རེ་བྱས་སྙམ་ཏེ། ཆོས་མི་ལ་བཅོལ་བ་ཡིན། སྟོན་པ་ཀུན་ཤེ་ཁྱོད་སྙམ་ན། ཆོས་ང་ལས་མཁས་པ་མེད་སྙམ་སྟེ་སེམས་དང་ཆོས་སུ་མ་འདྲེས་པར་འདུག་པས། རྒྱལ་པོ་དཔེ་དཀར་ལ་ལྟོས། ཐང་སོ་ཇོ་བཙུན་དང་ཆོས་མགོན་གཉིས་ཟླ་བ་རེ་ལ་སྟོན་མོ་བཟང་བ་རེ་བྱས་པས་ཆོས་གྲུབ་པ་ཡིན་ནམ་སྙམ་ཏེ་ངས་བྱས་བགྲང་ལ་དྲིན་བགྲང་བའི་དགེ་བ་ཆོས་བརྒྱད་ཀྱི་སྟོན་མོ་དེ་ཁར་རྗེ་ཆེ་ན། འབྲོག་བཟང་གི་ཕྱུགས་གཅིག་ཏུ་སྐྱེ་སྲིད་ཀྱི་ད་ལྟ་ཆོས་བྱེད་དུས་སུ་ཁྱེད་ཚོས་ཆོས་མི་དྲན་པར་སང་གནང་ཤི་བ་ཐུག་གིས་གཏུགས་ཙ་ན། ཤ་བ་ཉུང་མས་བརྣངས་པ་བཞིན་དུ་ལག་དར་སྔས་སུ་བཅུག་ནས་མིད་པ་ཐུག་ཐུག་བྱས། ངོ་ནག་ཏིང་བྱེད་ཅིང་ད་རེས་མ་ཤི་ན་ཆོས་གཤའ་མ་གཅིག་བྱེད་དགོས་ཏེ་ཟེར་བའི་ངང་ནས་འཆི་བ་འོངས་ཏེ། ངས་དང་པོ་ཆོས་དྲན་དུས་སུ་དྲན། བར་དུ་བྱེད་དུས་སུ་བྱས། མཐའ་མ་དགོས་དུས་སུ་སླེབ་པ་འདི་ཡིན་ནོ། །གཞོན་ནུ་འོད་སྤོས་ཕུལ་དང་། བརྒྱུད་པའི་བླ་མ་ཐམས་ཅད་བྱོན། ཐུགས་རྗེ་ཆེན་པོ་དང་ཡི་དམ་ཐམས་ཅད་ཀྱང་བྱོན། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ནམ་མཁའ་ཁེངས་པ་བྱོན་འདུག་པ་གསོལ་བ་ཐོབ་དང་གསུངས་སོ། །དེ་ནས་སྐྱེར་སྒང་འདི་གཞུག་ཏུ་ཅི་འདྲ་གཅིག་འོངས་བྱས་པས། འདི་ན་ཀླུ་དང་སྲིན་མོ་ཐུ་པ་གཅིག་ཡོད་པ་ཡིན་ཏེ་ངས་ཐུལ་བ་ཡིན། ངའི་བྱིན་རླབས་མ་ཉམས་རིང་ལ་སྐྱེར་སྒང་འདི་པོ་ཏ་ལ་དངོས་ཡིན་པས་གཞན་དུ་རི་ཁྲོད་དུ་འདག་བཅར་བྱས་པ་བས་ངའི་ས་འདིར་གཉིད་ལོག་པ་དགའ་བ་ཡིན་ནོ། །ད་གཟོད་མཐའ་མི་ཐམས་ཅད་དབུས་སུ་འདུས་པའི་སྟོབས་ཀྱིས། འབུམ་ཐང་འདི་ཁྱི་ལུད་ཐོར་གྱིས་འབྱུང་། བུད་མེད་ཤམ་བུ་ཅན་གྱི་ཞུར་རྟ་ཕྱ་རེ་བ་གཅིག་འོང་བར་འདུག །དེ་ཙམ་ན་ངའི་བྱིན་རླབས་ཉམས་པ་ཡིན་པས། དེ་ནས་ཀླུ་དང་སྲིན་མོ་དེ་རྣམས་ལངས། བསླབ་བ་ཐུབ་བ་ཉུང་དུ་འགྲོ། རྩེ་གཅིག་ཏུ་བསྒྲུབ་པ་བྱེད་པ་ཡང་མི་ཡོང་བར་འདུག་གོ་གསུངས། ད་འདི་ནས་བླ་མ་གང་དུ་གཤེགས། གསོལ་བ་གང་དུ་གདབ། ཆོས་བརྒྱུད་སུས་འཛིན་ཞུས་པས། བླ་མའི་ཞལ་ནས། ཁྱེད་རྣམས་ང་ལ་མོས་ན། ཤར་ཕྱོགས་མངོན་པར་དགའ་བའི་ཞིང་དུ་མངོན་པར་སངས་རྒྱས་ནས་ཐེག་ཆེན་འབའ་ཞིག་གི་འཁོར་ལོ་བསྐོར་བར་འགྱུར་པས་དེར་གསོལ་བ་ཐོབ། ས་ལ་གནས་པའི་བྱང་ཆུབ་སེམས་དཔའ་འབའ་ཞིག་ཏུ་སྐྱེ་བར་འགྱུར་རོ། །ངའི་བརྒྱུད་པ་འདི། [[གཡོར་པོ་]]སྟོད་ནས་འཛིན་པ་གཅིག་འོངས་ཏེ། རྡོ་རྗེ་འཆང་གིས་ལུང་བསྟན་པ་བཞིན་དུ། མི་རབས་བདུན་བརྒྱུད་པའི་ཚེ། མཁའ་འགྲོ་མའི་ཞལ་གདམས་འདི་རྣམས་ཕྱོགས་ཀུན་ཏུ་ཁྱབ་ཅིང་གདུལ་བྱ་མང་དུ་འབྱུང་བར་འགྱུར་རོ་གསུངས་སོ།
།དབོན་སྟོན་སྐྱེར་སྒང་པའི་རྣམ་ཐར་རེ་ཞིག་རྫོགས་སོ། །སརྦ་མངྒ་ལཾ། ཤུ་བྷཾ། དགེའོ།། །།

༄༅། །བླ་མ་སྐྱེར་སྒང་པའི་རྣམ་པར་ཐར་པ་བཞུགས་སོ།།

།བླ་མ་མཉམ་མེད་རིན་ཆེན་དང་། །[[Shangom Chöseng|རྟོགས་ལྡན་ཞང་སྒོམ་]]ཞབས་ལ་འདུད། །ཚད་མེད་འགྲོ་སྐྱོབ་སྙིང་རྗེའི་སྐུ། །སྤྱན་རས་གཟིགས་ཀྱིས་བྱིན་གྱིས་རློབས།
།དང་པོ་དད་པས་ཆོས་སྒོར་ཞུགས། །བར་དུ་ཐུགས་རྗེ་ཆེན་པོ་བསྒྲུབས། །དེ་རྗེས་བླ་མ་སངས་རྒྱས་བསྟེན། །ད་ལྟ་འབྲས་བུ་མངོན་གྱུར་ཏོ།
།དེ་ཡང་བདག་གི་ཕ་ཡུལ་ནང་གོང་[[རྣམ་པ]]། རུས་འབའ་ཡིན་ནོ། །དེ་ཡང་དང་པོ་ལོ་བཅུ་གཉིས་ནས་གཤིན་རྗེ་གཤེད་ལ་བསྙེན་པ་བསྐྱལ། བཅུ་བདུན་དུ་[[Kyergang|སྐྱེར་སྒང་]]དུ་ཁུ་བོ་འབའ་ཐམས་ཅད་མཁྱེན་པ་ལ་རབ་ཏུ་བྱུང་ནས་བྱམས་པའི་ཆོས་ལྔ། སྤྱོད་འཇུག་བསླབ་བཏུས་བསྟན་རིམ་རྣམས་ཉན། དེ་ནས་འབའ་ཚད་མ་བ་ལྷ་སར་ཆོས་འཁོར་ལ་གདན་དྲངས་པའི་ཕྱག་ཕྱིར་ཕྱིན་པས། གྲྭ་པ་གཅིག་གིས་སྟོན་མོ་བྱས་པའི་རྣམ་བཞག་ལ། དར་ཡུག་སེར་པོ་གསུམ། ཟངས་གཅིག་ཕྱེ་མར་མང་ཞིག་ཕུལ་ནས། བྲག་ལྷའི་མདུན་དུ་དྲོ་ཐོན་ནས་ཉེ་འདོན་ལ་ཕྱིན་པས། ཀླུ་ཕུག་གི་ཁང་ཆུང་གཅིག་ལས་དཀར་བཏང་བ་གཅིག་འདུག་པས། དེ་མཐོང་བ་ཙམ་གྱིས་བློ་སྣ་འགྱུར་བ་བྱུང་ནས་ཁང་ཆུང་ཡ་གིན་སུ་ཡོད་པ་ཡིན་བྱས་པས། ལྷ་ས་སྡེ་བཞིའི་ཉེ་འདོན་པ་ན་རེ། [[འཕགས་པ་ལྕེ་སྒོམ་པ་]]བྱ་བའི་ཐུགས་རྗེ་ཆེན་པོའི་གྲུབ་ཐོབ་གཅིག་ཡོད་པ་ཡིན་ཟེར་བས། དེ་ནས་མོས་པར་བྱུང་སྟེ། དར་དང་། ཟངས་དང་། ཕྱེ་མར་ཁྱེར་ནས་ཕྱིན་ཏེ། བླ་མས་ཐུགས་རྗེ་ཆེན་པོ་ཞལ་གཟིགས་པ་ལགས་སམ་ཞུས་པས། ཐུགས་རྗེ་ཆེན་པོ་ཡིན་ནམ་མིན་ཆ་མེད། གྲིབ་ཀྱི་ཐད་ཀ་འདི་ན་ཚུར་སྐྱ་ཤར་ཤར་བ་ཞིག་གཏན་དུ་མཐོང་གིན་འདུག་པ་ཡིན་གསུངས། འོ་ན་ཐུགས་རྗེ་ཆེན་པོ་ཞུ་དགོས་བྱས་པས། ཐོག་མར་རིག་གཏད་ཀྱི་དབང་བྱ་དགོས་གསུངས་ནས། མར་ཁལ་གཉིས་ལ་མར་མེ་བྱས། གཉིས་ལ་བཙའ་རུའི་སྟོན་མོ་བྱས་ཏེ། དར་ཡུག་གསུམ་དང་། ཟངས་ཕུལ་ནས་སྒྲུབ་ཐབས་ཚར་གསུམ་ཞུས་ནས། བླ་མས་ལོ་དུ་ལ་ཞལ་གཟིགས་བྱས་པས། ངས་སྟོན་ཀ་བསོད་སྙོམས་རེ་བྱས། དེ་ནས་མཚམས་བཅད་ནས་བསྒྲུབས་པས་ལོ་བརྒྱད་ལོན་ཙ་ན་ནང་གཅིག་ཚ་བ་ཐོན་ནས་ཉི་མ་ལ་འགྲོ་སྙམ་ཙ་ན། ང་སྡོད་པའི་བྲག་ཁུང་ན་གུ་དི་རི་རི་འདུག་ནས་སུ་ཡིན་སྙམ་ནས་བལྟས་པས། ངའི་སྡོད་ས་དེ་ན་གཙོ་འཁོར་གསུམ་མ་ཎི་དི་རི་རི་ཟློ་ཤིང་འདུག་ནས། ཡན་ལག་བདུན་པ་ཚར་གཅིག་ཕུལ། དེ་ནས་གཏན་དུ་ཞལ་མཐོང་བ་ཡིན་གསུངས་སོ། །དེ་ནས་[[Kyergang|སྐྱེར་སྒང་]]དུ་ཕྱིན་ནས། ད་ཡང་ན་གཡག་གུ་ཤི་བ་དང་། ཡང་ན་བྱང་ཚ་ལོན་པ་གཅིག་ལ་གཏང་དགོས། མི་ལུས་ཐང་གཅིག་ཐོབ་པ་འདི་ལ་ཡང་ན་ཤི་བ་ཞིག་དང་། ཡང་ན་ཐུགས་རྗེ་ཆེན་པོ་ཞལ་མཐོང་བ་ཞིག་ལ་གཏད་དགོས། དོན་མེད་ཞིག་ལ་མི་ཚེ་སྟོང་ཟད་བྱས་པས་མི་ཡོང་བས་བསྒྲུབ་དགོས་སྙམ་སྟེ། མཚམས་བྱེད་ཁ་མ་ལ་ཁམས་པའི་གྲྭ་པ་རྣམས་ཀྱིས་རྟ་བཏགས། བེར་བཀོན། དར་བརྐྱང་ནས་ཁྱོད་གཞོན་དུས་སུ་ཐོས་བསམ་མ་བྱས་ན། འབའ་ཚད་མ་བ་རབས་ཆད་པས་བཀའ་བཞི་མཁས་པ་ཅིག་བྱེད་དགོས་ཟེར་བ་ལ་མ་ཉན་པས། གྲྭ་བ་རྣམས་གྲོས་བྱས་ཏེ། དབོན་པོ་མཚམས་བྱེད་པ་ལ་ཕྱེ་དང་ཆུ་ཤིང་གཅིག་ཀྱང་མ་སྐྱེལ་བར་ཕར་འགྲོ་ཚུར་འགྲོ་ཐམས་ཅད་ཀྱིས་རྡོ་རྒྱོབ་ཅིག །དེ་ལྟར་བྱས་པས་ཁོ་སུན་ནས་སློབ་གཉེར་ལ་ཚུད་དུ་འོང་ངོ་ཟེར་ནས་ཁྲིམས་བྱས་སོ། །དེ་ནས་ངས་མཚམས་དམ་པོ་བྱས་ནས་ཐུགས་རྗེ་ཆེན་པོ་བསྒྲུབས་པས། གྲྭ་བ་ཕར་འགྲོ་ཚུར་འགྲོ་ཐམས་ཅད་ཀྱིས་སྒོ་ལ་རྡོ་བརྒྱབ་ཅིང་། བཀའ་བཞིའི་དབུས་ནས་མར་བྱང་ཤང་ཤད་མི་བྱེད་པར། སྔགས་ཀྱིས་འཁོས་ཀའམ་ཁྱོད་ལ་མ་ཎི་པདྨེ་ཧཱུྃ་ང་གཅིག་གི་འོང་གིས་ཟེར་ནས་རྒྱགས་གཅིག་ཀྱང་མ་བསྐྱལ་ལོ། །དེ་ནས་ཞག་རེ་ལ་སྐྱོ་ཚ་ཕོར་རེ་རེས་མྱོང་། རེས་མ་མྱོང་། དེ་ཡང་མ་མྱོང་བར་ཐལ་པ་དང་བསྲེས་ཏེ་བཏུང་བས། གཉིད་གཏི་མུག་ཡིན་གཏི་མུག་ཉོན་མོངས་པ་ཡིན། དེ་སྔ་ཡང་ཉོན་མོངས་པ་འདི་ཀས་འཁོར་བར་བསྐྱུར་བ་ཡིན་སྙམ་ནས་གཉིད་གཅིག་ཀྱང་མེད་པར་མ་ཎི་བཟླས་པས། རླུང་ལངས་ནས་མགོ་འགས་པ་བཞིན་དུ་བྱུང་བ་ལ་སྐེ་རག་གིས་མགོ་བསྡམས་ནས་བཟླས་པ་དྲག་པོ་བྱས་པས་རྟགས་ཅི་ཡང་མ་བྱུང་ནས་སྦྱིན་སྲེག་ཆེན་པོ་བྱས་པས་སྡིག་པ་ཟད་པའི་རྟགས་རྣམས་རྫོགས་པར་བྱུང་ཡང་ཞལ་མ་མཐོང་ནས། ལོ་ཕྱེད་དང་བཞི་སོང་བའི་ཉིན་ཕྱེད་ནས་ཡི་མུག་ནས་བྲག་འོག་ཞིག་ཏུ་སྐྱོ་བསངས་ལ་ཕྱིན་ནས། ནམ་མཁའ་ལ་འཇའ་འོད་ཀྲུག་ཀྲུག་འདུག་ནས། ངས་ལོ་ཕྱེད་དང་བཞིར་ཞག་རེ་ལ་སྐྱོ་ཚ་ཕོར་རེ་ཡང་མ་མྱོང་བར་བཟླས་པ་དྲག་པོ་བྱས་པས་རླུང་ལངས་འདུག་རྦབ་ཏུ་འཆོར་སྙམ་ནས་བྲག་ཕུག་ཏུ་གཅར་བྱས་པ་དང་། མདུན་གྱི་ནམ་མཁར་འཇའ་ཚོན་གྱི་དཀྱིལ་ན། ཇོ་བོ་ཐུགས་རྗེ་ཆེན་པོ་གཙོ་འཁོར་གསུམ་འཛུམ་ཡེ་རེ་བཞུགས་ཤིང་གདའ་ནས། ཇོ་བོ་ཐུགས་རྗེ་རེ་ཆུང་། ངས་ལོ་ཕྱེད་དང་བཞི་ལ་ཞག་རེ་ལ་སྐྱོ་ཚ་ཕོར་རེ་ལས་མ་མྱོང་བ་ལ། དེ་ལས་ཞལ་སྔ་བར་མི་སྟོན་པར་ཞུས་བས། ཇོ་བོའི་ཞལ་ནས་བུ་ཁྱོད་ཀྱིས་སྒྲུབ་པ་བྱས་ནས་ཞག་གསུམ་ནས་ང་དང་འདུ་འབྲལ་གཅིག་ཀྱང་མེད་པར་ཡོད་པ་ཡིན་ཏེ་ཁྱོད་རང་གིས་ལས་ངན་མ་དག་པ་དང་། མཐོང་ན་དགའ་བའི་རེ་བས་བཀག་པ་ཡིན་གསུངས་ནས་དེའི་དུས་སུ།
ཚད་མེད་ཡོངས་སུ་དག་པ་སྙིང་རྗེ་ཆེན་པོའི་སྐུ། །ཆོས་ཉིད་རྣམ་དག་གངས་རི་བལྟམས་བ་འདྲ། །སྐྱོན་བྲལ་རིན་ཆེན་པདྨ་བརྩེགས་པའི་གདན། །གདུང་པ་ཀུན་སེལ་ཟླ་བ་རྒྱས་པའི་སྟེང་། །རྡོ་རྗེ་སྐྱིལ་ཀྲུང་བཅས་ནས་བདུད་བཞི་མནན། །ཚད་མེད་འབྲས་བུ་ལོངས་སྤྱོད་རྫོགས་པའི་སྐུ།
།ལ་སོགས་པའི་གཙོ་འཁོར་གསུམ་གྱི་བསྟོད་པ་བྱས་པའོ། །དེ་ནས་སྔར་བསྙེན་པ་བསྐྱལ་བའི་གཤིན་རྗེ་གཤེད་དམར་པོ་དེ་ཞབས་གཡས་ཀྱིས་ཐག་མའི་རི་ལ་སླེབ་པ། གཡོན་པས་[[Kyergang|སྐྱེར་སྒང་]]གི་རི་ལ་མནན་པ། ཕྱག་གཡས་འཁོར་ལོ། གཡོན་སྡིགས་མཛུབ་ཐུགས་ཀར་མཛད་པ་དབུ་སྐྲ་ནམ་མཁའི་ཁམས་ཁྱབ་པ་གཅིག་ཞལ་གཟིགས་སོ། །དེ་ནས་ཁུ་བོའི་ཞལ་ནས་ཤོག་དང་གསུངས་ནས་ཕྱིན་པ་དང་། ཁྱོད་ཀྱིས་ཐུགས་རྗེ་ཆེན་པོ་དང་། གཤིན་རྗེ་གཤེད་གཉིས་ཞལ་མཐོང་འདུག་པས། ད་ཁམས་པ་རྣམས་ལ་ཉན་རྒྱུ་མེད། ཐོས་པ་བྱེད་པ་བས་སྒྲུབ་པ་བྱེད་པ་ཁེ་ཆེ་བས། ད་ལྟ་[[ལ་སྟོད་]]ན་[[ཚ་རི་སྒོམ་པ་]]བྱ་བ་བླ་མ་[[Rechungpa Dorjé Drakpa|རས་ཆུང་པ]]འི་གདམས་ངག་ལ་མཁས་པའི་གྲུབ་ཐོབ་ཅིག་འདུག་ཟེར་བས། ད་ཁྱོད་རང་དེ་རུ་སོང་དང་གསུངས་ནས་དར་ཡུག་དྲུག་དང་གསེར་ཞོ་གང་གནང་ནས་གཙང་དུ་ཕྱིན་པས། ཉི་མ་ཕྱེད་ཙམ་ནས་ལ་ཁ་ཞིག་ཏུ་སླེབ་ནས་ངལ་བསོས་པས། ཉི་མ་དྲོན་པོ་ཞིག་ལ་སེར་ཕྲན་ཞིག་བབས་པས། ཉི་མ་ཚ་ལ་སེར་བ་དྲག་པ་གཉིས་སྟབས་སྟབས་སུ་འཚོགས་བ་འདི་མཚར་སྙམ་པ་བྱུང་བ་དང་། ག་རེ་འདི་ཐམས་ཅད་རང་གི་སེམས་སུ་འདུག །སེམས་སྐྱེ་མེད་ཆོས་ཀྱི་སྐུ་རུ་འདུག་སྙམ་ནས། རང་སེམས་སྐྱེ་མེད་དུ་ལྷན་ཅིག་རྟོགས་པ་བྱུང་བས། ཕྱིས་ནས་ཀྱང་རྟོགས་པའི་ངོ་བོ་ལ་བོགས་འདོན་རྒྱུ་མ་བྱུང་ངོ་།
།དེ་ནས་[[ལ་སྟོད་]]དུ་བླ་མའི་བཞུགས་ས་བྲག་ཞིག་ལ་ཆུ་འགྲམ་དུ་ཕྱིན་པ་དང་། ཉེ་གནས་ཆུ་ལན་པ་དང་འཕྲད་པས། ང་ལ་ཕྱག་འཚལ་འདུག་པས་ཁྱོད་ང་ལ་ཕྱག་འཚལ་བ་སུ་དང་ནོར་བྱས་པས། ཁོ་ན་རེ། ད་ནང་བླ་མའི་ཞལ་ནས་དེ་རིང་དབུས་ནས་གྲུབ་ཐོབ་གཅིག་ང་ལ་འཕྲད་དུ་འོང་བ་ཡོད་པས་དེ་ཐོངས་ཅིག་གསུངས་པ་ཡིན། ད་ཁྱེད་དུ་འོང་བར་འདུག །གཞན་སུ་ལའང་མཇལ་ཀྱིན་མེད་པས་ད་གཤེགས་ཟེར་ནས་བྲག་ལམ་ཞིག་ལ་ཕྱིན་ནས། བླ་མ་ལ་དར་ཁ་གང་ཕུལ་ནས། ང་ལ་རྒྱགས་ཙམ་མེད་པས་བླ་མ་རས་ཆུང་བའི་གདམས་ངག་རྣམས་མྱུར་དུ་ཚར་བ་ཞིག་ཞུ་དགོས་བྱས་པས། ཁྱོད་ཀྱི་གསེར་དང་དར་ཡུག་ཟད་ཙམ་ན་ཚར་བར་བྱ་ཡི་གསུངས། ངས་བླ་མ་ལ་རྫུན་དེ་ཀ་ལས་ཟེར་མ་མྱོང་། དེ་ནས་གསེར་དང་དར་བཙོང་ནས། བདེ་མཆོག་ལྷ་བཅུ་གསུམ་དང་ཕག་མོ་ལྷ་བཅུ་གསུམ་ལ་སོགས་པའི་དབང་ཞུས་ནས་ལོ་གཉིས་ལ་གདམས་པ་རྣམས་ཚར་བར་གནང་ངོ་། །དེ་ནས་འོ་ཡུག་ན་[[བླ་མ་སྤེན་ཕུག་པ་ཆེན་པོ་]]བྱ་བ། ཇོ་བོ་རྗེའི་གསང་སྔགས་ཐམས་ཅད་ཀྱི་བཀའ་བབས་པ་ཞིག་ཡོད་ཟེར་ནས། [[བླ་མ་སྤེན་ཕུག་པ་ཆེན་པོ་]]དང་མཇལ་ནས་བདེ་མཆོག་ལ་སོགས་པའི་དབང་མང་དུ་ཞུས། ལོ་ལྔའི་བར་དུ་ཇོ་བོའི་གདམས་ངག་ཚར་བར་གནང་ནས། ཇོ་བོའི་ཌཱ་མ་རུ་གཅིག་དང་ཐུགས་དམ་རྣམས་གནང་ངོ་། །དེ་ནས་[[ཤངས་ཀྱི་ལྷ་ཕུ་]]ན་[[Mokchokpa Rinchen Tsöndrü|བླ་མ་རྨོག་ལྕོག་པ་]]བྱ་བ། སྒྱུ་ལུས་རྨི་ལམ་འབྱོངས་པས། འོད་གསལ་མངོན་དུ་གྱུར་པའི་བླ་མ་གྲུབ་ཐོབ་ཆེན་པོ་གཅིག་བཞུགས་ཟེར་བ་ཐོས་ནས། བླ་མ་དང་མཇལ་དུ་ཕྱིན་པས། ལམ་ཁར་ཕྱུག་པོ་གཅིག་གིས་གསང་ལམ་གྱི་ན་བཟའ་གཅིག་བསྐུར། དེའི་དགོང་མོ་ལ་རྩར་ཉལ་བས་མི་ནག་པོ་རས་ཀྱི་ཨང་རག་གྱོན་པ་ཞིག་བྱུང་ནས། ནང་པར་འགྲོ་བའི་ཡའུ་བཙལ་ནས་དགྲ་མི་ཡོང་བར་ཡོད་ཅིང་། ངས་ཁྱོད་ཀྱི་བྲན་བཞིན་ཉན་གྱིས་སུ་ཐོད་ཐོད་ལ་མ་བྱིན་ཅིག་ཟེར་ནས་མི་སྣང་བར་སོང་ངོ་། །དེ་ནས་ལ་ལ་ཟླ་བོ་མང་དུ་བྱུང་། སྐུང་ལུང་དུ་བླ་མ་དང་མཇལ་དུ་ཕྱིན་པས་བླ་མའི་ཞལ་ནས། མདང་མི་ནག་པོ་གཅིག་བསུར་མ་བྱུང་ངམ་གསུངས། བྱུང་ལགས་བྱས་པས། དེ་མགོན་པོ་ཡིན་ཁྱོད་ཀྱི་བྲན་བཞིན་འོང་བར་འདུག་གོ་གསུངས་སོ། །དེ་ནས་མཚོན་ཆ་ཅན་གྱི་དབང་བསྐུར་མཛད་ནས་སྔོན་འགྲོ་དང་ཐབས་ལམ་གྱི་ཁྲིད་ཚར་བ་དང་། བླ་མའི་ཞལ་ནས། [[Niguma|ཡེ་ཤེས་ཀྱི་མཁའ་འགྲོ་མ་ནི་གུ་མ]]འི་ཆོས་དྲུག་ཆིག་བརྒྱུད་ཡིན་པས་འདི་ལྷག་མ་མ་ལུས་པ་ཞིག་ཁྱོད་ལ་སྟེར་དགོས། འདི་ལ་སྤྱིའི་དབང་བསྐུར་གཅིག་དང་སྒོ་སྒོའི་དབང་བསྐུར་རེ་ཡོད་པས། མིས་མ་ཚོར་བ་བྱེད་དགོས་གསུངས་ནས། དང་པོ་ཐབས་ལམ་གྱི་དབང་བསྐུར་ནས་མེ་རྒོད་གཏུམ་མོའི་ཁྲིད་རྐྱང་པས་ཞག་བདུན་ནས་རས་ཐུབ་པར་བྱུང་བ་དང་། ད་སྤྱིའི་དབང་བསྐུར་བྱེད་དགོས་གསུངས་ནས། ནམ་ཕྱེད་ནས་དབང་བསྐུར་བའི་དུས་སུ་བདེ་མཆོག་དང་། [[Niguma|ཌཱ་ཀི་མ་ནི་གུ་མ]]འི་ཞལ་མཐོང་། ཡང་སང་དགོང་སྒྱུ་ལུས་ཀྱི་དབང་བསྐུར་རྐྱང་པས་སྒྱུ་མའི་ཉམས་བཟང་པོ་བྱུང་ནས། སྣང་བའི་བདེན་འཛིན་ཐམས་ཅད་ཞིག་ནས་སོང་ངོ་། །དེ་ནས་ཟླ་བ་བཅུ་གཉིས་ནས་རྨི་ལམ་གྱི་དབང་བསྐུར་ནས། རྨི་ལམ་བཟུང་བས། ཟིན་པ་དང་སྦྱོང་སྤེལ་ཤེས་པ་དུས་གཅིག་ལ་བྱུང་བས། བླ་མའི་ཞལ་ནས། དབང་པོ་རབ་ཏུ་གྱུར་པ་ལ། །ཟིན་དང་སྦྱོང་སྤེལ་མཉམ་དུ་འོང་། །བྱ་བ་ཡིན་གསུངས་ནས་ང་ལ་བསྟོད་ར་མང་པོ་མཛད་དོ། །དེ་ནས་རྨི་ལམ་གྱི་སྟོབས་ཆེན་པོ་བྱུང་བ་དང་། བླ་མའི་ཞལ་ནས། ངའི་ཉེ་གནས་དེ་ཚོང་དུས་སུ་ཇ་འདོན་དུ་སོང་པ་ཡིན་ཏེ་ད་རུང་མ་བྱུང་། ཁོ་ལ་དགྲ་བྱུང་བ་ཡིན་ནམ་དོ་ནུབ་རྨི་ལམ་ཟུངས་ལ་ལྟོས་ཤིག་གསུངས་པས། ནམ་ཕྱེད་ཚུན་ཆད་གསོལ་བ་བཏབ་ནས་ཐོ་རངས་རྨི་ལམ་བཟུང་ནས་ཕྱིན་པས། ཁོ་ཚོང་དུས་ནས་ཉི་མ་གཅིག་འོངས་བའི་ས་ན། ཇ་སིག་མགོ་ཆགས་གཅིག་ལ་སྔས་གཏད་ནས་འདུག །ཇ་སིག་ནང་ན་རེ་བས་གཏུམས་པ་གཅིག་འདུག་ནས། ནང་པར་བླ་མའི་སྤྱན་སྔར་ཕྱིན་ནས་ཉེ་གནས་ཀྱིས་ཇ་ལོན་ནས་ཇ་སིག་ནང་ན་རེ་བས་གཏུམས་པ་གཅིག་ཀྱང་གདའ་ཞུས་པས། བླ་མའི་ཞལ་ནས་རེ་བས་གཏུམས་པ་དེ་ཏིག་ཅུག་གཅིག་རེ་བས་གཏུམས་ནས་འདུག་པས། ད་རུང་བོང་བུ་འ་མོ་ཀ་རྒན་པར་འདུག་པས་སྒོམས་ཤིག་གསུངས་སོ། །དེ་ནས་ཟླ་བ་བདུན་གྱི་མཚམས་བྱས་ནས་རྨི་ལམ་གྱི་འདུན་པ་རྩེ་གཅིག་ཏུ་བཏང་བས། ཉིན་པར་སྒྱུ་མའི་རྟོགས་པ་རང་ཤར་དུ་བྱུང་། མཚན་མོ་རྨི་ལམ་བཟུང་ནས་ཨོ་རྒྱན་དུ་ཕྱིན་ཏེ། [[Lavapa|སློབ་དཔོན་ལྭ་བ་པ་]]ལ་ཚིག་བསྡུས་ཞུས། ཌཱ་ཀི་མ་སེང་གེའི་གདོང་ཅན་ལ་དེ་ཉིད་གསུམ་གྱི་རྫོགས་རིམ་དང་རྩ་བ་བཅུ་པའི་གདམས་ངག་ཞུས། ཡང་རྨི་ལམ་བཟུང་ནས་རྒྱ་གར་ལྷོ་ཕྱོགས་སུ་སློབ་དཔོན་ཕྱོགས་ཀྱི་གོ་ཆ་ལ་ཕྱི་ནང་གསང་གསུམ་གྱི་རྟེན་འབྲེལ་ཞུས། ཡང་པོ་ཊ་ལར་ཕྱིན་པས་སྒྲོལ་མ་གཙོ་འཁོར་གསུམ་ཞལ་མཐོང་། སྒྲོལ་མའི་ཞལ་ནས།
