Difference between revisions of "Ga'u ma'i gsal byed"

From Shangpa Resource Center

Line 9: Line 9:

|BDRC link=[https://www.tbrc.org/#library_work_ViewByOutline-O01DG1049095232%7CW23922 BDRC W23922]

༄༅། །གའུ་མའི་གསལ་བྱེད་བཞུགས་སོ།།

བླ་མ་དམ་པའི་ཞབས་ལ་གུས་པས་ཕྱག་འཚལ་ལོ།
།ཕྱག་རྒྱ་ཆེན་པོ་རང་བབས་གསུམ་གྱི་ཁྲིད་ཀྱི་སྐབས་སུ། བརྒྱུད་པའི་ལོ་རྒྱུས་ཀྱི་རྗེས་ལ། བརྒྱུད་པ་དེ་རྣམས་གོང་མ་གོང་མས། འོག་མ་འོག་མ་ལ་ལུང་བསྟན་པ། ཡི་དམ་གྱིས་བྱིན་གྱིས་རླབས་པ། མཁའ་འགྲོ་ཆོས་སྐྱོང་ཐམས་ཅད་ལ་མི་བཞིན་དུ་ལབ་ཅིང་། བྲན་བཞིན་དུ་འཁོལ་བ། སངས་རྒྱས་ཀྱི་བརྒྱུད་པ་རྟོགས་ལྡན་དང་གྲུབ་ཐོབ་ཀྱི། མི་བར་དུ་ཁྱི་མ་ཞུགས་པའི་བརྒྱུད་པ་ཡིན་གསུང་། སློབ་མ་བཀྲི་བའི་ཚུལ་མི་འདྲ་བ་མང་དུ་ཡོད་ཅེས་པ། ཕྱག་རྒྱ་ཆེན་པོ་བཤད་རྒྱུད་རབ་ཏུ་མི་གནས་པ། རྙོག་པ་མེད་པ། གསང་བ་བླ་ན་མེད་པ་རྣམས་ཀྱི་རྗེས་སུ་འབྲངས་ནས། [[Saraha|བྲམ་ཟེ་ཆེན་པོ]]ས། ལམ་སྒྲུབ་སྐོར་སྙིང་པོའི་སྐོར་ལྟར་དུ་བཀྲི་བའམ། གསང་བ་འདུས་པའི་རྗེས་སུ་འབྲངས་ནས། [[Aryadeva|སློབ་དཔོན་འཕགས་པ་]]ཡབ་སྲས་ཀྱི་ལམ་གྱི་རིམ་པ་སྔར་ལྟར་བཀྲི་བའམ། དུས་ཀྱི་འཁོར་ལོའི་རྗེས་སུ་འབྲངས་ནས་ལམ་སྦྱོར་བ་ཡན་ལག་དྲུག་ལྟར་དུ་བཀྲི་བའམ། རྩ་རྒྱུད་བརྟག་པ་གཉིས་པའི་རྗེས་སུ་འབྲངས་ནས། [[Virupa the Elder|བིརྺ་པ]]ས་ལམ་འབྲས་བུ་དང་བཅས་པ་ལྟར་བཀྲི་བའམ། བདེ་མཆོག་ཨ་ན་པའི་རྗེས་སུ་འབྲངས་ནས། [[Dampa Sangyé|དམ་པ་རིན་པོ་ཆེ]]ས། ལམ་རིག་པ་དྲི་མ་མེད་པ་ལྟར་བཀྲི་བ་ལ་སོགས་པ་འཁྲིད་ཚུལ་བསམ་གྱིས་མི་ཁྱབ་ནའང་། འདིར་[[Ye shes rgya mtsho'i rgyud|ཡེ་ཤེས་རྒྱ་མཚོའི་རྒྱུད]]། [[Rin chen rgya mtsho'i rgyud|རིན་ཆེན་རྒྱ་མཚོའི་རྒྱུད།]] [[Yon tan rgya mtsho'i rgyud|ཡོན་ཏན་རྒྱ་མཚོའི་རྒྱུད།]] རྒྱ་མཚོ་རྣམ་པ་གསུམ་གྱི་རྗེས་སུ་འབྲངས་ནས། རྡོ་རྗེ་འཆང་གིས་ཅེས་སོ།
།གའུ་མ་ཞེས་གྲགས་པས། [[Khyungpo Neljor|བླ་མ་ཤངས་པ]]ས། གསེར་དང་འདྲ་བའི་གདམས་པ་རྣམས། བལ་པོའི་གའུ་སྙིང་འདྲབ་ཅིག་གི་ནང་དུ་བཅུག་སྟེ། ཟབ་པའི་དོན་གྱིས་སྐུ་ལུས་དང་མི་འབྲལ་བར་མཛད་པ་དང་། སྐུ་གཤེགས་དུས་དེའི་ནང་ནས་བྱུང་བས། དེར་གའུ་མ་ཞེས་གྲགས་ཏེ། གདམས་པ་གཞན་ཡང་མང་དུ་བྱུང་ཀྱང་། ཆོས་འདེས་སྤྱི་མིང་དགོས་སུ་ཐོབ་པ་ལྟ་བུ་ཡིན་གསུང་། སློབ་མ་སྤྱིར་ཞེས་པས་རྔུལ་ཚོན་གྱི་དཀྱིལ་འཁོར་རྒྱས་པར་དབང་ཐོབ་ཅིང་། འདིའི་རྗེས་སུ་འདིའི་བྱིན་གྱིས་རླབས་ཀྱིས་བཀའ་བརྒྱུད་པར་སྨིན་པར་བྱས་ནས། དེའི་དྲོད་མ་ཡལ་བ་ལ། འདིའི་རྒྱུན་ཉམས་སུ་ལེན་པ་ཡིན་གྱིས་དཀྱིལ་འཁོར་རྒྱས་པའི་སྔོན་དུ་མ་སོང་བར། འདིའི་བཀའི་ཆོས་སྒོ་དབྱེར་མི་ཉན་གསུང་། སྐྱབས་འགྲོ་དང་ཅེས་པ། སྒོམ་ཐུན་རེ་རེའི་སྔོན་དུ་ཡང་བྱ་སྟེ། ཁྱུང་པོ་མི་དང་མི་མ་ཡིན་པའི་གནོད་པས་མི་བརྫི་བ་དང་། ཞེས་གསུངས་པས་བར་ཆད་མི་འབྱུང་གསུང་། སེམས་བསྐྱེད་པས། ཐེག་པ་ཆེན་པོའི་ལམ་དུ་འགྱུར་འོ།
།རང་གི་ལུས་ཅེས་པ་འདིར་གསང་སྔགས་བླ་མེད་ཀྱི་ཡི་དམ་ངེས་པར་སྒོམ། དེ་ལ་དཀྱིལ་འཁོར་རྒྱས་པར་བསྒོམས་ཀྱང་འགལ་བ་མེད་ཅིང་ལེགས་ནའང་། འདིར་མཚན་མ་མེད་པའི་རྫོགས་རིམ་གཙོ་བོར་བྱེད་པས། དཔའ་རྐྱང་ངམ་ལྷན་སྐྱེས་ལྟ་བུ་སྒོམ། དེའང་གཞིའམ་རྟེན་ཙམ་མ་ཡིན་པའི་རྣམ་པ་གསལ་བ། དག་པ་དྲན་པ། ང་རྒྱལ་བརྟན་པ། གསལ་སིང་བ་བསྒོམ་གསུང་། བླ་མའི་ཐུགས་ཀ་ནས་འོད་ཟེར་འཕྲོས་རྩ་བརྒྱུད་ཀྱི་བླ་མ་ཡི་དམ། ཆོས་སྐྱོང་རྣམས་བཀུག་སྟེ། རིམ་པ་བཞིན་དུ་སྐུའི་སྟོད་སྨད་བར་གསུམ་ལ་བསྟིམས་ཀྱང་འགལ་བ་མེད་གསུང་། །གནོད་བྱེད་ཅེས་པས་བསམ་པས་བར་ཆད་མི་འབྱུང་ཞིང་། གཞི་བདག་བསམ་པས་ཁུ་ལྡོག་མི་འབྱུང་གསུང་། སྙིང་གི་དཀྱིལ་ཅེས་པ། མ་ཡེངས་རྩེ་གཅིག་ཏུ་བྱེད་པ་མཚོན་པ་ཡིན། སེམས་ཡེངས་ན་བྱིན་རླབས་མི་འབྱུང་།
སྤྱོད་འཇུག་ལས། བཟླས་བརྗོད་དང་ནི་དཀའ་ཐུབ་ཀུན། །ཡུན་རིངས་དུས་སུ་འབད་བྱས་ཀྱང་། །སེམས་གཞན་གཡེང་བས་བྱས་པ་ནི། །དེ་ཉིད་རིག་པ་དོན་མེད་གསུངས། །ཅིས་ཏེ་དོན་ཡེ་མེད་པ་མ་ཡིན་ཡང་། །ཆུང་བ་ལ་དགོངས་པ་ཡིན། །སྙིང་རྗེ་པདྨ་དཀར་པོ་ལས། སེམས་ཉོན་མོངས་པ་འབྱིན་པ་བཅས་པས་བསྒྲུབས་ན། དཔེ་སྐར་མ་ལྟ་བུ་ཡང་འབྲས་བུ་འབྱིན་པར་མི་ནུས་སོ། །ཞེས་གསུངས་པས་མ་ཡེངས་པ་གལ་ཆེའོ།
།ཆོས་རྗེས་པའི་གསུང་གིས། འདིའི་ལུགས་ཀྱིས། སྤྱིར་གསོལ་བ་རྩ་ཚིག་གསུམ་པོ་དེས་འདེབས། དེ་མིན་བྱིན་རླབས་དང་བློ་འསྒུལ་གལ་ཆེ་བས་བཏབ་པས། ཚིག་དང་དབྱངས་ཀ་ལ་མི་བྱ་བའི་ངེས་པ་མེད། འགའ་ཞིག་ངེད་ཀྱི་དང་ཁོའི་ཟེར་ནས། ཆགས་སྡང་བྱེད་པའང་འདུག་སྟེ་མ་གོ་བ་ཡིན། གསོལ་འདེབས་འཁོར་བ་ལས་སྒྲོལ་ཐབས་སུ་བཤད་པ་ལས། ངེད་དང་ཁྱེད་དུ་ཕྱེ་ནས་ཆགས་སྡང་གི་ལས་བསོག་པ་མ་གསུང་། བླ་མའི་སྐུ་ལས་འོད་ཟེར་བྱུང་ནས། སྡིག་སྒྲིབ་སྦྱངས་ཏེ། ཕྱི་ཡི་དམ་ལ་ནང་སྟོང་པར་བསྒོམས་པའམ། ཡང་ན་ཐིག་ལེ་བདེ་བའི་རང་བཞིན་ཆེ་ཆུང་ཡུངས་འབྲུ་ཙམ་བྱུང་ནས་ལུས་གང་སྟེ་བསམ་པའམ། འགུལ་ན་བདེ་བ་སྐྱེ་བ་གཉིས་གང་རུང་བྱ་སྟེ། དེ་ཡང་དྭངས་མ་འཕེལ་ཞིང་། འོད་གསལ་འཆར་བའི་ཐབས་ཁྱད་པར་ཅན་ཡིན་པས་ཕྱི་མ་བྱ་གསུང་ངོ་།
།དེ་ཡང་བཀའ་མ་ཐོབ་གོང་དུ་འོད་ཟེར་དུ་བྱེད་ལ། བཀའ་ཐོབ་ནས་ཐིག་ལེར་བྱེད་པ་ཕྱག་ལེན་གསུང་ངོ་།
།ཚར་གསུམ་ཁུག་པ་དབང་གིས་ཅེས་པ། འཁྲིད་ལུགས་གཞན་རྣམས་ལ། སྔོན་འགྲོ་སྡིག་སྦྱོངས་ལ་ཕྱག་དང་བསྐོར་བ་མཎྜལ་ལ་སོགས་པ་བཤད་ནའང་། འདིར་གསོལ་འདེབས་དང་དབང་ལེན་པ་ལ་བྱེད་པ་འདི་སྡིག་པ་དག་པའི་རྟགས་མྱུར་ཞིང་། སྤྲོས་པ་ཆུང་ལ་ཉམས་སུ་བླང་བདེ་བ་ཡིན། སྡིག་སྦྱོངས་ཡང་འདི་ལས་ལྷག་པ་མེད་དོ།
།ཨ་བྷི་ཥིཉྩ་ན་དྲི་མ་འཁྲུད་པ་དང་། ཨ་བྷི་ཥེ་ཀ་ཏ་སྐལ་པ་འཇོག་པའོ།
།གཞན་ཡང་གསང་སྔགས་པའི་ལམ་ཐམས་ཅད་དབང་དུ་བྱས་ཏེ།
རྡོ་རྗེའི་སྒོ་རྒྱུད་ལས། གཞི་ནི་དབང་ལ་བརྟེན་པ་དང་། ལམ་ནི་དབང་གིས་བསྒྲོད་པ་དང་། འབྲས་བུ་དབང་དུ་གནས་པའོ། །ཞེས་གསུངས་པའོ།
།རླུང་རོལན་གསུམ་ཞེས་པ་གསུམ་འམ་དགུ་ཅི་རིགས་སུ་བྱ། དེ་གལ་ཆེ་སྟེ། དཔེར་ན་ཁང་པ་སྟོང་པའི་ནང་ཕྱག་དར་བྱེད་པ་དང་འདྲ་བའམ། འོ་མ་རུལ་པ་ཐིག་པ་གཅིག་གིས་ཟངས་གང་ཆུང་གསན་པ་བཞིན་དུ། རླུང་རོ་ངན་པའི་ཀྲུགས་ཅིག་རྩ་ནང་དུ་ལུས་ན། དེས་རླུང་ཐམས་ཅད་དབང་བྱས་ནས་སྐྱོན་གེགས་བསྐྱེད་པས། རླུང་འབུད་པ་གལ་ཆེ་གསུང་། སྟན་བདེ་བ་གལ་ཆེ། སྒྲུབ་ཐབས་ཀུན་ནས་ཀྱང་སྟན་བདེ་བ་ལ་འདུག་སྟེ། ཅེས་པའམ། སྟན་ནང་ཚངས་ཅན་ལ་འདུག་སྟེ། ཞེས་གསུངས་སོ།
།མིག་གཉིས་སྣ་རྩེར་གཏད་པ་ནི། མཚོན་པ་ཙམ་ཡིན་གྱིས། བྱིང་རྒོད་ཀྱི་སྐབས་ཀྱིས་ཤེས་དགོས་སོ།
།ཕྲག་གོང་མཉམ་པ་ནི། དཔུང་པ་རྒོད་ཤོག་ལྟར་ཕྱིར་ཐེན་ཏེ། འོ་སྐོལ་གྱི་སྙིང་འདི་གློ་སྤྲལ་གཉིས་ཀྱི་བར་ན། མ་འཕང་དུ་བུ་བཟུང་བ་ལྟར་ཡོད། དེ་ལ་དཔུང་པ་ཕྱིར་ཐེན་ནས་བྲང་བུར་བཏང་བས། གློ་གཉིས་ཀ་ཤ་འབེ། དེས་སྙིང་ཟླ་མེད་དུ་རྗེན་གྱུར་ནས་ཤེས་པ་གསལ་སྟོང་དུ་གྱུར་ཞིང་། ཏིང་ངེ་འཛིན་གྱི་གེགས་མི་འབྱུང་ངོ་། ལྕེ་རྐན་ལ་སྦྱར་བས་དབུག་སྣ་ནས་རྒྱུ་ཞིང་ཁ་སྣ་མི་སྐམ་པ་དང་། གཞན་ཡང་རླུང་ཟིན་པའི་ཡོན་ཏན་ཡོད། སོ་བར་ཅུང་ཟད་བཞག་པས་གེགས་ཆུང་། དབུགས་ཆེད་དུ་ཕྱིར་འབྱུང་བ་དང་། ཆེད་དུ་ནང་དུ་རྔུབས་པ། གློད་ནས་ཕྱིར་རྩོལ་བས་གཏོང་བ་དང་། ནང་རྩོལ་བས་རྔུབས་པའི་རྩོལ་བ་དང་བྲལ་བས་སོ།
།སེམས་དཔའི་སྐྱིལ་ཀྲུང་ཅེས་པ་ནི། སྐྱིལ་ཀྲུང་གནད་ཆེ་བར་འདོད་པ་དང་། ཙོག་པུ་གནད་ཆེ་བར་འདོད་པ་གཉིས་ལས། འདི་དང་ཕྱི་[[Naropa|ནཱ་རོ་པ]]འི་ལུགས་ཀྱི་སྐྱིལ་ཀྲུང་གནད་ཆེ་སྟེ། སྟེང་རླུང་འཐེམས་པས་འོག་རླུང་རང་ཤུགས་ཀྱིས་འཐེམ་སྟེ། དཔེར་ན་རླུང་རིལ་བ་ཞབས་ཚོགས་ཅན་དང་འདྲ། དེ་ཡང་སྤྱི་བླུགས་ལྟ་བུའི་བུག་པ་ཆེ་ཤོས་ནས་རླུང་མ་ཤོར་བར་བཀག་པས་ཆུང་ཤོས་ནས་མི་འབོ་བ་བཞིན་ཏེ། མི་རྟོག་པ་གཙོ་བོར་བྱེད་པ་རྣམས་ཀྱིས་སྐྱིལ་ཀྲུང་ངོ་།
།[[བིརྺ་པ]]ས་ཙོག་པུ་གནད་ཆེ་སྟེ། འོག་རླུང་ཡོན་ཏན་གྱི་རླུང་ཐེམས་ཆེ། དེར་དྲོད་སྐྱེད། དྲོད་ལ་བརྟེན་ནས་བདེ་བ་འབྱུང་། བདེ་བ་ལ་བརྟེན་ནས་མི་རྟོག་པ་སྐྱེ་བར་འདོད་པས་སོ།
།ལུས་རྣམ་སྣང་གི་ཆོས་བདུན་འཆའ་བ་འདི་གལ་ཆེ་སྟེ། མཁའ་འགྲོ་མ་ཀུན་སྤྱོད་ལ་སོགས་པའི་རྒྱུད་སྡེ་དང་། སྒྲུབ་ཐབས་ཁུངས་མ་རྣམས་ནས་ལུས་ལ་གནད་དུ་བསྣུན་པའི་འཁྲུལ་འཁོར་གྱི་རིགས་མང་དུ་གསུངས་པ་རྣམས་བསྡུས་ནས། རྣམ་སྣང་གི་ཆོས་བདུན་པོ་འདིར་འདུ། དེས་ན་ཆོས་བདུན་ལེགས་པར་བཅས་ན། ཡུལ་ཉི་ཤུ་རྩ་བཞིའི་རྩ་མདུད་གྲོལ། ཁམས་དྭངས་ནས་གེགས་རྣམས་ལས་གྲོལ་འགྲོ་བས་འདེ་གལ་ཆེ། ཆེ་བའི་རྒྱུ་མཚན་གྱིས་མདོ་རྒྱུད་གཉིས་ཀ་ལས་བཤད་ཅིང་། དེ་ལག་ལེན་སྒྲུབས་སེར་བཞི་པའི་མགོ་རུ་ཡང་། ལུས་རྣམ་སྣང་གི་ཆོས་བདུན་བཅས་ཏེ། ཞེས་གསུངས།
རེ་ཡང་ཕར་ནས་ཆོས་བདུན་ཙམ་བཤད་ཀྱང་། རྡོ་རྗེ་ལུས་ཀྱི་གནས་ལུགས་རྒྱས་པར་མ་གསུངས་པས། དེལ་གནད་དུ་བསྣུན་ཚུལ་མི་ཤེས་ཏེ། སེམས་ཀྱིས་སེམས་ལ་གནད་དུ་བསྣུན་པས་ལམ་བགྲོད་པ་ཡུན་རིང་སྟེ།
སཾ་བུ་ཊི་ལས། ཕ་རོལ་ཕྱིན་པའི་ཐེག་ལས། །ཆོས་ཀྱི་སྒོ་མོ་བརྒྱད་ཁྲིད་དང་། །བཞི་སྟོང་ཆོས་ནི་ཐམས་ཅད་ཀྱིས། །ལུས་ཀྱི་དེ་ཉིར་མི་ཤེས་པས། །དེ་དག་ཐམས་ཅད་འབྲས་བུ་མེད། །ཅེས་གསུངས་སོ།
།གསང་སྔགས་ནས་རྡོ་རྗེ་ལུས་ཀྱི་གནས་ལུགས་དང་། དེ་ལ་གནད་དུ་བསྣུན་ཚུལ་རྒྱས་པར་བཤད་པས། འབྲས་བུ་མྱུར་དུ་འབྱིན་པ་ཡིན་ཏེ། རྟེན་ལུས་ལ་གནད་དུ་བསྣན་པས། རྟེན་པ་སེམས་ལ་རྟོག་པ་སྐྱེ་བ་ལུས་སེམས་དབྱེར་མེད་ཀྱི་ཆོས་ཉིད་ཡིན་ཏེ། དཔེར་ན་ལུས་ཀྱིས་ཆང་འཐུངས་པས་སེམས་ར་རོ་བའམ། ངར་གདོང་དུ་རྔོག་མས་བྲལ་ན་སེམས་ཀྱིས་མི་བཟོད་པ་བཞིན་ནོ།
།མ་དོར་ན་ལུས་འཁོར་ལ་འཇུག་པ་འདི་གལ་ཆེ་སྟེ། སྣམ་བུ་ལེགས་པོ་བྱེད་པ་ལ་ངང་པོ་བལ་རང་ན་བཟོབ་དགོས། བལ་རྩུབ་མོ་ལ་སྣམ་བུ་འཇམ་ལེགས་མི་འབྱུང་། དེས་ན་བཟོ་བོ་ལ་ཐིག་དང་། མཁར་ལས་འགྲམ་ནས་ཟབ་དགོས།
[[Shavaripa|དཔལ་ལྡན་ཤ་བ་རི་པ]]ས། མཁར་སེ་རྩིག་ན་འགྲམ་གཞི་རྨང་ནས་ཐིང་། །ཞེས་གསུངས་སོ།
།[[Gampopa|དྭགས་པོ་རིན་པོ་ཆེ]]འི་ཞལ་ནས། ཕ་རི་བལྟ་འདོད་ན་ཚུ་རི་ནས་ལྟོས། སེམས་གནས་འདོད་ན་ལུས་འཁྲུལ་འཁོར་ལ་བཅུན། སྟོང་པ་སྒོམ་འདོད་ན་སྣང་བ་གཏན་ལ་ཕེབ་གསུང་།
[[ཕག་མོ་གྲུ་པ]]ས། འབྲི་ཁུང་པའི་འཁྲུལ་འཁོར་བཅོས་པའི་ལོ་རྒྱུས་ཀྱང་གསུངས།
མདོ་ལས་ཀྱང་། དྲང་སྲོང་གཅིག་གིས་ལུས་གནང་བཅས་ཤིང་བསམ་གཏན་བསྒོམས་པས། དེ་ན་གནས་པའི་སྤྲེའུ་རྣམས་ཀྱིས་དེ་མཐོང་ནས་ཤིང་ཐོག་ཟོས་ཟིན་པ་དང་། དྲང་སྲོང་གིས་ལད་མོ་བྱས་པས་མི་རྟོག་པ་སྐྱེས། དེའི་འཕྲོ་ལ་ཤི་བ་ཐམས་ཅད་སུམ་ཅུ་རྩ་གསུམ་པའི་ལྷར་སྐྱེས་པའི་ལོ་རྒྱུས་ཡོད་དེ། མི་རྟོག་པ་ཙམ་པོ་ལ་ཡང་དེ་ཙམ་གྱི་ཕན་ཡོན་ཡོད་གསུང་། རེ་ཞིག་དོར་ནས་ཅེས་པ། ཆོས་ཕྱོགས་ཀྱི་བྱ་བ་འདི་རྣམས་འཇོག་པ་ཆོས་ལོག་ལྟ་བུར་མི་འགྱུར་རམ་སྙམ་ན་མི་འགྱུར་ཏེ།
ལམ་འབྲས་ལས། ལམ་འཇུག་བྱ་བ་མཚན་མེད་འཇུར་བའི་དུས་འདིར། མཚན་བཅས་ལྡོག་པའི་དུས་བྱ་བ་ཡིན། མཚན་མེད་བརྟན་མི་བརྟན་བརྟག་པའི་སྐབས་སུ་མཚན་བཅས་འཇུག་པའི་དུས་སོ། །ལས་དང་པོ་པ་མཚན་མེད་ལ་མ་གོམས་པའི་དུས་སུ། བརྟན་པ་ཐོབ་ནས་བྱས་ཀྱང་དགེ་སྦྱོར་གྱི་ངང་ངམ། མ་བྱས་ཀྱང་དེ་ཉིད་ཡར་ལྡན་དུ་རྫོགས་ཙ་ན་མཚན་བཅས་ལ་དགག་སྒྲུབ་དང་བྲལ་བ་ཡིན་གསུང་། སེམས་རང་བབས་ནི་རྟོག་མེད་དུ་འཇོག་པས་ཏེ། རྟོག་པ་ལ་འདས་མ་འོངས་གསུམ་ཡུལ་དུ་བྱེད་པ་ལས་མ་འདས་པས། འདས་པའི་རྗེས་མི་དཔྱད། ཅེས་སོགས་བརྗོད་དེ་བཞག་ཟེར་ཡང་།
བཞག་རྒྱུ་དངོས་པོ་ཅན་མེད་དེ། བཅོས་བསླང་མེད་པའི་དོན་ཡིན། དེ་ཡང་སྔར་ལུགས་ཀྱི་མི་བྱེད་དགུ་བྱེད། ངག་མི་སྨྲ་དགུ་སྨྲ། སེམས་ཀྱི་མི་མནོ་དགུ་མནོ་བྱས་ཏེ། དེ་ཐམས་ཅད་དོན་མེད་འཁོར་བའི་རྒྱུར་སོང་། ལུས་ངག་ཡིད་གསུམ་བྱ་བ་དང་ཕྲལ་ཏེ་ངལ་གསོར་བཅུག་ལ། རི་གསུམ་ཡང་སྐབས་འདི་གཤེད་ནས་རྙེད་དགོས། སེམས་ངལ་གསོ་འདི་ཡིད་ཕམ་པར་བྱེད་པའི་ཕྱིར། ལྷོ་དཔལ་གྱི་རི་བོ། དེ་ལ་སེམས་ངལ་གསོ་གཙོ་ཆེ་ཡི། ལུས་ངག་ཡིད་གསུམ་ཆར་ངལ་གསོ་བའོ།
།མདོ་རྒྱུད་བསྟན་བཅོས་མན་ངག་ཐམས་ཅད་ཀྱང་། བླ་མ་ལ་མོས་གུས་བྱེད་པ་འདི་ཟབ་པའི་གནང་མཆོག་ཏུ་གསུངས་ཏེ། ས་བཅུ་ལམ་ལྔའི་ཅེས་པ་སོགས། གང་དུ་ཡང་མི་རྙེད་དེ།
གླིང་གི་ཞལ་ནས། འཛམ་གླིང་བསྐོར་ཡང་གདམས་ངག་དེ། ཅེས་གསུངས།
དེ་ལ་དཀའ་བ་མེད་ཅེས་པ། བླ་མ་མཚན་ལྡན་ལ་གསོལ་བ་འདེབས་ལ། སངས་རྒྱས་རིགས་ལྔའི་དངོས་གྲུབ་ཀྱང་དཀའ་བ་མེད་དོ། །ཅེས་སོ།