སྒྱུ་ལུས་བདེན་མེད་གནད་ཡིན་ཨ་འཐས་ཤིག །རྨི་ལམ་འདུན་པའི་གནད་ཡིན་ལམ་དུ་ཁྱེར། །འོད་གསལ་མོས་གུས་གནད་ཡིན་གསོལ་བ་ཐོབ། །གཞན་དོན་སྙིང་རྗེའི་གནད་ཡིན་ཕྱོགས་འཛིན་སྤོངས།
།ལ་སོགས་པའི་ཆོས་མང་པོ་གསུངས་སོ།
།དེ་ནས་[[Jé Gampopa|བླ་མ་ལྷ་རྗེ]]འི་མཆོད་པའི་དུས་སུ་ལྷ་བཞིའི་མདུན་བསྐྱེད་དང་བདག་བསྐྱེད་གཉིས་ཀྱི་དབང་གནང་ནས། ཞག་ཉི་ཤུ་རྩ་གཅིག་བསྒྲུབས་པས་སྤྱི་བོའི་སྟེང་ན་ཉིན་མཚན་མེད་པར་བཞུགས་པ་ཞལ་མཐོང་བས། བླ་མའི་ཞལ་ནས་ད་ཡི་དམ་ནི་རྒྱུན་ཆད་མེད་པར་མཐོང་ནས་འདུག །རྨི་ལམ་གྱི་སྟོབས་ནི་ཆེན་པོ་བྱུང་འདུག་པས། ད་མཚོན་ཆ་ཅན་གྱི་གྲྭ་བ་སོ་མ་རྣམས་ཀྱི་ཆོས་སྒོ་འབྱེད་པ་བྱེད་དགོས། ཁྱོད་ང་ལ་མོས་པ་འདུག་གསུངས་སོ། །དེ་ནས་དབྱར་གཅིག་ཆོས་སྒོ་ཕྱེས། ཐུགས་རྗེ་ཆེན་པོའི་སྒྲུབ་ཐབས་བཤད་པས་དགེ་སྦྱོར་གྱི་སྟོབས་ཀྱང་ཆུང་དུ་སོང་། འདུ་འཛི་ཆེས་པས་སོ་ཡང་མ་བསོད་པར་བྱུང་ནས། ཆོས་སྒོ་འབྱེད་པ་དེ་བཤོལ་ནས་མཚམས་དམ་པོ་བཅད་ནས་བསྒོམ་ཀྱང་། དགེ་སྦྱོར་དེ་ཡུན་རིང་པོ་སོར་ཚུད་དུ་མ་གཏུབ་པས། ད་དག་པའི་ས་གསུམ་ལ་མ་སླེབ་བར་མི་ཟས་དང་། གཞན་དོན་ཀྱང་བྱེད་མི་གཏུབ་པར་འདུག་སྙམ་པ་བྱུང་བ་དང་། ཐུགས་རྗེ་ཆེན་པོ་བྱོན་ནས།
འདུ་འཛི་གཡེང་བ་བདུད་ཀྱི་བར་ཆད་ཡིན། །ཆགས་སྡང་སྣ་ཚོགས་གྲོགས་སུ་མ་འཆར་བར། །རྐྱེན་ངན་དབེན་པའི་དགོན་པ་རྟག་ཏུ་བསྟེན། །ཚེ་ལ་ལོང་མེད་འཆི་བ་བསམ་པར་རིགས།
།ཞེས་གསུངས་སོ། །དེ་ནས་དགེ་སྦྱོར་སོར་ཆུད་པ་དང་། ཚེས་བཅོ་ལྔའི་ཉི་མ་ཤར་མ་ཐག་ལ། དགྱེས་རྡོར་མཚོན་ཆ་ཅན་ལྷ་བཅུ་གསུམ་གྱི་དཀྱིལ་འཁོར་སྐུ་རི་བོ་ཙམ་ཡོད་པ་ཞལ་མཐོང་། དེ་ནས་ཉི་ཤུ་གཉིས་ལ་རྨི་ལམ་བཟུང་ནས་དཔལ་འབྲས་སྤུངས་སུ་ཕྱིན་པས་རྒྱུད་སྡེ་ལྔའི་ལྷ་ཚོགས་རྣམས་ཀྱི་ཞལ་མཐོང་ནས་ཐམས་ཅད་གསུང་གཅིག་ཏུ་འདི་སྐད་གསུངས་སོ།
།དབང་བཞི་མ་རྫོགས་སྨིན་པར་ག་ལ་ནུས། །དབྱེར་མེད་བསྐྱེད་རིམ་མ་སྒོམ་གྲོལ་མི་སྲིད། །ཐོབ་འདོད་རེ་བས་འབྲས་བུ་མི་འབྱིན་པས། །རང་གྲོལ་རང་ཤར་སྐུ་གསུམ་དབྱེར་མེད་པས།
།ཞེས་ལན་གསུམ་གསུངས་པས། ཅིར་སྣང་ཐམས་ཅད་བསྐྱེད་རྫོགས་དབྱེར་མེད་དུ་རྟོགས་སོ། །དེ་ནས་མཚམས་བཀྲོལ་བ་དང་། ནུབ་གཅིག་རྨི་ལམ་ན། ཡི་གེ་ཨ་གཅིག་གིས་གསུས་པ་ཕར་ཐལ་ཚུར་ཐལ་དུ་ཕུག་པ་དང་། ཟུག་རྔུ་ཆེན་པོ་བྱུང་། ཡང་ལྕི་བ་དང་རི་ལ་འབུ་དབང་མེད་དུ་ཟ་དགོས་པ་གཅིག་རྨི་བ་དང་། ནང་པར་བླ་མའི་གསུངས་མ་ཆོག་པར་ཕྱུག་པོ་གཅིག་གི་བསྙེན་བསྐུར་ལ་ཕྱིན་པ་དང་། དེའི་དགོང་མོ་ལུས་པོ་ཐམས་ཅད་གཤག་གཏུབ་བྱས་པ་བཞིན་ན་ནས། སྨན་དང་རིམ་གྲོ་གང་གིས་ཀྱང་མ་ཕན་པར་ཤི་ལ་ཐུག་པ་དང་། ཐོ་རངས་སྒྲོལ་མ་དཀར་མོ་བྱོན་ནས། ཁྱོད་ཀྱི་ན་བ་འདི་སྐུ་གླུད་ཟོས་པས་ལེན་པ་ཡིན། དེ་གཞན་གྱིས་ཀྱང་མི་ཕན་པས་བྲུལ་གཏོར་ཐོངས་ཤིག །དེས་དམྱལ་བའི་ལས་ཞི་དེ་ལས་གྲོལ་བར་འགྱུར་རོ། །གསུངས་ནས་བྲུལ་གཏོར་བཏང་བས་ནད་དྲག་པོ་སོས་སོ། །དེ་ནས་བྲུལ་གཏོར་ཁོ་ན་ལ་མོས་ཤིང་ཡིད་ཆེས་པར་བྱུང་ངོ་། །དེ་ནས་བླ་མ་ལ་རྒྱུད་སྡེ་ལྔའི་དབང་ཞུས་ནས་དགྱེས་རྡོར་དང་། དགྲ་ནག་དང་། འཇིགས་བྱེད་དང་། རྒྱུད་སྡེ་ལྔའི་སྒྲུབ་ཐབས་དང་། གདམས་པ་རྣམས་མ་ལུས་པར་ཞུས་ནས། ད་ནི་ཤེས་བྱའི་སྒྲིབ་པ་མ་དག་བར་དུ་སྒྲུབ་པ་ཞིག་བྱ་དགོས་སྙམ་ཙ་ན། ཉིན་གཅིག་རྟ་པ་སུམ་བརྒྱ་ཙམ་བྱུང་ནས། ཁུ་བོ་འབའ་ཚད་མ་བ་གྲོང་པས་གདན་ས་ལ་འགྲོ་དགོས་ཟེར་ནས་བྱུང་བས། ང་མི་འགྲོ། ཁྱོད་རང་རྣམས་གདན་ས་གཞན་ལ་འཆོས། ད་ང་མ་ཤིའི་རིང་ལ་སྒྲུབ་པ་ཞིག་བྱེད་པ་ཡིན་བྱས་པས། བླ་མས་དམ་ཚིག་ལ་བསྒྲེས་ནས། ཁུ་བོའི་གདན་ས་གྱིས། དགེ་སྦྱོར་འཕེལ་བར་འོང་གིས། ཡེ་ཤེས་མགོན་པོ་ཕྱག་དྲུག་པ་བྲན་བཞིན་དུ་ཉན་པའི་བཀའ་བསྒོ་གནང་། བུ་འདི་རུ་མ་འདུག་དབུས་སུ་སོང་། མགོན་པོ་འདི་བྲན་བཞིན་དུ་ཉན་པར་འདུག་ཅིག་གསུངས་ནས། དེའི་དུས་སུ་[[Kyergang|སྐྱེར་སྒང་]]དུ་འོངས་ནས། སྐུ་འབུམ་གཅིག་བཞེངས་ནས་གདན་ས་བྱས། ད་དགོན་པ་འདི་ལ་ལྕགས་རི་གཅིག་བྱ་དགོས་སྙམ་པ་དང་། གར་དགོས་སུ་ས་སྤུངས་ནས་བྱུང་བ་དང་། རྨང་གཏིང་བས་ཡུལ་བས་དགག །དེ་ལ་མ་དགའ་བ་ཞིག་བྱུང་སྟེ། བླ་མའི་ཞལ་ནས་ཆོས་སྐྱོང་འདི་བྲན་བཞིན་དུ་ཉན་པར་འདུག་ཅིག་གསུངས་པ་ཡིན་ཏེ། ད་ལྕགས་རི་ཡང་དོན་མེད་པར་ཁོང་ཚོས་བཅག་ནས་མེད་དོ་ཟེར་བ་གཅིག་ཁ་ནས་ཤོར། དེའི་དགོང་མོ་ལྕགས་རི་བཅོག་པའི་མི་ཚང་མང་ཚད་ཅིག་ཤི་ནས་ནང་པར་བབས་བྱས། ང་ཡང་འགྱོད་ནས་བདུན་ཚིགས་བྱས་སོ། །དེ་ནས་ད་ནི་འདུ་འཛི་ལ་གཡེངས་ནས་འགྲོ་བར་འདུག་སྙམ་ནས་ཁུ་བོའི་ཟླ་མཆོད་མ་གཏོགས་པ་མཚམས་དམ་པོ་བྱས་ཏེ། གཉིད་ཙམ་མ་ལོག་པར་དགོངས་མོ་ས་རུབ་ནས་ནམ་མ་ལངས་བར་ལ་སྐུ་འབུམ་ལ་བསྐོར་བ་བྱས། ཉིན་པར་ཉལ་ས་ལས་མ་གཡོས་པར་དགེ་སྦྱོར་གཅིག་པོ་བྱས་པས་རྨི་ལམ་དང་འོད་གསལ་གྱི་སྟོབས་ཆེན་པོ་བྱུང་ནས། ནུབ་གཅིག་རྨི་ལམ་བཟུང་ནས་མཆོད་རྟེན་དཔལ་ཡོན་ཅན་ལྟར་ཕྱིན་པས་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པའི་ཞལ་ཡས་ཁང་ན། ཤེལ་གྱི་མཆོད་རྟེན་སངས་རྒྱས་ཀྱི་རིང་བསྲེལ་མ་ག་ཏའི་བྲེའི་ཁལ་གཅིག་བྲེ་བདུན་བཞུགས་པ་འོད་ཟེར་སྣ་ལྔ་ཕྱོགས་བཅུར་འཕྲོ་བ་འོད་ཟེར་གྱི་སྣ་ལ་མཆོད་པའི་ལྷ་མོ་དཔག་ཏུ་མེད་པ་བྱུང་ནས་མཆོད་པ་འབུལ་བ། གཞལ་ཡས་ཁང་གི་ནང་ཐམས་ཅད་རྒྱུད་སྡེ་ལྔའི་ལྷ་ཚོགས་མང་པོ་རིམ་པ་བཞིན་དུ་བཞུགས་པ། དེའི་ཕྱི་རིམ་ལ་ལྷ་དང་ཀླུ་དང་གནོད་སྦྱིན་དང་དྲི་ཟའི་ཚོགས་ཀྱིས་མཆོད་པ་འབུལ་བ་འདི་ལྟ་བུ་ཞིག་འདུག་ནས། ངས་ཀྱང་སྐད་ཅིག་ལ་ཕྱི་ནང་གསང་གསུམ་གྱི་མཆོད་པ་དཔག་ཏུ་མེད་པ་སྤྲུལ་ནས་ཕུལ་བ་དང་། ཌཱ་ཀིའི་ཚོགས་ཐམས་ཅད་མགྲིན་གཅིག་ཏུ་རིགས་ཀྱི་བུ་དེ་ལྟ་བུའི་མཆོད་པ་ནི་ཨེ་མ་ཧོ་ལན་གསུམ་གསུངས་པ་དང་། གསང་སྔགས་ཀྱི་ལྷ་ཚོགས་རྣམས་ཀྱི་ཐུགས་ཀ་ནས་འོད་ཟེར་བྱུང་ནས་རིགས་ཀྱི་བུ་ཚུར་ཤོག་དབང་བསྐུར་བར་བྱའོ་གསུངས་ནས། དབང་བཞི་རྫོགས་སུ་བསྐུར་བ་དང་། ལྷ་དབང་བསྐུར་བ་དང་། བདག་དང་མཆོད་པའི་ཚོགས་ཐམས་ཅད་ཀྱང་སྐྱེ་འགགས་དང་བྲལ་བའི་ཟུང་འཇུག་ཕྱག་རྒྱ་ཆེན་པོ་རྟོགས་ནས།
རིན་ཆེན་བརྩེགས་པའི་གཞལ་ཡས་ཁང་། །རྟེན་ཡོངས་སུ་དག་པའི་མཆོད་རྟེན་ལ། །རྒྱལ་བ་བདུན་གྱི་རིང་བསྲེལ་བཞུགས། །ཡིད་ཀྱིས་སྤྲུལ་པའི་མཆོད་པ་འབུལ། །དེ་ཡང་དམིགས་མེད་སྒྱུ་མའི་ཉམས། །ཟུང་འཇུག་ཕྱག་རྒྱ་ཆེན་པོར་རྟོགས།
།ཞེས་བྱ་བ་ལ་སོགས་པའི་མགུར་དེ་བླངས་སོ། །ཡང་རྨི་ལམ་བཟུང་ནས་པོ་ཏ་ལར་ཕྱིན་པས། རིན་པོ་ཆེ་ལས་གྲུབ་པའི་མཆོད་རྟེན་ལྟ་བུའི་སྟེང་ན། ཐུགས་རྗེ་ཆེན་པོ་གཙོ་འཁོར་གསུམ་པོ་རིན་པོ་ཆེའི་རྒྱན་སྣ་ཚོགས་ཀྱིས་བརྒྱན་པ་འོད་ཀྱི་རང་བཞིན་ཅན་ཏུ་བཞུགས་ནས་འདུག །ཁྲི་འཕང་རྣམས་ལ་ཐུགས་རྗེ་ཆེན་པོ་ཁ་སར་པཱ་ཎི་བྱིས་པ་ལོ་བརྒྱད་ལོན་པའི་ན་ཚོད་ལྟར་བཞུགས་ནས། ཆོས་ཀྱི་ཞུ་བ་པོའི་ཚུལ་མཛད་དེ།
ལྷ་ཀླུ་གནོད་སྦྱིན་དྲི་ཟ་རྣམས། །སྐྱོན་བྲལ་ཐུགས་རྗེ་ཆེན་པོའི་སྐུ། །ཐེག་ཆེན་ཆོས་རྣམས་སྟོན་པར་འགྱུར། །གང་མོས་དོན་རྣམས་དྲི་བར་བྱོས།
།ཞེས་གསུངས་པ་དང་། རི་རབ་ཀྱི་འོག་ནས་པདྨའི་སྡོང་པོ་ལ་ལྷ་དང་ཀླུ་དང་གནོད་སྦྱིན་དང་དྲི་ཟའི་ཚོགས་ལག་ན་མཆོད་པ་དཔག་ཏུ་མེད་པ་ཐོགས་ནས་འཁོད་དེ་རང་རང་གི་སྐད་ཀྱིས་ཁ་སར་པཱ་ཎི་ལ་ཞུས། ཁ་སར་པཱ་ཎིས་གཙོ་འཁོར་གསུམ་ལ་ཞུས་པ་དང་། ཐུགས་རྗེ་ཆེན་པོས་རང་རང་གི་སྐད་དུ་སྐྱེ་གནས་སྦྱོང་བ་དང་། གསང་སྒྲུབ་གསུངས་སོ། །དེ་ནས་གཙོ་འཁོར་གསུམ་པོ་བཅུ་གཅིག་ཞལ་དུ་གྱུར་ནས། དེའི་གནས་གསུམ་ནས་འོད་ཟེར་གསུམ་བྱུང་ནས་བདག་གི་གནས་གསུམ་དུ་ཕོག་པས། བདག་ཀྱང་ཐུགས་རྗེ་ཆེན་པོའི་སྐུར་གྱུར་པ་དང་། བཅུ་གཅིག་ཞལ་གྱིས་དུག་སྦྱོང་བའི་གདམས་ངག་དང་། གཟུངས་རིང་གི་བཟླ་ཐབས་དེ་གསུངས་ནས། པོ་ཏ་ལའི་གཟུངས་ཟུངས་ཤིག །དེ་མཐོང་ཚད་ངན་སོང་ལས་ཐར་ཐུགས་རྗེ་ཆེན་པོ་ཐོབ་པར་འགྱུར་རོ་གསུངས་སོ།
།ཡང་མདོ་བོ་ན་བླ་མ་ལྷོ་པས་བདེ་མཆོག་གི་དབང་བསྐུར་བྱེད་ཅིང་ཡོད་ཟེར་ནས་རྨི་ལམ་བཟུང་ནས་ལྟར་ཕྱིན་པས། བླ་མ་ལྷོ་བ་དེ་ཧེ་རུ་ཀ་ཞལ་གཅིག་ཕྱག་བཅུ་གཉིས་པར་གྱུར་ནས་བུམ་པ་བཟུང་ནས་སློབ་མ་རྣམས་ལ་བདེ་མཆོག་དངོས་ཀྱི་དབང་བསྐུར་ནས་འདུག་པ་ལ། ད་ལྟ་བོད་ན་བདེ་མཆོག་དངོས་ཀྱི་དབང་བསྐུར་བ་ལྷོ་པ་ལས་མི་འདུག་གསུངས་སོ། །ཡང་དུང་རུང་སྒང་པས་དབང་བསྐུར་བྱེད་ཀྱིན་ཡོད་ཟེར་ནས། དངོས་བཞིའི་སྲོད་ལ་རྨི་ལམ་བཟུང་ནས་བལྟས་པས། གཞི་དེའི་ཀླུ་སྲིན་མོ་གཅིག་གིས་གཏོར་མ་ཟོས་ནས་རང་བྱུང་གི་ཁྲག་སྙིང་ཁར་བྱུགས་པས་སློབ་མ་ཐམས་ཅད་འཐབས་པས་རྨས་མ་མང་པོ་བྱུང་ནས། ནང་པར་དུང་རུང་སྒང་པ་ནམ་ལངས་མ་ཐག་ངའི་གམ་དུ་བྱུང་བ་ལ། དགེ་བཤེས་དབང་བསྐུར་ཉེས་སམ་བྱས་པས་མདང་འཐབ་མོ་མང་དུ་བྱུང་ཟེར་བས། གཏོར་མ་མི་ཐུབ་པར་དབང་བསྐུར་བྱེད་པ་ག་ན་འོང་། ཁྱེད་རང་གི་གཞི་དེའི་ཀླུ་སྲིན་མོ་དེས་བར་ཆད་བྱེད་ཀྱིན་འདུག་པ་ཡིན། ད་ངས་རྟེན་འབྲེལ་བྱས་ལ་ཚེ་སྲིངས་ཤིག་བྱས་ནས་མར་མེ་སྦར་བ་གཅིག་ཁོ་ལ་གཏད་ནས་འདི་ཁྱེར་ལ་དགོན་པར་ཤད་ཀྱིས་སོང་ལ་བཤགས་པ་གྱིས་ཤིག་བྱས་ཙ་ན། ལམ་ཁར་ཇ་འཐུང་ཞིང་བསྡད་པས་ལམ་ཁར་མར་མེ་ཟད་ནས། ཁོ་ཡར་སླེབ་མ་ཐག་བཤགས་པ་བྱ་ལོང་མེད་པར་ཁྲག་སྐྱུགས་ནས་ཤི་འདུག་པས། དབང་བསྐུར་དུས་བགེགས་སྐྲོད་པ་དང་། ཆོས་སྐྱོང་ལ་བཀའ་བསྒོ་བ་གལ་ཆེ་བར་འདུག་གོ། དེ་ནས་དགོང་གཅིག་འབུམ་པ་ལ་བསྐོར་བ་བྱེད་ཅིང་ཡོད་པའི་དུས་སུ་ནམ་མཁའ་ལ་འོད་ཆེན་པོ་ཞིག་བྱུང་ནས་བལྟས་པས། དྲང་སྲོང་[[Rahula|རཱ་ཧུ་ལ་]]མགོ་དགུ་པ་ལག་ན་མདའ་གཞུ་ཐོགས་པ། མགོ་ལུས་ཐམས་ཅད་མིག་གིས་གང་བ། ཁ་ནས་གློག་འཁྱུག་པ། སྐུ་མདོག་དུད་ཁ་ཡོད་པ་ལྷ་མ་སྲིན་སྡེ་བརྒྱད་ཀྱིས་བསྐོར་བ། ནམ་མཁའ་ཁེངས་པ་ཤིན་ཏུ་འཇིགས་པ་ཆེ་བ་ཞིག་མཐོང་ནས། ཇོ་བོ་དཀོན་མཆོག་གསུམ་པོས། སེམས་ཅན་ཐམས་ཅད་དྲང་སྲོང་གི་འཇིག་པ་ལས་བསྐྱབ་ཏུ་གསོལ་བྱས་པས། [[Rahula|རཱ་ཧུ་ལ]]འི་གཡོན་དུ་ལྷ་མོ་དཀར་མོ་ཞིག་བྱོན་ནས།
བུ་ཁྱོད་རང་གི་སེམས་ལ་ལྟོས། །འཇིགས་པས་རང་སེམས་བདུད་དུ་བབས། །ལུས་ཀྱི་གཅེས་འཛིན་གཏིང་ནས་སྤོངས། །སྣང་སྟོང་སྒྱུ་མ་གཟུགས་བརྙན་ལ། །ཅི་ཕྱིར་འཇིགས་དང་སྐྲག་པར་བྱེད། །གཞན་ཕན་གསོལ་བ་འདེབས་པ་དེ། །ལེགས་པར་བསྟན་གྱིས་གུས་པས་ཉོན།
།ཙནྡན་གོ་ཤིར་ཤའི་སྣག་ཚ་ལ། དེ་བཞིན་གཤེགས་པ་ཀླུ་དབང་གི་རྒྱལ་པོ་ལ་ཕྱག་འཚལ་ལོ་ལ་སོགས་པ་དེ་བཞིན་གཤེགས་པ་བཞིའི་མཚན་བྲིས་ལ་ལུས་ལ་ཐོགས་ཤིག །དྲང་སྲོང་གི་འཇིགས་པ་ལས་སྐྱོབ་པར་འགྱུར་རོ་གསུངས་ནས་མི་སྣང་བར་གྱུར་ཏོ། །དེ་ནས་ཟླ་བ་གཅིག་ནས་ཏི་སེ་ནས་རི་པ་སུམ་བརྒྱ་བྱུང་ནས། ཆོས་རྗེ་གྲོང་ཟེར་ནས་འོང་པ་ཡིན་ཏེ། ལ་ལ་ན་རེ་མ་གྲོང་ངམ་ཡང་ཟེར། དོ་ནུབ་རྨི་ལམ་བཟུང་ནས་གཟིགས་པར་ཞུ་ཟེར་བས། ད་ལྟ་རང་བླ་ཡེ་ན་འབུལ་བ་ལེན་ཆོས་བཤད་ཅིང་འདུག་པ་ཡིན་ཏེ་བྱས་པས། ཁོང་རྣམས་ལྐོག་ཤུབ་བྱེད་ཅིང་། གྲུབ་ཐོབ་ཡིན་ཉན་ཡོད་རྟོགས་ལྡན་དུ་མི་འདུག་སྔགས་འདི་ཙམ་འདྲེན་ཅིང་འདུག །ད་རེས་ཁོང་གི་མངོན་ཤེས་ཐོག་ཏུ་ཕེབས་ན་རང་རེ་ཐམས་ཅད་ཐུགས་རྗེ་ཆེན་པོ་ཞུ་དགོས་ཟེར་ཅིང་འདུག །དེ་ནས་ངས། རྩ་གང་ཡིན། མདུད་པ་གང་ཡིན། གྲོལ་བ་གང་ཡིན། གྲོལ་བའི་དགོས་པ་གང་ཡིན། ཙནྡན་གོ་ཤིར་ཤ་གཅིག་ཀྱང་བསྐུར་བ་ཞུ་བྱས་ནས། རི་པ་རྣམས་ལ་ཡི་གེ་བསྐུར་བས། བླ་མ་འབྲི་གུང་པས། གཡུ་ཁང་དུ་དབུ་ཆེ་རྣམས་བསགས་ནས་ཡིག་ལེན་ཇི་སྐད་བསྐུར་བྱས་པས་མ་མཐུན་ཏེ། བླ་མ་རང་གིས་རྩ་ཉོན་མོངས་པ་མདུད་པ་དུག་གསུམ་གྱི་རྟོགས་པ། གྲོལ་བ་ཉོན་མོངས་པ་ལས་གྲོལ་བ། དགོས་པ་དོན་གཉིས་མཐར་ཕྱིན་པའོ་བྱས་པ་དང་། ཙནྡན་དང་། ཟི་པོལ་དང་། གོས་ཆེན་མང་པོ་བསྐུར་ནས་བྱུང་ངོ་། །དེ་ནས་བླ་མ་སོག་པ་དང་། རི་པ་མང་པོས་ཐུགས་རྗེ་ཆེན་པོ་ཞུས་ནས། ཁོང་རྣམས་ཀྱི་ཚེའི་སྟོད་སྨད་ལ་ཇི་ལྟར་བྱུང་བ་དང་། མ་འོངས་པ་རྣམས་བཤད་དེ། ཐུགས་རྗེ་ཆེན་པོ་ལོ་གསུམ་བསྒྲུབ་པར་ཁས་བླངས་སོ། །དེའི་རྗེས་ལ་འགའ་དང་རྒྱའི་རྒྱལ་པོས་བཟུངས་ཆུས་ཕན་ཐོགས་པའི་འབུལ་བ་ཡིན་ཟེར་ནས། དངུལ་བྲེ་གང་དང་། དར་ཟབ་དང་། གསེར་མང་པོ་གཞུང་མགྲོན་པ་ལ་བསྐུར་ནས་བྱུང་བ་དང་། དངོས་པོ་དག་པ་ཅི་བྱུང་ཐམས་ཅད་བླ་མ་ལ་བསྔོས་ནས་བསགས་པས་གཡུ་སུམ་ཅུ། སྣམ་བུ་སྟོང་། འབྲི་གཞོན་སུམ་ཅུ་སོ་དགུ། རྟ་བཅུ་གསུམ། སྣག་ཚའི་བཀའ་འགྱུར་རོ་ཅོག་དང་། གསེར་གྱི་ཉི་ཁྲི། ཇ་སིག་དང་། བེར་ཐུལ་དང་། དཀར་ཡོལ་ལ་སོགས་པ་དངོས་པོ་ཅི་ཡོད་ཐམས་ཅད་བླ་མའི་ཕྱག་ཏུ་འབུལ་དགོས་སྙམ་ནས། འབུལ་བ་སྐྱེལ་རོགས་བཙལ་བས་སྐྱེར་སྒང་པའི་གྲྭ་པ་རྙིང་པ་རྣམས་འཚོགས་ནས། འབའ་ཐམས་ཅད་མཁྱེན་པའི་གདན་ས་ནས། གཞན་དུ་འབུལ་བ་འདི་ཙམ་སྐྱེལ་བ་མི་འཐད་པས། རང་རེས་འབུལ་བ་སྐྱེལ་རོགས་མི་བྱེད་ཟེར་ནས་གྲོས་བྱས་པས། ཤངས་པ་ན་རེ་ཁོངས་རྣམས་ཁྲིམས་བྱས་ནས་འབུལ་བ་སྐྱེལ་རོགས་མི་བྱེད་པར་འདུག་པ་ད་ཅི་འཐད་ཟེར། ངས་དཀོན་མཆོག་ལ་གསོལ་བ་བཏབ་པ་ཡིན་ཏེ། འོ་ན་ཆོས་སྐྱོང་རང་གིས་སྒྲུབ་བམ་བྱས་པ་དང་། ཉི་མ་ཕྱེད་ཡོལ་ཙམ་ན་རལ་གུ་རང་ཕྲུག་གོན་པ། སྐེ་རག་དམར་རུའི་ཐོད་བཅིངས་པ་རྟ་ནག་ཞོན་པ་གཉིས་བྱུང་ནས། ཁྱེད་ལ་འབུལ་བ་སྐྱེལ་རོགས་མེད་ན་ཟླའུ་བཟང་པོ་འདུག་ཟེར་ནས། གང་ན་འདུག་བྱས་པས་འཕན་ཡུལ་པའི་ཚོངས་པ་མང་ཚད་གཅིག་དོ་ནུབ་མོན་འདྲ་ན་འདུག །སང་དགོང་སྒང་བུའི་གནས་སུ་འོང་བར་འདུག་ཟེར་རོ། །སང་དགོང་གཞོན་ཚུལ་གནས་སུ་བཏང་ཙ་ན། རྟ་ནག་ཞོན་པའི་མི་བདུན་མཛོ་ཕོ་མང་པོ་རོལ་དུ་ཁྲིད་ནས་བྱུང་བ་དང་། ཁྱེད་རྣམས་གར་འགྲོ་བྱས་པས་ཤངས་སུ་འགྲོ་ཟེར། འོ་ན་ངེད་ཀྱི་འབུལ་བ་སྐྱེལ་རོགས་དགོས་པས། [[Kyergang|སྐྱེར་སྒང་]]དུ་འདེངས་བྱས་པས་ཁྱེད་རང་གྲབ་ཀྱིས་ཤིག་ཟེར་ནས། ནངས་པར་ནམ་ལངས་མ་ཐག་ཏུ་མི་རྟ་རྣམས་བྱུང་ནས། ངེད་ཀྱི་མཛོ་ཕོ་འདི་རྣམས་ལ་ཁལ་ཁོལ། ཁྱེད་རང་གི་རྟ་ཐམས་ཅད་ལ་ཁལ་ཁོལ་ལ། ངེད་ཀྱི་རྟ་འདི་ལ་བླ་མ་ཆིབས་ཤིག་ཟེར་ནས་རྟ་གཅིག་བཏག །དེའི་དགོངས་མོ་བན་ལུང་དགོན་པར་བསྡད་དོ། །དེ་ནས་ཁོང་རྣམས་ཤོག་གུ་ལ་ལ་ཐག་ཉེ་སྟེ་འཇིགས་པ་ཆེ་བས་ཅི་ཙུག་འཐད་བྱས་པས། ཁྱེད་ཀྱི་རྐྱེན་འདི་ལས་ལྷག་པ་ངེད་ཀྱི་སྒྲོལ་ཕོད་འདི་ན་ཡོད་དོ། །ངེད་ཀྱི་སྐྱེལ་མ་ཐུག་འོང་ཅིག་ཟེར་རོ། །དེ་ནས་ལྷ་ཕུར་དགོང་ཀ་སླེབ་ཙ་ན་ཁོང་རྣམས་ན་རེ། དོ་ནུབ་ཕྱིན་ན་སྐུང་ལུང་སླེབ་པ་འདུག་སྟེ། དོ་ནུབ་མི་ཐོངས་ལ་འབུལ་བ་ལེན་དུ་ཤོག་གྱིས། སང་གྲོ་ལ་སླེབ་པར་འོང་ཅིག །ཁར་སང་ཁྱོད་ལ་འབུལ་བ་སྐྱེལ་རོགས་མི་འདུག་བ་བསུར་འོང་པ་ཡིན། དོ་ནུབ་དུར་ཁྲོད་མུན་པ་མི་བཟད་བ་བྱ་བ་ན། [[Dhanasamskrita|སློབ་དཔོན་དྷ་ན་སཾ་ཀྲྀ་ཏ་]]བྱ་བས་ཚོགས་འཁོར་བྱེད་པ་ཡོད་པས་ངེད་རྣམས་དེར་འགྲོ་བ་ཡིན་ཟེར་ནས་རྡུལ་འཚུབ་ཏུ་བྱས་ཏེ་མི་སྣང་བར་གྱུར་ཏོ། །དེ་ནས་ངས་ཤངས་པ་ལ་སྐྱེར་སྒང་པ་རྣམས་ལ་མ་བཤད་ཅིག །ཁོང་དཔོན་གཡོག་འདྲེས་ཁྲིད་པར་བྱས་སོ་ཟེར་འོང་བྱས། དེ་ནས་ནང་པར་བླ་མའི་སྤྱན་སྔར་ཕྱིན་ཙ་ན། བླ་མའི་ཞལ་ནས། [[Öntön Kyergangpa|དབོན་སྟོན་སྐྱེར་སྒང་པ་]]ཆོས་ཚུལ་བཞིན་དུ་གྱིས་དང་། དཔའ་བོ་དང་ཌཱ་ཀི་བྲན་བཞིན་དུ་ཉན་པར་འདུག་གི་བྱས་པ། ཁར་སང་རི་རབ་ཀྱི་ཟོམ་ན་གནས་པའི་མགོན་པོའི་འཁོར་རྣམས་ན་རེ། དབོན་སྟོན་ལ་འབུལ་བ་སྐྱེལ་རོགས་མི་འདུག་པས་བསུར་འགྲོ་བ་ཡིན་ཟེར་ནས་བསུར་སོང་བ་ཡིན་ཏེ་མ་བྱུང་ངམ་གསུངས་པ་ལ། བསུར་བྱུང་ལགས་ཞུས་པས། མདང་[[Dhanasamskrita|སློབ་དཔོན་དྷ་ན་སཾ་ཀྲི་ཏ་]]དང་། [[དྷརྨ་ཀ་ཤི་ཀ]]འི་ཚོགས་འཁོར་ལ་འགྲོ་ཟེར་ནས་མི་སྣང་བར་ཐལ་བྱས་སོ། །དེ་ནས་བླ་མ་ལ་འབུལ་བ་བྱས་པའི་དགོང་མོ་གཏོར་དབང་གཅིག་མཛད་ནས། ལྷ་མོ་དང་འཁོར་བཞིའི་སྒྲུབ་ཐབས་དང་། ཉི་ཁྲོས་སེར་བ་དང་། གཤིན་རྗེ་ར་སྒྲོལ་ལ་སོགས་པའི་གནད་རྣམས་མ་ལུས་པར་གནང་ངོ་། །ཡང་དབང་བསྐུར་གསུམ་མཛད་ནས་སྣང་བ་ལ་བརྟེན་ནས། བླ་མ་ལམ་དུ་ཁྱེར་བ་དང་། ཡི་དམ་ལམ་དུ་ཁྱེར་བ་དང་། སྒྱུ་མ་ལམ་དུ་ཁྱེར་བ་དང་། ལམ་ཁྱེར་གྱི་ཆོས་གསུམ་དང་། གཞན་ཡང་ཟབ་ཆོས་ལྷག་མ་ཐམས་ཅད་མ་ལུས་པར་གནང་ནས་དབུ་བསྙུང་བཞེས་སོ། །དེ་ནས་མར་འོང་བའི་[[Kyergang|སྐྱེར་སྒང་]]དུ་སླེབ་པའི་དགོང་མོ་ཆུ་བདག་ཝ་རུ་ཎ་བྱུང་ནས། ཤིང་སྡོང་སྐམ་པོ་གཅིག་ལ་མེ་ཏོག་ལྔ་སྐྱེས་པ་གཅིག་འབུལ་དུ་བྱུང་། འདི་ཅིའི་བརྡ་ཡིན་བྱས་པས་རབས་ཆད་པོ་གཅིག་ལ་བུ་འོང་བའི་བརྡ་ཡིན་ཟེར། སང་ཕྱུག་པོ་འབུམ་རྡོར་གདན་འདྲེན་དུ་འོང་བར་ཡོད། ང་ལ་གཏོར་མ་བཟང་པོ་ཐོངས་ཤིག །ཁོ་ལ་སྤུན་ཟླ་ལྔ་འོང་བར་འགྱུར་རོ་ཟེར་ནས་མི་སྣང་བར་ཐལ། དེ་ནས་ནང་པར་ཕྱུག་པོ་འབུམ་རྡོར་རིགས་གཏད་དང་སྣ་ལེན་པ་ལ་འབྱོན་པར་ཞུ་ཟེར་ནས་ཕྱིན་ཏེ། ཕྱེ་ཁལ་བརྒྱ་ལས་བྱས་པའི་གྲུལ་གཏོར་གཅིག་བཏང་བས། གཏོར་མའི་མདུན་དུ་ཝ་རུ་ཎ་བྱུང་། ཤིང་སྡོང་སྐམ་པོ་གཅིག་ལ་མེ་ཏོག་སྐྱེས་པ་གཅིག་ང་ལ་ཕུལ་ནས་ཕྱུག་པོ་འདིས་གཏན་དུ་ཞབས་ཏོག་བྱས་ནས་བུ་མེད་ན་ང་ངོ་ཚ་བར་འདུག་ཟེར་ནས་མི་སྣང་བར་སོང་། དེ་ནས་དགོང་གཅིག་ཝ་རུ་ཎ་བྱུང་ནས་ཁོ་རང་གི་སྒྲུབ་ཐབས་ཕུལ་ནས་ད་ང་ལ་གཏོར་མ་བྱིན་ལ། བི་ན་ཡ་ཀའི་སྟེང་ན་ཀླུའི་ཡིད་བཞིན་ནོར་བུ་ཡོད་པས་འབུལ་བ་ཡིན་ཟེར་ནས་དེར་གཏོར་མ་བསྐྱལ་ནས་ཀླུའི་དངོས་གྲུབ་བླངས་པས། དེ་ལས་འཚོ་བ་ཐམས་ཅད་རྩོལ་མེད་དུ་བྱུང་བ་དང་གཞོན་ཚུལ་ན་རེ། རྡོ་འབྱོང་དེས་ཅི་ཡང་མི་གཏུབ་སྙམ་ཙ་ན། རྡོ་དེ་ལག་ཏུ་བྱུང་ནས་ཟས་ནོར་ཅི་ཡང་བྱུང་ཟེར་རོ། །ཡང་སྟོན་ཟླ་ལ་དབོན་པོ་གཞོན་བརྩོན་ཆོས་བཤད་ཀྱིན་འདུག་པས། ཀྵེ་ཏྲ་པཱ་ལ་དང་། ཝ་རུ་ཎ་གཉིས་ཀྱིས་ཁོའི་ཆོས་ཁྲི་བསྒྱེལ་ཅིང་འདུག་པ་དང་། དེ་བསྒྱེལ་བ་ཅི་ཙུག་ཡིན་བྱས་པས་ཝ་རུ་ཎ་ན་རེ། ཆོས་པ་བྱ་བ་བསམ་པ་བཟང་དགོས་པ་ཡིན་ཏེ། ཁོ་ཞེ་ནག་པར་འདུག་པས་བསྒྱེལ་བ་ཡིན་ཟེར་ཅིང་འདུག་པས། གཞོན་ཚུལ་ལ་ཤངས་པའི་ཆོས་གཅིག་ཀྱང་མ་བྱིན་པ་ཡིན་ནོ། །དེས་ན་ཆོས་པ་ལ་བསམ་པ་བཟང་དགོས་པ་ཡིན་སྙམ་པ་བྱུང་ངོ་། །ཡང་ཚེས་བརྒྱད་ཀྱི་སྔ་དྲོ་སྟོན་གཞོན་བརྩོན་གྱིས་གཏོར་མ་བཤམས་པས། ཝ་རུ་ཎ་བྱུང་ནས་སྣ་ཚ་གྲིབ་བྱུང་བས་གཏོར་མ་མི་འདོད་ཟེར་ནས། གྲིབ་ཅི་ལ་བྱུང་བྱས་པས། གཞོན་བརྩོན་གྱིས་ལག་པ་མི་གཙང་བར་འདུག་ཟེར་བས། ཁྲུས་དང་གཙང་སྦྲ་གལ་ཆེ་བར་འདུག་གོ།
།ཡང་དགུན་ཟླ་ར་བའི་ཚེས་བདུན་གྱི་དགོང་མོ་རྨི་ལམ་བཟུང་ནས། ཨོ་རྒྱན་དུ་ཕྱིན་པས། སློབ་དཔོན་པདྨ་དང་མཇལ་ནས་རྟ་མགྲིན་གྱི་སྒྲུབ་ཐབས་ཟབ་པ་གཅིག་ཞུ་དགོས་བྱས་པ་དང་། སྐད་ཅིག་ལ་སློབ་དཔོན་རྟ་མགྲིན་ཞལ་གསུམ་ཕྱག་དྲུག་པ་གཅིག་ཏུ་གྱུར་ནས། རྟ་སྐད་ཐེངས་གསུམ་བཏོན་པས་མ་མོ་ཌཱ་ཀི་ཐམས་ཅད་འདུས་ནས་རྟ་མགྲིན་གྱི་དབང་བསྐུར་རོ། །པདྨ་རྒྱལ་པོའི་ཞལ་ནས། ངས་རྟ་མགྲིན་གྱི་རྒྱུད་དང་སྒྲུབ་ཐབས་བརྒྱ་རྩ་བརྒྱད་ཀྱི་ནང་ནས་མཆོག་ཏུ་གྱུར་པ། རྟ་མཆོག་རོལ་པའི་རྒྱུད་ལས་བཏུས་པའི་གསང་སྒྲུབ་གཅིག་སྙེ་མོར་སྦས་ཡོད་པ་དེ་སྔགས་པ་གཅིག་གིས་ཐོན་ནས་ཡོད་པས་དེ་ཞུས་ཤིག །རྒྱལ་པོ་དཔེ་དཀར་དཀོར་འདྲེ་དང་འགོང་པོའི་ཚོགས་ཐམས་ཅད་དང་། ལྷ་མ་སྲིན་སྡེ་བརྒྱད་ཐམས་ཅད་འཇོམས་པར་བྱེད་དོ། །གསུངས་ནས་ལུང་བསྟན་པས་སྙེ་མོར་ཕྱིན་ནས་སྔགས་པ་ལ་གསང་སྒྲུབ་ཞུས་སོ། །དེ་ནས་རྨི་ལམ་བཟུང་ནས་པདྨ་ལ་ཞུས་པས་ལེན་གསུམ་གྱི་བར་དུ་གསུངས་ནས། ད་རུང་འཁོར་ལོ་མ་བྱིན་པར་འདུག་པས་ཞུས་ཤིག་གསུངས་སོ། །ཡང་ཉི་ཁྲི་དང་། བུར་སྟོང་གཅིག་དང་། རེ་སྣམ་གཉིས་རྣམས་ཁྱེར་ནས་ཞུས་པས་འཁོར་ལོ་གནང་ངོ་། །དེའི་ཚེས་བཅོ་བརྒྱད་ལ་ལྷ་སར་ཕྱིན་པས། བོང་ང་རིར་ཐུགས་རྗེ་ཆེན་པོ་བཅུ་གཅིག་ཞལ་མཐོང་བས་ནམ་མཁའ་ཐམས་ཅད་འོད་ཀྱིས་ཁེངས་པར་བྱུང་བ་དང་། ཡང་རྩ་ཞལ་ལས་འོད་ཁ་དོག་མི་འདྲ་བ་ཉི་ཤུ་རྩ་གཅིག་བྱུང་བ་དང་། ངེད་དཔོན་གཡོག་ཉི་ཤུ་རྩ་གཅིག་ལ་ཕོག་པ་དང་དུས་དེ་ཉིད་དུ་ཏིང་ངེ་འཛིན་བཟང་པོ་རྒྱུད་ལ་སྐྱེས་སོ། །དེའི་དགོང་མོ་འཕྲུལ་སྣང་དུ་བྱ་ཡུལ་བ་འགས་རིག་གཏད་ཞུས་པའི་རྗེས་ལ། བཅུ་གཅིག་ཞལ་གྱི་བཞད་ཞལ་ནས་འོད་ཟེར་བྱུང་ནས་འཕྲུལ་སྣང་ཐམས་ཅད་འོད་ཀྱིས་ཁྱབ་པར་གྱུར་ཏོ། །དེ་ནས་བཅུ་གཅིག་ཞལ་གྱི་དབང་བསྐུར་ནས་སྒྲུབ་ཐབས་གསུངས་པ་རྣམས་དུས་དེ་ཁོ་ནར་དགེ་བཤེས་གྲགས་ཡེས་ཀྱིས་ཡི་གེར་བཀོད་དོ། །ཡང་དེའི་ཐོ་རངས་ལ་ཇོ་བོ་ཤཱཀྱ་ཐུབ་པ་ལ་ཡན་ལག་བདུན་པ་གཅིག་ཕུལ་ནས་བྱང་ཆུབ་ལྟུང་བཤགས་གཅིག་བཏོན་ཙ་ན། ལྕགས་ཀྱི་དྲྭ་སྒོའི་སྟེང་ན་སུ་ཁ་མ་སིདྡྷི་ལོ་བཅུ་དྲུག་ལོན་པ་ན་ཚོད་ཤིན་ཏུ་གཞོན་པ་སྐུ་མདོག་དཀར་བ་དབུ་སྐྲ་སིལ་མས་སྐུ་རྒྱབ་ནོན་པ། ཕྱག་གཡས་རྣམ་ཐར་སྒོ་གསུམ་མཚོན་པ། གཡོན་པས་སྡིག་མཛུབ་ཐུགས་ཀར་མཛད་དེ། རིགས་ཀྱི་བུ་ཉོན་ཅིག
།ནམ་མཁའ་རིག་མེད་སྟོང་པ་ལ། །རིག་བཅས་སེམས་ཀྱི་རྩ་བ་གཅུན། །རྩ་བ་གཅུན་ལ་ལྷུག་པར་ཞོག
།གསུངས་ནས་གསུངས་ལྷང་ལྷང་བཞུགས་པ་ཞིག་མཐོང་ངོ་། །དེ་ནས་བྲག་ལྷ་ཀླུ་ཕུག་ཏུ་འཕགས་པའི་བཞུགས་སར་རིག་གཏད་གཅིག་བྱས་ནས་ཕྱིར་ཕྱིན་པ་དང་། མཚོ་དཀྱིལ་ན་པདྨའི་སྡོང་པོ་རྒྱས་པའི་སྟེང་ན་ཐུགས་རྗེ་ཆེན་པོ་རྩ་ཕྱག་བདུན་བཅུ་པ་ཞིག་བཞུགས་ནས་ཀླུ་རྣམས་ལ་ཆོས་གསུངས་ཞིང་འདུག་པ་མཐོང་ངོ་། །དེ་ནས་བྲག་ལྷ་གནས་ཀྱི་མདུན་དུ་གཏོར་མ་བཏང་བས་ཕྱག་བཞི་པའི་གཡས་ན་སྒྲོལ་མ། གཡོན་ན་ཁྲོ་གཉེར་ཅན་བཞུགས་པ་མཐོང་ནས་དུག་གསུམ་ཞི་མཛད་ཀྱི་གསོལ་འདེབས་བྱས་པས། སྒྲོལ་མའི་ཞལ་ནས།
གཉིས་འཛིན་སྤངས་ན་འདོད་ཆགས་ངང་གིས་ཞི། །ཕ་མར་ཤེས་པས་ཞེ་སྡང་རང་སར་གྲོལ། །གསལ་ལ་རྟོག་མེད་གཏི་མུག་དབྱིངས་སུ་ཐིམ། །འགག་མེད་དུག་གསུམ་རང་སར་འཆིང་བྱེད་འདི། །དེར་འཛིན་མེད་པས་རང་སར་གྲོལ་བར་ངེས། །ཉོན་མོངས་རང་ཤར་རང་གྲོལ་ཉིད་དུ་ལྟོས།
།ཞེས་ལྷ་སོ་སོས་གསུངས་སོ། །དེ་ནས་ཡང་བྲག་ལྷའི་ཀླུ་དེས་རིག་གཏད་གཟུངས་ཆོག་ཞུས་ནས། ཞག་གསུམ་ཀླུ་ཕུག་ཏུ་བསྡད་དོ། །དེ་ནས་[[Kyergang|སྐྱེར་སྒང་]]དུ་ཕྱིན་ཙ་ན། ངོམ་ཤོད་བའི་དགེ་བཤེས་ཕར་ཕྱིན་དཔོན་གཡོག་གསུམ་མཇལ་དུ་བྱུང་བ་དང་། ནམ་མཁའ་ལ་ཟླ་བ་གཅིག་ཤར་བྱུང་བ་དེ་དྲང་སྲོང་གིས་བཟུངས་བྱུང་བས། ཇོ་བོ་དཀོན་མཆོག་གསུམ་པོ། དྲང་སྲོང་གིས་བཟུངས་བའི་ཟླ་བ་འདི་བཏང་དུ་གསོལ་བྱས་པས་དུམ་པ་གཅིག་བཏང་བྱུང་བས་དེ་དགེ་བཤེས་ཀྱི་ལྟས་སུ་འདུག་ནས། ཁྱོད་ལ་ཚེ་རིང་པོ་མི་ཡོང་བར་འདུག །ངས་ཨེན་ཙམ་གཅིག་བསྲིངས་ནས་ཡོད་ཀྱི། ད་དགོན་པར་རྒྱུག་ལ་ཐུགས་རྗེ་ཆེན་པོ་སྒྲུབས། ལོ་གསུམ་ནས་འདིར་ཤོག་བྱས་སོ། །དེ་ནས་དགེ་བཤེས་དེས་ཐུགས་རྗེ་ཆེན་པོའི་ཞལ་མཐོང་ནས་འཕྲད་དུ་བྱུང་སྟེ། བླ་མ་ཆེན་པོ་ད་ངའི་དོན་གྲུབ་ཟེར་ནས་འདུག་པ་དང་། ངས་དེ་ནས་ཞག་གསུམ་གྱི་དྲོ་ལ་སླེབ་པར་འདུག་ཅིང་། དེ་མ་ཐག་སྤོང་ཐག་གྱིས། དགོན་པར་གཏོད་བྱས་པ་དང་། ཁོས་སླེབ་མ་ཐག་ཏུ་སྤོང་ཐག་བྱས་པས་ཁོ་གྲོངས་ནས་འཇའ་ཚོན་དུ་སོང་ཟེར་རོ། །ཡང་ངམ་ཤོད་ནས་དགེ་བཤེས་ཆོས་རྒྱལ་བྱུང་ནས། བླ་མ་ད་ང་འདོད་ཆགས་གཏན་ནས་དག་འདུག་ཟེར་རོ། །ཕར་ཕྱིན་ལྟར་བྱས་ན་རྒྱུད་ཚོད་མཐོ་རབ་སོང་གདའ། དེར་ཙུག་ཡིན་ཀྱང་བླ་མ་ལ་ཞུར་འོང་པ་ཡིན་ཟེར། ཀླུ་སྲིན་མོས་བར་ཆད་བྱས་འདུག་པས། འདོད་ཆགས་དག་གམ་མ་དག་ལྟ་ཡིས་བྱས་ནས། རྡོ་རྗེ་དྲིལ་བུ་ཁོའི་མགོ་ཐོག་ཏུ་བཞག་ནས་བྱིན་བརླབས་བྱས་པ་དང་། ཁོ་བརྒྱལ་ནས་དྲན་མེད་དུ་སོང་བ་དང་། ཀླུ་སྲིན་མོ་ཡང་བྲོས་ནས་སོང་ངོ་། །ཁོ་ལ་འདོད་ཆགས་མེ་འབར་བ་བཞིན་དུ་སོང་བས། དེ་སྔར་གྱི་གདོན་གྱི་བར་ཆད་བྱུང་བ་མ་ཤེས་པར་འདུག །ད་འདོད་ཆགས་རང་དག་ལ་འགྲོ་བ་གཅིག་ཞུ་དགོས་ཟེར་ནས། ཀེང་རུས་ཏ་རའི་གདམས་པ་བཏབ་ནས་ཏིང་ངེ་འཛིན་བཟང་པོ་བྱུང་ངོ་། །སྐར་ཆུང་བཙས་པོས་སྣ་དྲངས་པའི་མཛེ་ཕོ་བཅུ་གསུམ་ལ་གཟུངས་ཆུ་བྱིན་པ་ཙམ་དང་། རྡོ་རྗེ་དྲིལ་བུའི་བྱིན་བརླབས་བྱས་པ་ཙམ་ལ་མཛེ་ཐོན་པ་བྱུང་ངོ་། །ཡང་ཡོལ་པའི་དཔོན་སློབ་ཞང་བཙུན་བྱ་བ་སྨྱོ་འདུལ་དུ་བྱུང་བས་ཁྱོད་ཀྱི་སྐྱེ་བ་སྔ་མ་རྒྱ་གར་དུ་སློབ་དཔོན་ཇོ་མོ་ཅན་གཅིག་ལ་བ་འཇུག་འདྲ་བ་བྱས་ནས་འབར་བས་རྒྱུ་བྱས་ནས་འདུག་པས་བཤགས་པ་གྱིས་རྐྱེན་ལོ་རོ་རྒྱལ་པོས་བྱས་འདུག་པ་ངས་ལྟ་སྟངས་ཞིག་བྱས་པས་ཁོའི་སྨྱོ་ཐུལ་ལོ། །དེས་ན་བླ་མའི་རྣམ་ཐར་གང་ལ་ཡང་ལོག་ལྟ་མི་བྱེད་པ་གལ་ཆེ་བར་འདུག་གོ། ང་ལ་མོན་པ་འདྲ་བ་གཅིག་གིས་སྨན་བླའི་ལྡེར་བཟོ་གཅིག་གི་རབ་གནས་བཅོལ་བས། ངས་སྨན་བླའི་མཐེའུ་ཆུང་མ་ལེགས་སོ་བྱས་པས། དེ་ནས་ཞག་འགའ་མཐེའུ་ཆུང་ཤིན་ཏུ་ན་བར་བྱུང་བ་དང་། རྗེ་བཙུན་མ་སྒྲོལ་མ་བྱོན་ནས། ཁྱོད་ཀྱི་སྡེར་བཟོ་མ་ལེགས་པ་བྱས་ནས་མ་འཕྱས་པར་སྨན་བླའི་མ་ལེགས་པ་བྱས་པའི་ངག་གི་ཉེས་པ་འདིར་སྨིན་པ་ཡིན་ཅིང་། སྨན་བླའི་སྡེར་བཟོའི་དྲུང་དུ་བཤགས་པ་གྱིས་ཤིག་གསུངས་ནས་བཤགས་པ་བྱས་པས་དྲག་པ་དང་། རྣམ་སྨིན་ཕྲ་ཞིང་ཕྲ་བ་ལ་འཛེམ་པ་དང་། བཤགས་པ་དེ་འཕྲལ་ལ་བྱ་བ་གལ་ཆེ་བར་འདུག །ཡང་གྲི་བོ་མགོན་པོ་ཤ་བ་རྒྱུག་འགྱེལ་གྱི་མན་ངག་འཚོང་ཞིང་འདུག་ནས། དེ་ལ་མི་གསོད་ཀྱི་ཤན་པ་གྲི་པོ་ཤ་བ་མགོན་པོ་བྱས་ནས་ཐེབས་འགའ་འབར་བས། ཁོང་གྲོང་ནས་སྤུར་སྦྱོང་བའི་དུས་སུ་རྨི་ལམ་བཟུང་ནས་བལྟར་ཕྱིན་པས། བདག་མེད་མ་ལྷ་མོ་བཅོ་ལྔ་སྤུར་ཁང་གི་ནང་ན་ཞལ་ཕྱིར་གཟིགས་ནས་འདུག་པ་དེ། ང་ཕྱིན་པ་དང་ནང་དུ་ཞལ་གཟིགས་ནས་འདུག་པ་དང་། བདག་ལ་ཞལ་བསྟན་དུ་གསོལ་བྱས་པས། ཁྱོད་ཀྱིས་སྔགས་ཀྱི་རྣལ་འབྱོར་པ་ལ་འབར་ཡོད་པས་ད་བཤགས་པ་གྱིས་གསུངས་ནས། བཤགས་པ་བྱས་པ་དང་། དགྱེས་རྡོར་ཡབ་ཡུམ་གཉིས་ཀྱིས་ཨཱ་ལི་ཀཱ་ལིའི་བཤགས་པ་བསྟན་ཏེ། བདག་མེད་མའི་ཞལ་ནས། རིགས་ཀྱི་བུ།
གསང་སྔགས་སྤྱོད་པའི་རྣལ་འབྱོར་གྱིས། །རྣམ་ཐར་དཔག་པར་མི་ནུས་ཤིང་། །ཐམས་ཅད་མཁྱེན་པར་མ་གྱུར་ཚེ། །གཞན་རྒྱུད་ཁོང་དུ་མི་ཆུད་པས། །མནར་མེད་སྐྱེ་བའི་ལས་ལ་སོམས། །རང་རྒྱུད་ངན་པས་དག་སྣང་སྦྱོངས། །མཐོལ་བཤག་གཉིས་དང་འབྲལ་མི་བྱེད།
།ཅེས་གསུངས་ནས་མི་སྣང་བར་གྱུར་ཏོ། །དེ་ནས་ཕག་མོ་གྲུ་པའི་ཞི་བྱེད་རྨི་ལམ་དེ་ཞུ་དགོས་སྙམ་ནས་གསོལ་བ་བཏབ་པས། ཕ་དམ་པ་བྱོན་ནས་དུག་གསུམ་ལམ་ཁྱེར་གྱི་གདམས་ངག་ཞུས་པས། ད་གསང་སྒྲུབ་ཀྱི་སྐབས་སུ་འགྲོ་བའི་སྐོར་ལ་ང་སྒོམས་གསོལ་བ་ཐོབ་ཅིག །ངས་ཀྱང་བྱིན་གྱིས་བརླབས་པར་བྱའོ་གསུངས་སོ། །དེ་ནས་སྐོར་རྒྱལ་ཚ་ཉལ་འདུག་པ་དང་ལངས་ནས་ཕྱིར་བྱུང་། ཡང་ཉལ་ནས་ནང་པར་བླ་མས་[[ནཱ་རོ]]འི་ཡིག་ཆུང་ཞི་བྱེད་རྨི་ལམ་དེ་བྱིན་ན་དགའ་སྙམ་འདུག་པ། ནང་བར་ཁྱོད་མོས་ན་མདང་ང་ཡིད་སྨོན་བཏང་བའི་ཆོས་དེ་གཉིས་བྱ་ཡིས་བྱས་པ་དང་། ཁོ་ན་རེ། མདང་གི་དེ་མཁྱེན་པར་ཐུགས་ལ་བཏགས་ཏེ། ལར་བླ་མ་མི་མཁྱེན་དགུ་མཁྱེན། ང་མི་འགྱུ་དགུ་འགྱུ་ངོ་རེ་ཚ་ཟེར་ནས་བྱུང་ངོ་། །ཡང་བཟད་པའི་ཀླུ་ཇོ་སྲས་ཀྱིས་ཤ་མར་ཉི་ཤུ་དང་། སྣམ་བུ་བརྒྱད་ང་ལ་འབུལ་སྙམ་ནས་བྱུང་བ་དང་། གནམ་བར་དུ་ང་ལ་བསྔོས་པའི་ཤ་མར་གཞན་ལ་འབུལ་ནས་མ་ཐེང་། དེ་ལས་སྡིག་ཆེ་བ་མེད་པ་ཡིན། ང་ལ་ད་མཐོ་དམན་མེད་དེ་ཚོང་དཔོན་བཟང་སྐྱོང་གི་མདོ་ལས།