།ཡེ་ཤེས་གསལ་བ་སྒྲོན་མའི་རྒྱུད་ལས། གང་གིས་བསྐལ་པ་བརྒྱད་ཁྲིད་བཞི་སྟོང་གི་བར་དུ་ཕ་རོལ་ཏུ་ཕྱིན་པ་དྲུག་སྤྱར་པ་བས། ལྷའི་སྐུ་ཡན་ལག་བདུན་ལྡན་སྐད་ཅིག་མ་གཅིག་དྲན་པས་བསོད་ནམས་ཆེས་ཁྱད་པར་དུ་འཕགས་སོ། །ཞེས་གསུངས་ཏེ།
དེའི་རྒྱུ་མཚན་བླ་མ་མཚན་ཉིད་ཀྱིས་བྱིན་རླབས་ཞུགས་ན་ཚེ་གཅིག་ལུས་གཅིག་གམ། དུས་ཡུན་མི་རིང་བའི་ཆ་ལ་གྲོལ་འགྲོ་སྟེ།
བྱ་མའི་བྱིན་རླབས་ཙམ་གྱིས་ནི། །སྐད་ཅིག་ཉེད་ལ་འབྱུང་གང་ཡིན། །ཅེས་གསུངས།
ཡང་བླ་མ་མཚན་ལྡན་དང་། སློབ་མ་སྣོད་ལྡན་འཛོམ་ན། ཞལ་མཐོང་བའམ། གསུང་ཐོས་པའམ། བཀའ་བ་སྔོན་གྱི་བྱེད་པ་འབའ་ཞིག་ལ་བརྟེན་ནས་ཀྱང་འགྲོ་བར་འགྱུར་རོ། སྤྱི་བོའི་གཙུག་གམ་ཞེས་པ། སྡོད་ན་དེར་ཉལ་ན་སྙིང་གར་བསྒོམས་པས་འོད་གསལ་ཟིན་པའི་རྟེན་འབྲེལ་ཡོད། འགྲོ་ན་ལག་པ་སླེབས་ཙམ་གྱི་ནམ་མཁའ་ལ་བསྒོམས་པས་དམིགས་པ་གསལ་བ་ཡིན་གསུང་། ལག་པའི་མཐིལ་དུ་གནས་ཅེས་པ། དེ་ལ་ཆོས་གསུམ་རང་ལ་ཡོད་པར་དབྲོག་པར་མི་ནུས་པས། ཉེ་རིང་རན་པར་བསལ་བ། དགོས་འདོད་འབྱུང་བའོ།
།དེ་ནི་བླ་མས་བསྟན་པའི་དོན་རང་བྱུང་ལྷན་ཅིག་སྐྱེས་པའི་ཡེ་ཤེས་དེ་ཡང་ཆོས་གསུམ་དང་ལྡན་ཏེ། བླ་མ་བསྟེན་པ་ལ་ཡོན་ཏན་དཔག་ཏུ་མེད་པ་ཡོད་དོ།
།མ་བསྟེན་པའི་ཉེས་པ་ནི། [[Sahara|ས་ར་ཧ]]འི་ལུང་གཞན་རྣམས་སྔོན་དུ་སོང་ནས་ཡིན་པ་་་་་་་་་་་་ཡིན་པ་ལ། གང་ཟག་གི་བླ་མའི་གདམས་ངག་བདུད་རྩིའི་ཆུ་ཅེས་སོགས་གསུངས། མོས་གུས་ལམ་གྱི་གཙོ་བོ་ཡིན་ཅེས་པ། བླ་མའི་མོས་གུས་འདི་ཟབ་ལམ་ཐམས་ཅད་ཀྱི་རྩ་བར་གསུངས་ཏེ། ཁྱདཔར་གྱིས་ཀྱང་། ཕྱག་རྒྱ་ཆེན་པོ་མོས་གུས་ཀྱི་ལམ་སའམ་བྱིན་རླབས་ཀྱི་ལ་མས་ཡིན་པས་མོས་གུས་དགོས་ཏེ། མོས་གུས་རབ་ལ་བསྒོམ་རབ། འབྲིང་ལ་འབྲིང་། ཐ་མ་ལ་ཐ་མ། ཡེ་མེད་ལ་སྒོམ་ཡེ་མེ་དེ་སྐལ་པ་ཆང་པ་ཡིན་གསུང་། སྔོ་ན་ཡང་ཡང་བ་ཅེས་པ། [[ཤངས་རྨོག་ལྕོག་]]གི་བྲག་ལ། རྩམ་པ་སྤྱན་གྱིས་མ་གཟིགས་པའི་སྒྲུབ་པ་ལོ་བཅུ་གཉིས་མཛད་པའི་ཡི་དམ་དཔག་ཏུ་མེད་པའི་ཞལ་གཟིགས། ཐུགས་རྗེ་བསམ་གྱིས་མི་ཁྱབ་པ་འཁྲུངས་པས། དེ་ཐམས་ཅད་བླ་མའི་བཀའ་དྲིན་དུ་ཤེས་ནས་དེ་སྐད་གསུངས་ཏེ། ཡི་དམ་བཟང་ངན་ཁྱད་ཡོད་པལྟ་བུ་མ་ཡིན། བླ་མའི་མོས་གུས་ཆེས་བརྟན་པའི་ཕོ་སྐད་ཡིན་གསུང་། བུ་གཅིག་པ་ཤི་བའི་མ། ཅེས་མ་འཛངས་མ་ཅིག་ལ། བུ་བྱད་གཟུགས་ལེགས་པ། བློ་དང་ལྡན་པ་ཡོད་པ་ལ། དེ་ཤི་ན། མ་དེ་ལ་རེ་ཞིག་འགྲོ་འདུག་གང་བྱེད་ཀྱང་དེའི་འདུ་ཤེས་དང་མི་འབྲལ་བ་བཞིན་དུ། བླ་མ་མཚན་ལྡན་དེ་ཡང་འགྲོ་འདུག་གང་བྱེད་ཀྱང་མི་འབྲལ་བ་ཅིག་དགོས་གསུང་ངོ་།
།སྙིང་ཁོང་རུས་པའི་གཏིང་ནས་གསོལ་བ་འདེབས་དགོས་ཀྱིས་གསོལ་བ་འདེབས་སོ།
།བྱིན་གྱིས་རློབས་ཤིག །མི་རློབ་ན་ཡང་ཁྱེད་རང་ཤེས་སོ་ཟེར་བ་ལ་བྱིན་རླབས་འབྱུང་གསུང་། རེས་བླ་མ་རྗེད། རེས་ལོག་ལྟ་བྱེད་པ་ལ་བྱིན་རླབས་མི་གསུང་ངོ་།
།[[Sangyé Tönpa|སངས་རྒྱས་སྟོན་པ]]འི་གསུང་གིས། འོ་སྐོལ་རྣམས་ཀྱིས་རང་གི་སྡིག་སྒྲིབ་མ་དག་པའི་རྟགས་ཀྱིས་བླ་མ་སྐྱོན་མེད་དུ་བཟང་ཡག་གི་གཏོང་མི་ནུས། དེ་ཡང་ཐོག་མར་བསྟན་བཅོས་ལས་གྲགས་པའི་སྐྱོན་ཚོལ། དེ་མ་རྙེང་ན་འཇིག་རྟེན་ལ་གྲགས་པའི་སྐྱོན་ཚོལ་གསུང་བ་ཞིབ་ཏུ་གསུང་། འདི་དག་གི་ཐད་དུ། [[Sangyé Tönpa|རིན་པོ་ཆེ་པ་སངས་རྒྱས་སྟོན་པ]]འི་གསུང་གིས། སློབ་དཔོན་གྱིས་དང་ཅིག་མཛོད་ཅིག་གསུང་། མ་མཆི་ཞུས་པས། གང་བྱུང་བ་གྱིས་གསུངས། དེར་ཚེ་གཅིག་ལུས་གཅིག་གིས་འཚང་རྒྱ་བ་ལ་བླ་མའི་མོས་གུས་དགོས། མོས་གུས་ལ་གོ་འདྲིས་སུ་མ་ཤོར་བ་ཅིག་དགོས། གོ་འདྲིས་སུ་ཤོར་ཏེ་སྐྱ་བའི་མདའ་ཁ་དང་། ཡོག་པའི་མདུང་ཁ་ལོག་གོ་བ་ལ་བྱིན་རླབས་མི་འབྱུང་། འདི་དག་གི་བསྟེན་ཚུལ་གསང་སྔགས་རྙིང་མ་འགའ་ཞིག་ནས་གསུངས་ཏེ། དངོས་པོ་ཀུན་གྱིས་རབ་མཆོད་ཅིང་། །ལུས་ངག་སྤྱོད་པ་རབ་བསྡམས་ལ། །ཧ་ཅང་ཉེ་མན་རིང་བའང་མིན། །ཞེས་བླ་མ་དང་མེ་འདྲ་གསུངས་པས། [[Sangyé Tönpa|སངས་རྒྱས་སྟོན་པ་]]མཉེས་ཏེ། སློབ་དཔོན་གྱིས་དེ་ལེགས། [[ཆོས་རྗེ་དབུ་རི་བ་]]ཡང་དེ་སྐད་གསུང་སྟེ། ཁོང་མཚམས་གཅིག་པོ་མཛད་པ་ལ་དབུ་ཅེ་རྣམས་ཀྱིས། མཇལ་ཀ་དང་འགྲོ་དོན་གནང་བར་ཞུས་པས། ཁྱེད་རྣམས་ཀྱིས་མ་གོ་བ་ཡིན་གསུང་ནས་མ་གནང་། ཡང་ཡང་ཞུས་པས། ངས་དེ་བཞིན་བྱས་ན་ཁྱེད་རྣམས་ལ་གནོད་པ་ཡིན་གསུང་། དེར་ལོང་རྣམས་ཀྱི་བླ་མ་ཐུགས་དམ་འབྲལ་བ་མི་མངའ་འགྲོ་དོན་མཛད་ན། བདག་ཅག་ལ་མི་གནོད་པའི་སྟེང་དུ་སེམས་ཅན་མང་པོ་སྨིན་གྲོལ་འབྱུང་བ་གདའ་ལགས་ཞུས་པས། དས་མཚམས་འདི་ལྟ་བུ་བྱས་ནས། འཕུང་མཇལ་མ་བྱས་པ་འདི་ཁྱེད་རྣམས་ལ་དྲིན་ཆེ་བ་ཡིན། ད་ལྟ་ཁྱེད་ཚོས་ངའི་གདོང་པ་མཐོང་བ་ཙམ་ལ་མཆི་མ་འཆོར་ཀྱིན་འདུག་སྟེ། ངས་ཆོས་དང་མཇལ་ཀ་དཀོན་པར་བྱས་པས་བྱུང་བ་ཡིན། ངས་དེ་བཞིན་མ་བྱས་པར་ཕོ་ལེ་བྱས། རྐང་པ་རྐྱང་སྟེ་ཁྱེད་ཚོ་དང་མཉམ་དུ་སྡང་ན། མོས་གུས་བྱེད་པ་ཨ་ཅང་ཆེ་སྟེ། སྐྱ་བའི་མདའ་ཁ། སོག་མའི་མདུད་ཁལ་འགྲོ་བ་ཡིན་གསུང་། གཞན་ཡང་[[Sangyé Nyentön|སངས་རྒྱས་གཉན་སྟོན་]]གྱིས། དེ་དུས་ཀྱི་ཀྱུ་ར་རིན་པོ་ཆེ། [[Tsöndrü Drakpa|ཞང་ཚལ་པ]]། [[Düsum Khyenpa|དུས་གསུམ་མཁྱེན་པ་]]མདོ་ཧ་པ། [[གཙང་པ་རྒྱ]]། [[Sakya Jetsün Drakpa Gyeltsen|ས་སྐྱའི་རྗེ་བཙུན་གྲགས་པ་རྒྱལ་མཚན་]]ལ་སོགས་པ་ཆེ་དགུ་བཟང་དགུ་རྣམས་བསྟེན་ཅིང་། བླ་མ་མཉེས་པ་གདམས་ངག་རྫོགས་པར་ཞུས་པས། དེ་རྣམས་ཀྱི་གྲྭ་པ་ནས་རང་རང་གི་གྲུབ་མཐའ་རེ་དང་། ཆོས་སྐྱོང་གི་ཁ་ཟིན་ཏེ་འདུག་ནའང་། ཚེ་གཅིག་ལུས་གཅིག་ལ་སངས་རྒྱུ་བ་བླ་མའི་མོས་གུས་དགོས་པ་ལ་ཀུན་མཐུན་པར་འདུག་པས། ཆོས་འདི་ཟབ་པའི་གནད་གཅིག་ཡིན་པ་འདྲ་གསུང་། ཁྱད་པར་དུ་ཡང་རྗེ་བཙུན་ཆེན་པོ་སྔ་ཕྱིར་ལོ་བཅུ་གཉིས་བསྟེན་ནས། ཕྱི་མ་འབྱོན་པའི་དུས་སུ་ཞུ་བ་གསུམ་མཛད་དེ། དུས་དང་གནས་སྐབས་ཐམས་ཅད་དུ་ཐུགས་རྗེ་འཛིན་པར་ཞུ། ད་ལྟ་བྱིན་རླབས་གཅིག་ཀྱང་ཞུ། གསུངས་སྐོས་གཅིག་ཀྱང་ཞུ་བྱས་པས། གསུང་སྐོས་ལ་རང་རེས་སྐྱ་པ་ལ་ཆོས་མང་དུ་ཡོད་པར་སོང་ཡང་། རྒྱུད་གསུམ་གདམས་ངག་ཏུ་བཅས་པ་འདི་ལ་མཐིལ་དུ་བྱེད་དེ། དེ་ལས་དང་པོ་ཉམས་སུ་ལེན་པའི་དུས་སུ་གདམས་ངག་ལ་འདྲིལ། དེ་ལ་ལམ་སྐོར་དགུ་ལས། ལམ་ཟབ་འབྲིང་གསུམ་དུ་བསྟན་པ། རྒྱས་འབྲིང་གསུམ་དུ་བསྟན་པ་ལས། ཟབ་འབྲིང་གསུམ་དུ་བསྟན་པ་ལ། ཟབ་མོ་བླ་མའི་མོས་གུས། འབྲིང་དམ་ཚིག་དང་སྡོམ་པ། ཐ་མ་ལུས་སོ་སོར་རྟགས་པའི་འགོག་པ། རྟེན་འབྲེལ་བཅུ་གཉིས་ཀྱི་ལམ་བྱ་བ་ཡོད་པ་ལས། [[བིརྺ་པ]]འི་ལམ་བྱ་བ་ཟབ་མོ་བླ་མའི་མོས་གུས་ལ་འདྲིལ། དེ་ལ་བླ་མ་ཆོས་སྐུར་སྒྲུབ། སྤྲུལ་སྐུར་སྒྲུབ་པ་ལ་སོགས་པ་བཤད་ནའང་དེ་རྣམས་སྙན་ངག་ཙམ་ཡིན་པས། ང་རྒད་པོ་མགོ་སེ་ཡེར་བ་འདི་སྤྱི་བོར་བསྒོམས་ལ། [[Drakpa Gyeltsen|དགེ་བསྙེན་རྒད་པོ་གྲགས་པ་རྒྱལ་མཚན་]]ང་མཐོ་གཏོང་དམའི་གཏོང་སྐྱིད་དེ་སྡུག་གེ་ཁྱེད་རང་ཤེས་སོ་གྱིས་ལ་གསོལ་བ་ཐོབ་དང་། ངས་སྒྲུབ་པ་ཚད་ལྡན་དུ་བཏང་བས་ཁྱོད་མི་བསླུ་ངེས་ཀྱིས་གསུང་། ཞང་ཚལ་པའི་ཞལ་ནས་ཀྱང་དེ་སྐད་གསུང་། རིན་པོ་ཆེའི་གསུང་གིས། བླ་མ་ཡང་དེ་འདྲ་གཅིག་ཡིན། ཁྱོད་མི་བསླུ་ཡིས་ཟེར་བ་གཅིག་ཀ་དགོས་གསུང་། གཙང་པ་རྒྱ་བུར་གྱི་ཀློང་རྡོ་ན་བཞུགས་པའི་དུས་སུ་དྲུང་དུ་བྱོན་པའི་ལོ་རྒྱུས་ཀྱང་གསུང་ངོ་། རིན་པོ་ཆེ་པ། ཆོས་གང་དང་གང་ཐམས་ཅད་ཀུན་དང་མཐུན་པ་དེ་དང་འདྲ་བ་གཅིག་ཡིན། ད་ལྟ་འགའ་ཞིག་ངེད་ཀྱི་འདི་གཞན་དང་མི་འདྲ་བ་ཟབ་པ་གཅིག་ཡོད་ཟེར་ཏེ། དེ་ལ་ཟབ་པར་བྱེད་དེ་ཟབ་མི་ཟབ་བརྟག་དཀའ། དཔེར་ན་མི་ཡར་ལུས་པོ་མི་ལ་མགོ་བོ་བོང་བུ་བྱས་ན་གཞན་དང་མི་འདྲ་སྟེ་དེ་ལ་སྣལ་སོ་མི་འབྱུང་། གཟུགས་བཅས་ཐམས་ཅད་འདྲ་བའི་སྟེང་དུ་བཞིན་ལེགས་པ། བློ་དང་ལྡན་པ་ཅིག་བྱུང་ན་ཁྱད་པར་འཕགས་མོད། དེ་བཞིན་དུ་ཆོས་གཞན་ཐམས་ཅད་དང་མི་མཐུན་པ་ལ་དགའ་རྒྱུ་མེད། དང་པོ་སངས་རྒྱས་ཀྱིས་གསུངས་པ། བར་དུ་ལོ་པཎ་གྱིས་བསྒྱུར་བ། བསྟན་བཅོས་མཁན་པོ་རྣམས་ཀྱིས་བཀྲལ་བ། གྲུབ་ཐོབ་རྣམས་ཀྱིས་ཉམས་སུ་བླངས་པ་དེ་འདྲ་གཅིག་གི་སྟེང་དུ། གདམས་པའི་རྣོ་དང་བྱིན་རླབས་ཀྱི་མཚན་ཁ་ཆེ་བ་གཅིག་བྱུང་ན་ཟབ་པ་ཡིན་གསུང་། བླ་མ་བྷི་བུ་ཏའི་བླ་མའི་རྣལ་འབྱོར་གྱི་བཤམ་ན་ཡང་། ཆོས་འདི་ཟབ་པ་ཡིན་ཏེ། ཀུན་དང་ཐུན་པའི་ཕྱིར་རོ། །ཞེས་གསུངས།
[[སློབ་དཔོན་སངས་རྒྱས་ཡེ་ཤེས་]]ཞབས་ཀྱིས་གསང་འདུས་ཀྱི་གནད་མ་བདེ་བ་འགའ། རྒྱལ་པོ་སྐྱེ་བོ་སྐྱེས་ལ་ཞུ་རུ་ཕྱིན་པས། ཁོང་ན་རེ། ངས་ཁྱོད་འདུལ་བར་མི་འགྱུར་གྱིས། ལྷོ་ཕྱོགས་ཀྱི་རྒྱུད་ན། སློབ་དཔོན་འཇམ་དཔལ་བཤེས་གཉེན། འབན་བཙུན་གྱི་ཆ་བྱད་ཅན་སྤྱོད་པ་ངེས་མེད་ཐོད་རྒལ་དུ་སྟོན་པ་གཅིག་ཡོད་པས། དེར་རྒྱུག་ལ་ཞུས་གསུང་ནས་ལུང་བསྟན། དེར་བྱོན་པས་ཕྱོགས་གཅིག་ན་བཙུན་རྒན་གླང་བུ་གཉིས་ལ་རྨོས་བྱེད། དེའི་འགྲམ་ན་ཆུ་གཅིག་ཉ་རྒྱ་བཙུགས་ནས་སྐབས་སུ་ཉ་འཛིན། རོལ་ནང་གི་སྦལ་པ་དང་། གྲོག་སྦུར་རྣམས་བཏུས་ཏེ་ལ་ལ་ཞལ་དུ་གསོལ། སྣམ་ཕྲག་ཏུ་སྡུད་བྱེད་ཅིང་འདུག །སྔར་གྱི་གསུང་དེས་འདིར་འདུག་སྙམ་ནས། ཕྱག་དང་བསྐོར་བ་བྱས་ནས། རྗེས་སུ་འཛིན་པར་ཞུ་བས། གསང་འདུས་ཞུ་བྱས་པས། ད་ལྟ་འཛམ་བུ་གླིང་ན། རྒྱལ་པོ་སྤྱི་བོ་སྐྱེས་ལས་མཁས་པ་མེད་པས་དེར་ཞུས་གསུང་། ཁོང་གིས་ལུང་བསྟན་པ་ལགས་ཞུས་པས། འོ་ན་ནང་དུ་འདོང་གསུང་ནས་བྱོན་པས། སྐྱོ་ས་བཀོལ་བའི་རྡོར་ལ་ཉ་གསོན་མ་དང་། གྲོག་སྦུར་རྣམས་བླུག་པར་བྱ་གཅིག་དང་སྐྱེ་བ་བཅུས་ནས་བཅུག་པས། ཆུ་ཁོལ་མའི་ནང་ན་ཉ་གསོན་མ་ཁྱུག་ཁྱུག་འདུག་པ་དང་། བཅུས་ནས་ཁོང་རང་ཡང་གསོལ། སློབ་དཔོན་ལ་ཡང་དྲངས་པས་སྤྲུལ་པའི་མཛད་པར་ཤེས་ཀྱང་ཉམ་ང་ནས་མ་གསོལ། དེ་ནུབ་སོ་སོར་གཟེམས་པས། ནམ་ཐོ་རངས་སློབ་དཔོན་གྱི་རྣལ་ལམ་དུ། བུམ་ཆུ་མང་པོ་མགོ་ལ་བླུག་པ་རྨིས། ནམ་ལངས་པ་དང་ཆོས་བྱ་ཡི་ཤོག་གསུང་ནས་བྱོན་ཏེ། ཐོག་མར་དབང་བསྐུར་མི་འཚལ་ལམ་ཞུས་པས། ད་ནང་རྨི་ལམ་དུ་བསྐུར་ཡོང་གསུངས་ནས། གསང་འདུས་ཀྱི་ལྷ་ཚོགས་མདུན་ན་སྤྲུལ་འདུག །དེ་ནས་ཆོས་ང་ལ་ཞུ་འམ་ལྷ་ལ་ཞུ་གསུང་། སློབ་དཔོན་གྱིས་བསམ་པ་ལ། བླ་མ་ལ་ད་རུང་ཞུས་པས་ཆོག །ལྷ་ལ་ཞུ་རྒྱུ་ཡོད་པ་འདི་ཀུན་དང་ཀུན་གྱི་ཐུན་མོང་མ་ཡིན་སྙམ་ནས། ལྷ་ལ་ཞུ་བྱས་པས། ཁོང་གིས་སེ་གོལ་གཅིག་ཏོག་པས་ཏེ། ང་ལྷ་ལ་ཞུས་གསུངས་པ་དང་། ལྷ་རྣམས་ཁོང་གི་ཐུགས་ཀར་ཐིམ་སོང་། དེར་སློབ་དཔོན་ལ་ཞུ་བྱས་པས། ཁྱོད་ཀྱིས་མདངས་དངོས་གྲུབ་ཀྱི་རྫས་ལ་ཐེ་ཚོམ་བྱས། དེ་རིང་བླ་མ་བས་ཡི་དམ་ལ་འདམས་པས། ཚེ་འདི་ལ་མཆོག་གི་དངོས་གྲུབ་ཐོབ་རྒྱུ་དེ་སྐྱེ་བ་གསུམ་དུ་འགྱངས་སོང་། འོན་ཀྱང་ཕན་ཐོགས་ཆེན་པོ་འོང་བར་འདུག་གི་གསུང་ནས། གསང་འདུས་གནང་སྟེ། བླ་མ་བས་ཡི་དམ་འདེམས་པའི་ཉེས་པའོ།
།སློབ་དཔོན་པདྨ་རྒྱ་གར་དུ་གཤེགས་པ་ལ། མཁར་ཆེན་བཟའ་དང་། སྣ་ནམ་བཟའ་གཉིས་ཀྱིས་མང་ཡུལ་ཐུག་སྐྱེལ་ཐུང་བྱས་ནས། དེར་རྡོ་རྗེ་ཕུར་པའི་དབང་ཞུས། སློབ་དཔོན་གྱིས་ལྷ་ཚོགས་རྣམས་མདུན་དུ་སྤྲུལ་ནས། ང་ལ་ཞུའམ་ལྷ་ལ་ཞུ་གསུངས་པས། སྙ་ནམ་བཟའི་བསམ་པ་ལ་སློབ་དཔོན་འདི་ང་རང་གི་ཟླ་གྲོགས་ཀྱང་ཡིན། རྒྱ་གར་དུ་གཤེགས་ཀྱང་ད་རུང་འབྱོན་སྲིད། བདག་སློབ་དཔོན་ལ་མ་གུས་པ་མ་ལགས་ཏེ། ལྷ་ལ་བཞུ་བྱས་པས། ལྷ་རྣམས་ཐུགས་ཀར་ཐིམ་སོང་། མཁའ་ཆེན་བཟའི་བསམ་པ་ལ། ཡི་དམ་གྱི་ལྷ་རྣམས་ཀྱང་སློབ་དཔོན་གྱི་སྤེལ་སྤྲུལ་གཅིག་ཡིན་མཇལ་ཡང་དཀའ་སྙམ་ནས། བདག་ཡི་དམ་ལ་མ་གུས་པ་མ་ལགས་ཏེ། སློབ་དཔོན་ཞུ་བྱས་པས་དབང་རྣམས་རྫོགས་པར་གནང་སྟེ། དེ་ཡང་ཕུར་པ་ཇོ་མོ་ལུགས་བྱ་བ་བྱིན་རླབས་ཆེ་བ་ཡིན་གསུང་། སངས་རྒྱས་ཡིན་ན་བསྒོམ་ཡང་མི་དགོས་སམ་ཅེ་ན། ཡིན་ཡང་ཡིན་པར་མ་ཤེས་ཤིང་། ཤེསཤིང་ཤེས་ཀྱང་མ་ལྡན་པས་བདག་བཟང་གི་ང་རྒྱལ་དང་། སྐྱོན་སྣང་གི་ལོག་ལྟ་ཡིས་རྒྱུད་གཡེངས་པ་སྦྱང་བའི་ཕྱིར་བསྒོམས་ལ་གསོལ་བ་འདེབས་དགོས་སོ།
།[[ས་སྐྱ་པཎྜི་ཏ]]འི་ཞལ་ནས། སངས་རྒྱས་མཚན་དཔེས་བརྒྱན་ནས་མདུན་དུ་འོད་ཀོ་རེ་བྱོན་ན། འོ་སྐོལ་གྱི་བློར་མི་ཤོང་། དེ་བས་རྨེ་ལམ་དུ་བྱུང་ཡང་མི་ཤོང་བ་འདུག་སྟེ། ལྷ་ཁང་ལྡེར་བཟོ་བྱུང་ན་རྒྱལ་འགོང་གི་རྨི་ལམ་བྱུང་ཟེར། པོ་ཏི་ཀློག་འདོན་ལ་ཁ་སྨྲས་གླེང་གཞི་ཡོད་མི་ཁ་རྔོབས་ཟེར། དགེ་འདུན་ལ་ཡང་དེ་སྐད་ཟེར་གསུང་། མཚན་དཔེ་ཡོད་ཀྱང་རང་གིས་མ་མཐོང་བ་སྟེ། སློབ་དཔོན་ཐོགས་མེད་ཀྱིས་བྱམས་པ་བསྒྲུབས་པས། གྲུབ་པའི་མཚན་མ་མ་བྱུང་ནས་ཕྱིར་བྱོན་པས། ཉ་རྒྱ་སྒྲོས་ལྕགས་གཅོད་པ་དང་། ཆུས་རྡོ་འབིགས་པ་ལ་སོགས་པ་གཟིགས་ནས་ནང་དུ་བྱོན་ཏེ། ཡུན་དུ་བསྲིངས་ན་ཆུ་རྒྱུན་འཇམ་པོས་ཀྱང་། རྡོ་ལེབ་ངག་ཀྱང་དུས་སུ་འབིགས་པ་དང་། མིས་ནི་བརྩོན་འགྲུས་དངབཅས་བསྒྲུབས་གྱུར་ན། །མི་འགྲུབ་ལས་ནི་གང་ཡང་ཡོད་མ་ཡིན། །ཅེས་གསུང་།