སྦྱིན་ནོ་ཞེས་ནི་ཁས་བླངས་ནས། །གང་གིས་གཞན་ལ་སྟེར་བྱེད་པ། །དེ་ལས་སྡིག་ཆེ་གང་ཞིག་ཡོད། །དེ་ལས་བསླུས་པ་གང་ཞིག་ཡོད།
།བྱ་བ་ཡིན་པ་ད་ཕྱིས་དེ་འདྲ་མ་བྱེད། དགེ་སྦྱོར་མི་བྱེད་ན་ཕྲེང་བའི་འགེལ་ཕུལ། དེ་ལྟ་བུ་མ་བྱེད་ལྷ་ལ་བརྙས་པར་འགྲོ་བ་ཡིན། ཁྱོད་སང་གནབ་ཙན་གྲོང་གསེབ་དང་གྲོང་ལྟག་ཏུ་བསྡད་ནས། ཡིག་སྣ་སྣ་ཚོགས་གསོག་པའི་འཁོར་འབྲི་ཕྱུགས་ཀྱི་འདྲེ་བརྡུང་བའི་ཟླའོ་ཨེན་རེ་ཚོལ་བ་གཅིག་འོང་བར་འདུག་བྱས་པས། ཕྱིས་ནས་འབུལ་བ་ཆེན་པོ་བསྐྱལ་ནས་གཏམ་གཏོང་མ་ནུས་སོ། །ཡང་འཕན་ཡུལ་བའི་བྱའུ་མདར། ང་ལ་རྐུན་མ་བྱེད་དུ་འོངས་ནས་ཅི་ཡང་མ་ཐོབ་པ་དང་། ང་མོས་པ་སྐད་བྱེད་ལ་ཕྱེ་གཅིག་བླངས་འགྲོ་སྙམ་པ་དང་། ཁྱེད་ཀྱི་རྐུན་མ་བྱས་ནས་ཅི་ཡང་མ་ཐོབ། ད་ང་ལ་ཁྱོད་ཕྱེ་འདོད་པ་དེ་བདེན། ཁོ་ལ་གོས་སྣམ་གསུམ་དང་ལམ་རྒྱགས་བསྐུར་བྱས་པས། ཁོ་མོས་ནས་རབ་ཏུ་བྱུང་ཏེ་ལ་བ་གཙང་སྒོམ་ཅན་དུ་བསྒོམས་པས་ཐུགས་རྗེ་ཆེན་པོ་ཞལ་མཐོང་། ཡང་གནམ་བར་གྱི་[[Shangom Chöseng|ཞང་སྒོམ་]]མིང་སྲིང་གཉིས་ཐུགས་རྗེ་ཆེན་པོ་ཞུར་བྱུང་བས། སྲིང་མོ་ལ་ཁྱོད་ཆོས་སྒོར་ཞུགས་ཀྱང་ཁྱིམ་ཐབ་ཡིད་ལ་སེམས་པ་ཙམ་མ་བྱེད་ཅིག །ཐུགས་རྗེ་ཆེན་པོའི་ཕྱོགས་སུ་གྱིས་ཤིག་བྱས་པས། མོ་ན་རེ། དེ་སྔའི་རྣམ་རྟོག་མཐོལ་ལོ་བཤགས། །བློ་ཆོས་སུ་འགྲོ་བར་བྱིན་གྱིས་རློབས། ཟེར་ནས་དམ་བཅའ་དྲག་པོ་བྱས་ནས་བསྒྲུབ་པས་ལོ་བདུན་ནས་ཐུགས་རྗེ་ཆེན་པོ་མཐོང་བ་གཅིག་བྱུང་ངོ་། །དེ་ལ་སོགས་པའི་མི་རྩར་བྱུང་བ་ཕལ་ཆེར་གྱི་ཚེ་རིང་ཐུང་དང་རྣམ་རྟོག་ཅི་སྐྱེས་ཐམས་ཅད་བཤད་པས། འགའ་དང་རྒྱའི་རྒྱལ་པོས་ཐོས་ནས་འབུལ་བ་མང་པོ་བསྐུར་ནས་བྱུང་བ་དང་། ཡང་དབུས་གཙང་གི་དགེ་བཤེས་དང་སྡེ་བཅད་ཕལ་ཆེར་མོས་ནས་ཆོས་ཞུ་བ་དང་། རྟེན་བསྐུར་ནས་རབ་གནས་ཞུ་བ་དང་། བར་ཆད་འོང་མི་འོང་དང་། ཚེ་རིང་ཐུང་ལ་སོགས་པ་འདྲིར་བྱུང་ཚད་ལ་བཤད་པས་ཐམས་ཅད་མོས་པར་བྱུང་། དེ་ནས་མཆེད་གྲོགས་ལྷ་སྡིང་པ་ཕྲག་དོག་སྐྱེས་ཏེ་བསྐུར་པ་བཏབ་པས། དབོན་སྟོན་འདི་བ་སོ་དར་མ་སེང་གེ་བྱ་བ་ཡིན། ཁོ་བྲམ་ཟེའི་ཐེའུ་རང་གཅིག་བསྒྲུབས་ནས་མངོན་ཤེས་རྫུན་བཤད་བྱས་པས་ཐམས་ཅད་མགོ་འཁོར་ནས། ད་ཁོ་ལ་ལོག་འཚོའི་བསོད་ནམས་ཆེ་ཚད་སྐྱེས་འདུག་ཟེར་རོ། །དེ་ཡང་སྔོན་གྱིས་ལས་ངན་ཡིན་ཏེ། ང་སྐྱེ་བ་མང་པོའི་སྔོན་རོལ་དུ་རྒྱ་གར་ཤར་ཕྱོགས་སུ་པཎྜི་ཏ་དྷརྨ་པ་ལ་བྱ་བ་གྲྭ་པ་ལྔ་བཅུ་ཙམ་གྱིས་བསྐོར། ཆོས་ཤིན་ཏུ་མཁས་པ་ཞིག་ཏུ་གྱུར་ནས། རྒྱ་གར་གྱི་ཕྱོགས་ཐམས་ཅད་ནས་ཐེག་པ་ཆེ་ཆུང་གི་ཆོས་ལ་ང་ལས་མཁས་པ་སུ་མི་འདུག་སྙམ་ནས། ཞེ་སྡང་ཕྲག་དོག་གི་ཀུན་སློང་མེད་ཀྱང་། ཆོས་འདི་ཡིན་འདི་མ་ཡིན་དང་། དག་གམ་མ་དག་གི་བཤགས་རལ་ཕྱེ་བ་ཐམས་ཅད་ངའི་སྲོལ་ལ་ཞུགས་སོ། །དེ་ལྟར་བཤགས་ཕྱེ་བ་དེའི་རྣམ་པར་སྨིན་པས། ད་གང་དུ་སྐྱེས་ཀྱང་སྐུར་པ་ཤ་སྟག་བྱུང་ངོ་། །ད་རེས་ཀྱང་ཐུགས་རྗེ་ཆེན་པོ་ལ་སོགས་ཡི་དམ་མང་པོ་ཞལ་མཐོང་། [[Khyungpo Neljor|བླ་མ་ཤངས་པ]]འི་བཀའ་དྲིན་གྱིས་སྒྱུ་ལུས་རྨི་ལམ་འབྱོངས་ནས། འོད་གསལ་དང་གསལ་སྣང་མཆེད་པའི་སྟོབས་ཀྱིས་གཞན་རྒྱུད་ཤེས་པ་བྱུང་ནས་གཞན་ལ་ཕན་པར་འདུག་ནས་བཤད་པས་སྐུར་པ་འདི་བྱུང་བ་ཡིན་ཏེ། ད་རེས་ཀྱི་འདིས་ལས་ཀྱི་ལྷག་མ་ཐམས་ཅད་སངས་དག་ནས་སྐྱེ་བ་ཕྱི་མ་ལ་ཕུན་སུམ་ཚོགས་པའི་གདུལ་བྱ་འབྱུང་བར་འགྱུར་རོ། །དེ་ཡང་ལས་ཀྱི་རྣམ་སྨིན་འདི་འཇིགས་པར་འདུག་པས། མི་དགེ་བ་ཆུང་ངུ་ལ་ཡང་འཛེམ་པ་དང་། བཤགས་པ་མྱུར་དུ་བྱེད་པ་འདི་གལ་ཆེ་བར་འདུག་གོ།
།དེ་ནས་བྱང་རྩེ་ལྡེང་ན་[[Shangom Chöseng|རྟོགས་ལྡན་ཞང་སྒོམ་ཆོས་སེང་]]བྱ་བ། [[Khyungpo Neljor|བླ་མ་ཤངས་པ་]]ལོ་བཅུ་གཉིས་བསྟེན་པའི་རྣལ་འབྱོར་གྲུབ་ཐོབ་ཆེན་པོ་ཞིག་འདུག་ཟེར་ནས་ནམ་ཟླ་སོས་ཀ་ཞིག་མཇལ་དུ་ཕྱིན་ནས། མཁའ་སྤྱོད་མ་དཀར་དམར་དང་དགྱེས་རྡོར་བདེ་མཆོག་དང་། མགོན་པོའི་གནད་ཡིག་དང་། དམིགས་པའི་སྒྲོམ་བུ་དང་། འཕོ་བ་ལ་སོགས་པའི་ཞལ་གདམས་རྣམས་མང་དུ་ཞུས་སོ། །དེ་ནས་ཡང་འདམ་པ་ཅོག་སྟོན་ལ་དཔལ་ལྡན་སྒམ་པོ་པའི་ཆིག་བརྒྱུད་རྣམས་མངའ་བ་དང་། གྲུབ་ཐོབ་ཏུ་འདུག་པ་དེས་བླ་མ་དཔལ་གྱི་གདམས་པ་རྣམས་ཞུས་སོ། །དེ་ནས་སོས་ཀ་དེར་ཆོས་བཤད་ཅིང་ཡོད་ཙ་ན། བླ་ཡེ་ལ་ཕྱག་སྟོང་སྤྱན་སྟོང་དེ་ཡང་མཐོང་། ཡང་མཚོ་ཆེན་པོ་པདྨ་རྒྱས་པ་གཅིག་གི་དཀྱིལ་ན། པདྨའི་སྡོང་པོ་ཤིན་ཏུ་རྒྱས་པ་གཅིག་གི་སྟེང་ན་ཐུགས་རྗེ་ཆེན་པོ་རྩ་ཕྱག་ལྔ་བཅུ་པ་གཅིག་བཞུགས་ནས་འདུག་པ་ལ། པདྨའི་གསེབ་ནས་ཡར་ལ་ལྷ་དང་ཀླུ་མང་པོས་ཆོས་ཞུ་ཞིང་འདུག་པ་གཅིག་མཐོང་བ་དང་། དེའི་ཁྲོ་ཞལ་གྱི་སྤྱན་དབུས་མ་ལས་བགེགས་ཐམས་ཅད་འཇོམས་པ་ཞེས་བྱ་བའི་འོད་ཟེར་མཐིང་ག་གཅིག་བྱུང་ནས་བདག་གི་སོ་ལ་ཕོག་པས་འབུ་སྲིན་དང་། སྡིག་པ་མང་པོ་དོན་སོང་བས་སོ་རྒྱུན་དུ་ན་བ་དེ་དུས་དེར་དྲག་གོ། །དེ་ནས་ཕྱུགས་ནད་མཆེད་དུ་བྱུང་བ་ལ་ནད་ཞི་བའི་གསོལ་བ་བཏབ་པས་ཐོ་རངས་དགྲ་ནག་དང་འཇིགས་བྱེད་ཀྱི་ལྷ་ཚོགས་རྣམས་བྱོན་ནས་ནད་འདྲེ་ཐམས་ཅད་བསད་པ་དང་། རེངས་པ་དང་། བསྐྲད་པས་ནད་ཞག་གསུམ་ནས་ཆོད་དོ། །ཡང་གཤིན་རྗེ་གཤེད་ནག་པོ་དང་། འཇིགས་བྱེད་དང་རྟ་མགྲིན་གསུམ་གྱི་སྒོ་ནས་སྨྱོ་བ་བརྒྱད་ཅུ་བཏུལ་ལོ། །དེ་ནས་བསྐྱེད་རིམ་ལ་བརྟན་པ་ཐོབ་པ་དང་། སྣང་བ་བདེན་མེད་དུ་རྟོགས་པ་གཉིས་མ་བྱུང་གི་བར་དུ་གདོན་དང་སྨྱོན་པ་བཏུལ་ན་གྲིབ་དང་འདྲས་ཆེན་པོ་འོང་བར་འདུག་པས་གཏུབ་ཚད་ཀྱིས་མ་བྱེད་ཅིག །ཡང་གདུང་རྟེན་རྒྱལ་པོ་ཅན་གཅིག་ལ་རབ་གནས་བྱས་པས་རྒྱལ་པོ་དེ་འགྲོ་མ་གཏུབ་རྟེན་ལ་རྡོ་རྗེ་བསྣུན་པའི་གཏམ་རྒྱུད་གསུངས། དྲག་པོ་གཅིག་གཅུན་པས་ཆུན་པའི་རབ་གནས་ལེགས་ཀྱང་ང་ལ་འདྲས་ཨན་ཙམ་བྱེད་དུ་བྱུང་ནས་སྦྱིན་སྲེག་བྱས་ལ་རྒྱལ་པོ་གཏན་ནས་བརླག་པར་བྱ་དགོས་སྙམ་ཙ་ན། སློབ་དཔོན་པདྨ་བྱོན་ནས། གདོན་ཆེན་པོ་མ་བརྡུང་། ཀླུ་ཆེན་པོ་ལ་སྦྱིན་སྲེག་མ་བྱེད། ཆིག་བརྒྱུད་མ་སྤེལ། སྔགས་ལ་མ་གཤེ། མཆེད་གྲོགས་ལ་ཕྲག་དོག་མ་བྱེད། སེམས་ཅན་ལ་བློས་སྤང་མི་བྱ་གསུངས་སོ། །དེ་ནས་ངའི་རྟོགས་པ་ལ་བླ་མ་ཇི་ཙམ་བཞུགས་མི་ཤེས། ང་རང་ཡང་ནམ་འཆི་ཆ་མེད། དེ་སྔ་ཡང་འབུལ་བ་དྲག་པོ་ལན་གཉིས་པ་ཡིན། ད་ངས་བླ་མ་གདན་འདྲེན་དུ་བཏང་ལ་ཅི་ཡོད་འབུལ་དགོས་སྙམ་ནས་གདན་འདྲེན་དུ་བཏང་བས་བླ་མ་བྱོན་ནས། ཚེས་བཅུའི་ནུབ་མོ་མཆོད་པ་ཤོམས་ཤིག །ཉམས་རྟོགས་བསྡུར་དགོས་གསུངས་ནས། ང་རང་གི་དགེ་སྦྱོར་སྐྱེས་པ་རྣམས་ཞུས་པས། བླ་མའི་ཞལ་ནས། རྒྱ་གར་གྱི་གྲུབ་ཐོབ་རྣམས་ཀྱི་ཞལ་ནས། [[Khyungpo Neljor|བླ་མ་ཤངས་པ་]]ཁྱེད་ཀྱི་དགེ་སྦྱོར་གྱི་སྐྱེ་ཚུལ་ལྟ་བུ་སུ་ལ་ཡང་མ་བྱུང་གསུངས་བར་འདུག་གོ། །ང་ལ་ཡང་[[Khyungpo Neljor|བླ་མ་ཤངས་པ]]འི་ཞལ་ནས། [[Mokchokpa Rinchen Tsöndrü|རིན་ཆེན་བརྩོན་འགྲུས་]]ཁྱོད་ཀྱི་དགེ་སྦྱོར་སྐྱེ་ཚུལ་འདི་ལྟ་བུ་སུ་ལ་ཡང་མ་བྱུང་གསུངས། དབོན་སྟོན་གྱི་དགེ་སྦྱོར་སྐྱེ་ཚུལ་འདི་ལྟ་བུ་དང་། ལྷ་སྐུ་དང་འོད་གསལ་གྱི་རྩལ་འདི་ལྟ་བུ་ང་ལ་ཡང་མ་བྱུང་སྟེ་ལར་ད་ལྟ་དཔོན་སློབ་གཉིས་སུ་ཚོགས་པ་ལ་འོ་སྐོལ་གཉིས་ལས་ཉམས་རྟོགས་བཟང་བར་མེད་པར་ཐག་ཆོད་པས་དགའ་བ་ཁྱད་པར་ཅན་སྒོམས་ཤིག །ད་[[Khyungpo Neljor|བླ་མ་ཤངས་པ]]འི་གདམས་ངག་འདི་ལ་ཌཱ་ཀི་དངོས་སུ་འདུ་བ་ཡིན་ཏེ། འདི་མ་འོངས་པའི་དུས་སུ་སོང་ཙ་ན། ཡང་ན་བཀའ་ཆད། ཡང་ན་ཚོང་དུས་ཀྱི་འོ་མར་འགྲོ་བར་འདུག་པས་ངས་དང་པོ་རིག་པ་དྭངས་དུས་སུ་ཇི་ལྟར་བཤད་པ་བཞིན་དུ་ཡི་གེར་བཀོད་ཅིག་གསུངས། བླ་མ་རྡོ་རྗེ་འཆང་དངོས་ཡིན་པས་བཀོད་པར་ཞུ་བྱས་པས། འོ་ན་མཆོད་པ་སྐྱར་མ་གཅིག་ཤོམས། གསེར་གྱི་མཎྜལ་དང་། སྤོས་ཀྱང་ཕུལ་ཅིག །གསོལ་བ་གདབ་པར་བྱའོ་གསུངས་ནས། གསོལ་བ་དྲག་པོ་བཏབ་པས་ཡེ་ཤེས་ཀྱི་[[Niguma|ཌཱ་ཀི་མ་ནི་གུ་མ་]]བྱོན་ནས། སྤྱིར་ཆོས་དྲུག་དང་ཁྱད་པར་འབྱམས་གཅོད་གསུངས་སོ། །དེ་ནས་ནང་པར་འབུལ་བ་བྱེད་པའི་མང་བསྐོལ་བྱས་ནས་འབུལ་བ་རྣམས་སྤུངས་ནས་བླ་ཡེ་ལ་འབྱོན་པར་ཞུ་ཞུས་པས། བླ་མའི་ཞལ་ནས། ད་སྔོན་ལ་སྟེང་དུ་འདོང་ངོ་གསུངས་ནས་ཕྱིན་ཙ་ན། ད་ཕྱམ་རྩེ་ཕུད་ལ་སྦ་མཁར་ལ་ཡར་ཕྱོར་ཅིག །དབོན་སྟོན་པ་བ་ལ་མཛོ་སྐྱེས་བྱ་བ་ལན་གསུམ་གྱིས་ཤིག །ང་བ་ཡིན། དབོན་སྟོན་ཁྱོད་མཛོ་ཡིན་པས་བ་ལ་མཛོ་སྐྱེས་བྱ་བ་ཡིན་ནོ། །དུས་དེ་རིང་ལས་ཉམས་དགའ་བ་ཨེ་འོང་ན་གསུངས་སོ། །དེ་ནས་བླ་མ་བླ་ཡེ་ལ་བྱོན་ནས་འབུལ་བ་ཕྱག་ཏུ་བཞེས་པ་དང་། དེ་རིང་བཤགས་པ་གྱིས་ལ་གསོལ་བ་ཐོབ་ཅིག་གསུངས་ཙ་ན། ཕལ་ཆེར་གྱིས་བླ་མ་བདེ་མཆོག་དྲུག་ཅུ་རྩ་གཉིས་ཀྱི་དཀྱིལ་འཁོར་དུ་མཐོང་། དེ་ལྟར་འབུལ་བ་ཆེ་བ་གསུམ་བྱས་པས། འབུལ་བ་ཐེབས་རེ་ལ་དགེ་སྦྱོར་གྱི་རྟོགས་པ་མི་འདྲ་བ་རེ་རེ་བྱུང་བས། ཞིང་དག་པའི་བླ་མ་ལ་བསོད་ནམས་ཀྱི་ཚོགས་བསགས་ནས་སྨོན་ལམ་འདེབས་པ་འདི་ཁོ་ན་གལ་ཆེ་བར་འདུག་གོ་སྙམ་མོ། །དེ་ནས་ལོ་མང་པོ་མ་ལོན་པ་ལ་བླ་མ་གཤེགས་ཀྱི་དོགས་ནས་ཚེས་བཅོ་བརྒྱད་ཀྱི་ནུབ་མོ་རྨི་ལམ་བཟུང་ནས། བླ་མའི་སྤྱན་སྔར་ཕྱིན་ཙ་ན། གཟིམས་ཆུང་ན་ཌཱ་ཀི་མ་མང་པོ་དང་། མི་མ་ཡིན་མང་པོ་འདུག་པས། བླ་མའི་ཞལ་ནས་དབོན་སྟོན་བྱོན་པ་དགའ་སྟེ། ད་ང་མྱུར་དུ་འགྲོ་བས་སང་དགོང་ཤོག་གསུངས་ནས་ཕྱིན་ཙ་ན། བླ་མ་མི་བཞུགས་པར་འདུག་ནས། མང་པོ་ངུས་པས་རྗེ་བཙུན་མ་བྱོན་ནས་བདེ་བ་ཅན་དུ་འོད་དཔག་མེད་དང་མཇལ་ནས་མངོན་པར་དགའ་བའི་ཞིང་ཁམས་སུ་གཤེགས་པར་ཡོད་ཀྱི་དེར་གསོལ་བ་ཐོབ་ཅིག
།ནམ་མཁའ་འདི་ལ་སྐྱེ་འཆི་མེད་པར་ལྟར། །བླ་མ་ལ་ཡང་སྐྱེ་འཆི་ག་ལ་ཡོད། །མོས་གུས་སྟོབས་ཀྱིས་འབྲལ་མེད་གནས་པ་ཡིན། །མྱ་ངན་མ་བྱེད་མངོན་དགར་གསོལ་བ་ཐོབ།
།གསུངས་ནས་ང་རང་ཡང་མངོན་དགར་འགྲོ་དགོས་སྙམ་ཙ་ན་གཉིད་སད་དོ། །དེ་ནས་ཞག་གསུམ་སོང་ནས་གསོལ་བ་བཏབ་པ་དང་། ཤངས་ནས་བང་ཆེན་བྱུང་སྟེ་བླ་མ་གཤེགས་ཟེར་ནས་བྱུང་བས། ཁོང་རྣམས་ཀྱིས་ང་ལ་གསང་འདུག་པས་ངས་ནམ་ལངས་མ་ཐག་ཁོང་རྣམས་བསགས་ནས། ངའི་བླ་མ་གཤེགས་ནས་ཞག་གསུམ་སོང་། ད་ངའི་ཆ་རྐྱེན་ཅི་འདུག་ཐམས་ཅད་མཆོད་པ་གྱིས། ཁྱེད་རང་རྣམས་ཀྱང་ཅི་ཡོད་ཕུལ་བྱས་ནས། ཟླ་བ་གཅིག་ཏུ་བླ་མའི་མཆོད་པ་བྱས་སོ། །དེ་ནས་ཚེས་བརྒྱད་ཀྱི་སྔ་དྲོ་ཐུགས་རྗེ་ཆེན་པོ་བྱོན་ནས། མཚམས་མ་བྱེད་པར་གསང་སྒྲུབ་དང་རིག་གཏད་ཞུས་ཚད་ལ་ཐུགས་རྗེ་ཆེན་པོའི་སྒོ་ནས་ཐུགས་རྗེ་ཆེན་པོ་སྟོན་ཅིང་། སྙིགས་མའི་དུས་སུ་ཁྱེད་ཀྱིས་བསྟན་པའི་སྒྲུབ་ལུགས་འདི་དར་ཞིང་ཞལ་མཐོང་བ་མང་དུ་འབྱུང་བར་འགྱུར་རོ། །གསུངས་སོ། །དེ་ནས་ཐུགས་རྗེ་ཆེན་པོ་ཞུས་ཚད་ལ་སྟེར་བའི་གོ་ཆ་གྱོན་པ་ཡིན་ཏེ། ཆོས་ཐུན་བརྒྱད་པོ་འདི་ཡང་ཚར་བར་ཉན་ནུས་ཡོང་བར་མི་འདུག །ཡང་ན་དེའི་ཚེས་བཅུ་བཞིའི་ཉི་མ་ཕྱེད་ཡོལ་ཙམ་ན་བཅུ་གཅིག་ཞལ་བྱོན་ནས། ང་དང་ཁྱོད་ནི་དབྱེར་མེད་དེ། །སྐྱེར་སྒང་པ་ནི་པོ་ཏ་ལར། །གསུངས་པས། གཞན་དུ་དགེ་སྦྱོར་བགྱིས་པ་བས། འདི་རུ་གཉིད་ལོག་པ་དགའ་བ་ཡིན་ནོ། །ད་ངའི་སློབ་མ་[[སྟོད་ལུང་]]གི་ཤངས་སོ་བཞིས་ཐུགས་རྗེ་ཆེན་པོའི་ཞལ་མཐོང་། ཐོད་ལེ་ཀོར་ལ་སོགས་པ་བླ་མ་ལྔ་བཅུའི་ཞལ་མཐོང་འདུག་པ་དང་། ངའི་སློབ་མ་ཡང་སློབ་བརྒྱུད་འཛིན་རྣམས་ཀྱིས་ཀྱང་ཞལ་མཐོང་མཁན་མང་དུ་འོང་བར་འདུག་སྟེ། ངའི་འདི་ཞལ་མཐོང་འབའ་ཞིག་གི་བརྒྱུད་པ་ཡིན་པ་དང་། ཐུགས་རྗེ་ཆེན་པོས་མ་འོངས་པའི་དུས་སུ་ཡང་ཞལ་མཐོང་མང་པོ་འབྱུང་བར་ལུང་བསྟན་པས་ཐེ་ཚོམ་ཡིད་གཉིས་མི་དགོས་སོ། །བདག་གི་རྣམ་ཐར་བསྡུས་པ་འདི། དགེ་བཤེས་གྲགས་པ་ཡེ་ཤེས་དང་། ནག་པོ་གཞོན་ཚུལ་གཉིས་ཀྱི་དོན་དུ་ཡི་གེར་བཀོད་པ་ཡིན། དེ་ནས་བླ་མ་དགུང་ལོ་བདུན་ཅུ་བཞེས་པའི་སྟོན་ཟླ་འབྲིང་པོའི་ཚེས་བརྒྱད་ནས་སྐུ་སྐེད་ཨན་ཙམ་བསྙུང་ནས། རིམ་གྲོའམ་སྨན་དཔྱད་འདྲ་བ་བྱེད་པར་ཞུ་དགོས་བྱས་པས། སྨན་དང་རིམ་གྲོ་བྱས་ཀྱང་མ་བྱས་ཀྱང་། ཚེས་བཅོ་བརྒྱད་ལ་ནད་སངས་ནས་འགྲོ་བར་འདུག་གསུངས་ནས་ཅི་ཡང་མ་གནང་ངོ་། །དེ་ནས་ཚེས་བཅུ་གསུམ་ལ་ཚོགས་གསོག་གིས་གསུངས་ནས་བྱས་པས། བཅུ་བཞི་ལ་དྲག་འདུག་ཅིང་། སང་དབུ་ཆེ་རྣམས་འཚོགས་ཤིག །ངས་ཆོས་བཤད་པ་ཡིན་གསུངས་ནས། སང་སྔ་དྲོ་ནས་འཚོགས་པ་དང་། ད་འཚོགས་སམ་གསུངས་ནས། འཚོགས་ཞུས་པས་ཕ་མའི་དང་རྩིས་མཁན་གྱི་ལྟར་བྱས་ཀྱང་། ཕོ་ལོ་བཞི་བཅུ་ལས་མི་ཐུབ་པར་འདུག་པ་ཡིན་ཏེ། [[Khyungpo Neljor|བླ་མ་ཤངས་པ]]འི་བཀའ་དྲིན་གྱིས་ཕོ་ལོ་བདུན་ཅུ་དོན་གསུམ་ཐུབ། ལོ་བརྒྱ་ལྷག་ཙམ་སྡོད་སྙམ་པ་ཡིན་ཏེ། ཁྱོད་ཚོ་ལ་སྐྱོ་བ་སྐྱེ་བར་བྱུང་བས་ང་འགྲོ་བར་ཡིན། ཇོ་བཙུན་དར་ཤེ་ཁྱོད་སྙམ་ན་ལོ་རེ་ལ་འབུམ་བརྒྱ་ཚར་རེ་བྱས་སྙམ་ཏེ། ཆོས་མི་ལ་བཅོལ་བ་ཡིན། སྟོན་པ་ཀུན་ཤེ་ཁྱོད་སྙམ་ན། ཆོས་ང་ལས་མཁས་པ་མེད་སྙམ་སྟེ་སེམས་དང་ཆོས་སུ་མ་འདྲེས་པར་འདུག་པས། རྒྱལ་པོ་དཔེ་དཀར་ལ་ལྟོས། ཐང་སོ་ཇོ་བཙུན་དང་ཆོས་མགོན་གཉིས་ཟླ་བ་རེ་ལ་སྟོན་མོ་བཟང་བ་རེ་བྱས་པས་ཆོས་གྲུབ་པ་ཡིན་ནམ་སྙམ་ཏེ་ངས་བྱས་བགྲང་ལ་དྲིན་བགྲང་བའི་དགེ་བ་ཆོས་བརྒྱད་ཀྱི་སྟོན་མོ་དེ་ཁར་རྗེ་ཆེ་ན། འབྲོག་བཟང་གི་ཕྱུགས་གཅིག་ཏུ་སྐྱེ་སྲིད་ཀྱི་ད་ལྟ་ཆོས་བྱེད་དུས་སུ་ཁྱེད་ཚོས་ཆོས་མི་དྲན་པར་སང་གནང་ཤི་བ་ཐུག་གིས་གཏུགས་ཙ་ན། ཤ་བ་ཉུང་མས་བརྣངས་པ་བཞིན་དུ་ལག་དར་སྔས་སུ་བཅུག་ནས་མིད་པ་ཐུག་ཐུག་བྱས། ངོ་ནག་ཏིང་བྱེད་ཅིང་ད་རེས་མ་ཤི་ན་ཆོས་གཤའ་མ་གཅིག་བྱེད་དགོས་ཏེ་ཟེར་བའི་ངང་ནས་འཆི་བ་འོངས་ཏེ། ངས་དང་པོ་ཆོས་དྲན་དུས་སུ་དྲན། བར་དུ་བྱེད་དུས་སུ་བྱས། མཐའ་མ་དགོས་དུས་སུ་སླེབ་པ་འདི་ཡིན་ནོ། །གཞོན་ནུ་འོད་སྤོས་ཕུལ་དང་། བརྒྱུད་པའི་བླ་མ་ཐམས་ཅད་བྱོན། ཐུགས་རྗེ་ཆེན་པོ་དང་ཡི་དམ་ཐམས་ཅད་ཀྱང་བྱོན། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ནམ་མཁའ་ཁེངས་པ་བྱོན་འདུག་པ་གསོལ་བ་ཐོབ་དང་གསུངས་སོ། །དེ་ནས་སྐྱེར་སྒང་འདི་གཞུག་ཏུ་ཅི་འདྲ་གཅིག་འོངས་བྱས་པས། འདི་ན་ཀླུ་དང་སྲིན་མོ་ཐུ་པ་གཅིག་ཡོད་པ་ཡིན་ཏེ་ངས་ཐུལ་བ་ཡིན། ངའི་བྱིན་རླབས་མ་ཉམས་རིང་ལ་སྐྱེར་སྒང་འདི་པོ་ཏ་ལ་དངོས་ཡིན་པས་གཞན་དུ་རི་ཁྲོད་དུ་འདག་བཅར་བྱས་པ་བས་ངའི་ས་འདིར་གཉིད་ལོག་པ་དགའ་བ་ཡིན་ནོ། །ད་གཟོད་མཐའ་མི་ཐམས་ཅད་དབུས་སུ་འདུས་པའི་སྟོབས་ཀྱིས། འབུམ་ཐང་འདི་ཁྱི་ལུད་ཐོར་གྱིས་འབྱུང་། བུད་མེད་ཤམ་བུ་ཅན་གྱི་ཞུར་རྟ་ཕྱ་རེ་བ་གཅིག་འོང་བར་འདུག །དེ་ཙམ་ན་ངའི་བྱིན་རླབས་ཉམས་པ་ཡིན་པས། དེ་ནས་ཀླུ་དང་སྲིན་མོ་དེ་རྣམས་ལངས། བསླབ་བ་ཐུབ་བ་ཉུང་དུ་འགྲོ། རྩེ་གཅིག་ཏུ་བསྒྲུབ་པ་བྱེད་པ་ཡང་མི་ཡོང་བར་འདུག་གོ་གསུངས། ད་འདི་ནས་བླ་མ་གང་དུ་གཤེགས། གསོལ་བ་གང་དུ་གདབ། ཆོས་བརྒྱུད་སུས་འཛིན་ཞུས་པས། བླ་མའི་ཞལ་ནས། ཁྱེད་རྣམས་ང་ལ་མོས་ན། ཤར་ཕྱོགས་མངོན་པར་དགའ་བའི་ཞིང་དུ་མངོན་པར་སངས་རྒྱས་ནས་ཐེག་ཆེན་འབའ་ཞིག་གི་འཁོར་ལོ་བསྐོར་བར་འགྱུར་པས་དེར་གསོལ་བ་ཐོབ། ས་ལ་གནས་པའི་བྱང་ཆུབ་སེམས་དཔའ་འབའ་ཞིག་ཏུ་སྐྱེ་བར་འགྱུར་རོ། །ངའི་བརྒྱུད་པ་འདི། [[གཡོར་པོ་]]སྟོད་ནས་འཛིན་པ་གཅིག་འོངས་ཏེ། རྡོ་རྗེ་འཆང་གིས་ལུང་བསྟན་པ་བཞིན་དུ། མི་རབས་བདུན་བརྒྱུད་པའི་ཚེ། མཁའ་འགྲོ་མའི་ཞལ་གདམས་འདི་རྣམས་ཕྱོགས་ཀུན་ཏུ་ཁྱབ་ཅིང་གདུལ་བྱ་མང་དུ་འབྱུང་བར་འགྱུར་རོ་གསུངས་སོ།
།དབོན་སྟོན་སྐྱེར་སྒང་པའི་རྣམ་ཐར་རེ་ཞིག་རྫོགས་སོ། །སརྦ་མངྒ་ལཾ། ཤུ་བྷཾ། དགེའོ།། །།

Revision as of 10:37, 28 April 2024

Resource ID SCv1p223
Title bla ma skyer sgang pa'i rnam par thar pa
Alt. title dbon ston skyer sgang pa'i rnam thar
Topics Biography
Associated Person Öntön Kyergangpa
Link W23922
W3CN766
W20441
W8LS37032 (p.525)
W1KG1286
W3CN18508 (v1p.108)
MW0TTBBC0065

༄༅། །བླ་མ་སྐྱེར་སྒང་པའི་རྣམ་པར་ཐར་པ་བཞུགས་སོ།།

།བླ་མ་མཉམ་མེད་རིན་ཆེན་དང་། །རྟོགས་ལྡན་ཞང་སྒོམ་ཞབས་ལ་འདུད། །ཚད་མེད་འགྲོ་སྐྱོབ་སྙིང་རྗེའི་སྐུ། །སྤྱན་རས་གཟིགས་ཀྱིས་བྱིན་གྱིས་རློབས།
།དང་པོ་དད་པས་ཆོས་སྒོར་ཞུགས། །བར་དུ་ཐུགས་རྗེ་ཆེན་པོ་བསྒྲུབས། །དེ་རྗེས་བླ་མ་སངས་རྒྱས་བསྟེན། །ད་ལྟ་འབྲས་བུ་མངོན་གྱུར་ཏོ།
།དེ་ཡང་བདག་གི་ཕ་ཡུལ་ནང་གོང་རྣམ་པ། རུས་འབའ་ཡིན་ནོ། །དེ་ཡང་དང་པོ་ལོ་བཅུ་གཉིས་ནས་གཤིན་རྗེ་གཤེད་ལ་བསྙེན་པ་བསྐྱལ། བཅུ་བདུན་དུ་སྐྱེར་སྒང་དུ་ཁུ་བོ་འབའ་ཐམས་ཅད་མཁྱེན་པ་ལ་རབ་ཏུ་བྱུང་ནས་བྱམས་པའི་ཆོས་ལྔ། སྤྱོད་འཇུག་བསླབ་བཏུས་བསྟན་རིམ་རྣམས་ཉན། དེ་ནས་འབའ་ཚད་མ་བ་ལྷ་སར་ཆོས་འཁོར་ལ་གདན་དྲངས་པའི་ཕྱག་ཕྱིར་ཕྱིན་པས། གྲྭ་པ་གཅིག་གིས་སྟོན་མོ་བྱས་པའི་རྣམ་བཞག་ལ། དར་ཡུག་སེར་པོ་གསུམ། ཟངས་གཅིག་ཕྱེ་མར་མང་ཞིག་ཕུལ་ནས། བྲག་ལྷའི་མདུན་དུ་དྲོ་ཐོན་ནས་ཉེ་འདོན་ལ་ཕྱིན་པས། ཀླུ་ཕུག་གི་ཁང་ཆུང་གཅིག་ལས་དཀར་བཏང་བ་གཅིག་འདུག་པས། དེ་མཐོང་བ་ཙམ་གྱིས་བློ་སྣ་འགྱུར་བ་བྱུང་ནས་ཁང་ཆུང་ཡ་གིན་སུ་ཡོད་པ་ཡིན་བྱས་པས། ལྷ་ས་སྡེ་བཞིའི་ཉེ་འདོན་པ་ན་རེ། འཕགས་པ་ལྕེ་སྒོམ་པ་བྱ་བའི་ཐུགས་རྗེ་ཆེན་པོའི་གྲུབ་ཐོབ་གཅིག་ཡོད་པ་ཡིན་ཟེར་བས། དེ་ནས་མོས་པར་བྱུང་སྟེ། དར་དང་། ཟངས་དང་། ཕྱེ་མར་ཁྱེར་ནས་ཕྱིན་ཏེ། བླ་མས་ཐུགས་རྗེ་ཆེན་པོ་ཞལ་གཟིགས་པ་ལགས་སམ་ཞུས་པས། ཐུགས་རྗེ་ཆེན་པོ་ཡིན་ནམ་མིན་ཆ་མེད། གྲིབ་ཀྱི་ཐད་ཀ་འདི་ན་ཚུར་སྐྱ་ཤར་ཤར་བ་ཞིག་གཏན་དུ་མཐོང་གིན་འདུག་པ་ཡིན་གསུངས། འོ་ན་ཐུགས་རྗེ་ཆེན་པོ་ཞུ་དགོས་བྱས་པས། ཐོག་མར་རིག་གཏད་ཀྱི་དབང་བྱ་དགོས་གསུངས་ནས། མར་ཁལ་གཉིས་ལ་མར་མེ་བྱས། གཉིས་ལ་བཙའ་རུའི་སྟོན་མོ་བྱས་ཏེ། དར་ཡུག་གསུམ་དང་། ཟངས་ཕུལ་ནས་སྒྲུབ་ཐབས་ཚར་གསུམ་ཞུས་ནས། བླ་མས་ལོ་དུ་ལ་ཞལ་གཟིགས་བྱས་པས། ངས་སྟོན་ཀ་བསོད་སྙོམས་རེ་བྱས། དེ་ནས་མཚམས་བཅད་ནས་བསྒྲུབས་པས་ལོ་བརྒྱད་ལོན་ཙ་ན་ནང་གཅིག་ཚ་བ་ཐོན་ནས་ཉི་མ་ལ་འགྲོ་སྙམ་ཙ་ན། ང་སྡོད་པའི་བྲག་ཁུང་ན་གུ་དི་རི་རི་འདུག་ནས་སུ་ཡིན་སྙམ་ནས་བལྟས་པས། ངའི་སྡོད་ས་དེ་ན་གཙོ་འཁོར་གསུམ་མ་ཎི་དི་རི་རི་ཟློ་ཤིང་འདུག་ནས། ཡན་ལག་བདུན་པ་ཚར་གཅིག་ཕུལ། དེ་ནས་གཏན་དུ་ཞལ་མཐོང་བ་ཡིན་གསུངས་སོ། །དེ་ནས་སྐྱེར་སྒང་དུ་ཕྱིན་ནས། ད་ཡང་ན་གཡག་གུ་ཤི་བ་དང་། ཡང་ན་བྱང་ཚ་ལོན་པ་གཅིག་ལ་གཏང་དགོས། མི་ལུས་ཐང་གཅིག་ཐོབ་པ་འདི་ལ་ཡང་ན་ཤི་བ་ཞིག་དང་། ཡང་ན་ཐུགས་རྗེ་ཆེན་པོ་ཞལ་མཐོང་བ་ཞིག་ལ་གཏད་དགོས། དོན་མེད་ཞིག་ལ་མི་ཚེ་སྟོང་ཟད་བྱས་པས་མི་ཡོང་བས་བསྒྲུབ་དགོས་སྙམ་སྟེ། མཚམས་བྱེད་ཁ་མ་ལ་ཁམས་པའི་གྲྭ་པ་རྣམས་ཀྱིས་རྟ་བཏགས། བེར་བཀོན། དར་བརྐྱང་ནས་ཁྱོད་གཞོན་དུས་སུ་ཐོས་བསམ་མ་བྱས་ན། འབའ་ཚད་མ་བ་རབས་ཆད་པས་བཀའ་བཞི་མཁས་པ་ཅིག་བྱེད་དགོས་ཟེར་བ་ལ་མ་ཉན་པས། གྲྭ་བ་རྣམས་གྲོས་བྱས་ཏེ། དབོན་པོ་མཚམས་བྱེད་པ་ལ་ཕྱེ་དང་ཆུ་ཤིང་གཅིག་ཀྱང་མ་སྐྱེལ་བར་ཕར་འགྲོ་ཚུར་འགྲོ་ཐམས་ཅད་ཀྱིས་རྡོ་རྒྱོབ་ཅིག །དེ་ལྟར་བྱས་པས་ཁོ་སུན་ནས་སློབ་གཉེར་ལ་ཚུད་དུ་འོང་ངོ་ཟེར་ནས་ཁྲིམས་བྱས་སོ། །དེ་ནས་ངས་མཚམས་དམ་པོ་བྱས་ནས་ཐུགས་རྗེ་ཆེན་པོ་བསྒྲུབས་པས། གྲྭ་བ་ཕར་འགྲོ་ཚུར་འགྲོ་ཐམས་ཅད་ཀྱིས་སྒོ་ལ་རྡོ་བརྒྱབ་ཅིང་། བཀའ་བཞིའི་དབུས་ནས་མར་བྱང་ཤང་ཤད་མི་བྱེད་པར། སྔགས་ཀྱིས་འཁོས་ཀའམ་ཁྱོད་ལ་མ་ཎི་པདྨེ་ཧཱུྃ་ང་གཅིག་གི་འོང་གིས་ཟེར་ནས་རྒྱགས་གཅིག་ཀྱང་མ་བསྐྱལ་ལོ། །དེ་ནས་ཞག་རེ་ལ་སྐྱོ་ཚ་ཕོར་རེ་རེས་མྱོང་། རེས་མ་མྱོང་། དེ་ཡང་མ་མྱོང་བར་ཐལ་པ་དང་བསྲེས་ཏེ་བཏུང་བས། གཉིད་གཏི་མུག་ཡིན་གཏི་མུག་ཉོན་མོངས་པ་ཡིན། དེ་སྔ་ཡང་ཉོན་མོངས་པ་འདི་ཀས་འཁོར་བར་བསྐྱུར་བ་ཡིན་སྙམ་ནས་གཉིད་གཅིག་ཀྱང་མེད་པར་མ་ཎི་བཟླས་པས། རླུང་ལངས་ནས་མགོ་འགས་པ་བཞིན་དུ་བྱུང་བ་ལ་སྐེ་རག་གིས་མགོ་བསྡམས་ནས་བཟླས་པ་དྲག་པོ་བྱས་པས་རྟགས་ཅི་ཡང་མ་བྱུང་ནས་སྦྱིན་སྲེག་ཆེན་པོ་བྱས་པས་སྡིག་པ་ཟད་པའི་རྟགས་རྣམས་རྫོགས་པར་བྱུང་ཡང་ཞལ་མ་མཐོང་ནས། ལོ་ཕྱེད་དང་བཞི་སོང་བའི་ཉིན་ཕྱེད་ནས་ཡི་མུག་ནས་བྲག་འོག་ཞིག་ཏུ་སྐྱོ་བསངས་ལ་ཕྱིན་ནས། ནམ་མཁའ་ལ་འཇའ་འོད་ཀྲུག་ཀྲུག་འདུག་ནས། ངས་ལོ་ཕྱེད་དང་བཞིར་ཞག་རེ་ལ་སྐྱོ་ཚ་ཕོར་རེ་ཡང་མ་མྱོང་བར་བཟླས་པ་དྲག་པོ་བྱས་པས་རླུང་ལངས་འདུག་རྦབ་ཏུ་འཆོར་སྙམ་ནས་བྲག་ཕུག་ཏུ་གཅར་བྱས་པ་དང་། མདུན་གྱི་ནམ་མཁར་འཇའ་ཚོན་གྱི་དཀྱིལ་ན། ཇོ་བོ་ཐུགས་རྗེ་ཆེན་པོ་གཙོ་འཁོར་གསུམ་འཛུམ་ཡེ་རེ་བཞུགས་ཤིང་གདའ་ནས། ཇོ་བོ་ཐུགས་རྗེ་རེ་ཆུང་། ངས་ལོ་ཕྱེད་དང་བཞི་ལ་ཞག་རེ་ལ་སྐྱོ་ཚ་ཕོར་རེ་ལས་མ་མྱོང་བ་ལ། དེ་ལས་ཞལ་སྔ་བར་མི་སྟོན་པར་ཞུས་བས། ཇོ་བོའི་ཞལ་ནས་བུ་ཁྱོད་ཀྱིས་སྒྲུབ་པ་བྱས་ནས་ཞག་གསུམ་ནས་ང་དང་འདུ་འབྲལ་གཅིག་ཀྱང་མེད་པར་ཡོད་པ་ཡིན་ཏེ་ཁྱོད་རང་གིས་ལས་ངན་མ་དག་པ་དང་། མཐོང་ན་དགའ་བའི་རེ་བས་བཀག་པ་ཡིན་གསུངས་ནས་དེའི་དུས་སུ།
ཚད་མེད་ཡོངས་སུ་དག་པ་སྙིང་རྗེ་ཆེན་པོའི་སྐུ། །ཆོས་ཉིད་རྣམ་དག་གངས་རི་བལྟམས་བ་འདྲ། །སྐྱོན་བྲལ་རིན་ཆེན་པདྨ་བརྩེགས་པའི་གདན། །གདུང་པ་ཀུན་སེལ་ཟླ་བ་རྒྱས་པའི་སྟེང་། །རྡོ་རྗེ་སྐྱིལ་ཀྲུང་བཅས་ནས་བདུད་བཞི་མནན། །ཚད་མེད་འབྲས་བུ་ལོངས་སྤྱོད་རྫོགས་པའི་སྐུ།
།ལ་སོགས་པའི་གཙོ་འཁོར་གསུམ་གྱི་བསྟོད་པ་བྱས་པའོ། །དེ་ནས་སྔར་བསྙེན་པ་བསྐྱལ་བའི་གཤིན་རྗེ་གཤེད་དམར་པོ་དེ་ཞབས་གཡས་ཀྱིས་ཐག་མའི་རི་ལ་སླེབ་པ། གཡོན་པས་སྐྱེར་སྒང་གི་རི་ལ་མནན་པ། ཕྱག་གཡས་འཁོར་ལོ། གཡོན་སྡིགས་མཛུབ་ཐུགས་ཀར་མཛད་པ་དབུ་སྐྲ་ནམ་མཁའི་ཁམས་ཁྱབ་པ་གཅིག་ཞལ་གཟིགས་སོ། །དེ་ནས་ཁུ་བོའི་ཞལ་ནས་ཤོག་དང་གསུངས་ནས་ཕྱིན་པ་དང་། ཁྱོད་ཀྱིས་ཐུགས་རྗེ་ཆེན་པོ་དང་། གཤིན་རྗེ་གཤེད་གཉིས་ཞལ་མཐོང་འདུག་པས། ད་ཁམས་པ་རྣམས་ལ་ཉན་རྒྱུ་མེད། ཐོས་པ་བྱེད་པ་བས་སྒྲུབ་པ་བྱེད་པ་ཁེ་ཆེ་བས། ད་ལྟ་ལ་སྟོད་ན་ཚ་རི་སྒོམ་པ་བྱ་བ་བླ་མ་རས་ཆུང་པའི་གདམས་ངག་ལ་མཁས་པའི་གྲུབ་ཐོབ་ཅིག་འདུག་ཟེར་བས། ད་ཁྱོད་རང་དེ་རུ་སོང་དང་གསུངས་ནས་དར་ཡུག་དྲུག་དང་གསེར་ཞོ་གང་གནང་ནས་གཙང་དུ་ཕྱིན་པས། ཉི་མ་ཕྱེད་ཙམ་ནས་ལ་ཁ་ཞིག་ཏུ་སླེབ་ནས་ངལ་བསོས་པས། ཉི་མ་དྲོན་པོ་ཞིག་ལ་སེར་ཕྲན་ཞིག་བབས་པས། ཉི་མ་ཚ་ལ་སེར་བ་དྲག་པ་གཉིས་སྟབས་སྟབས་སུ་འཚོགས་བ་འདི་མཚར་སྙམ་པ་བྱུང་བ་དང་། ག་རེ་འདི་ཐམས་ཅད་རང་གི་སེམས་སུ་འདུག །སེམས་སྐྱེ་མེད་ཆོས་ཀྱི་སྐུ་རུ་འདུག་སྙམ་ནས། རང་སེམས་སྐྱེ་མེད་དུ་ལྷན་ཅིག་རྟོགས་པ་བྱུང་བས། ཕྱིས་ནས་ཀྱང་རྟོགས་པའི་ངོ་བོ་ལ་བོགས་འདོན་རྒྱུ་མ་བྱུང་ངོ་།
།དེ་ནས་ལ་སྟོད་དུ་བླ་མའི་བཞུགས་ས་བྲག་ཞིག་ལ་ཆུ་འགྲམ་དུ་ཕྱིན་པ་དང་། ཉེ་གནས་ཆུ་ལན་པ་དང་འཕྲད་པས། ང་ལ་ཕྱག་འཚལ་འདུག་པས་ཁྱོད་ང་ལ་ཕྱག་འཚལ་བ་སུ་དང་ནོར་བྱས་པས། ཁོ་ན་རེ། ད་ནང་བླ་མའི་ཞལ་ནས་དེ་རིང་དབུས་ནས་གྲུབ་ཐོབ་གཅིག་ང་ལ་འཕྲད་དུ་འོང་བ་ཡོད་པས་དེ་ཐོངས་ཅིག་གསུངས་པ་ཡིན། ད་ཁྱེད་དུ་འོང་བར་འདུག །གཞན་སུ་ལའང་མཇལ་ཀྱིན་མེད་པས་ད་གཤེགས་ཟེར་ནས་བྲག་ལམ་ཞིག་ལ་ཕྱིན་ནས། བླ་མ་ལ་དར་ཁ་གང་ཕུལ་ནས། ང་ལ་རྒྱགས་ཙམ་མེད་པས་བླ་མ་རས་ཆུང་བའི་གདམས་ངག་རྣམས་མྱུར་དུ་ཚར་བ་ཞིག་ཞུ་དགོས་བྱས་པས། ཁྱོད་ཀྱི་གསེར་དང་དར་ཡུག་ཟད་ཙམ་ན་ཚར་བར་བྱ་ཡི་གསུངས། ངས་བླ་མ་ལ་རྫུན་དེ་ཀ་ལས་ཟེར་མ་མྱོང་། དེ་ནས་གསེར་དང་དར་བཙོང་ནས། བདེ་མཆོག་ལྷ་བཅུ་གསུམ་དང་ཕག་མོ་ལྷ་བཅུ་གསུམ་ལ་སོགས་པའི་དབང་ཞུས་ནས་ལོ་གཉིས་ལ་གདམས་པ་རྣམས་ཚར་བར་གནང་ངོ་། །དེ་ནས་འོ་ཡུག་ན་བླ་མ་སྤེན་ཕུག་པ་ཆེན་པོ་བྱ་བ། ཇོ་བོ་རྗེའི་གསང་སྔགས་ཐམས་ཅད་ཀྱི་བཀའ་བབས་པ་ཞིག་ཡོད་ཟེར་ནས། བླ་མ་སྤེན་ཕུག་པ་ཆེན་པོ་དང་མཇལ་ནས་བདེ་མཆོག་ལ་སོགས་པའི་དབང་མང་དུ་ཞུས། ལོ་ལྔའི་བར་དུ་ཇོ་བོའི་གདམས་ངག་ཚར་བར་གནང་ནས། ཇོ་བོའི་ཌཱ་མ་རུ་གཅིག་དང་ཐུགས་དམ་རྣམས་གནང་ངོ་། །དེ་ནས་ཤངས་ཀྱི་ལྷ་ཕུ་ན་བླ་མ་རྨོག་ལྕོག་པ་བྱ་བ། སྒྱུ་ལུས་རྨི་ལམ་འབྱོངས་པས། འོད་གསལ་མངོན་དུ་གྱུར་པའི་བླ་མ་གྲུབ་ཐོབ་ཆེན་པོ་གཅིག་བཞུགས་ཟེར་བ་ཐོས་ནས། བླ་མ་དང་མཇལ་དུ་ཕྱིན་པས། ལམ་ཁར་ཕྱུག་པོ་གཅིག་གིས་གསང་ལམ་གྱི་ན་བཟའ་གཅིག་བསྐུར། དེའི་དགོང་མོ་ལ་རྩར་ཉལ་བས་མི་ནག་པོ་རས་ཀྱི་ཨང་རག་གྱོན་པ་ཞིག་བྱུང་ནས། ནང་པར་འགྲོ་བའི་ཡའུ་བཙལ་ནས་དགྲ་མི་ཡོང་བར་ཡོད་ཅིང་། ངས་ཁྱོད་ཀྱི་བྲན་བཞིན་ཉན་གྱིས་སུ་ཐོད་ཐོད་ལ་མ་བྱིན་ཅིག་ཟེར་ནས་མི་སྣང་བར་སོང་ངོ་། །དེ་ནས་ལ་ལ་ཟླ་བོ་མང་དུ་བྱུང་། སྐུང་ལུང་དུ་བླ་མ་དང་མཇལ་དུ་ཕྱིན་པས་བླ་མའི་ཞལ་ནས། མདང་མི་ནག་པོ་གཅིག་བསུར་མ་བྱུང་ངམ་གསུངས། བྱུང་ལགས་བྱས་པས། དེ་མགོན་པོ་ཡིན་ཁྱོད་ཀྱི་བྲན་བཞིན་འོང་བར་འདུག་གོ་གསུངས་སོ། །དེ་ནས་མཚོན་ཆ་ཅན་གྱི་དབང་བསྐུར་མཛད་ནས་སྔོན་འགྲོ་དང་ཐབས་ལམ་གྱི་ཁྲིད་ཚར་བ་དང་། བླ་མའི་ཞལ་ནས། ཡེ་ཤེས་ཀྱི་མཁའ་འགྲོ་མ་ནི་གུ་མའི་ཆོས་དྲུག་ཆིག་བརྒྱུད་ཡིན་པས་འདི་ལྷག་མ་མ་ལུས་པ་ཞིག་ཁྱོད་ལ་སྟེར་དགོས། འདི་ལ་སྤྱིའི་དབང་བསྐུར་གཅིག་དང་སྒོ་སྒོའི་དབང་བསྐུར་རེ་ཡོད་པས། མིས་མ་ཚོར་བ་བྱེད་དགོས་གསུངས་ནས། དང་པོ་ཐབས་ལམ་གྱི་དབང་བསྐུར་ནས་མེ་རྒོད་གཏུམ་མོའི་ཁྲིད་རྐྱང་པས་ཞག་བདུན་ནས་རས་ཐུབ་པར་བྱུང་བ་དང་། ད་སྤྱིའི་དབང་བསྐུར་བྱེད་དགོས་གསུངས་ནས། ནམ་ཕྱེད་ནས་དབང་བསྐུར་བའི་དུས་སུ་བདེ་མཆོག་དང་། ཌཱ་ཀི་མ་ནི་གུ་མའི་ཞལ་མཐོང་། ཡང་སང་དགོང་སྒྱུ་ལུས་ཀྱི་དབང་བསྐུར་རྐྱང་པས་སྒྱུ་མའི་ཉམས་བཟང་པོ་བྱུང་ནས། སྣང་བའི་བདེན་འཛིན་ཐམས་ཅད་ཞིག་ནས་སོང་ངོ་། །དེ་ནས་ཟླ་བ་བཅུ་གཉིས་ནས་རྨི་ལམ་གྱི་དབང་བསྐུར་ནས། རྨི་ལམ་བཟུང་བས། ཟིན་པ་དང་སྦྱོང་སྤེལ་ཤེས་པ་དུས་གཅིག་ལ་བྱུང་བས། བླ་མའི་ཞལ་ནས། དབང་པོ་རབ་ཏུ་གྱུར་པ་ལ། །ཟིན་དང་སྦྱོང་སྤེལ་མཉམ་དུ་འོང་། །བྱ་བ་ཡིན་གསུངས་ནས་ང་ལ་བསྟོད་ར་མང་པོ་མཛད་དོ། །དེ་ནས་རྨི་ལམ་གྱི་སྟོབས་ཆེན་པོ་བྱུང་བ་དང་། བླ་མའི་ཞལ་ནས། ངའི་ཉེ་གནས་དེ་ཚོང་དུས་སུ་ཇ་འདོན་དུ་སོང་པ་ཡིན་ཏེ་ད་རུང་མ་བྱུང་། ཁོ་ལ་དགྲ་བྱུང་བ་ཡིན་ནམ་དོ་ནུབ་རྨི་ལམ་ཟུངས་ལ་ལྟོས་ཤིག་གསུངས་པས། ནམ་ཕྱེད་ཚུན་ཆད་གསོལ་བ་བཏབ་ནས་ཐོ་རངས་རྨི་ལམ་བཟུང་ནས་ཕྱིན་པས། ཁོ་ཚོང་དུས་ནས་ཉི་མ་གཅིག་འོངས་བའི་ས་ན། ཇ་སིག་མགོ་ཆགས་གཅིག་ལ་སྔས་གཏད་ནས་འདུག །ཇ་སིག་ནང་ན་རེ་བས་གཏུམས་པ་གཅིག་འདུག་ནས། ནང་པར་བླ་མའི་སྤྱན་སྔར་ཕྱིན་ནས་ཉེ་གནས་ཀྱིས་ཇ་ལོན་ནས་ཇ་སིག་ནང་ན་རེ་བས་གཏུམས་པ་གཅིག་ཀྱང་གདའ་ཞུས་པས། བླ་མའི་ཞལ་ནས་རེ་བས་གཏུམས་པ་དེ་ཏིག་ཅུག་གཅིག་རེ་བས་གཏུམས་ནས་འདུག་པས། ད་རུང་བོང་བུ་འ་མོ་ཀ་རྒན་པར་འདུག་པས་སྒོམས་ཤིག་གསུངས་སོ། །དེ་ནས་ཟླ་བ་བདུན་གྱི་མཚམས་བྱས་ནས་རྨི་ལམ་གྱི་འདུན་པ་རྩེ་གཅིག་ཏུ་བཏང་བས། ཉིན་པར་སྒྱུ་མའི་རྟོགས་པ་རང་ཤར་དུ་བྱུང་། མཚན་མོ་རྨི་ལམ་བཟུང་ནས་ཨོ་རྒྱན་དུ་ཕྱིན་ཏེ། སློབ་དཔོན་ལྭ་བ་པ་ལ་ཚིག་བསྡུས་ཞུས། ཌཱ་ཀི་མ་སེང་གེའི་གདོང་ཅན་ལ་དེ་ཉིད་གསུམ་གྱི་རྫོགས་རིམ་དང་རྩ་བ་བཅུ་པའི་གདམས་ངག་ཞུས། ཡང་རྨི་ལམ་བཟུང་ནས་རྒྱ་གར་ལྷོ་ཕྱོགས་སུ་སློབ་དཔོན་ཕྱོགས་ཀྱི་གོ་ཆ་ལ་ཕྱི་ནང་གསང་གསུམ་གྱི་རྟེན་འབྲེལ་ཞུས། ཡང་པོ་ཊ་ལར་ཕྱིན་པས་སྒྲོལ་མ་གཙོ་འཁོར་གསུམ་ཞལ་མཐོང་། སྒྲོལ་མའི་ཞལ་ནས།
སྒྱུ་ལུས་བདེན་མེད་གནད་ཡིན་ཨ་འཐས་ཤིག །རྨི་ལམ་འདུན་པའི་གནད་ཡིན་ལམ་དུ་ཁྱེར། །འོད་གསལ་མོས་གུས་གནད་ཡིན་གསོལ་བ་ཐོབ། །གཞན་དོན་སྙིང་རྗེའི་གནད་ཡིན་ཕྱོགས་འཛིན་སྤོངས།
།ལ་སོགས་པའི་ཆོས་མང་པོ་གསུངས་སོ།