བསྒྲུབས་པས་འགྲུབ་ན་རྫུ་འཕྲུལ་གཞན་བསྟེན་ལ་དགའ་ལྡན་དུ་བྱོན་ནས། བྱམས་པའི་ཆོས་ལྔ་སོགས་ཉན་ནས། དེ་ཙམ་དུ་ཞལ་མི་སྟོན་པ་ཞེས་ཡུལ་བདར་བས། ང་སྒྲུབ་པ་བྱས་ནས་ཞག་གསུམ་ནས་འབྲལ་མེད་དུ་ཡོད་དེ། ཁྱོད་རང་གི་སྡིག་སྒྲིབ་མ་དག་པ་དང་། མཐོང་ན་དགའ་བའི་རེ་བ་དེས་བཀག་པ་ཡིན། ཡིད་མི་ཆེས་ན་བསྟན་གྱིས་ཞེས་རྒན་མོས་ཁྱེ་དཀར་སོགས་མཐོང་བ་ལ་སོགས་པ་རྒྱས་པར་གསུངས། མདོར་ན་བླ་མ་ལ་མེད་པ་མ་ཡིན། རང་གི་སྡིག་སྒྲིབ་མ་དག་པས་མ་མཐོང་བའོ།
།[[ས་སྐྱ་པཎྜི་ཏ]]འི་ཞལ་ནས། སྔོན་གསོལ་བ་འདེབས་པ། སློབ་དཔོན་ཐོགས་མེད་ལྟ་བུས། བླ་མ་བྱམས་པ་ལྟ་བུ་དངོས་སུ་སྤྱངས་ནས་བྱོན་ཡང་། སྣང་བ་མ་དག་པས་ཁྱི་རུ་མཐོང་བ་ལས་མ་བྱུང་འདུག ད་འོ་སྐོལ་རྣམས་ཀྱི་བླ་མ་མི་རུ་མཐོང་། མིའི་ནང་ནས་ཅུང་དྲག་ཤོས་རེ་མཐོང་བ་འདི་སྐལ་བ་མི་དམན། བསགས་པ་མི་ཆུང་བས། འདེའི་དུས་སུ་སངས་རྒྱ་བའི་ལམ་ལ་འབད་རྩོལ་བསྐྱེད་དགེས་གསུང་།
སངས་རྒྱས་ཞི་བ་དང་། གསང་བ་གཉིས་ཀྱིས་པོ་ཏ་ལར། སྒྲོལ་མ་དང་ཁྲོ་གཉེར་ཅན་འཚོལ་དུ་ཡེ་མ་རྙེད། དེ་ནས་ཕྱོགས་གཅིག་ན་རྒན་མོ་ཐ་ག་གཉིས་འདུག་ནས། ཞི་བའི་བསམ་པ་ལ། ཕྱོགས་འདིར་གཞན་ནི་འོང་བ་མེད། འདི་གཉིས་ཡིན་ན་ཆོག་སྟེ། མིན་པཎྜི་ཏས་རྒན་མོ་གཉིས་ལ་ཆོས་ཞུས་ཟེར་སྲན་མ་ཅན་དུ་འགྲོ་ཟེར། ད་དུང་འཚོལ་དུ་ཕྱིན་པས་ཡེ་མ་རྙེད་ནས། ད་འདི་པ་ཀ་ཡིན་འོང་སྙམ་ནས་ཆོས་ཞུས་སོ།
།དེ་ནས་གཉིས་པོ་ཡུན་རིང་ཚད་སོང་ནས་ཚུར་བྱོན་ཏེ་ལམ་དུ་བྲག་ཕུག་གཅིག་ཏུ་ཉལ་བས། སྔོན་ཆདཆོས་ལ་གླེ་བོ་ཡང་མ་བྱུང་འདུག །དེའི་དགོངས་མོ་གླེ་བོས་བྱས་ཏེ། འུ་ཅག་གཉིས་ཀྱིས་ཡུལ་ནས་ཡོངས་ནས་ཇི་ཙམ་སོང་། ཆོས་ཅི་ཐོས། ཡོན་ཏན་ཅི་སྐྱེས་གླེངས་པས། ཞི་བ་ལ་ཡོན་ཏན་བསམ་གྱིས་མི་ཁྱབ་པ་འཁྲུངས་འདུག །གསང་བ་ལ་རྐང་མགྱོགས་ཀྱི་དངོས་གྲུབ་གཅིག་བྱུང་འདུག །དེར་གསང་བའི་བསམ་པ་ལ། ཁོ་ལ་ཡོན་ཏན་འདི་ཙམུ་འཁྲུངས་འདུག །ང་པཎྜི་ཏ་ཡིན། ཡང་འདི་ལས་མི་འདུག་སྙམ་པའི་ཕྲག་དོག་ཅུང་ཟད་བྱུང་ཡང་། ཚ་བ་བཀོལ་དུས། གསང་བ་དེ་ན་ཚོད་གཞོན་པ་དང་། ཁོང་གཉིས་དཔོན་སློབ་ཀྱང་ཡིན་པས་སྨྱུག་དོང་དུ་ཆུ་ལེན་དུ་བྱོན་པས། རྐང་མགྱོགས་ཉམས་ཏེ། སྔར་བས་ཀྱང་ཞབས་ལྕི་བ་འདྲ་བ་གཅིག་བྱུང་ནས། ངའི་རྐང་མགྱོགས་ཉམས་འདུག་བྱས་པས། ཞི་བ་ན་རེ། ད་རུང་ལོག་ལ་ཁོང་རང་གཉིས་ལ་ཞུ་རུ་འདེང་གསུང་ནས། ལོག་ནས་དྲུང་དུ་བྱོན་པས། ཁོང་གཉིས་ན་རེ། ཁྱོད་ཐོག་མར་ངེད་གཉིས་ཐེ་ཚོམ་བྱས། མ་ང་གྲོགས་ཀྱི་ཡོན་ཏན་ཕྲག་དོག་བྱས་པས་མ་དག་པའི་སྣང་བ་ཕྱོགས་མེད་དུ་སྦྱོངས་ཤིག་ལ་སོགས་པའི་ཆོས་གསུངས་སོ།
།བགེགས་ཆེན་གདོན་མཛད་ཅེས་པ། ལས་རྒྱུན་གཅོད་པའི་མཛད་པ་ན་གདོན་མུ་གེ་ལ་སོགས་པར་སྤྲུལ་ནས་སེམས་ཅན་གྱི་དོན་མཛད། གཞན་ཡང་བླ་མ་གྲུབ་ཐོབ་འགའ་ཞིག་རང་ཉིད་བྲམ་ཟེའི་ཚུལ་དུ་བཟུང་ནས་ལྕེབ་པར་སྟོན་པ་ཡང་ཡོད་གསུང་།
རིམ་ལྔ་ལས། འདི་ནི་རང་བྱུང་བཅོམ་ལྡན་འདས། །གཅིག་པུ་བདག་ཉིད་ཆེ་བའི་ལྷ། །མན་ངག་ཐམས་ཅད་རབ་སྟེར་བས། །རྡོ་རྗེ་སློབ་དཔོན་དེ་བས་ལྷག །ཅེས་གསུང་།
དུས་གསུམ་འདོམས་པའི་དགོངས་པ་བླ་མ་བཀའ་དྲིན་ཆེ་སྟེ།
[[ས་པཎ་]]གྱིས། ཉི་མའི་འོད་ཟེར་རབ་ཚ་ཡང་། །མེ་ཤེལ་མེད་པར་མེ་མི་འབྱུང་། །དེ་ནི་སངས་རྒྱས་བྱིན་རླབས་ཀྱང་། །བླ་མ་མེད་པར་འབྱུང་མི་འགྱུར། །ཞེས་པས།
དཔེར་ན་དཔྱིད་སོས་ཉི་མའི་དཀྱིལ་འཁོར་ཚ་མོས་ཀླད་པ་འགེམས་པ་དང་འདྲ་བ་ཡོད་ཀྱང་། མེ་ཤེལ་ལམ་མེ་ལོང་མེད་ན་མེ་མི་འབྱུང་ལ། ཉི་མའི་འོད་ཟེར་མེ་ཤེལ་ལམ་མེ་ལོང་གཡའ་དང་བྲལ་བ་གཅིག་ལ་བསྡུས། དེ་སྤྲ་བ་རླན་དང་བྲལ་བ་གཅིག་ལ་བསྟན་ན་འཕྲལ་ཉིད་དུ་མེ་འབྱུང་། དེ་བཞིན་དུ་ཕྱོགས་བཅུ་དུས་གསུམ་གྱི་སངས་རྒྱས་མཁྱེན་བརྩེ་ནུས་མཐུ་མངའ་ཡང་། བླ་མ་མེད་ན་བྱིན་རླབས་མི་འབྱུང་། དེས་ན་ཉི་འོད་དང་འདྲ་བའི་སངས་རྒྱས་ཀྱི་ཐུགས་རྗེ་དེ། མེ་ཤེལ་ལམ་མེ་ལོང་དང་འདྲ་བའི་བླ་མ་ལ་བསྡུས། སྤྲ་བ་རླན་དང་བྲལ་བ་འདྲ་བའི་སློབ་མ་སྣོད་ལྡན་གཅིག་གིས་གསོལ་བ་བཏབ་ན། ཚེ་གཅིག་ལུས་གཅིག་ལ་སངས་རྒྱས་ཐོབ་པས་ན་བླ་མ་བཀའ་དྲིན་ཆེ་གསུང་། [[སློབ་དཔོན་སངས་རྒྱས་ཡེ་ཤེས་]]ཞབས་འཁོར་གྱི་དཀྱིལ་འཁོར་ལ་ཆོས་གསུང་བའི་མདུན་ན་ཚུར། སློབ་དཔོན་འཇམ་དཔལ་བཤེས་གཉེན་འཁོར་ཞལ་ཞེས་འགའ་དང་བཅས་པ་བྱོན་པས། ཁོང་གིས་འཁོར་གྱི་རྩར་ཕྱག་མ་བྱས་པར། ཆོས་འཕྲོ་ཏབ་ཏོབ་ཅིག་བཤང་ནས་རྗེས་བྱོན་ཏེ། ད་བྱི་མ་མཐོང་གསུང་ནས་དེར་ཕྱག་བྱས་པས་མ་མཐོང་གསུངས་མ་ཐག་སྤྱན་ས་ལ་བྲུལ་ལོ།
།དེར་གསོལ་བ་བཏབ་བཟོད་པར་གསོལ་བར་ཞུས་པས། ཁོང་གིས་ཡེ་ཤེས་ཀྱི་སྤྱན་དང་ལྡན་པར་གྱུར་ཅིག་གསུངས་པས་དེ་བཞིན་དུ་གྱུར་ཏོ། །རིན་པོ་ཆེའི་གསུང་གིས། ཁོང་གིས་མཆོད་རྟེན་ཞིག་ཤུལ་དུ་ལྷ་ཁང་འབྱོར་འདུག རང་རེ་ཀུན་དེ་ལྟར་བྱས་ན་སྒོ་ཆག་ཡོན་ཤོར་བྱུང་དོགས་ཡོད་དེ། ཅི་གསུང་ཚད་མརའཛིན་པའི་སྐབས་སུ་ཁབས་བརྩི་བ་གསུང་བཅག་གི་ཉེས་པ་མེད། བླ་མའི་གསུང་བཅག་ནས། གནས་པ་མགོ་འཐུམས་རེ་མོག་གེ་བསྒོམ་སྟེ། གསུང་བཅག་ན་གནས་པ་མགོ་འཐུམས་ལས་མེད་པའི་རང་རྟགས་ཡིན་པས། གསུང་བཞིན་སྒྲུབ་པ་གལ་ཆེ། བླ་མས་ཅི་གསུང་ཚད་མར་བཟུང་བ་ཡོན་ཏན་དཔག་མེད་ཡོད་དེ། [[Maitripa|མཻ་ཏྲི་པ]]ས་[[Shavaripa|ཤ་བ་རི་པ་]]རི་གསུམ་ལ་འཆོལ་དུ་བྱོན་པས། ལམ་དུ་ས་ཀ་ར་དང་འཕྲད་དེ། ས་ཀ་ར་ཚིག་བཞི་པས་གྲོལ་གསུང་། གཞན་ཡང་། ཇོ་བོའི་སློབ་མ་དགོན་པ་གོང་མ་བས་དད་རྫས་ཟོས་གདོང་མི་དང་མ་འཕྲད་པའི་སྒྲུབ་པ་མཛད་པ་བས། འཇང་སྤྱན་སྔ་རྣལ་འབྱོར་པས། སྐུ་ཚེ་གང་ཞབས་ཏོག་བྱས་པ་ལྷག་པའི་ལོ་རྒྱུས་གསུང་། གསུང་བཞིན་བསྒྲུབས་པས་འཕྲལ་དུ་གེགས་ལས་གྲོལ་བ་ཡོད་དེ། ཀོ་བྲག་པ་འདུས་འདུས་པ་གཅིག་ལ། ཟུར་གྱི་ཐོས་མ་ངག་ཏུ་སྙིང་རུས་མི་གདའ། ཡོད་ན་མགོ་དྲེག་པ་ལ་བརྡབས་ན་ཕན་གསུངས་ཏེ། ཁོས་བྲག་བརྟེན་པ་ལ་བརྡབ་མ་ནུས་ནས་མགོ་ལག་བར་དུ་བཅུན་ནས་བརྡབས་དྲག་གསུངས། གསུང་བཞིན་བསྒྲུབས་པ། ཕག་མོ་གྲུ་པའི་གསོལ་ཇ་བ་བླ་ཡེ་ཐང་། ན་ཇ་འདྲེན་པ་ལ་དྲེ་མོ་མཛད་པའི་གཏམ་གསུང་། དེ་ལྟར་གསུང་བཞིན་བསྒྲུབས། ཞབས་ཏོག་བྱས་ན་ཡོན་ཏན་ཡོད་དེ། རྒྱ་གར་དུ་དཔལ་འབྲས་སྤུངས་ཀྱི་རྩར། དཔལ་འབྲས་ཕུང་བ་བྱ་བ་གྲུབ་ཐོབ་གཅིག་ལ། སློབ་མ་གཅིག་གིས། དེ་དུས་ཆར་མ་བབས་པར་མུ་གེ་ཆེན་པོ་བྱུང་བས། འཚོ་བ་དམ་དུམ་བྱུར་བ་རྣམས་ཁོང་རང་གིས་གཅིག་ཀྱང་མ་ཟོས་པར་བླ་མ་ལ་ཞུས་པས། ནང་གཅིག་གསོལ་འདྲེན་དུ་ཕྱིན་པས། ཕྱག་ཏུ་ཐོད་པ་དང་ཁོང་རང་གྱེས་སོ།
།དེར་བླ་མས་ཅི་ཡིན་གསུངས་པས། སྔར་གྱི་ཚུལ་དེ་བརྗོད་པས། ཁྱོད་ན་ནིང་ནས་མི་ཟེར་བ། ་་་་འབྲས་ཀྱི་ཆར་དབབ་ཀྱིས། གྲོང་ཁྱེར་བ་རྣམས་ལ་འབྲས་འགྲུས་མ་དགའ་འམ། སོ་བ་དགའ་དྲིས་ལ་ཤོག་གསུང་། དེར་ང་བཞིན་བྱས་པས་འབྲས་འགྲུས་མ་དགའ་སྟེ། ཡུན་རིང་བཞག་མི་སྟུབ་པས་སོ་བ་དགའ་ཟེར་ནས། དེ་བཞིན་ཞུས་པས། འབྲས་སོ་པའི་ཆར་ཕབ་ནས་གྲོང་ཁྱེར་བ་རྣམས་མུ་གེ་ལས་ཐར་བར་བྱས་ཏེ། དེ་ལྟ་བུའི་བླ་མ་ལ་ཞབས་ཏོག་བྱེད་པའི་སློབ་མ་དེ། སངས་རྒྱ་བ་ལ་བླ་མ་བས་ཀྱང་སྔ་བར་བྱུང་གསུང་། དེས་ན་བླ་མ་མཚན་ལྡན་གྱིས་ཅི་གསུང་ཚད་མར་བཟུང་ཞིང་། ཅི་མཛད་ལ་ཡོན་ཏན་དུ་བལྟའོ། དེ་བཞིན་མ་བྱས་ན་སྔར་ཡང་བླ་མའི་གསུང་བཅག་ནས་བསྒོམས་པ་ལ་བར་ཆད་དུ་སོང་བ་མང་སྟེ། [[Nagarjuna|སློབ་དཔོན་ཀླུ་སྒྲུབ་]]ཀྱིས། [[Shavaripa|ཤ་བ་རི་པ་]]ཀླུའི་བྱང་ཆུབ་འབར་བའི་གཙོ་བོ་གསུམ་ལ་རིམ་པ་བཞིན་མི་གནས་པའི་མྱ་ངན་ལས་འདས་པར་བཞུགས་ལ། གང་ཟག་གཅིག་ཅར་བ་རྣམས་ཀྱི་དོན་གྱིས་ཅིག་རེས་དྲང་། སྒྲུབ་པ་ཉམས་སུ་ལོང་། ཕྱག་རྒྱ་ཆེན་པོ་སྙིང་པོའི་སྐོར་ལ་བཤད་པར་གྱིས་ལ་དར་ཅིག་རྒྱས་པར་གསུངས་པས། འབར་བའི་གཙོ་བོས་དུས་སྐབས་སུ་བསྒོམས་པས་ཐུན་མོང་གི་དངོས་གྲུབ་ཅུང་ཟད་ཐོབ་སྟེ། གསུང་བཅག་པས་སྐུ་ཚེ་ལ་བར་ཆད་དུ་འགྱུར་བ་སོགས་རྒྱས་པར་གསུངས། ཕག་མོ་གྲུབ་པར། སྒོམ་ཆེན་པ་ཅིག་གིས། བླ་མའི་གསུང་བཅག་ནས་བསྒོམས་པས། ཁྲག་འཐུར་དུ་འབྱམས་ཏེ་སྒོམ་དུ་མ་བཏུབ་གསུངས། བླ་མ་དེ་ཡང་ཆུང་ཆུང་ངན་ངན་འདྲ་བ་ལ་མོས་གུས་བྱས་པས། ཆེ་གཞི་རྣམས་ཀྱི་བྱིན་རླབས་འཇུག་སྟེ། བླ་མ་སྲིད་ལ་གཡོར་བའམ་སྲོག་གཅིག་པས་སོ།
།ཇོ་བོའི་བླ་མ་ཚུལ་འཆང་ལ་མོས་གུས་ལྷག་པར་མཛད་པ་བཞིན་ནམ། རིན་པོ་ཆེ་པས། སངས་རྒྱས་དགེ་སློང་གང་ཟག་ལྟ་བུར་བཞུགས་པ་ལ། ཁྲེལ་བསེབ་ཏུ་བླ་མར་བཟུང་བས་བྱིན་རླབས་འཕོས། རྟེན་འབྲེལ་འགྲིག་པ་ཡིན་ཏེ། མདོར་ན་ངན་པའམ་ཆུང་བ་ལ་མོས་གུས་ལྷག་པར་བྱས་པས། བཅང་བའམ་ཆེ་བ་ལ་མོས་གུས་ཤུགས་ཀྱིས་འབྱུང་བ་ཆོས་ཉིད་ཡིན་གསུང་། སློབ་དཔོན་ཆབ་ཀྱིས། [[Sangyé Tönpa|སངས་རྒྱས་སྟོན་པ་]]ལ། བླ་མ་མཉེས་པ་འདི་ལ་གཉིས་སུ་གདའ། ཕུགས་ཞབས་ཏོག་ཏུ་འགྲོ་བ་འཕྲལ་མཉེས་སྒྱུ་མེད་པ་དང་། འཕྲལ་རང་མཉེས་པ་གཉིས་སུ་གདའ་བས། གང་ངོས་བྱ་ཞུས་པས། བུ་ཕུགས་འདི་ཡིན་ཏིག་པོ་མེད་དོ་ཨའུ། འཕྲལ་རང་གང་མཉེས་ཀྱིས་ཤིག་གསུང་། སྨན་པའི་རྒྱལ་པོ་འཚོ་བྱེད་ཤིང་རྟ་ལྷའི་གནས་སུ་སྐྱེས་ནས། ལྷའི་བུ་དང་བུ་མོའི་འཁོར་དང་བཅས་ཏེ་ནམ་མཁའ་ལ་རྫུ་འཕྲུལ་གྱིས་ཡོངས་པས་མོའུ་འགལ་གྱི་རྫུ་འཕྲུལ་ཐོབ་ཀྱང་། ས་ལ་གོམས་པས་མཇལ་ཞིང་བྱོན་པ་དེ་མཐོང་ནས། ཁོའི་དང་པོའི་མཁན་པོ་ཡིན་པས། དེའི་དྲན་པ་བྱུང་ནས་རྫུ་འཕྲུལ་གྱི་བཏུལ་བར། ནམ་མཁའ་ནས་ལག་ཡུ་སྒྲེང་བ་ཙམ་གུས་འདུད་གཅིག་བྱས་པས། རྫུ་འཕྲུལ་ཉམས་ཏེ་ས་ལ་ལྷུང་བ་ལྟ་བུའོ།
།ལུས་ཀྱིས་ཀྱང་ཅེས་པ། [[Milarepa|རྗེ་བཙུན་མི་ལ་]]དང་། བྱང་ཆུབ་གླིང་པའི་སློབ་མ་ཀོ་སྦྲེལ་བས། [[རྒོད་ཚང་པ]]འི་དྲུང་དུ་བྱོན་པའི་ལོ་རྒྱུས་གསུང་།
[[ས་སྐྱ་པཎྜི་ཏ]]འི་ཞལ་ནས། དེ་ཙམ་མ་ནུས་ཤིང་། གཞན་བྱ་རྒྱུ་མེད་ནའང་། ཆུ་རྫེ་རེ་ཙམ་མམ། ཤིང་ཕང་རེ་ཙམ་ལའང་སྐྱལ་བ་བྱེད་གསུང་།
རིན་པོ་ཆེ་པ་ཡིན་ཚུལ་དེ་ལྟར་ཡིན་པ་ལ། ད་ལྟ་བར་ཆེན་ཁག་པ་ཉིན་རེ་བཅོལ་ན་ངོ་གདོང་ཁྲག་ཚོས་པ་བཞིན་བཏང་ཡོང་བ་འདུག་སྟེ། དེ་ལ་བླ་མའི་བྱིན་རླབས་འཇུག་པའམ་ཡོན་ཏན་ཡོང་བ་མི་གསུང་། ངག་གིས་བསྟོད་པའི་དང་ལ། སློབ་མ་ཇི་ལྟར་ལོང་ཀྱང་། བླ་མའི་མགྲིན་པ་ལ་ཤུད་ཤུད་བྱེད་པ་མི་ཡོང་། བླ་མ་དེ་འབུལ་བའི་ཡུལ་ཡིན་པ་ལ་རྐུས་པའམ་བསྟོད་པའི་ཡུལ་ཡིན་པ་ལ་སྨད་ན་ཉེས་པ་རྩ་ལྟུང་དུ་འགྱུར་རོ།
།གལ་ཏེ་སྐྱོན་ནའང་ཅེས་པ། སོ་སོ་སྐྱེ་བོའི་དུས་སུ་རེས་ལས་མི་འཆགས་པ་ལ་རེ་ན་སྡུག །ནམ་བྱུང་ན་ཡང་འཕྲལ་ཉིད་དུ་བློས་ལ། བླ་མ་འདི་འདོད་ཆགས་རྡོ་རྗེ་ལ་སོགས་པ་ཡིན་དེས། སྐྱེན་སྣང་འདི་རང་གི་སྣང་བ་མ་དག་པ་ཡིན་སྙམ་དུ་སྐྱོན་གྱི་ས་བོན་རང་ལ་བསྟིམ། དེས་ཇི་ཞིག་ལྟར་ལ་སྐྱོན་གང་ཡང་མི་མཐོང་བ་འབྱུང་གསུང་། རིན་པོ་ཆེ་པ་མོས་གུས་འདིལ་རྟགས་མཚན་རེ་དགོས། གསུང་སྙན་པ་ནས་བྱོན། ཐུགས་ལ་བཏགས་ཀ་ཅ་སྣ་རེ་ཙམ་བྱིན་བྱས་ནས་སྐྱེའི། ཐུགས་ལ་མ་བཏགས་པའམ། བཀའ་བཀྱོན་ཅུང་ཟད་ལ་མོས་གུས་ལྡོག་ན། དེ་མོས་གུས་རང་མིན་བཀའ་བཀྱོན་ནམ་ཞབས་ཏོག་ཁ་བ་བཅོལ་དུས་མོས་གུས་ལ་གྱོལ་གྲུས་མེད་ཀྱི་སྟེང་དུ་སླར་ཆེ་རུ་འགྲོ་བ་གཅིག་དགོས་ཏེ།
[[ཆོས་རྗེ་གཙང་པ]]འི་ཞལ་ནས། བཀའ་བཀྱོན་བྱུང་ན་དྲག་སྔགས་ཡིན། །བར་ཆད་སེལ་ན་དེ་ཡིས་སེལ། །བརྡུང་ཐག་བྱུང་ན་དབང་བསྐུར་ཡིན། །བྱིན་རླབས་འཇུག་ན་དེ་ལ་འཇུག །ཅེས་གསུང་།
ཁ་ཅིག་ན་རེ། བླ་མའི་ཞབས་ཏོག་བྱས་ན་བློ་འདྲེད། དེ་བས་སྒྲུབ་པ་བྱེད་པ་ཁེ་ཆེ་ཟེར་ཏེ་མ་གོ་བ་ཡིན། ཡོག་ཚད་ཟོས། ཐོབ་ཚད་བརྐུས། གཉིད་རོ་ལོག་བྱས་ན་བློ་འདྲེད་མོད། དེ་མིན་སྤྱན་སྔ་རྣལ་འབྱོར་པ། [[འབྲོམ་སྟོན་པ]]། སྤྱན་སྔ་རིན་པོ་ཆེ་ལ་སོགས་པ། བླ་མའི་ཉེ་གནས་ལ་བཟང་པོ་བྱུང་བ་མང་པོ་ཡོད། འཛེར་སྤྱན་སྔ་རྣལ་འབྱོར་པ་ཀུན་ལ་ཡོན་ཏན་མངའ་སྟེ། རྡོག་ལེའི་ཞལ་ནས། སྐུ་ཚེའི་སྟོང་ལ་ཆུ་འདིའི་ཕུ་ན་ཆོས་མཁས་སོ་མི་ཤེས་ཏེ་བྱེད་པ་གཅིག་ཡོང་གསུང་། སྐུ་ཚེའི་སྨད་ལ། ཆུ་འདིའི་ཕུ་ན་ཆོས་ཤེས་ཀྱང་ཤེས། བྱེད་ཀྱང་བྱེད་པ་གཅིག་ཡོད་ཅེས་ཆེ་བ་མང་པོ་བརྗོད་ཅིང་། ང་བཤད་པ་ལ་ཡེངས་ནས་སྒྲུབ་པ་མ་བྱུང་ཞེས་ཐུགས་སྐྱོ་ཤས་ཆེར་མཛད་ཅིང་། ཉིན་གཅིག་ཞབས་ཏོག་པ་ལ། གོས་དར་མང་པོ་བསྐུར་ནས། ཁོང་འབུལ་བ་མི་ལེན་པ་ལ་བླ་གཡེར་བསྐྱུར་བཏང་གསུང་། རིན་པོ་ཆེ་པ། འོ་སྐོལ་རྣམས་འཁོར་བར་འཁྱམས་པ་ཅིས་ཉེས་ན། མོས་གུས་གནད་དུ་གཏོང་མ་ཤེས་པས་ལན། དེ་གང་ལ་ཟེར་ན་བླ་མ་སངས་རྒྱས་ཡིན་མདོ་རྒྱུད་ནས་གསུངས་པ་དེ་གོ་ཡུལ་ཙམ་དུ་གོ་ཡང་། ཐག་ཆོད་མ་སྐྱེས་པས་ལན་པས། བླ་མ་སངས་རྒྱས་སུ་ཤེས་པར་བྱས་ལ་གསོལ་བ་གདབ་གསུང་། གསེལ་བ་གདབ་པའི་ཡུལ། བླ་མ་དེ་ཡང་མཚན་ཉིད་ལྡན་པ་དགོས། མི་ལྡན་བྱིན་རླབས་འབྱུང་ལྡན་མི་ལྡན་བརྟག་དགོས། ད་ལྟ་དམ་ཚིག་མི་ཐུབ་དང་། མཚན་ཉིད་དང་ལྡན་མི་ལྡན་མི་རྟོག་པ་འདི། དམ་ཚིག་མི་བསྲུང་བའི་རྟགས་སུ་འདུག་པས། དེས་ན་བླ་མ་ལྔ་བཅུ་པ་དཔང་དུ་བཞག་ལ་འབྲེལ་བརྟགས་དགོས།