།དེ་ནས་བླ་མ་ལྷ་རྗེའི་མཆོད་པའི་དུས་སུ་ལྷ་བཞིའི་མདུན་བསྐྱེད་དང་བདག་བསྐྱེད་གཉིས་ཀྱི་དབང་གནང་ནས། ཞག་ཉི་ཤུ་རྩ་གཅིག་བསྒྲུབས་པས་སྤྱི་བོའི་སྟེང་ན་ཉིན་མཚན་མེད་པར་བཞུགས་པ་ཞལ་མཐོང་བས། བླ་མའི་ཞལ་ནས་ད་ཡི་དམ་ནི་རྒྱུན་ཆད་མེད་པར་མཐོང་ནས་འདུག །རྨི་ལམ་གྱི་སྟོབས་ནི་ཆེན་པོ་བྱུང་འདུག་པས། ད་མཚོན་ཆ་ཅན་གྱི་གྲྭ་བ་སོ་མ་རྣམས་ཀྱི་ཆོས་སྒོ་འབྱེད་པ་བྱེད་དགོས། ཁྱོད་ང་ལ་མོས་པ་འདུག་གསུངས་སོ། །དེ་ནས་དབྱར་གཅིག་ཆོས་སྒོ་ཕྱེས། ཐུགས་རྗེ་ཆེན་པོའི་སྒྲུབ་ཐབས་བཤད་པས་དགེ་སྦྱོར་གྱི་སྟོབས་ཀྱང་ཆུང་དུ་སོང་། འདུ་འཛི་ཆེས་པས་སོ་ཡང་མ་བསོད་པར་བྱུང་ནས། ཆོས་སྒོ་འབྱེད་པ་དེ་བཤོལ་ནས་མཚམས་དམ་པོ་བཅད་ནས་བསྒོམ་ཀྱང་། དགེ་སྦྱོར་དེ་ཡུན་རིང་པོ་སོར་ཚུད་དུ་མ་གཏུབ་པས། ད་དག་པའི་ས་གསུམ་ལ་མ་སླེབ་བར་མི་ཟས་དང་། གཞན་དོན་ཀྱང་བྱེད་མི་གཏུབ་པར་འདུག་སྙམ་པ་བྱུང་བ་དང་། ཐུགས་རྗེ་ཆེན་པོ་བྱོན་ནས།
འདུ་འཛི་གཡེང་བ་བདུད་ཀྱི་བར་ཆད་ཡིན། །ཆགས་སྡང་སྣ་ཚོགས་གྲོགས་སུ་མ་འཆར་བར། །རྐྱེན་ངན་དབེན་པའི་དགོན་པ་རྟག་ཏུ་བསྟེན། །ཚེ་ལ་ལོང་མེད་འཆི་བ་བསམ་པར་རིགས།
།ཞེས་གསུངས་སོ། །དེ་ནས་དགེ་སྦྱོར་སོར་ཆུད་པ་དང་། ཚེས་བཅོ་ལྔའི་ཉི་མ་ཤར་མ་ཐག་ལ། དགྱེས་རྡོར་མཚོན་ཆ་ཅན་ལྷ་བཅུ་གསུམ་གྱི་དཀྱིལ་འཁོར་སྐུ་རི་བོ་ཙམ་ཡོད་པ་ཞལ་མཐོང་། དེ་ནས་ཉི་ཤུ་གཉིས་ལ་རྨི་ལམ་བཟུང་ནས་དཔལ་འབྲས་སྤུངས་སུ་ཕྱིན་པས་རྒྱུད་སྡེ་ལྔའི་ལྷ་ཚོགས་རྣམས་ཀྱི་ཞལ་མཐོང་ནས་ཐམས་ཅད་གསུང་གཅིག་ཏུ་འདི་སྐད་གསུངས་སོ།
།དབང་བཞི་མ་རྫོགས་སྨིན་པར་ག་ལ་ནུས། །དབྱེར་མེད་བསྐྱེད་རིམ་མ་སྒོམ་གྲོལ་མི་སྲིད། །ཐོབ་འདོད་རེ་བས་འབྲས་བུ་མི་འབྱིན་པས། །རང་གྲོལ་རང་ཤར་སྐུ་གསུམ་དབྱེར་མེད་པས།
།ཞེས་ལན་གསུམ་གསུངས་པས། ཅིར་སྣང་ཐམས་ཅད་བསྐྱེད་རྫོགས་དབྱེར་མེད་དུ་རྟོགས་སོ། །དེ་ནས་མཚམས་བཀྲོལ་བ་དང་། ནུབ་གཅིག་རྨི་ལམ་ན། ཡི་གེ་ཨ་གཅིག་གིས་གསུས་པ་ཕར་ཐལ་ཚུར་ཐལ་དུ་ཕུག་པ་དང་། ཟུག་རྔུ་ཆེན་པོ་བྱུང་། ཡང་ལྕི་བ་དང་རི་ལ་འབུ་དབང་མེད་དུ་ཟ་དགོས་པ་གཅིག་རྨི་བ་དང་། ནང་པར་བླ་མའི་གསུངས་མ་ཆོག་པར་ཕྱུག་པོ་གཅིག་གི་བསྙེན་བསྐུར་ལ་ཕྱིན་པ་དང་། དེའི་དགོང་མོ་ལུས་པོ་ཐམས་ཅད་གཤག་གཏུབ་བྱས་པ་བཞིན་ན་ནས། སྨན་དང་རིམ་གྲོ་གང་གིས་ཀྱང་མ་ཕན་པར་ཤི་ལ་ཐུག་པ་དང་། ཐོ་རངས་སྒྲོལ་མ་དཀར་མོ་བྱོན་ནས། ཁྱོད་ཀྱི་ན་བ་འདི་སྐུ་གླུད་ཟོས་པས་ལེན་པ་ཡིན། དེ་གཞན་གྱིས་ཀྱང་མི་ཕན་པས་བྲུལ་གཏོར་ཐོངས་ཤིག །དེས་དམྱལ་བའི་ལས་ཞི་དེ་ལས་གྲོལ་བར་འགྱུར་རོ། །གསུངས་ནས་བྲུལ་གཏོར་བཏང་བས་ནད་དྲག་པོ་སོས་སོ། །དེ་ནས་བྲུལ་གཏོར་ཁོ་ན་ལ་མོས་ཤིང་ཡིད་ཆེས་པར་བྱུང་ངོ་། །དེ་ནས་བླ་མ་ལ་རྒྱུད་སྡེ་ལྔའི་དབང་ཞུས་ནས་དགྱེས་རྡོར་དང་། དགྲ་ནག་དང་། འཇིགས་བྱེད་དང་། རྒྱུད་སྡེ་ལྔའི་སྒྲུབ་ཐབས་དང་། གདམས་པ་རྣམས་མ་ལུས་པར་ཞུས་ནས། ད་ནི་ཤེས་བྱའི་སྒྲིབ་པ་མ་དག་བར་དུ་སྒྲུབ་པ་ཞིག་བྱ་དགོས་སྙམ་ཙ་ན། ཉིན་གཅིག་རྟ་པ་སུམ་བརྒྱ་ཙམ་བྱུང་ནས། ཁུ་བོ་འབའ་ཚད་མ་བ་གྲོང་པས་གདན་ས་ལ་འགྲོ་དགོས་ཟེར་ནས་བྱུང་བས། ང་མི་འགྲོ། ཁྱོད་རང་རྣམས་གདན་ས་གཞན་ལ་འཆོས། ད་ང་མ་ཤིའི་རིང་ལ་སྒྲུབ་པ་ཞིག་བྱེད་པ་ཡིན་བྱས་པས། བླ་མས་དམ་ཚིག་ལ་བསྒྲེས་ནས། ཁུ་བོའི་གདན་ས་གྱིས། དགེ་སྦྱོར་འཕེལ་བར་འོང་གིས། ཡེ་ཤེས་མགོན་པོ་ཕྱག་དྲུག་པ་བྲན་བཞིན་དུ་ཉན་པའི་བཀའ་བསྒོ་གནང་། བུ་འདི་རུ་མ་འདུག་དབུས་སུ་སོང་། མགོན་པོ་འདི་བྲན་བཞིན་དུ་ཉན་པར་འདུག་ཅིག་གསུངས་ནས། དེའི་དུས་སུ་སྐྱེར་སྒང་དུ་འོངས་ནས། སྐུ་འབུམ་གཅིག་བཞེངས་ནས་གདན་ས་བྱས། ད་དགོན་པ་འདི་ལ་ལྕགས་རི་གཅིག་བྱ་དགོས་སྙམ་པ་དང་། གར་དགོས་སུ་ས་སྤུངས་ནས་བྱུང་བ་དང་། རྨང་གཏིང་བས་ཡུལ་བས་དགག །དེ་ལ་མ་དགའ་བ་ཞིག་བྱུང་སྟེ། བླ་མའི་ཞལ་ནས་ཆོས་སྐྱོང་འདི་བྲན་བཞིན་དུ་ཉན་པར་འདུག་ཅིག་གསུངས་པ་ཡིན་ཏེ། ད་ལྕགས་རི་ཡང་དོན་མེད་པར་ཁོང་ཚོས་བཅག་ནས་མེད་དོ་ཟེར་བ་གཅིག་ཁ་ནས་ཤོར། དེའི་དགོང་མོ་ལྕགས་རི་བཅོག་པའི་མི་ཚང་མང་ཚད་ཅིག་ཤི་ནས་ནང་པར་བབས་བྱས། ང་ཡང་འགྱོད་ནས་བདུན་ཚིགས་བྱས་སོ། །དེ་ནས་ད་ནི་འདུ་འཛི་ལ་གཡེངས་ནས་འགྲོ་བར་འདུག་སྙམ་ནས་ཁུ་བོའི་ཟླ་མཆོད་མ་གཏོགས་པ་མཚམས་དམ་པོ་བྱས་ཏེ། གཉིད་ཙམ་མ་ལོག་པར་དགོངས་མོ་ས་རུབ་ནས་ནམ་མ་ལངས་བར་ལ་སྐུ་འབུམ་ལ་བསྐོར་བ་བྱས། ཉིན་པར་ཉལ་ས་ལས་མ་གཡོས་པར་དགེ་སྦྱོར་གཅིག་པོ་བྱས་པས་རྨི་ལམ་དང་འོད་གསལ་གྱི་སྟོབས་ཆེན་པོ་བྱུང་ནས། ནུབ་གཅིག་རྨི་ལམ་བཟུང་ནས་མཆོད་རྟེན་དཔལ་ཡོན་ཅན་ལྟར་ཕྱིན་པས་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པའི་ཞལ་ཡས་ཁང་ན། ཤེལ་གྱི་མཆོད་རྟེན་སངས་རྒྱས་ཀྱི་རིང་བསྲེལ་མ་ག་ཏའི་བྲེའི་ཁལ་གཅིག་བྲེ་བདུན་བཞུགས་པ་འོད་ཟེར་སྣ་ལྔ་ཕྱོགས་བཅུར་འཕྲོ་བ་འོད་ཟེར་གྱི་སྣ་ལ་མཆོད་པའི་ལྷ་མོ་དཔག་ཏུ་མེད་པ་བྱུང་ནས་མཆོད་པ་འབུལ་བ། གཞལ་ཡས་ཁང་གི་ནང་ཐམས་ཅད་རྒྱུད་སྡེ་ལྔའི་ལྷ་ཚོགས་མང་པོ་རིམ་པ་བཞིན་དུ་བཞུགས་པ། དེའི་ཕྱི་རིམ་ལ་ལྷ་དང་ཀླུ་དང་གནོད་སྦྱིན་དང་དྲི་ཟའི་ཚོགས་ཀྱིས་མཆོད་པ་འབུལ་བ་འདི་ལྟ་བུ་ཞིག་འདུག་ནས། ངས་ཀྱང་སྐད་ཅིག་ལ་ཕྱི་ནང་གསང་གསུམ་གྱི་མཆོད་པ་དཔག་ཏུ་མེད་པ་སྤྲུལ་ནས་ཕུལ་བ་དང་། ཌཱ་ཀིའི་ཚོགས་ཐམས་ཅད་མགྲིན་གཅིག་ཏུ་རིགས་ཀྱི་བུ་དེ་ལྟ་བུའི་མཆོད་པ་ནི་ཨེ་མ་ཧོ་ལན་གསུམ་གསུངས་པ་དང་། གསང་སྔགས་ཀྱི་ལྷ་ཚོགས་རྣམས་ཀྱི་ཐུགས་ཀ་ནས་འོད་ཟེར་བྱུང་ནས་རིགས་ཀྱི་བུ་ཚུར་ཤོག་དབང་བསྐུར་བར་བྱའོ་གསུངས་ནས། དབང་བཞི་རྫོགས་སུ་བསྐུར་བ་དང་། ལྷ་དབང་བསྐུར་བ་དང་། བདག་དང་མཆོད་པའི་ཚོགས་ཐམས་ཅད་ཀྱང་སྐྱེ་འགགས་དང་བྲལ་བའི་ཟུང་འཇུག་ཕྱག་རྒྱ་ཆེན་པོ་རྟོགས་ནས།
རིན་ཆེན་བརྩེགས་པའི་གཞལ་ཡས་ཁང་། །རྟེན་ཡོངས་སུ་དག་པའི་མཆོད་རྟེན་ལ། །རྒྱལ་བ་བདུན་གྱི་རིང་བསྲེལ་བཞུགས། །ཡིད་ཀྱིས་སྤྲུལ་པའི་མཆོད་པ་འབུལ། །དེ་ཡང་དམིགས་མེད་སྒྱུ་མའི་ཉམས། །ཟུང་འཇུག་ཕྱག་རྒྱ་ཆེན་པོར་རྟོགས།
།ཞེས་བྱ་བ་ལ་སོགས་པའི་མགུར་དེ་བླངས་སོ། །ཡང་རྨི་ལམ་བཟུང་ནས་པོ་ཏ་ལར་ཕྱིན་པས། རིན་པོ་ཆེ་ལས་གྲུབ་པའི་མཆོད་རྟེན་ལྟ་བུའི་སྟེང་ན། ཐུགས་རྗེ་ཆེན་པོ་གཙོ་འཁོར་གསུམ་པོ་རིན་པོ་ཆེའི་རྒྱན་སྣ་ཚོགས་ཀྱིས་བརྒྱན་པ་འོད་ཀྱི་རང་བཞིན་ཅན་ཏུ་བཞུགས་ནས་འདུག །ཁྲི་འཕང་རྣམས་ལ་ཐུགས་རྗེ་ཆེན་པོ་ཁ་སར་པཱ་ཎི་བྱིས་པ་ལོ་བརྒྱད་ལོན་པའི་ན་ཚོད་ལྟར་བཞུགས་ནས། ཆོས་ཀྱི་ཞུ་བ་པོའི་ཚུལ་མཛད་དེ།
ལྷ་ཀླུ་གནོད་སྦྱིན་དྲི་ཟ་རྣམས། །སྐྱོན་བྲལ་ཐུགས་རྗེ་ཆེན་པོའི་སྐུ། །ཐེག་ཆེན་ཆོས་རྣམས་སྟོན་པར་འགྱུར། །གང་མོས་དོན་རྣམས་དྲི་བར་བྱོས།
།ཞེས་གསུངས་པ་དང་། རི་རབ་ཀྱི་འོག་ནས་པདྨའི་སྡོང་པོ་ལ་ལྷ་དང་ཀླུ་དང་གནོད་སྦྱིན་དང་དྲི་ཟའི་ཚོགས་ལག་ན་མཆོད་པ་དཔག་ཏུ་མེད་པ་ཐོགས་ནས་འཁོད་དེ་རང་རང་གི་སྐད་ཀྱིས་ཁ་སར་པཱ་ཎི་ལ་ཞུས། ཁ་སར་པཱ་ཎིས་གཙོ་འཁོར་གསུམ་ལ་ཞུས་པ་དང་། ཐུགས་རྗེ་ཆེན་པོས་རང་རང་གི་སྐད་དུ་སྐྱེ་གནས་སྦྱོང་བ་དང་། གསང་སྒྲུབ་གསུངས་སོ། །དེ་ནས་གཙོ་འཁོར་གསུམ་པོ་བཅུ་གཅིག་ཞལ་དུ་གྱུར་ནས། དེའི་གནས་གསུམ་ནས་འོད་ཟེར་གསུམ་བྱུང་ནས་བདག་གི་གནས་གསུམ་དུ་ཕོག་པས། བདག་ཀྱང་ཐུགས་རྗེ་ཆེན་པོའི་སྐུར་གྱུར་པ་དང་། བཅུ་གཅིག་ཞལ་གྱིས་དུག་སྦྱོང་བའི་གདམས་ངག་དང་། གཟུངས་རིང་གི་བཟླ་ཐབས་དེ་གསུངས་ནས། པོ་ཏ་ལའི་གཟུངས་ཟུངས་ཤིག །དེ་མཐོང་ཚད་ངན་སོང་ལས་ཐར་ཐུགས་རྗེ་ཆེན་པོ་ཐོབ་པར་འགྱུར་རོ་གསུངས་སོ།
།ཡང་མདོ་བོ་ན་བླ་མ་ལྷོ་པས་བདེ་མཆོག་གི་དབང་བསྐུར་བྱེད་ཅིང་ཡོད་ཟེར་ནས་རྨི་ལམ་བཟུང་ནས་ལྟར་ཕྱིན་པས། བླ་མ་ལྷོ་བ་དེ་ཧེ་རུ་ཀ་ཞལ་གཅིག་ཕྱག་བཅུ་གཉིས་པར་གྱུར་ནས་བུམ་པ་བཟུང་ནས་སློབ་མ་རྣམས་ལ་བདེ་མཆོག་དངོས་ཀྱི་དབང་བསྐུར་ནས་འདུག་པ་ལ། ད་ལྟ་བོད་ན་བདེ་མཆོག་དངོས་ཀྱི་དབང་བསྐུར་བ་ལྷོ་པ་ལས་མི་འདུག་གསུངས་སོ། །ཡང་དུང་རུང་སྒང་པས་དབང་བསྐུར་བྱེད་ཀྱིན་ཡོད་ཟེར་ནས། དངོས་བཞིའི་སྲོད་ལ་རྨི་ལམ་བཟུང་ནས་བལྟས་པས། གཞི་དེའི་ཀླུ་སྲིན་མོ་གཅིག་གིས་གཏོར་མ་ཟོས་ནས་རང་བྱུང་གི་ཁྲག་སྙིང་ཁར་བྱུགས་པས་སློབ་མ་ཐམས་ཅད་འཐབས་པས་རྨས་མ་མང་པོ་བྱུང་ནས། ནང་པར་དུང་རུང་སྒང་པ་ནམ་ལངས་མ་ཐག་ངའི་གམ་དུ་བྱུང་བ་ལ། དགེ་བཤེས་དབང་བསྐུར་ཉེས་སམ་བྱས་པས་མདང་འཐབ་མོ་མང་དུ་བྱུང་ཟེར་བས། གཏོར་མ་མི་ཐུབ་པར་དབང་བསྐུར་བྱེད་པ་ག་ན་འོང་། ཁྱེད་རང་གི་གཞི་དེའི་ཀླུ་སྲིན་མོ་དེས་བར་ཆད་བྱེད་ཀྱིན་འདུག་པ་ཡིན། ད་ངས་རྟེན་འབྲེལ་བྱས་ལ་ཚེ་སྲིངས་ཤིག་བྱས་ནས་མར་མེ་སྦར་བ་གཅིག་ཁོ་ལ་གཏད་ནས་འདི་ཁྱེར་ལ་དགོན་པར་ཤད་ཀྱིས་སོང་ལ་བཤགས་པ་གྱིས་ཤིག་བྱས་ཙ་ན། ལམ་ཁར་ཇ་འཐུང་ཞིང་བསྡད་པས་ལམ་ཁར་མར་མེ་ཟད་ནས། ཁོ་ཡར་སླེབ་མ་ཐག་བཤགས་པ་བྱ་ལོང་མེད་པར་ཁྲག་སྐྱུགས་ནས་ཤི་འདུག་པས། དབང་བསྐུར་དུས་བགེགས་སྐྲོད་པ་དང་། ཆོས་སྐྱོང་ལ་བཀའ་བསྒོ་བ་གལ་ཆེ་བར་འདུག་གོ། དེ་ནས་དགོང་གཅིག་འབུམ་པ་ལ་བསྐོར་བ་བྱེད་ཅིང་ཡོད་པའི་དུས་སུ་ནམ་མཁའ་ལ་འོད་ཆེན་པོ་ཞིག་བྱུང་ནས་བལྟས་པས། དྲང་སྲོང་རཱ་ཧུ་ལ་མགོ་དགུ་པ་ལག་ན་མདའ་གཞུ་ཐོགས་པ། མགོ་ལུས་ཐམས་ཅད་མིག་གིས་གང་བ། ཁ་ནས་གློག་འཁྱུག་པ། སྐུ་མདོག་དུད་ཁ་ཡོད་པ་ལྷ་མ་སྲིན་སྡེ་བརྒྱད་ཀྱིས་བསྐོར་བ། ནམ་མཁའ་ཁེངས་པ་ཤིན་ཏུ་འཇིགས་པ་ཆེ་བ་ཞིག་མཐོང་ནས། ཇོ་བོ་དཀོན་མཆོག་གསུམ་པོས། སེམས་ཅན་ཐམས་ཅད་དྲང་སྲོང་གི་འཇིག་པ་ལས་བསྐྱབ་ཏུ་གསོལ་བྱས་པས། རཱ་ཧུ་ལའི་གཡོན་དུ་ལྷ་མོ་དཀར་མོ་ཞིག་བྱོན་ནས།
བུ་ཁྱོད་རང་གི་སེམས་ལ་ལྟོས། །འཇིགས་པས་རང་སེམས་བདུད་དུ་བབས། །ལུས་ཀྱི་གཅེས་འཛིན་གཏིང་ནས་སྤོངས། །སྣང་སྟོང་སྒྱུ་མ་གཟུགས་བརྙན་ལ། །ཅི་ཕྱིར་འཇིགས་དང་སྐྲག་པར་བྱེད། །གཞན་ཕན་གསོལ་བ་འདེབས་པ་དེ། །ལེགས་པར་བསྟན་གྱིས་གུས་པས་ཉོན།
།ཙནྡན་གོ་ཤིར་ཤའི་སྣག་ཚ་ལ། དེ་བཞིན་གཤེགས་པ་ཀླུ་དབང་གི་རྒྱལ་པོ་ལ་ཕྱག་འཚལ་ལོ་ལ་སོགས་པ་དེ་བཞིན་གཤེགས་པ་བཞིའི་མཚན་བྲིས་ལ་ལུས་ལ་ཐོགས་ཤིག །དྲང་སྲོང་གི་འཇིགས་པ་ལས་སྐྱོབ་པར་འགྱུར་རོ་གསུངས་ནས་མི་སྣང་བར་གྱུར་ཏོ། །དེ་ནས་ཟླ་བ་གཅིག་ནས་ཏི་སེ་ནས་རི་པ་སུམ་བརྒྱ་བྱུང་ནས། ཆོས་རྗེ་གྲོང་ཟེར་ནས་འོང་པ་ཡིན་ཏེ། ལ་ལ་ན་རེ་མ་གྲོང་ངམ་ཡང་ཟེར། དོ་ནུབ་རྨི་ལམ་བཟུང་ནས་གཟིགས་པར་ཞུ་ཟེར་བས། ད་ལྟ་རང་བླ་ཡེ་ན་འབུལ་བ་ལེན་ཆོས་བཤད་ཅིང་འདུག་པ་ཡིན་ཏེ་བྱས་པས། ཁོང་རྣམས་ལྐོག་ཤུབ་བྱེད་ཅིང་། གྲུབ་ཐོབ་ཡིན་ཉན་ཡོད་རྟོགས་ལྡན་དུ་མི་འདུག་སྔགས་འདི་ཙམ་འདྲེན་ཅིང་འདུག །ད་རེས་ཁོང་གི་མངོན་ཤེས་ཐོག་ཏུ་ཕེབས་ན་རང་རེ་ཐམས་ཅད་ཐུགས་རྗེ་ཆེན་པོ་ཞུ་དགོས་ཟེར་ཅིང་འདུག །དེ་ནས་ངས། རྩ་གང་ཡིན། མདུད་པ་གང་ཡིན། གྲོལ་བ་གང་ཡིན། གྲོལ་བའི་དགོས་པ་གང་ཡིན། ཙནྡན་གོ་ཤིར་ཤ་གཅིག་ཀྱང་བསྐུར་བ་ཞུ་བྱས་ནས། རི་པ་རྣམས་ལ་ཡི་གེ་བསྐུར་བས། བླ་མ་འབྲི་གུང་པས། གཡུ་ཁང་དུ་དབུ་ཆེ་རྣམས་བསགས་ནས་ཡིག་ལེན་ཇི་སྐད་བསྐུར་བྱས་པས་མ་མཐུན་ཏེ། བླ་མ་རང་གིས་རྩ་ཉོན་མོངས་པ་མདུད་པ་དུག་གསུམ་གྱི་རྟོགས་པ། གྲོལ་བ་ཉོན་མོངས་པ་ལས་གྲོལ་བ། དགོས་པ་དོན་གཉིས་མཐར་ཕྱིན་པའོ་བྱས་པ་དང་། ཙནྡན་དང་། ཟི་པོལ་དང་། གོས་ཆེན་མང་པོ་བསྐུར་ནས་བྱུང་ངོ་། །དེ་ནས་བླ་མ་སོག་པ་དང་། རི་པ་མང་པོས་ཐུགས་རྗེ་ཆེན་པོ་ཞུས་ནས། ཁོང་རྣམས་ཀྱི་ཚེའི་སྟོད་སྨད་ལ་ཇི་ལྟར་བྱུང་བ་དང་། མ་འོངས་པ་རྣམས་བཤད་དེ། ཐུགས་རྗེ་ཆེན་པོ་ལོ་གསུམ་བསྒྲུབ་པར་ཁས་བླངས་སོ། །དེའི་རྗེས་ལ་འགའ་དང་རྒྱའི་རྒྱལ་པོས་བཟུངས་ཆུས་ཕན་ཐོགས་པའི་འབུལ་བ་ཡིན་ཟེར་ནས། དངུལ་བྲེ་གང་དང་། དར་ཟབ་དང་། གསེར་མང་པོ་གཞུང་མགྲོན་པ་ལ་བསྐུར་ནས་བྱུང་བ་དང་། དངོས་པོ་དག་པ་ཅི་བྱུང་ཐམས་ཅད་བླ་མ་ལ་བསྔོས་ནས་བསགས་པས་གཡུ་སུམ་ཅུ། སྣམ་བུ་སྟོང་། འབྲི་གཞོན་སུམ་ཅུ་སོ་དགུ། རྟ་བཅུ་གསུམ། སྣག་ཚའི་བཀའ་འགྱུར་རོ་ཅོག་དང་། གསེར་གྱི་ཉི་ཁྲི། ཇ་སིག་དང་། བེར་ཐུལ་དང་། དཀར་ཡོལ་ལ་སོགས་པ་དངོས་པོ་ཅི་ཡོད་ཐམས་ཅད་བླ་མའི་ཕྱག་ཏུ་འབུལ་དགོས་སྙམ་ནས། འབུལ་བ་སྐྱེལ་རོགས་བཙལ་བས་སྐྱེར་སྒང་པའི་གྲྭ་པ་རྙིང་པ་རྣམས་འཚོགས་ནས། འབའ་ཐམས་ཅད་མཁྱེན་པའི་གདན་ས་ནས། གཞན་དུ་འབུལ་བ་འདི་ཙམ་སྐྱེལ་བ་མི་འཐད་པས། རང་རེས་འབུལ་བ་སྐྱེལ་རོགས་མི་བྱེད་ཟེར་ནས་གྲོས་བྱས་པས། ཤངས་པ་ན་རེ་ཁོངས་རྣམས་ཁྲིམས་བྱས་ནས་འབུལ་བ་སྐྱེལ་རོགས་མི་བྱེད་པར་འདུག་པ་ད་ཅི་འཐད་ཟེར། ངས་དཀོན་མཆོག་ལ་གསོལ་བ་བཏབ་པ་ཡིན་ཏེ། འོ་ན་ཆོས་སྐྱོང་རང་གིས་སྒྲུབ་བམ་བྱས་པ་དང་། ཉི་མ་ཕྱེད་ཡོལ་ཙམ་ན་རལ་གུ་རང་ཕྲུག་གོན་པ། སྐེ་རག་དམར་རུའི་ཐོད་བཅིངས་པ་རྟ་ནག་ཞོན་པ་གཉིས་བྱུང་ནས། ཁྱེད་ལ་འབུལ་བ་སྐྱེལ་རོགས་མེད་ན་ཟླའུ་བཟང་པོ་འདུག་ཟེར་ནས། གང་ན་འདུག་བྱས་པས་འཕན་ཡུལ་པའི་ཚོངས་པ་མང་ཚད་གཅིག་དོ་ནུབ་མོན་འདྲ་ན་འདུག །སང་དགོང་སྒང་བུའི་གནས་སུ་འོང་བར་འདུག་ཟེར་རོ། །སང་དགོང་གཞོན་ཚུལ་གནས་སུ་བཏང་ཙ་ན། རྟ་ནག་ཞོན་པའི་མི་བདུན་མཛོ་ཕོ་མང་པོ་རོལ་དུ་ཁྲིད་ནས་བྱུང་བ་དང་། ཁྱེད་རྣམས་གར་འགྲོ་བྱས་པས་ཤངས་སུ་འགྲོ་ཟེར། འོ་ན་ངེད་ཀྱི་འབུལ་བ་སྐྱེལ་རོགས་དགོས་པས། སྐྱེར་སྒང་དུ་འདེངས་བྱས་པས་ཁྱེད་རང་གྲབ་ཀྱིས་ཤིག་ཟེར་ནས། ནངས་པར་ནམ་ལངས་མ་ཐག་ཏུ་མི་རྟ་རྣམས་བྱུང་ནས། ངེད་ཀྱི་མཛོ་ཕོ་འདི་རྣམས་ལ་ཁལ་ཁོལ། ཁྱེད་རང་གི་རྟ་ཐམས་ཅད་ལ་ཁལ་ཁོལ་ལ། ངེད་ཀྱི་རྟ་འདི་ལ་བླ་མ་ཆིབས་ཤིག་ཟེར་ནས་རྟ་གཅིག་བཏག །དེའི་དགོངས་མོ་བན་ལུང་དགོན་པར་བསྡད་དོ། །དེ་ནས་ཁོང་རྣམས་ཤོག་གུ་ལ་ལ་ཐག་ཉེ་སྟེ་འཇིགས་པ་ཆེ་བས་ཅི་ཙུག་འཐད་བྱས་པས། ཁྱེད་ཀྱི་རྐྱེན་འདི་ལས་ལྷག་པ་ངེད་ཀྱི་སྒྲོལ་ཕོད་འདི་ན་ཡོད་དོ། །ངེད་ཀྱི་སྐྱེལ་མ་ཐུག་འོང་ཅིག་ཟེར་རོ། །དེ་ནས་ལྷ་ཕུར་དགོང་ཀ་སླེབ་ཙ་ན་ཁོང་རྣམས་ན་རེ། དོ་ནུབ་ཕྱིན་ན་སྐུང་ལུང་སླེབ་པ་འདུག་སྟེ། དོ་ནུབ་མི་ཐོངས་ལ་འབུལ་བ་ལེན་དུ་ཤོག་གྱིས། སང་གྲོ་ལ་སླེབ་པར་འོང་ཅིག །ཁར་སང་ཁྱོད་ལ་འབུལ་བ་སྐྱེལ་རོགས་མི་འདུག་བ་བསུར་འོང་པ་ཡིན། དོ་ནུབ་དུར་ཁྲོད་མུན་པ་མི་བཟད་བ་བྱ་བ་ན། སློབ་དཔོན་དྷ་ན་སཾ་ཀྲྀ་ཏ་བྱ་བས་ཚོགས་འཁོར་བྱེད་པ་ཡོད་པས་ངེད་རྣམས་དེར་འགྲོ་བ་ཡིན་ཟེར་ནས་རྡུལ་འཚུབ་ཏུ་བྱས་ཏེ་མི་སྣང་བར་གྱུར་ཏོ། །དེ་ནས་ངས་ཤངས་པ་ལ་སྐྱེར་སྒང་པ་རྣམས་ལ་མ་བཤད་ཅིག །ཁོང་དཔོན་གཡོག་འདྲེས་ཁྲིད་པར་བྱས་སོ་ཟེར་འོང་བྱས། དེ་ནས་ནང་པར་བླ་མའི་སྤྱན་སྔར་ཕྱིན་ཙ་ན། བླ་མའི་ཞལ་ནས། དབོན་སྟོན་སྐྱེར་སྒང་པ་ཆོས་ཚུལ་བཞིན་དུ་གྱིས་དང་། དཔའ་བོ་དང་ཌཱ་ཀི་བྲན་བཞིན་དུ་ཉན་པར་འདུག་གི་བྱས་པ། ཁར་སང་རི་རབ་ཀྱི་ཟོམ་ན་གནས་པའི་མགོན་པོའི་འཁོར་རྣམས་ན་རེ། དབོན་སྟོན་ལ་འབུལ་བ་སྐྱེལ་རོགས་མི་འདུག་པས་བསུར་འགྲོ་བ་ཡིན་ཟེར་ནས་བསུར་སོང་བ་ཡིན་ཏེ་མ་བྱུང་ངམ་གསུངས་པ་ལ། བསུར་བྱུང་ལགས་ཞུས་པས། མདང་སློབ་དཔོན་དྷ་ན་སཾ་ཀྲི་ཏ་དང་། དྷརྨ་ཀ་ཤི་ཀའི་ཚོགས་འཁོར་ལ་འགྲོ་ཟེར་ནས་མི་སྣང་བར་ཐལ་བྱས་སོ། །དེ་ནས་བླ་མ་ལ་འབུལ་བ་བྱས་པའི་དགོང་མོ་གཏོར་དབང་གཅིག་མཛད་ནས། ལྷ་མོ་དང་འཁོར་བཞིའི་སྒྲུབ་ཐབས་དང་། ཉི་ཁྲོས་སེར་བ་དང་། གཤིན་རྗེ་ར་སྒྲོལ་ལ་སོགས་པའི་གནད་རྣམས་མ་ལུས་པར་གནང་ངོ་། །ཡང་དབང་བསྐུར་གསུམ་མཛད་ནས་སྣང་བ་ལ་བརྟེན་ནས། བླ་མ་ལམ་དུ་ཁྱེར་བ་དང་། ཡི་དམ་ལམ་དུ་ཁྱེར་བ་དང་། སྒྱུ་མ་ལམ་དུ་ཁྱེར་བ་དང་། ལམ་ཁྱེར་གྱི་ཆོས་གསུམ་དང་། གཞན་ཡང་ཟབ་ཆོས་ལྷག་མ་ཐམས་ཅད་མ་ལུས་པར་གནང་ནས་དབུ་བསྙུང་བཞེས་སོ། །དེ་ནས་མར་འོང་བའི་སྐྱེར་སྒང་དུ་སླེབ་པའི་དགོང་མོ་ཆུ་བདག་ཝ་རུ་ཎ་བྱུང་ནས། ཤིང་སྡོང་སྐམ་པོ་གཅིག་ལ་མེ་ཏོག་ལྔ་སྐྱེས་པ་གཅིག་འབུལ་དུ་བྱུང་། འདི་ཅིའི་བརྡ་ཡིན་བྱས་པས་རབས་ཆད་པོ་གཅིག་ལ་བུ་འོང་བའི་བརྡ་ཡིན་ཟེར། སང་ཕྱུག་པོ་འབུམ་རྡོར་གདན་འདྲེན་དུ་འོང་བར་ཡོད། ང་ལ་གཏོར་མ་བཟང་པོ་ཐོངས་ཤིག །ཁོ་ལ་སྤུན་ཟླ་ལྔ་འོང་བར་འགྱུར་རོ་ཟེར་ནས་མི་སྣང་བར་ཐལ། དེ་ནས་ནང་པར་ཕྱུག་པོ་འབུམ་རྡོར་རིགས་གཏད་དང་སྣ་ལེན་པ་ལ་འབྱོན་པར་ཞུ་ཟེར་ནས་ཕྱིན་ཏེ། ཕྱེ་ཁལ་བརྒྱ་ལས་བྱས་པའི་གྲུལ་གཏོར་གཅིག་བཏང་བས། གཏོར་མའི་མདུན་དུ་ཝ་རུ་ཎ་བྱུང་། ཤིང་སྡོང་སྐམ་པོ་གཅིག་ལ་མེ་ཏོག་སྐྱེས་པ་གཅིག་ང་ལ་ཕུལ་ནས་ཕྱུག་པོ་འདིས་གཏན་དུ་ཞབས་ཏོག་བྱས་ནས་བུ་མེད་ན་ང་ངོ་ཚ་བར་འདུག་ཟེར་ནས་མི་སྣང་བར་སོང་། དེ་ནས་དགོང་གཅིག་ཝ་རུ་ཎ་བྱུང་ནས་ཁོ་རང་གི་སྒྲུབ་ཐབས་ཕུལ་ནས་ད་ང་ལ་གཏོར་མ་བྱིན་ལ། བི་ན་ཡ་ཀའི་སྟེང་ན་ཀླུའི་ཡིད་བཞིན་ནོར་བུ་ཡོད་པས་འབུལ་བ་ཡིན་ཟེར་ནས་དེར་གཏོར་མ་བསྐྱལ་ནས་ཀླུའི་དངོས་གྲུབ་བླངས་པས། དེ་ལས་འཚོ་བ་ཐམས་ཅད་རྩོལ་མེད་དུ་བྱུང་བ་དང་གཞོན་ཚུལ་ན་རེ། རྡོ་འབྱོང་དེས་ཅི་ཡང་མི་གཏུབ་སྙམ་ཙ་ན། རྡོ་དེ་ལག་ཏུ་བྱུང་ནས་ཟས་ནོར་ཅི་ཡང་བྱུང་ཟེར་རོ། །ཡང་སྟོན་ཟླ་ལ་དབོན་པོ་གཞོན་བརྩོན་ཆོས་བཤད་ཀྱིན་འདུག་པས། ཀྵེ་ཏྲ་པཱ་ལ་དང་། ཝ་རུ་ཎ་གཉིས་ཀྱིས་ཁོའི་ཆོས་ཁྲི་བསྒྱེལ་ཅིང་འདུག་པ་དང་། དེ་བསྒྱེལ་བ་ཅི་ཙུག་ཡིན་བྱས་པས་ཝ་རུ་ཎ་ན་རེ། ཆོས་པ་བྱ་བ་བསམ་པ་བཟང་དགོས་པ་ཡིན་ཏེ། ཁོ་ཞེ་ནག་པར་འདུག་པས་བསྒྱེལ་བ་ཡིན་ཟེར་ཅིང་འདུག་པས། གཞོན་ཚུལ་ལ་ཤངས་པའི་ཆོས་གཅིག་ཀྱང་མ་བྱིན་པ་ཡིན་ནོ། །དེས་ན་ཆོས་པ་ལ་བསམ་པ་བཟང་དགོས་པ་ཡིན་སྙམ་པ་བྱུང་ངོ་། །ཡང་ཚེས་བརྒྱད་ཀྱི་སྔ་དྲོ་སྟོན་གཞོན་བརྩོན་གྱིས་གཏོར་མ་བཤམས་པས། ཝ་རུ་ཎ་བྱུང་ནས་སྣ་ཚ་གྲིབ་བྱུང་བས་གཏོར་མ་མི་འདོད་ཟེར་ནས། གྲིབ་ཅི་ལ་བྱུང་བྱས་པས། གཞོན་བརྩོན་གྱིས་ལག་པ་མི་གཙང་བར་འདུག་ཟེར་བས། ཁྲུས་དང་གཙང་སྦྲ་གལ་ཆེ་བར་འདུག་གོ།
།ཡང་དགུན་ཟླ་ར་བའི་ཚེས་བདུན་གྱི་དགོང་མོ་རྨི་ལམ་བཟུང་ནས། ཨོ་རྒྱན་དུ་ཕྱིན་པས། སློབ་དཔོན་པདྨ་དང་མཇལ་ནས་རྟ་མགྲིན་གྱི་སྒྲུབ་ཐབས་ཟབ་པ་གཅིག་ཞུ་དགོས་བྱས་པ་དང་། སྐད་ཅིག་ལ་སློབ་དཔོན་རྟ་མགྲིན་ཞལ་གསུམ་ཕྱག་དྲུག་པ་གཅིག་ཏུ་གྱུར་ནས། རྟ་སྐད་ཐེངས་གསུམ་བཏོན་པས་མ་མོ་ཌཱ་ཀི་ཐམས་ཅད་འདུས་ནས་རྟ་མགྲིན་གྱི་དབང་བསྐུར་རོ། །པདྨ་རྒྱལ་པོའི་ཞལ་ནས། ངས་རྟ་མགྲིན་གྱི་རྒྱུད་དང་སྒྲུབ་ཐབས་བརྒྱ་རྩ་བརྒྱད་ཀྱི་ནང་ནས་མཆོག་ཏུ་གྱུར་པ། རྟ་མཆོག་རོལ་པའི་རྒྱུད་ལས་བཏུས་པའི་གསང་སྒྲུབ་གཅིག་སྙེ་མོར་སྦས་ཡོད་པ་དེ་སྔགས་པ་གཅིག་གིས་ཐོན་ནས་ཡོད་པས་དེ་ཞུས་ཤིག །རྒྱལ་པོ་དཔེ་དཀར་དཀོར་འདྲེ་དང་འགོང་པོའི་ཚོགས་ཐམས་ཅད་དང་། ལྷ་མ་སྲིན་སྡེ་བརྒྱད་ཐམས་ཅད་འཇོམས་པར་བྱེད་དོ། །གསུངས་ནས་ལུང་བསྟན་པས་སྙེ་མོར་ཕྱིན་ནས་སྔགས་པ་ལ་གསང་སྒྲུབ་ཞུས་སོ། །དེ་ནས་རྨི་ལམ་བཟུང་ནས་པདྨ་ལ་ཞུས་པས་ལེན་གསུམ་གྱི་བར་དུ་གསུངས་ནས། ད་རུང་འཁོར་ལོ་མ་བྱིན་པར་འདུག་པས་ཞུས་ཤིག་གསུངས་སོ། །ཡང་ཉི་ཁྲི་དང་། བུར་སྟོང་གཅིག་དང་། རེ་སྣམ་གཉིས་རྣམས་ཁྱེར་ནས་ཞུས་པས་འཁོར་ལོ་གནང་ངོ་། །དེའི་ཚེས་བཅོ་བརྒྱད་ལ་ལྷ་སར་ཕྱིན་པས། བོང་ང་རིར་ཐུགས་རྗེ་ཆེན་པོ་བཅུ་གཅིག་ཞལ་མཐོང་བས་ནམ་མཁའ་ཐམས་ཅད་འོད་ཀྱིས་ཁེངས་པར་བྱུང་བ་དང་། ཡང་རྩ་ཞལ་ལས་འོད་ཁ་དོག་མི་འདྲ་བ་ཉི་ཤུ་རྩ་གཅིག་བྱུང་བ་དང་། ངེད་དཔོན་གཡོག་ཉི་ཤུ་རྩ་གཅིག་ལ་ཕོག་པ་དང་དུས་དེ་ཉིད་དུ་ཏིང་ངེ་འཛིན་བཟང་པོ་རྒྱུད་ལ་སྐྱེས་སོ། །དེའི་དགོང་མོ་འཕྲུལ་སྣང་དུ་བྱ་ཡུལ་བ་འགས་རིག་གཏད་ཞུས་པའི་རྗེས་ལ། བཅུ་གཅིག་ཞལ་གྱི་བཞད་ཞལ་ནས་འོད་ཟེར་བྱུང་ནས་འཕྲུལ་སྣང་ཐམས་ཅད་འོད་ཀྱིས་ཁྱབ་པར་གྱུར་ཏོ། །དེ་ནས་བཅུ་གཅིག་ཞལ་གྱི་དབང་བསྐུར་ནས་སྒྲུབ་ཐབས་གསུངས་པ་རྣམས་དུས་དེ་ཁོ་ནར་དགེ་བཤེས་གྲགས་ཡེས་ཀྱིས་ཡི་གེར་བཀོད་དོ། །ཡང་དེའི་ཐོ་རངས་ལ་ཇོ་བོ་ཤཱཀྱ་ཐུབ་པ་ལ་ཡན་ལག་བདུན་པ་གཅིག་ཕུལ་ནས་བྱང་ཆུབ་ལྟུང་བཤགས་གཅིག་བཏོན་ཙ་ན། ལྕགས་ཀྱི་དྲྭ་སྒོའི་སྟེང་ན་སུ་ཁ་མ་སིདྡྷི་ལོ་བཅུ་དྲུག་ལོན་པ་ན་ཚོད་ཤིན་ཏུ་གཞོན་པ་སྐུ་མདོག་དཀར་བ་དབུ་སྐྲ་སིལ་མས་སྐུ་རྒྱབ་ནོན་པ། ཕྱག་གཡས་རྣམ་ཐར་སྒོ་གསུམ་མཚོན་པ། གཡོན་པས་སྡིག་མཛུབ་ཐུགས་ཀར་མཛད་དེ། རིགས་ཀྱི་བུ་ཉོན་ཅིག
།ནམ་མཁའ་རིག་མེད་སྟོང་པ་ལ། །རིག་བཅས་སེམས་ཀྱི་རྩ་བ་གཅུན། །རྩ་བ་གཅུན་ལ་ལྷུག་པར་ཞོག
།གསུངས་ནས་གསུངས་ལྷང་ལྷང་བཞུགས་པ་ཞིག་མཐོང་ངོ་། །དེ་ནས་བྲག་ལྷ་ཀླུ་ཕུག་ཏུ་འཕགས་པའི་བཞུགས་སར་རིག་གཏད་གཅིག་བྱས་ནས་ཕྱིར་ཕྱིན་པ་དང་། མཚོ་དཀྱིལ་ན་པདྨའི་སྡོང་པོ་རྒྱས་པའི་སྟེང་ན་ཐུགས་རྗེ་ཆེན་པོ་རྩ་ཕྱག་བདུན་བཅུ་པ་ཞིག་བཞུགས་ནས་ཀླུ་རྣམས་ལ་ཆོས་གསུངས་ཞིང་འདུག་པ་མཐོང་ངོ་། །དེ་ནས་བྲག་ལྷ་གནས་ཀྱི་མདུན་དུ་གཏོར་མ་བཏང་བས་ཕྱག་བཞི་པའི་གཡས་ན་སྒྲོལ་མ། གཡོན་ན་ཁྲོ་གཉེར་ཅན་བཞུགས་པ་མཐོང་ནས་དུག་གསུམ་ཞི་མཛད་ཀྱི་གསོལ་འདེབས་བྱས་པས། སྒྲོལ་མའི་ཞལ་ནས།
གཉིས་འཛིན་སྤངས་ན་འདོད་ཆགས་ངང་གིས་ཞི། །ཕ་མར་ཤེས་པས་ཞེ་སྡང་རང་སར་གྲོལ། །གསལ་ལ་རྟོག་མེད་གཏི་མུག་དབྱིངས་སུ་ཐིམ། །འགག་མེད་དུག་གསུམ་རང་སར་འཆིང་བྱེད་འདི། །དེར་འཛིན་མེད་པས་རང་སར་གྲོལ་བར་ངེས། །ཉོན་མོངས་རང་ཤར་རང་གྲོལ་ཉིད་དུ་ལྟོས།
།ཞེས་ལྷ་སོ་སོས་གསུངས་སོ། །དེ་ནས་ཡང་བྲག་ལྷའི་ཀླུ་དེས་རིག་གཏད་གཟུངས་ཆོག་ཞུས་ནས། ཞག་གསུམ་ཀླུ་ཕུག་ཏུ་བསྡད་དོ། །དེ་ནས་སྐྱེར་སྒང་དུ་ཕྱིན་ཙ་ན། ངོམ་ཤོད་བའི་དགེ་བཤེས་ཕར་ཕྱིན་དཔོན་གཡོག་གསུམ་མཇལ་དུ་བྱུང་བ་དང་། ནམ་མཁའ་ལ་ཟླ་བ་གཅིག་ཤར་བྱུང་བ་དེ་དྲང་སྲོང་གིས་བཟུངས་བྱུང་བས། ཇོ་བོ་དཀོན་མཆོག་གསུམ་པོ། དྲང་སྲོང་གིས་བཟུངས་བའི་ཟླ་བ་འདི་བཏང་དུ་གསོལ་བྱས་པས་དུམ་པ་གཅིག་བཏང་བྱུང་བས་དེ་དགེ་བཤེས་ཀྱི་ལྟས་སུ་འདུག་ནས། ཁྱོད་ལ་ཚེ་རིང་པོ་མི་ཡོང་བར་འདུག །ངས་ཨེན་ཙམ་གཅིག་བསྲིངས་ནས་ཡོད་ཀྱི། ད་དགོན་པར་རྒྱུག་ལ་ཐུགས་རྗེ་ཆེན་པོ་སྒྲུབས། ལོ་གསུམ་ནས་འདིར་ཤོག་བྱས་སོ། །དེ་ནས་དགེ་བཤེས་དེས་ཐུགས་རྗེ་ཆེན་པོའི་ཞལ་མཐོང་ནས་འཕྲད་དུ་བྱུང་སྟེ། བླ་མ་ཆེན་པོ་ད་ངའི་དོན་གྲུབ་ཟེར་ནས་འདུག་པ་དང་། ངས་དེ་ནས་ཞག་གསུམ་གྱི་དྲོ་ལ་སླེབ་པར་འདུག་ཅིང་། དེ་མ་ཐག་སྤོང་ཐག་གྱིས། དགོན་པར་གཏོད་བྱས་པ་དང་། ཁོས་སླེབ་མ་ཐག་ཏུ་སྤོང་ཐག་བྱས་པས་ཁོ་གྲོངས་ནས་འཇའ་ཚོན་དུ་སོང་ཟེར་རོ། །ཡང་ངམ་ཤོད་ནས་དགེ་བཤེས་ཆོས་རྒྱལ་བྱུང་ནས། བླ་མ་ད་ང་འདོད་ཆགས་གཏན་ནས་དག་འདུག་ཟེར་རོ། །ཕར་ཕྱིན་ལྟར་བྱས་ན་རྒྱུད་ཚོད་མཐོ་རབ་སོང་གདའ། དེར་ཙུག་ཡིན་ཀྱང་བླ་མ་ལ་ཞུར་འོང་པ་ཡིན་ཟེར། ཀླུ་སྲིན་མོས་བར་ཆད་བྱས་འདུག་པས། འདོད་ཆགས་དག་གམ་མ་དག་ལྟ་ཡིས་བྱས་ནས། རྡོ་རྗེ་དྲིལ་བུ་ཁོའི་མགོ་ཐོག་ཏུ་བཞག་ནས་བྱིན་བརླབས་བྱས་པ་དང་། ཁོ་བརྒྱལ་ནས་དྲན་མེད་དུ་སོང་བ་དང་། ཀླུ་སྲིན་མོ་ཡང་བྲོས་ནས་སོང་ངོ་། །ཁོ་ལ་འདོད་ཆགས་མེ་འབར་བ་བཞིན་དུ་སོང་བས། དེ་སྔར་གྱི་གདོན་གྱི་བར་ཆད་བྱུང་བ་མ་ཤེས་པར་འདུག །ད་འདོད་ཆགས་རང་དག་ལ་འགྲོ་བ་གཅིག་ཞུ་དགོས་ཟེར་ནས། ཀེང་རུས་ཏ་རའི་གདམས་པ་བཏབ་ནས་ཏིང་ངེ་འཛིན་བཟང་པོ་བྱུང་ངོ་། །སྐར་ཆུང་བཙས་པོས་སྣ་དྲངས་པའི་མཛེ་ཕོ་བཅུ་གསུམ་ལ་གཟུངས་ཆུ་བྱིན་པ་ཙམ་དང་། རྡོ་རྗེ་དྲིལ་བུའི་བྱིན་བརླབས་བྱས་པ་ཙམ་ལ་མཛེ་ཐོན་པ་བྱུང་ངོ་། །ཡང་ཡོལ་པའི་དཔོན་སློབ་ཞང་བཙུན་བྱ་བ་སྨྱོ་འདུལ་དུ་བྱུང་བས་ཁྱོད་ཀྱི་སྐྱེ་བ་སྔ་མ་རྒྱ་གར་དུ་སློབ་དཔོན་ཇོ་མོ་ཅན་གཅིག་ལ་བ་འཇུག་འདྲ་བ་བྱས་ནས་འབར་བས་རྒྱུ་བྱས་ནས་འདུག་པས་བཤགས་པ་གྱིས་རྐྱེན་ལོ་རོ་རྒྱལ་པོས་བྱས་འདུག་པ་ངས་ལྟ་སྟངས་ཞིག་བྱས་པས་ཁོའི་སྨྱོ་ཐུལ་ལོ། །དེས་ན་བླ་མའི་རྣམ་ཐར་གང་ལ་ཡང་ལོག་ལྟ་མི་བྱེད་པ་གལ་ཆེ་བར་འདུག་གོ། ང་ལ་མོན་པ་འདྲ་བ་གཅིག་གིས་སྨན་བླའི་ལྡེར་བཟོ་གཅིག་གི་རབ་གནས་བཅོལ་བས། ངས་སྨན་བླའི་མཐེའུ་ཆུང་མ་ལེགས་སོ་བྱས་པས། དེ་ནས་ཞག་འགའ་མཐེའུ་ཆུང་ཤིན་ཏུ་ན་བར་བྱུང་བ་དང་། རྗེ་བཙུན་མ་སྒྲོལ་མ་བྱོན་ནས། ཁྱོད་ཀྱི་སྡེར་བཟོ་མ་ལེགས་པ་བྱས་ནས་མ་འཕྱས་པར་སྨན་བླའི་མ་ལེགས་པ་བྱས་པའི་ངག་གི་ཉེས་པ་འདིར་སྨིན་པ་ཡིན་ཅིང་། སྨན་བླའི་སྡེར་བཟོའི་དྲུང་དུ་བཤགས་པ་གྱིས་ཤིག་གསུངས་ནས་བཤགས་པ་བྱས་པས་དྲག་པ་དང་། རྣམ་སྨིན་ཕྲ་ཞིང་ཕྲ་བ་ལ་འཛེམ་པ་དང་། བཤགས་པ་དེ་འཕྲལ་ལ་བྱ་བ་གལ་ཆེ་བར་འདུག །ཡང་གྲི་བོ་མགོན་པོ་ཤ་བ་རྒྱུག་འགྱེལ་གྱི་མན་ངག་འཚོང་ཞིང་འདུག་ནས། དེ་ལ་མི་གསོད་ཀྱི་ཤན་པ་གྲི་པོ་ཤ་བ་མགོན་པོ་བྱས་ནས་ཐེབས་འགའ་འབར་བས། ཁོང་གྲོང་ནས་སྤུར་སྦྱོང་བའི་དུས་སུ་རྨི་ལམ་བཟུང་ནས་བལྟར་ཕྱིན་པས། བདག་མེད་མ་ལྷ་མོ་བཅོ་ལྔ་སྤུར་ཁང་གི་ནང་ན་ཞལ་ཕྱིར་གཟིགས་ནས་འདུག་པ་དེ། ང་ཕྱིན་པ་དང་ནང་དུ་ཞལ་གཟིགས་ནས་འདུག་པ་དང་། བདག་ལ་ཞལ་བསྟན་དུ་གསོལ་བྱས་པས། ཁྱོད་ཀྱིས་སྔགས་ཀྱི་རྣལ་འབྱོར་པ་ལ་འབར་ཡོད་པས་ད་བཤགས་པ་གྱིས་གསུངས་ནས། བཤགས་པ་བྱས་པ་དང་། དགྱེས་རྡོར་ཡབ་ཡུམ་གཉིས་ཀྱིས་ཨཱ་ལི་ཀཱ་ལིའི་བཤགས་པ་བསྟན་ཏེ། བདག་མེད་མའི་ཞལ་ནས། རིགས་ཀྱི་བུ།
གསང་སྔགས་སྤྱོད་པའི་རྣལ་འབྱོར་གྱིས། །རྣམ་ཐར་དཔག་པར་མི་ནུས་ཤིང་། །ཐམས་ཅད་མཁྱེན་པར་མ་གྱུར་ཚེ། །གཞན་རྒྱུད་ཁོང་དུ་མི་ཆུད་པས། །མནར་མེད་སྐྱེ་བའི་ལས་ལ་སོམས། །རང་རྒྱུད་ངན་པས་དག་སྣང་སྦྱོངས། །མཐོལ་བཤག་གཉིས་དང་འབྲལ་མི་བྱེད།
།ཅེས་གསུངས་ནས་མི་སྣང་བར་གྱུར་ཏོ། །དེ་ནས་ཕག་མོ་གྲུ་པའི་ཞི་བྱེད་རྨི་ལམ་དེ་ཞུ་དགོས་སྙམ་ནས་གསོལ་བ་བཏབ་པས། ཕ་དམ་པ་བྱོན་ནས་དུག་གསུམ་ལམ་ཁྱེར་གྱི་གདམས་ངག་ཞུས་པས། ད་གསང་སྒྲུབ་ཀྱི་སྐབས་སུ་འགྲོ་བའི་སྐོར་ལ་ང་སྒོམས་གསོལ་བ་ཐོབ་ཅིག །ངས་ཀྱང་བྱིན་གྱིས་བརླབས་པར་བྱའོ་གསུངས་སོ། །དེ་ནས་སྐོར་རྒྱལ་ཚ་ཉལ་འདུག་པ་དང་ལངས་ནས་ཕྱིར་བྱུང་། ཡང་ཉལ་ནས་ནང་པར་བླ་མས་ནཱ་རོའི་ཡིག་ཆུང་ཞི་བྱེད་རྨི་ལམ་དེ་བྱིན་ན་དགའ་སྙམ་འདུག་པ། ནང་བར་ཁྱོད་མོས་ན་མདང་ང་ཡིད་སྨོན་བཏང་བའི་ཆོས་དེ་གཉིས་བྱ་ཡིས་བྱས་པ་དང་། ཁོ་ན་རེ། མདང་གི་དེ་མཁྱེན་པར་ཐུགས་ལ་བཏགས་ཏེ། ལར་བླ་མ་མི་མཁྱེན་དགུ་མཁྱེན། ང་མི་འགྱུ་དགུ་འགྱུ་ངོ་རེ་ཚ་ཟེར་ནས་བྱུང་ངོ་། །ཡང་བཟད་པའི་ཀླུ་ཇོ་སྲས་ཀྱིས་ཤ་མར་ཉི་ཤུ་དང་། སྣམ་བུ་བརྒྱད་ང་ལ་འབུལ་སྙམ་ནས་བྱུང་བ་དང་། གནམ་བར་དུ་ང་ལ་བསྔོས་པའི་ཤ་མར་གཞན་ལ་འབུལ་ནས་མ་ཐེང་། དེ་ལས་སྡིག་ཆེ་བ་མེད་པ་ཡིན། ང་ལ་ད་མཐོ་དམན་མེད་དེ་ཚོང་དཔོན་བཟང་སྐྱོང་གི་མདོ་ལས།
སྦྱིན་ནོ་ཞེས་ནི་ཁས་བླངས་ནས། །གང་གིས་གཞན་ལ་སྟེར་བྱེད་པ། །དེ་ལས་སྡིག་ཆེ་གང་ཞིག་ཡོད། །དེ་ལས་བསླུས་པ་གང་ཞིག་ཡོད།