དེ་ཉིད་ལས། བླ་མ་དང་ནི་སློབ་མ་གཉིས། །ཅེས་གསུང་པས།
འདི་དག་གི་དོན་སྔོན་གྲུབ་ཐོབ་རྣམས་ཀྱིས་ཕྱག་ལེན་མཛད་དེ། [[Naropa|ནཱ་རོ་པ]]ས། [[Tilopa|ཏིལློ་པ་]]ལོ་བཅུ་གཉིས་སུ། དཀའ་བ་ཤི་ལ་ཐུག་པ་བཅུ་གཉིས་བཅད་པས་དེ་ཙམ་གྱི་བར་དུ་ཐ་མལ་གྱི་གཏམ། [[Naropa|ནཱ་རོ་]]ཚོད་མ་ཞིམ་བྱ་བ་ལས་བྱུང་གསུང་། རྟག་ཏུ་དུ་དང་ཆོས་འཕགས་མཇལ་ནས་ལོ་བདུནུ་ཤེར་ཕྱིན་རྒྱ་རིམ་པ་བདུན་གྱིས་བཏབ་ནས་མ་གསུངས། དེའང་རྟེན་འབྲེལ་རྟག་ཏུ་མིང་མ་བཏགས་ཀྱང་དེའི་དོན་ཡིན། བོད་དུ་ཡུན་རིང་ཤོས། གྷ་ཡ་དྷ་ར་དང་། འབྲོག་མི་ཡིན་པའི་ལོ་རྒྱུས་གསུང་། དེ་ཡང་མཚན་ཉིད་དགག་ཕྱོགས་དང་། སྒྲུབ་ཕྱོགས་གཉིས་ལས། དགག་ཕྱོགས་ཕལ་ཆེ་བའམ་ཕྱེད་སྤངས་པ། སྒྲུབ་ཕྱོགས་ཕལ་ཆེའམ་ཕྱེད་ཚང་བ་བརྟེན་[[Khyungpo Neljor|ཁྱུང་པོ་རྣལ་འབྱོར་]]གསུང་།
རིན་པ་ཆེའི་ཕུང་པོའི་མདོ་ལས། བྱམས་པས་གསོལ་པ། དགེ་བའི་བཤེས་གཉེན་ཇི་ལྟ་བུ་ལ་བསྟེན་པར་བགྱི། བཀའ་སྩལ་པ། ཆོས་གང་སྟོན་པ་ཐམས་ཅད་ཆོས་དབྱིངས་དོན་དམ་པའི་བདེན་པ་འབའ་ཞིག་ལས་བརྩམས་ཏེ་སྟོན་པར་བྱེད། གསལ་བར་བྱེད་པ་ནི་དགེ་བའི་བཤེས་གཉེན་ལམ་མ་ནོར་བར་དྲང་པོ་ནས་འཁྲིད་པར་བྱེད་པ་ཡིན་ནོ། །ཞེས་གསུང་།
[[ཨ་བྷྱ]]ས། སློབ་དཔོན་སློབ་མའི་བསམ་ཤེས་ནས། ཅེས་གསུངས་པས་མངོན་ཤེས་དང་ལྡན་པའམ། དེ་མེད་ནའང་སློབ་དཔོན་རང་གི་ཉམས་མྱོང་གི་སློབ་མའི་སྐྱེ་ཚུལ་ཤེས་པས་གང་ལ་གང་མོས་ཀྱིས་འཁྲིད་པ་གཅིག་དགོས། དེ་མིན་ན་བླ་མ་ཉམས་མྱོང་མེད་པ་རྒྱུས་མེད་ཀྱི་ལམ་མཁན་དང་འདྲ་བའི་སྐྱོན་དུ་འགྱུར་རོ།
།[[Saraha|ས་ར་ཧ]]ས། མར་མེ་གཅིག་ལ་གཉིས་ཆད་ཀྱིས་དུས་ཞེས་སོགས་གཙང་པས། རྟོགས་པས་བདག་རྒྱུད་གྲོལ་བ། ཐུགས་རྗེ་གཞན་རྒྱུད་སྨིན་པ། རྟེན་འབྲེལ་ཐབས་ལ་མཁས་པ། གདུལ་བྱ་དུས་ལ་བབ་པ། ཞེས་ཀྱང་གསུངས་ཤིང་། ཡང་ཁོང་དང་ཡང་དགོན་པ་གཉིས་ཀྱིས། རོ་གཅིག་ནས་འགྲོ་དོན་བྱེད་པར་གསུངས་སོ།
།དེ་ལ་རང་གི་སློབ་མ་མགོ་ཐོན་ན་དགའ་བ་ལ་སོགས་པའི་སྐོར་ཚོམ་མི་འབྱུང་། ཐམས་ཅད་རོ་སྙོམས་འགྲོ་བས་དེ་མེད། ཕལ་ཆེར་དོན་མེད་དོན་ཡོད་དང་། ཅེས་པའི་ལུང་དང་ཡང་མཐུན་གསུང་། རིན་པོ་ཆེ་པ་སྤྱིར་ཆོས་བཞིན་བྱེད་པ་གཅིག་བསྟེན། དེ་མི་བྱེད་ལྟ་སྒོམ་སྤྱོད་གསུམ་འགྲིག་པ་གཅིག་དགོས། ལྟ་བ་མཐོན་པོ་ནམ་མཁའ་ལྟ་བུ་ཡོད་ཀྱང་། སྒོམ་པ་མེད་ན་ཉམས་མྱོང་མི་འབྱུང་ཞིང་། གོ་ཡུལ་དུ་འཆོར། སྒོམ་པ་བརྟན་པོ་རི་རྒྱལ་ལྟ་བུ་ཡོད་ཀྱང་། ལྟ་བ་མེད་ན་གནས་ལུགས་རང་སར་མི་ཕྱིན་ཞིང་། ཉམས་ལ་ཡར་སྐྱེད་མི་ཐོན། དེ་གཉིས་ཡོད་པ་སྐད་ཟེར་ཡང་། སྤྱོད་པ་ཐེས་ཐུག་པ་ལས་མེད་ན་རང་གཞན་བསླུ་བ་ལས་མི་འབྱུང་བས། དེ་གསུམ་ལག་མིག་ཏུ་རྐང་མིག་ཆད་པ་ཀྲིག་གེ་བ་གཅིག་བསྟེན་གསུང་། །དེ་ལྟར་རྟགས་ཀྱི་རྗེས་སུ་ཕྱི་ནས་འབྲེལ་རྟོགས་མི་བྱ་སྟེ། བླ་མ་དེ་མོ་རང་མོར་སོང་ཡང་བལ་ཀུར་ཁྲོང་ངེ། རྣལ་འབྱོར་པར་སོང་ཡང་ཁྱི་བཞུག་ལང་ངེ་འབྲལ་མེད་དུ་བསྒོམ་གསུང་།
[[Saraha|ས་ར་ཧ]]ས། བུ་ཆུང་བཞིན་དུ་གཙུག་གི་ནོར་མི་འབྲལ། ཞེས་གསུངས་སོ།
།རྒོད་ཚང་བ་ལ། སློབ་མ་འགའ་ཡིས། བླ་མ་མཚན་ཉིད་མི་ལྡན་པ་ལ་མོས་གུས་བྱས་ན་བྱིན་རླབས་འབྱུང་མི་འབྱུང་ཞུས་པས། ཅུང་ཟད་ཚོམ་མེ་བཞུགས་ནས། བྱིན་རླབས་ཇི་ལྟ་བ་བཞིན་མི་འབྱུང་། ཕྱིས་ནས་བཟང་པོ་དང་མཇལ་བའི་རྒྱུ་ཙམ་དུ་འགྱུར་རམ་གསུང་། རིན་པོ་ཆེ་པ་ཁོང་མོས་གུས་གཙོ་བོར་མཛད་པས། དེ་ཙམ་གསུང་བ་ཡིན་གྱིས། དེ་མིན་བཟང་པོ་དང་མཇལ་རྒྱུར་མི་འགྱུར། དེ་བྱས་ན་འབྲས་བུ་གོ་ལྡོག་ཏུ་འགྲོ། ཟོག་པོ་ཟོག་མོ་བསྟེན་ན་ནམ་དགོས་དུས་བསླུ་སྟེ།
སངས་རྒྱས་མཛོད་ཀྱི་མདོ་ལས། འཇིག་རྟེན་གྱི་དགྲས་ནི་སྲོག་ཙམ་འཕྲོག་གིས་ལུས་གཅིག་སྟེང་ཟད་དུ་ཟད་དོ། །མི་གཏོ་མུག་ཅན་གྱིས་ཆོས་བཤད་ན། བསྐལ་པ་བརྒྱད་ཁྲི་བཞི་སྟོང་དུ་དམྱལ་བར་སྐྱེའོ། །དེ་ནི་མྱ་ངན་ཆེན་པོའོ་ཞེས་གསུང་།
དགག་སྒྲུབ་མི་བྱ། ཚུར་སེམས་སུ་མི་བསྡུའོ། །ལྷན་པ་འབྱུང་ངོ་། །ཞེས་པ་གཞན་ཡང་དམིགས་ཡུལ་དེ་འགག་པ་འདྲའམ། དམའ་ཞོངས་འགྲོ་བའམ། ནག་ཐིབ་པའམ། སྐྱ་ཝལ་ཝལ་བྱུང་བ་ན། སེམས་གནས་པའི་རྟགས་ཡིན་པས། ཡང་ལུས་གནད་བསྲངས་ལྟ་སྟངས་གཞན་དུ་སྤོས་ཏེ་མ་བཅོས་པར་བཞག །རྣམ་རྟོག་སྔར་བས་མང་བ་སྙམ་པ་རི་གཟར་གྱི་ཁ་ནས་ཆུ་འབབ་པའམ། འོག་འགྱུས་སམ། གཡོ་བུན་ནམ། ཡེ་མི་གནས་པར་འདུག་སྙམ་པ་བྱུང་ཡང་སྐྱོན་དུ་མི་བལྟ། རྗེས་ནས་མི་འབྲང་བར་དྲན་པས་ཟིན་ཙམ་བྱ། དེ་ཡང་འོ་སྐོལ་གྱི་སེམས་འདི་ལ་རྣམ་རྟོག་གི་ཤོང་ཚངས་ལས་མེད་དེ། སྔར་སེམས་ལ་གནས་པ་དང་། མ་དྭངས་པས་བཟུང་དུ་མ་ཟིན་པ་ཡིན། ད་ཅུང་ཟད་དྭངས་པ་དང་། བཟུང་དུ་ཟིན་ནས་རྣམ་རྟོག་མང་མང་འདྲ་བ་ཡིན། དོན་ལ་མང་དུ་སོང་རྒྱུ་མེད། སེམས་གནས་པ་དང་དྭངས་པའི་རྟགས་ཡིན་པས། དེ་ཐོག་ཏུ་གློད་ཅིང་འཇོག་པའོ།
།ཁ་ཟས་བཅུད་ཅན་བསྟེན་ཅེས་པ། རྒྱུ་བསམ་གཏན་ཟས་བདུན་བསྟེན་ནས་འབྲས་བུ་ཚོགས་ལ་གནས་པ་ཞེས་བྱ་བ། དེ་ཡང་ཁམས་ཀྱི་ཟས་བོངས་ཆུང་དེ་བབསྟེན། རེག་པའི་ཟས་གེས་ཡང་བ་དྲོ་བ་བགོ གཉིད་རྣལ་མའི་ཟས་ཁམས་ཟོས་པ་ལེག ཉེ་མོའི་མི་ལོག །ཚངས་པར་སྤྱོད་པའི་ཟས། རྟེན་ཁམས་དྭངས་མ་ཉམས་ན་བརྟེན་པ་སེམས་རྟོག་པ་སྐྱེ་བས་མེ་དང་ཉི་མ་ལ་སོགས་པ་དྭངས་པ་གནོད་པའི་ཟས་དང་སྤྱོད་ལམ་སྤང་། ཡིད་ལ་སེམས་པའི་ཟས་སྐོམ་ཡོར་མི་ཡོང་གི་རེ་དོགས་མི་བྱ་བར་རང་ལ་གནས་པའི་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ངོ་བོ་སྤྲོད་པ་ལ་ཡོང་བ་ཅི་ཡིན་སྙམ་དུ་བསམ། སྙོམས་པར་འཇུག་པའི་ཟས་ཁམས་བཟང་ན་འཇུར་དུ་བྱ། ངན་ན་གློད། ཐུན་སྐབས་སུ་བྱ། གལ་ཏེ་ཁམས་ངན་ན་ལམ་འབྲས་ནས་བཤད་པའི་ཁ་ཟས་རེས་འཇོག་ཉི་མ་རེས་འཇོག་སྤྱོད་ལམ་རེས་འཇོག་རྣམས་བྱ། རྟ་རྫུད་གསོ་བ་དང་འདྲ་བས། ཁ་ཟས་ཀྱི་ལྕགས་ཀྱིས་བྲབ་ཅིང་སྐབས་སུ་གཞུར། དཀུ་མཉེ་བག་རེ་བྱ་གསུང་། ཆགས་པའི་སྤྱོད་པའི་ཟད། རྣམ་རྟོག་གང་སྐྱེས་རྦད་ལ་བཏང་ཟེར་ཡང་། ད་ལྟ་དེ་ཀ་བས་དྲན་པས་ཟིན་ཙམ་བྱ། དེལྟར་བྱས་པས་གནས་པའི་ཏིང་ངེ་འཛིན་སྐྱེ་བས་རྒྱ་མཚོ་ལ་གནས་པ་བྱ་བ་ཡིན་གསུང་། གཞན་ཡང་། ཐུན་ཐུང་བ་གྲང་མང་བ་བྱ།