།བྱ་བ་ཡིན་པ་ད་ཕྱིས་དེ་འདྲ་མ་བྱེད། དགེ་སྦྱོར་མི་བྱེད་ན་ཕྲེང་བའི་འགེལ་ཕུལ། དེ་ལྟ་བུ་མ་བྱེད་ལྷ་ལ་བརྙས་པར་འགྲོ་བ་ཡིན། ཁྱོད་སང་གནབ་ཙན་གྲོང་གསེབ་དང་གྲོང་ལྟག་ཏུ་བསྡད་ནས། ཡིག་སྣ་སྣ་ཚོགས་གསོག་པའི་འཁོར་འབྲི་ཕྱུགས་ཀྱི་འདྲེ་བརྡུང་བའི་ཟླའོ་ཨེན་རེ་ཚོལ་བ་གཅིག་འོང་བར་འདུག་བྱས་པས། ཕྱིས་ནས་འབུལ་བ་ཆེན་པོ་བསྐྱལ་ནས་གཏམ་གཏོང་མ་ནུས་སོ། །ཡང་འཕན་ཡུལ་བའི་བྱའུ་མདར། ང་ལ་རྐུན་མ་བྱེད་དུ་འོངས་ནས་ཅི་ཡང་མ་ཐོབ་པ་དང་། ང་མོས་པ་སྐད་བྱེད་ལ་ཕྱེ་གཅིག་བླངས་འགྲོ་སྙམ་པ་དང་། ཁྱེད་ཀྱི་རྐུན་མ་བྱས་ནས་ཅི་ཡང་མ་ཐོབ། ད་ང་ལ་ཁྱོད་ཕྱེ་འདོད་པ་དེ་བདེན། ཁོ་ལ་གོས་སྣམ་གསུམ་དང་ལམ་རྒྱགས་བསྐུར་བྱས་པས། ཁོ་མོས་ནས་རབ་ཏུ་བྱུང་ཏེ་ལ་བ་གཙང་སྒོམ་ཅན་དུ་བསྒོམས་པས་ཐུགས་རྗེ་ཆེན་པོ་ཞལ་མཐོང་། ཡང་གནམ་བར་གྱི་ཞང་སྒོམ་མིང་སྲིང་གཉིས་ཐུགས་རྗེ་ཆེན་པོ་ཞུར་བྱུང་བས། སྲིང་མོ་ལ་ཁྱོད་ཆོས་སྒོར་ཞུགས་ཀྱང་ཁྱིམ་ཐབ་ཡིད་ལ་སེམས་པ་ཙམ་མ་བྱེད་ཅིག །ཐུགས་རྗེ་ཆེན་པོའི་ཕྱོགས་སུ་གྱིས་ཤིག་བྱས་པས། མོ་ན་རེ། དེ་སྔའི་རྣམ་རྟོག་མཐོལ་ལོ་བཤགས། །བློ་ཆོས་སུ་འགྲོ་བར་བྱིན་གྱིས་རློབས། ཟེར་ནས་དམ་བཅའ་དྲག་པོ་བྱས་ནས་བསྒྲུབ་པས་ལོ་བདུན་ནས་ཐུགས་རྗེ་ཆེན་པོ་མཐོང་བ་གཅིག་བྱུང་ངོ་། །དེ་ལ་སོགས་པའི་མི་རྩར་བྱུང་བ་ཕལ་ཆེར་གྱི་ཚེ་རིང་ཐུང་དང་རྣམ་རྟོག་ཅི་སྐྱེས་ཐམས་ཅད་བཤད་པས། འགའ་དང་རྒྱའི་རྒྱལ་པོས་ཐོས་ནས་འབུལ་བ་མང་པོ་བསྐུར་ནས་བྱུང་བ་དང་། ཡང་དབུས་གཙང་གི་དགེ་བཤེས་དང་སྡེ་བཅད་ཕལ་ཆེར་མོས་ནས་ཆོས་ཞུ་བ་དང་། རྟེན་བསྐུར་ནས་རབ་གནས་ཞུ་བ་དང་། བར་ཆད་འོང་མི་འོང་དང་། ཚེ་རིང་ཐུང་ལ་སོགས་པ་འདྲིར་བྱུང་ཚད་ལ་བཤད་པས་ཐམས་ཅད་མོས་པར་བྱུང་། དེ་ནས་མཆེད་གྲོགས་ལྷ་སྡིང་པ་ཕྲག་དོག་སྐྱེས་ཏེ་བསྐུར་པ་བཏབ་པས། དབོན་སྟོན་འདི་བ་སོ་དར་མ་སེང་གེ་བྱ་བ་ཡིན། ཁོ་བྲམ་ཟེའི་ཐེའུ་རང་གཅིག་བསྒྲུབས་ནས་མངོན་ཤེས་རྫུན་བཤད་བྱས་པས་ཐམས་ཅད་མགོ་འཁོར་ནས། ད་ཁོ་ལ་ལོག་འཚོའི་བསོད་ནམས་ཆེ་ཚད་སྐྱེས་འདུག་ཟེར་རོ། །དེ་ཡང་སྔོན་གྱིས་ལས་ངན་ཡིན་ཏེ། ང་སྐྱེ་བ་མང་པོའི་སྔོན་རོལ་དུ་རྒྱ་གར་ཤར་ཕྱོགས་སུ་པཎྜི་ཏ་དྷརྨ་པ་ལ་བྱ་བ་གྲྭ་པ་ལྔ་བཅུ་ཙམ་གྱིས་བསྐོར། ཆོས་ཤིན་ཏུ་མཁས་པ་ཞིག་ཏུ་གྱུར་ནས། རྒྱ་གར་གྱི་ཕྱོགས་ཐམས་ཅད་ནས་ཐེག་པ་ཆེ་ཆུང་གི་ཆོས་ལ་ང་ལས་མཁས་པ་སུ་མི་འདུག་སྙམ་ནས། ཞེ་སྡང་ཕྲག་དོག་གི་ཀུན་སློང་མེད་ཀྱང་། ཆོས་འདི་ཡིན་འདི་མ་ཡིན་དང་། དག་གམ་མ་དག་གི་བཤགས་རལ་ཕྱེ་བ་ཐམས་ཅད་ངའི་སྲོལ་ལ་ཞུགས་སོ། །དེ་ལྟར་བཤགས་ཕྱེ་བ་དེའི་རྣམ་པར་སྨིན་པས། ད་གང་དུ་སྐྱེས་ཀྱང་སྐུར་པ་ཤ་སྟག་བྱུང་ངོ་། །ད་རེས་ཀྱང་ཐུགས་རྗེ་ཆེན་པོ་ལ་སོགས་ཡི་དམ་མང་པོ་ཞལ་མཐོང་། བླ་མ་ཤངས་པའི་བཀའ་དྲིན་གྱིས་སྒྱུ་ལུས་རྨི་ལམ་འབྱོངས་ནས། འོད་གསལ་དང་གསལ་སྣང་མཆེད་པའི་སྟོབས་ཀྱིས་གཞན་རྒྱུད་ཤེས་པ་བྱུང་ནས་གཞན་ལ་ཕན་པར་འདུག་ནས་བཤད་པས་སྐུར་པ་འདི་བྱུང་བ་ཡིན་ཏེ། ད་རེས་ཀྱི་འདིས་ལས་ཀྱི་ལྷག་མ་ཐམས་ཅད་སངས་དག་ནས་སྐྱེ་བ་ཕྱི་མ་ལ་ཕུན་སུམ་ཚོགས་པའི་གདུལ་བྱ་འབྱུང་བར་འགྱུར་རོ། །དེ་ཡང་ལས་ཀྱི་རྣམ་སྨིན་འདི་འཇིགས་པར་འདུག་པས། མི་དགེ་བ་ཆུང་ངུ་ལ་ཡང་འཛེམ་པ་དང་། བཤགས་པ་མྱུར་དུ་བྱེད་པ་འདི་གལ་ཆེ་བར་འདུག་གོ།
།དེ་ནས་བྱང་རྩེ་ལྡེང་ན་རྟོགས་ལྡན་ཞང་སྒོམ་ཆོས་སེང་བྱ་བ། བླ་མ་ཤངས་པ་ལོ་བཅུ་གཉིས་བསྟེན་པའི་རྣལ་འབྱོར་གྲུབ་ཐོབ་ཆེན་པོ་ཞིག་འདུག་ཟེར་ནས་ནམ་ཟླ་སོས་ཀ་ཞིག་མཇལ་དུ་ཕྱིན་ནས། མཁའ་སྤྱོད་མ་དཀར་དམར་དང་དགྱེས་རྡོར་བདེ་མཆོག་དང་། མགོན་པོའི་གནད་ཡིག་དང་། དམིགས་པའི་སྒྲོམ་བུ་དང་། འཕོ་བ་ལ་སོགས་པའི་ཞལ་གདམས་རྣམས་མང་དུ་ཞུས་སོ། །དེ་ནས་ཡང་འདམ་པ་ཅོག་སྟོན་ལ་དཔལ་ལྡན་སྒམ་པོ་པའི་ཆིག་བརྒྱུད་རྣམས་མངའ་བ་དང་། གྲུབ་ཐོབ་ཏུ་འདུག་པ་དེས་བླ་མ་དཔལ་གྱི་གདམས་པ་རྣམས་ཞུས་སོ། །དེ་ནས་སོས་ཀ་དེར་ཆོས་བཤད་ཅིང་ཡོད་ཙ་ན། བླ་ཡེ་ལ་ཕྱག་སྟོང་སྤྱན་སྟོང་དེ་ཡང་མཐོང་། ཡང་མཚོ་ཆེན་པོ་པདྨ་རྒྱས་པ་གཅིག་གི་དཀྱིལ་ན། པདྨའི་སྡོང་པོ་ཤིན་ཏུ་རྒྱས་པ་གཅིག་གི་སྟེང་ན་ཐུགས་རྗེ་ཆེན་པོ་རྩ་ཕྱག་ལྔ་བཅུ་པ་གཅིག་བཞུགས་ནས་འདུག་པ་ལ། པདྨའི་གསེབ་ནས་ཡར་ལ་ལྷ་དང་ཀླུ་མང་པོས་ཆོས་ཞུ་ཞིང་འདུག་པ་གཅིག་མཐོང་བ་དང་། དེའི་ཁྲོ་ཞལ་གྱི་སྤྱན་དབུས་མ་ལས་བགེགས་ཐམས་ཅད་འཇོམས་པ་ཞེས་བྱ་བའི་འོད་ཟེར་མཐིང་ག་གཅིག་བྱུང་ནས་བདག་གི་སོ་ལ་ཕོག་པས་འབུ་སྲིན་དང་། སྡིག་པ་མང་པོ་དོན་སོང་བས་སོ་རྒྱུན་དུ་ན་བ་དེ་དུས་དེར་དྲག་གོ། །དེ་ནས་ཕྱུགས་ནད་མཆེད་དུ་བྱུང་བ་ལ་ནད་ཞི་བའི་གསོལ་བ་བཏབ་པས་ཐོ་རངས་དགྲ་ནག་དང་འཇིགས་བྱེད་ཀྱི་ལྷ་ཚོགས་རྣམས་བྱོན་ནས་ནད་འདྲེ་ཐམས་ཅད་བསད་པ་དང་། རེངས་པ་དང་། བསྐྲད་པས་ནད་ཞག་གསུམ་ནས་ཆོད་དོ། །ཡང་གཤིན་རྗེ་གཤེད་ནག་པོ་དང་། འཇིགས་བྱེད་དང་རྟ་མགྲིན་གསུམ་གྱི་སྒོ་ནས་སྨྱོ་བ་བརྒྱད་ཅུ་བཏུལ་ལོ། །དེ་ནས་བསྐྱེད་རིམ་ལ་བརྟན་པ་ཐོབ་པ་དང་། སྣང་བ་བདེན་མེད་དུ་རྟོགས་པ་གཉིས་མ་བྱུང་གི་བར་དུ་གདོན་དང་སྨྱོན་པ་བཏུལ་ན་གྲིབ་དང་འདྲས་ཆེན་པོ་འོང་བར་འདུག་པས་གཏུབ་ཚད་ཀྱིས་མ་བྱེད་ཅིག །ཡང་གདུང་རྟེན་རྒྱལ་པོ་ཅན་གཅིག་ལ་རབ་གནས་བྱས་པས་རྒྱལ་པོ་དེ་འགྲོ་མ་གཏུབ་རྟེན་ལ་རྡོ་རྗེ་བསྣུན་པའི་གཏམ་རྒྱུད་གསུངས། དྲག་པོ་གཅིག་གཅུན་པས་ཆུན་པའི་རབ་གནས་ལེགས་ཀྱང་ང་ལ་འདྲས་ཨན་ཙམ་བྱེད་དུ་བྱུང་ནས་སྦྱིན་སྲེག་བྱས་ལ་རྒྱལ་པོ་གཏན་ནས་བརླག་པར་བྱ་དགོས་སྙམ་ཙ་ན། སློབ་དཔོན་པདྨ་བྱོན་ནས། གདོན་ཆེན་པོ་མ་བརྡུང་། ཀླུ་ཆེན་པོ་ལ་སྦྱིན་སྲེག་མ་བྱེད། ཆིག་བརྒྱུད་མ་སྤེལ། སྔགས་ལ་མ་གཤེ། མཆེད་གྲོགས་ལ་ཕྲག་དོག་མ་བྱེད། སེམས་ཅན་ལ་བློས་སྤང་མི་བྱ་གསུངས་སོ། །དེ་ནས་ངའི་རྟོགས་པ་ལ་བླ་མ་ཇི་ཙམ་བཞུགས་མི་ཤེས། ང་རང་ཡང་ནམ་འཆི་ཆ་མེད། དེ་སྔ་ཡང་འབུལ་བ་དྲག་པོ་ལན་གཉིས་པ་ཡིན། ད་ངས་བླ་མ་གདན་འདྲེན་དུ་བཏང་ལ་ཅི་ཡོད་འབུལ་དགོས་སྙམ་ནས་གདན་འདྲེན་དུ་བཏང་བས་བླ་མ་བྱོན་ནས། ཚེས་བཅུའི་ནུབ་མོ་མཆོད་པ་ཤོམས་ཤིག །ཉམས་རྟོགས་བསྡུར་དགོས་གསུངས་ནས། ང་རང་གི་དགེ་སྦྱོར་སྐྱེས་པ་རྣམས་ཞུས་པས། བླ་མའི་ཞལ་ནས། རྒྱ་གར་གྱི་གྲུབ་ཐོབ་རྣམས་ཀྱི་ཞལ་ནས། བླ་མ་ཤངས་པ་ཁྱེད་ཀྱི་དགེ་སྦྱོར་གྱི་སྐྱེ་ཚུལ་ལྟ་བུ་སུ་ལ་ཡང་མ་བྱུང་གསུངས་བར་འདུག་གོ། །ང་ལ་ཡང་བླ་མ་ཤངས་པའི་ཞལ་ནས། རིན་ཆེན་བརྩོན་འགྲུས་ཁྱོད་ཀྱི་དགེ་སྦྱོར་སྐྱེ་ཚུལ་འདི་ལྟ་བུ་སུ་ལ་ཡང་མ་བྱུང་གསུངས། དབོན་སྟོན་གྱི་དགེ་སྦྱོར་སྐྱེ་ཚུལ་འདི་ལྟ་བུ་དང་། ལྷ་སྐུ་དང་འོད་གསལ་གྱི་རྩལ་འདི་ལྟ་བུ་ང་ལ་ཡང་མ་བྱུང་སྟེ་ལར་ད་ལྟ་དཔོན་སློབ་གཉིས་སུ་ཚོགས་པ་ལ་འོ་སྐོལ་གཉིས་ལས་ཉམས་རྟོགས་བཟང་བར་མེད་པར་ཐག་ཆོད་པས་དགའ་བ་ཁྱད་པར་ཅན་སྒོམས་ཤིག །ད་བླ་མ་ཤངས་པའི་གདམས་ངག་འདི་ལ་ཌཱ་ཀི་དངོས་སུ་འདུ་བ་ཡིན་ཏེ། འདི་མ་འོངས་པའི་དུས་སུ་སོང་ཙ་ན། ཡང་ན་བཀའ་ཆད། ཡང་ན་ཚོང་དུས་ཀྱི་འོ་མར་འགྲོ་བར་འདུག་པས་ངས་དང་པོ་རིག་པ་དྭངས་དུས་སུ་ཇི་ལྟར་བཤད་པ་བཞིན་དུ་ཡི་གེར་བཀོད་ཅིག་གསུངས། བླ་མ་རྡོ་རྗེ་འཆང་དངོས་ཡིན་པས་བཀོད་པར་ཞུ་བྱས་པས། འོ་ན་མཆོད་པ་སྐྱར་མ་གཅིག་ཤོམས། གསེར་གྱི་མཎྜལ་དང་། སྤོས་ཀྱང་ཕུལ་ཅིག །གསོལ་བ་གདབ་པར་བྱའོ་གསུངས་ནས། གསོལ་བ་དྲག་པོ་བཏབ་པས་ཡེ་ཤེས་ཀྱི་ཌཱ་ཀི་མ་ནི་གུ་མ་བྱོན་ནས། སྤྱིར་ཆོས་དྲུག་དང་ཁྱད་པར་འབྱམས་གཅོད་གསུངས་སོ། །དེ་ནས་ནང་པར་འབུལ་བ་བྱེད་པའི་མང་བསྐོལ་བྱས་ནས་འབུལ་བ་རྣམས་སྤུངས་ནས་བླ་ཡེ་ལ་འབྱོན་པར་ཞུ་ཞུས་པས། བླ་མའི་ཞལ་ནས། ད་སྔོན་ལ་སྟེང་དུ་འདོང་ངོ་གསུངས་ནས་ཕྱིན་ཙ་ན། ད་ཕྱམ་རྩེ་ཕུད་ལ་སྦ་མཁར་ལ་ཡར་ཕྱོར་ཅིག །དབོན་སྟོན་པ་བ་ལ་མཛོ་སྐྱེས་བྱ་བ་ལན་གསུམ་གྱིས་ཤིག །ང་བ་ཡིན། དབོན་སྟོན་ཁྱོད་མཛོ་ཡིན་པས་བ་ལ་མཛོ་སྐྱེས་བྱ་བ་ཡིན་ནོ། །དུས་དེ་རིང་ལས་ཉམས་དགའ་བ་ཨེ་འོང་ན་གསུངས་སོ། །དེ་ནས་བླ་མ་བླ་ཡེ་ལ་བྱོན་ནས་འབུལ་བ་ཕྱག་ཏུ་བཞེས་པ་དང་། དེ་རིང་བཤགས་པ་གྱིས་ལ་གསོལ་བ་ཐོབ་ཅིག་གསུངས་ཙ་ན། ཕལ་ཆེར་གྱིས་བླ་མ་བདེ་མཆོག་དྲུག་ཅུ་རྩ་གཉིས་ཀྱི་དཀྱིལ་འཁོར་དུ་མཐོང་། དེ་ལྟར་འབུལ་བ་ཆེ་བ་གསུམ་བྱས་པས། འབུལ་བ་ཐེབས་རེ་ལ་དགེ་སྦྱོར་གྱི་རྟོགས་པ་མི་འདྲ་བ་རེ་རེ་བྱུང་བས། ཞིང་དག་པའི་བླ་མ་ལ་བསོད་ནམས་ཀྱི་ཚོགས་བསགས་ནས་སྨོན་ལམ་འདེབས་པ་འདི་ཁོ་ན་གལ་ཆེ་བར་འདུག་གོ་སྙམ་མོ། །དེ་ནས་ལོ་མང་པོ་མ་ལོན་པ་ལ་བླ་མ་གཤེགས་ཀྱི་དོགས་ནས་ཚེས་བཅོ་བརྒྱད་ཀྱི་ནུབ་མོ་རྨི་ལམ་བཟུང་ནས། བླ་མའི་སྤྱན་སྔར་ཕྱིན་ཙ་ན། གཟིམས་ཆུང་ན་ཌཱ་ཀི་མ་མང་པོ་དང་། མི་མ་ཡིན་མང་པོ་འདུག་པས། བླ་མའི་ཞལ་ནས་དབོན་སྟོན་བྱོན་པ་དགའ་སྟེ། ད་ང་མྱུར་དུ་འགྲོ་བས་སང་དགོང་ཤོག་གསུངས་ནས་ཕྱིན་ཙ་ན། བླ་མ་མི་བཞུགས་པར་འདུག་ནས། མང་པོ་ངུས་པས་རྗེ་བཙུན་མ་བྱོན་ནས་བདེ་བ་ཅན་དུ་འོད་དཔག་མེད་དང་མཇལ་ནས་མངོན་པར་དགའ་བའི་ཞིང་ཁམས་སུ་གཤེགས་པར་ཡོད་ཀྱི་དེར་གསོལ་བ་ཐོབ་ཅིག
།ནམ་མཁའ་འདི་ལ་སྐྱེ་འཆི་མེད་པར་ལྟར། །བླ་མ་ལ་ཡང་སྐྱེ་འཆི་ག་ལ་ཡོད། །མོས་གུས་སྟོབས་ཀྱིས་འབྲལ་མེད་གནས་པ་ཡིན། །མྱ་ངན་མ་བྱེད་མངོན་དགར་གསོལ་བ་ཐོབ།
།གསུངས་ནས་ང་རང་ཡང་མངོན་དགར་འགྲོ་དགོས་སྙམ་ཙ་ན་གཉིད་སད་དོ། །དེ་ནས་ཞག་གསུམ་སོང་ནས་གསོལ་བ་བཏབ་པ་དང་། ཤངས་ནས་བང་ཆེན་བྱུང་སྟེ་བླ་མ་གཤེགས་ཟེར་ནས་བྱུང་བས། ཁོང་རྣམས་ཀྱིས་ང་ལ་གསང་འདུག་པས་ངས་ནམ་ལངས་མ་ཐག་ཁོང་རྣམས་བསགས་ནས། ངའི་བླ་མ་གཤེགས་ནས་ཞག་གསུམ་སོང་། ད་ངའི་ཆ་རྐྱེན་ཅི་འདུག་ཐམས་ཅད་མཆོད་པ་གྱིས། ཁྱེད་རང་རྣམས་ཀྱང་ཅི་ཡོད་ཕུལ་བྱས་ནས། ཟླ་བ་གཅིག་ཏུ་བླ་མའི་མཆོད་པ་བྱས་སོ། །དེ་ནས་ཚེས་བརྒྱད་ཀྱི་སྔ་དྲོ་ཐུགས་རྗེ་ཆེན་པོ་བྱོན་ནས། མཚམས་མ་བྱེད་པར་གསང་སྒྲུབ་དང་རིག་གཏད་ཞུས་ཚད་ལ་ཐུགས་རྗེ་ཆེན་པོའི་སྒོ་ནས་ཐུགས་རྗེ་ཆེན་པོ་སྟོན་ཅིང་། སྙིགས་མའི་དུས་སུ་ཁྱེད་ཀྱིས་བསྟན་པའི་སྒྲུབ་ལུགས་འདི་དར་ཞིང་ཞལ་མཐོང་བ་མང་དུ་འབྱུང་བར་འགྱུར་རོ། །གསུངས་སོ། །དེ་ནས་ཐུགས་རྗེ་ཆེན་པོ་ཞུས་ཚད་ལ་སྟེར་བའི་གོ་ཆ་གྱོན་པ་ཡིན་ཏེ། ཆོས་ཐུན་བརྒྱད་པོ་འདི་ཡང་ཚར་བར་ཉན་ནུས་ཡོང་བར་མི་འདུག །ཡང་ན་དེའི་ཚེས་བཅུ་བཞིའི་ཉི་མ་ཕྱེད་ཡོལ་ཙམ་ན་བཅུ་གཅིག་ཞལ་བྱོན་ནས། ང་དང་ཁྱོད་ནི་དབྱེར་མེད་དེ། །སྐྱེར་སྒང་པ་ནི་པོ་ཏ་ལར། །གསུངས་པས། གཞན་དུ་དགེ་སྦྱོར་བགྱིས་པ་བས། འདི་རུ་གཉིད་ལོག་པ་དགའ་བ་ཡིན་ནོ། །ད་ངའི་སློབ་མ་སྟོད་ལུང་གི་ཤངས་སོ་བཞིས་ཐུགས་རྗེ་ཆེན་པོའི་ཞལ་མཐོང་། ཐོད་ལེ་ཀོར་ལ་སོགས་པ་བླ་མ་ལྔ་བཅུའི་ཞལ་མཐོང་འདུག་པ་དང་། ངའི་སློབ་མ་ཡང་སློབ་བརྒྱུད་འཛིན་རྣམས་ཀྱིས་ཀྱང་ཞལ་མཐོང་མཁན་མང་དུ་འོང་བར་འདུག་སྟེ། ངའི་འདི་ཞལ་མཐོང་འབའ་ཞིག་གི་བརྒྱུད་པ་ཡིན་པ་དང་། ཐུགས་རྗེ་ཆེན་པོས་མ་འོངས་པའི་དུས་སུ་ཡང་ཞལ་མཐོང་མང་པོ་འབྱུང་བར་ལུང་བསྟན་པས་ཐེ་ཚོམ་ཡིད་གཉིས་མི་དགོས་སོ། །བདག་གི་རྣམ་ཐར་བསྡུས་པ་འདི། དགེ་བཤེས་གྲགས་པ་ཡེ་ཤེས་དང་། ནག་པོ་གཞོན་ཚུལ་གཉིས་ཀྱི་དོན་དུ་ཡི་གེར་བཀོད་པ་ཡིན། དེ་ནས་བླ་མ་དགུང་ལོ་བདུན་ཅུ་བཞེས་པའི་སྟོན་ཟླ་འབྲིང་པོའི་ཚེས་བརྒྱད་ནས་སྐུ་སྐེད་ཨན་ཙམ་བསྙུང་ནས། རིམ་གྲོའམ་སྨན་དཔྱད་འདྲ་བ་བྱེད་པར་ཞུ་དགོས་བྱས་པས། སྨན་དང་རིམ་གྲོ་བྱས་ཀྱང་མ་བྱས་ཀྱང་། ཚེས་བཅོ་བརྒྱད་ལ་ནད་སངས་ནས་འགྲོ་བར་འདུག་གསུངས་ནས་ཅི་ཡང་མ་གནང་ངོ་། །དེ་ནས་ཚེས་བཅུ་གསུམ་ལ་ཚོགས་གསོག་གིས་གསུངས་ནས་བྱས་པས། བཅུ་བཞི་ལ་དྲག་འདུག་ཅིང་། སང་དབུ་ཆེ་རྣམས་འཚོགས་ཤིག །ངས་ཆོས་བཤད་པ་ཡིན་གསུངས་ནས། སང་སྔ་དྲོ་ནས་འཚོགས་པ་དང་། ད་འཚོགས་སམ་གསུངས་ནས། འཚོགས་ཞུས་པས་ཕ་མའི་དང་རྩིས་མཁན་གྱི་ལྟར་བྱས་ཀྱང་། ཕོ་ལོ་བཞི་བཅུ་ལས་མི་ཐུབ་པར་འདུག་པ་ཡིན་ཏེ། བླ་མ་ཤངས་པའི་བཀའ་དྲིན་གྱིས་ཕོ་ལོ་བདུན་ཅུ་དོན་གསུམ་ཐུབ། ལོ་བརྒྱ་ལྷག་ཙམ་སྡོད་སྙམ་པ་ཡིན་ཏེ། ཁྱོད་ཚོ་ལ་སྐྱོ་བ་སྐྱེ་བར་བྱུང་བས་ང་འགྲོ་བར་ཡིན། ཇོ་བཙུན་དར་ཤེ་ཁྱོད་སྙམ་ན་ལོ་རེ་ལ་འབུམ་བརྒྱ་ཚར་རེ་བྱས་སྙམ་ཏེ། ཆོས་མི་ལ་བཅོལ་བ་ཡིན། སྟོན་པ་ཀུན་ཤེ་ཁྱོད་སྙམ་ན། ཆོས་ང་ལས་མཁས་པ་མེད་སྙམ་སྟེ་སེམས་དང་ཆོས་སུ་མ་འདྲེས་པར་འདུག་པས། རྒྱལ་པོ་དཔེ་དཀར་ལ་ལྟོས། ཐང་སོ་ཇོ་བཙུན་དང་ཆོས་མགོན་གཉིས་ཟླ་བ་རེ་ལ་སྟོན་མོ་བཟང་བ་རེ་བྱས་པས་ཆོས་གྲུབ་པ་ཡིན་ནམ་སྙམ་ཏེ་ངས་བྱས་བགྲང་ལ་དྲིན་བགྲང་བའི་དགེ་བ་ཆོས་བརྒྱད་ཀྱི་སྟོན་མོ་དེ་ཁར་རྗེ་ཆེ་ན། འབྲོག་བཟང་གི་ཕྱུགས་གཅིག་ཏུ་སྐྱེ་སྲིད་ཀྱི་ད་ལྟ་ཆོས་བྱེད་དུས་སུ་ཁྱེད་ཚོས་ཆོས་མི་དྲན་པར་སང་གནང་ཤི་བ་ཐུག་གིས་གཏུགས་ཙ་ན། ཤ་བ་ཉུང་མས་བརྣངས་པ་བཞིན་དུ་ལག་དར་སྔས་སུ་བཅུག་ནས་མིད་པ་ཐུག་ཐུག་བྱས། ངོ་ནག་ཏིང་བྱེད་ཅིང་ད་རེས་མ་ཤི་ན་ཆོས་གཤའ་མ་གཅིག་བྱེད་དགོས་ཏེ་ཟེར་བའི་ངང་ནས་འཆི་བ་འོངས་ཏེ། ངས་དང་པོ་ཆོས་དྲན་དུས་སུ་དྲན། བར་དུ་བྱེད་དུས་སུ་བྱས། མཐའ་མ་དགོས་དུས་སུ་སླེབ་པ་འདི་ཡིན་ནོ། །གཞོན་ནུ་འོད་སྤོས་ཕུལ་དང་། བརྒྱུད་པའི་བླ་མ་ཐམས་ཅད་བྱོན། ཐུགས་རྗེ་ཆེན་པོ་དང་ཡི་དམ་ཐམས་ཅད་ཀྱང་བྱོན། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ནམ་མཁའ་ཁེངས་པ་བྱོན་འདུག་པ་གསོལ་བ་ཐོབ་དང་གསུངས་སོ། །དེ་ནས་སྐྱེར་སྒང་འདི་གཞུག་ཏུ་ཅི་འདྲ་གཅིག་འོངས་བྱས་པས། འདི་ན་ཀླུ་དང་སྲིན་མོ་ཐུ་པ་གཅིག་ཡོད་པ་ཡིན་ཏེ་ངས་ཐུལ་བ་ཡིན། ངའི་བྱིན་རླབས་མ་ཉམས་རིང་ལ་སྐྱེར་སྒང་འདི་པོ་ཏ་ལ་དངོས་ཡིན་པས་གཞན་དུ་རི་ཁྲོད་དུ་འདག་བཅར་བྱས་པ་བས་ངའི་ས་འདིར་གཉིད་ལོག་པ་དགའ་བ་ཡིན་ནོ། །ད་གཟོད་མཐའ་མི་ཐམས་ཅད་དབུས་སུ་འདུས་པའི་སྟོབས་ཀྱིས། འབུམ་ཐང་འདི་ཁྱི་ལུད་ཐོར་གྱིས་འབྱུང་། བུད་མེད་ཤམ་བུ་ཅན་གྱི་ཞུར་རྟ་ཕྱ་རེ་བ་གཅིག་འོང་བར་འདུག །དེ་ཙམ་ན་ངའི་བྱིན་རླབས་ཉམས་པ་ཡིན་པས། དེ་ནས་ཀླུ་དང་སྲིན་མོ་དེ་རྣམས་ལངས། བསླབ་བ་ཐུབ་བ་ཉུང་དུ་འགྲོ། རྩེ་གཅིག་ཏུ་བསྒྲུབ་པ་བྱེད་པ་ཡང་མི་ཡོང་བར་འདུག་གོ་གསུངས། ད་འདི་ནས་བླ་མ་གང་དུ་གཤེགས། གསོལ་བ་གང་དུ་གདབ། ཆོས་བརྒྱུད་སུས་འཛིན་ཞུས་པས། བླ་མའི་ཞལ་ནས། ཁྱེད་རྣམས་ང་ལ་མོས་ན། ཤར་ཕྱོགས་མངོན་པར་དགའ་བའི་ཞིང་དུ་མངོན་པར་སངས་རྒྱས་ནས་ཐེག་ཆེན་འབའ་ཞིག་གི་འཁོར་ལོ་བསྐོར་བར་འགྱུར་པས་དེར་གསོལ་བ་ཐོབ། ས་ལ་གནས་པའི་བྱང་ཆུབ་སེམས་དཔའ་འབའ་ཞིག་ཏུ་སྐྱེ་བར་འགྱུར་རོ། །ངའི་བརྒྱུད་པ་འདི། གཡོར་པོ་སྟོད་ནས་འཛིན་པ་གཅིག་འོངས་ཏེ། རྡོ་རྗེ་འཆང་གིས་ལུང་བསྟན་པ་བཞིན་དུ། མི་རབས་བདུན་བརྒྱུད་པའི་ཚེ། མཁའ་འགྲོ་མའི་ཞལ་གདམས་འདི་རྣམས་ཕྱོགས་ཀུན་ཏུ་ཁྱབ་ཅིང་གདུལ་བྱ་མང་དུ་འབྱུང་བར་འགྱུར་རོ་གསུངས་སོ།