[[དམ་པ]]འི་ཞལ་ནས། ཐུན་ཐུང་ལ་ནི་གྲངས་མང་ཞིང་། གྲངས་མངས་བས་ནི་སྐྱེན་མེད་འཐུད། ཅེས་སོ།
།གྱེན་ལ་བསླབ་པནི། ཤེས་པ་བྱིང་རྨུགས་སུ་གྱུར་ན་ལྟ་སྟངས་མཐོ་བར་བྱ། དབང་པོ་ལ་ཀྲོག་འདོན། རིག་པའམ་ངར་བཏོན་ནས་ཤེས་པ་ངར་ཧྲིག་གེ་རྗེན་ནེ་བཞག་པས། བྱིང་རྨུགས་ཀྱི་སྐྱོན་རང་དག་ནས། རིག་པ་གསལ་ལ་དྭངས་པ་ངར་དང་བཅས་པ། ངང་ངམ་ཤུགས་འབྱུང་གསུང་། ཐུརལ་བསླབ་པ་ནི། རྒོད་ན་ལུགས་སྲོལ་ལ་སོགས་པར་ལྟ་སྟངས་དམའ་བར་བཅསལ། ལུས་སེམས་ཁོང་གློད་ན་སྒོམ་འདོད་ཀྱི་བློ་དང་ཕྲལ་ཏེ་ལྷོད་དེ་བཞག་པས། འཕྲོ་རྒོད་ཀྱི་སྐྱོན་རང་དག་ནས། ཤེས་པ་རང་མལ་དུ་ཚུད་པའི་གནས་པ་བཟང་པོ་འབྱུང་གསུང་།
[[དམ་པ]]འི་ཞལ་ནས། འགའ་ཞིག་བྱིང་ན་སེང་། རྒོད་ན་སྡུད་ཅེས་ཟེར་ན་ཡང་། འདིར་ལྟ་སྟངས་ཀྱི་སྦྱོར་བས་ཤེས་པ་ཡུལ་དང་ཕྲལ་བ་ཡིན་གསུང་སྟེ། དམིགས་པ་དེ་གཉིས་གེགས་སེལ་ལྟ་བུ་ཡིན་གསུང་། ཁྲོ་བོ་ཚངས་པ་གྱེན་དུ་བལྟ། །ཉན་ཐོས་ཞི་བ་འཐུར་དུ་བལྟ། །རྡོ་རྗེའི་སྤྱན་ནི་ཐད་ཀར་བལྟ། །ཅེས་ཏེ།
རྟགས་ལ་གཙོར་བྱེད་རྣམས་གྱེན་ལ། སེམས་ཉེར་ཞི་གཙོ་བྱེད་རྣམས་ཟུར་དུ། ཟུང་འཇུག་གཙོ་བྱེད་རྣམས་ཐད་ཀར་བལྟ་སྟེ། དམ་པ་དང་། ཆོས་འདིའི་ལུགས་ཀྱི་དེའི་གསུང་། མདོ་སྣ་ཚོགས་ལ་བསླབ་པའི་སྐབས་སུ། རྣམ་རྟོག་རང་རྒྱུད་པ་འདི་དུས་དང་གནས་སྐབས་ཐམས་ཅད་འབྱུང་བའི་སྐབས་ཡེ་མེད། རྟོག་པ་རང་རྒྱུད་པ་འདི་ཀ་འཁོར་བའི་རང་གཟུགས་ཡིན་ཏེ།
རྣམ་སྣང་མངོན་བྱང་ལས། རྣམ་རྟོག་མ་རིག་ཆེན་པོ་སྟེ། །འཁོར་བའི་རྒྱ་མཚོར་ལྟུང་བྱེད་ཡིན། །ཅེས་དང་།
འཇམ་དབྱངས་བསྟོད་པ་ལས། རྣམ་པར་རྟོག་ལས་མ་རྟོགས་པའི། །འཁོར་བ་ཞེས་བྱ་ཡོད་མ་ཡིན། །ཁྱོད་ནི་རྣམ་རྟོག་དང་བྲལ་བས། །དེ་ཕྱིར་ཁྱོད་ནི་སངས་རྒྱས་དང་། །ཅེས་དང་།
རྟོག་པས་དྲ་བ་རྣམ་བསེལ་ཅིང་། །ཟབ་ཅིང་རྒྱ་ཆེ་སྐུ་མངའ་བ། །ཀུན་ཏུ་བཟང་པོའི་འོད་ཟེར་དག །ཀུན་ནས་འཕྲོ་ལ་ཕྱག་འཚལ་ལོ། །ཞེས་གསུང་།
ཁྱེད་ཕྱག་ཆེན་པ་རྣམས་ལ་རྣམ་རྟོག་སྒོམ་དུ་འཆར་ཡོད་པ་མིན་ནམ། རྟོག་མེད་ཀྱིས་ཚེ་ཕྱིད་བྱེད་ཟེར་ན། དེ་ལ་ཆོས་འདི་རང་སྐད་ཀྱིས།
དང་པོ་རྟོག་པ་ལ་ཅུང་ཟད་སྐྱོན་དུ་བལྟ། བར་དུ་རྣམ་རྟོག་གྲོགས་སུ་ཁྱེར། ཐ་མ་དགག་སྒྲུབ་དང་བྲལ་བ་གསུམ་ལས།
དང་པོ་རྐྱེན་དུ་བལྟ་ཟེར་ཡང་། བྲར་ཕུལ་བྱས་ནས་སྤོང་བ་ལྟ་བུ་མ་ཡིན་གྱིས། བརྡའ་ཐབས་ཁྱད་པར་ཅན་ལ་བརྟེན་ནས་འདས་པ་ཡུལ་དུ་བྱེད་པ་རྣམས་རང་འགགས་ལ་འགྲོ། མ་འོངས་པའི་རྟོག་པ་སྐྱེ་འཕོ་འཆད། ད་ལྟར་གྱི་རོ་མེད་ཁུངས་སྟོར།
རྩིས་མེད་རང་ཡལ་ནས། སེམས་གཡོ་མེད་ཀྱི་རང་ས་ཟིན་ཏེ་རང་ངོ་ཤེས་པའི་ལྷག་མཐོང་འཆར། །དེ་ལྟར་རྣམ་རྟོག་མ་རིག་པ་རྒྱུན་ཆད་རྩ་ན། རྣམ་པར་མི་རྟོག་པའི་ཡེ་ཤེས་རང་ཤར་དུ་བྱུང་བ་ཆོས་ཉིད་ཡིན་ནོ། །རྟོག་པ་གསལ་སྣང་ཁེགས་ཏེ། རྣམ་རྟོག་རྗེས་སུ་འབྲེལ་བ་ལ། །དོན་སྣང་གསལ་བ་ཡོད་མ་ཡིན། །ཅེས་གསུང་།
སྒོམ་ཐོག་ནས་ལྟ་བ་འཚོལ་བ་དང་། ལྟ་ཐོག་ནས་སྒོམ་སྐྱོང་བ་གཉིས་ལས། འདི་སྒོམ་ཐོག་ནས་ལྟ་བ་འཚོལ་བ་ཡིན་པས་གནས་པ་དགོས། གནས་པའི་རླན་མེད། རྣམ་རྟོག་ཕྲ་མོ་རྣམས་མི་འཚོག །རྟོགས་པ་རྣམས་ཀྱིས་མི་ཐེག །རྣམ་རྟོག་ལ་བོགས་མི་ཐོན། གཟུགས་ཅན་འཆར་བ་ལ་སེམས་དྭངས་ཤིང་གནས་དགོས། ཆོས་སྤྱིའི་ལུགས་ཀྱིས་ཀྱང་། ཞི་གནས་ཀྱིས་ཉོན་མོངས་པ་མགོ་མནན་ནས། ལྷག་མཐོང་གི་དྲུང་ནས་འབྱིན་པར་བྱེད་ཅིང་པ་ཡིན་ཅིང་། བསྒོམ་གྱི་ངོ་བོ་ཞི་གནས་ལྷག་མཐོང་ཟུང་འབྲེལ། ཐབས་ཤེས་དབྱེར་མེད་སྣང་སྟོང་དབྱེར་མེད་ལ་སོགས་པ་ཡིན། ཡ་བྲལ་གྱི་གོ་མི་ཆོད། དེ་ལ་དངོས་ནས་ཟུང་འབྲེལ་སྐྱེ་དཀའ་བས། ཞི་གནས་འཚོལ་དགོས།
སྤྱོད་འཇུག་ལས། ཞི་གནས་རབ་ཏུ་ལྡན་པའི་ལྷག་མཐོང་གིས། །ཉོན་མོངས་རྣམ་པར་འཇོམས་པ་ཤེས་བྱས་ནས། །ཐོག་མར་ཞིག་ནས་བཙལ་བྱ་དེ་ཡང་ནི། །འཇིག་རྟེན་འཆགས་པ་མེད་པ་མངོན་དགས་འགྲུབ། །ཅེས་པས་འཇིག་རྟེན་མ་འཆགས་པ་དགོས་ཏེ།
གནམ་སེང་ལྡེང་དུ་དཔལ་ཆེན་རྒ་ལོ་དང་། [[ཞང་རིན་པོ་ཆེ་]]མཇལ་དུས། ཞང་ལ་སྤྱན་ཅེ་རེ་གཟིགས་ནས། ཁྱོད་ཀྱིས་ངའི་ཆོས་དང་གདམས་ངག་ཐམས་ཅད་ཀྱི་བདག་པོ་བྱས་ནས། སེམས་ཅན་ལ་ཕན་ཐོགས་པ་གཅིག་ཡོང་བ་འདུག་པ་ལ། ཞེས་ཡང་ཡང་གསུངས། ཐུགས་ལ་འདོགས་པར་ཞུ་བྱས་པས་ཁྱེད་ལ་གེགས་གཅིག་འདུག་གསུང་། རྩི་གདའ་ཞུས་པས། ལུང་པའི་མདའ་མ་གི་ན་གསེར་གཞི་ནི་གཅིག་དང་། མར་ཧྲིལ་གཅིག་གི་འབུན་བསྐྱེད་འདུག་པ་གསུངས། དེ་ཙམ་གྱི་ཅི་སྐྱོན་པ་ལགས་སམ་ཞུས་པས། ཆོས་ཟབ་མོ་རྒྱུད་ལ་མི་སྐྱེ་བའི་གེགས་བྱེད་པ་གདའ། རབ་ཏུ་བྱུང་ན་འབུན་བསྐྱེད་བྱེད་པ་རྣམ་སྨིན་ཤིན་ཏུ་ཆེ། ངའི་སློབ་མ་གཅིག་སྐྱེ་བ་སྔ་མ་ལ་ཚུལ་ཁྲིམས་བསྲུངས་མི་ལུས་ཐོབ་ནས་རབ་ཏུ་བྱུང་སྟེ་འབུན་བསྐྱེད་བྱས་པས་ད་ལྟ་དམྱལ་བར་སྐྱེས་འདུག་གསུང་། དེར་[[ཞང་རིན་པོ་ཆེ]]ས་གཞི་ནམ་ཡན་ཆད་ཀྱི་དངོས་པོ་རང་དོན་དུ་བདག་ཏུ་འཛིན་ན། བླ་མ་རིན་པོ་ཆེའི་ཆོས་སྐྱོང་གིས་མགོ་བོ་ཁོས་ཤིག་ཅེས་དབུ་སྙུང་བརྒྱ་རྩ་བཞེས་ནས། སྒྲུབ་པ་མཛད་པས་ཡོན་ཏན་ཁྱད་པར་ཅན་འཁྲུངས་གསུངས།
[[མཁན་ཆེན་མཆིམས་པ]]འི་ཞལ་ནས། ཉོན་མོངས་དྲུང་ནས་འབྱིན་པ་ལྷོངས་ཀྱི་ཡེ་ཤེས་དགོས། །དེའི་རྒྱུར་ཞི་གནས་དགོས། དེའི་རྒྱུར་སྒོ་གསུམ་དབེན་པ་དགོས། དགེ་སློང་དོན་ཅི་ཉུང་བ་བྱ་བ་ཉུང་བ། འབྲུ་བསྣོན་རྒྱས་པར་མཛད་ནས་གསུངས་གསུང་།
[[Sangyé Tönpa|སངས་རྒྱས་སྟོན་པ]]འི་གསུང་ནས། ཞི་གནས་མེད་པའི་ལྷག་མཐོང་དེ་ཅི་དང་འདྲ་ན། མཉེད་ཡབ་མེད་དང་འདྲ་གསུང་། མདོར་ན་ལྷག་མཐོང་གི་ཡེ་ཤེས་སྐྱེ་བ་ལ་ཞི་གནས་དགོས་ཤིང་། དེ་ལ་འཇིག་རྟེན་ལ་མ་ཆགས་པ་དགོས། དགོས་མེད་ཞེན་ལོག་གི་བློ་སྣ་བསྟེན་པ་གལ་ཆེ་གསུང་།
གནས་པའི་རྐང་མ་ཟིན་པར་ངོ་སྤྲད་ན། གོ་ཡུལ་སོང་ནས་ལྟ་བ་ཕྲག་ཚོངས་བྱེད་པ། ལས་སུ་ཆོས་མིན་སྣ་ཚོགས་ལ་སྤྱོད་པ་བྱུང་། ཉེན་ཆེ་བས་སྔོན་དུ་གནས་པ་གལ་ཆེ། དམ་པ་རིན་པོ་ཆེ་དང་། [[བླ་མ་ཞང་]]གིས་འགའ་རེ་ན་རྗེས་ཤེས་རྟོག་པའི་སྟེང་དུ་ངོ་སྤྲད་པ་ཡོད་དེ། དེ་འཕྲོད་པ་རེ་རེ་ཙམ་ལ་ཆོད་ཆེ་བ་ལྟར་སྣང་ཡང་། ངོ་འཕྲོད་པ་དཀའ་བས་གནད་ཆུགས། མཉམ་བཞག་གནས་པའི་སྟེང་ནས་ངོ་འཕྲོད་པ་སླ་བ་གནད་ཆེ་གསུང་། ཉལ་བ་ལས་ཚིགས་པ་བསྲང་ཞིང་ཁ་སྤུབ་ལ་སོགས་པ་མི་བྱ་ཞིང་། ཕྱིར་ཡང་དུས་ཐམས་ཅད་དུ་ལུས་གནད་བསྲང་། འབྱུང་བཞི་འཁྲུགས་པས་དབང་དུ་མ་འདུས་ནའང་ཚིགས་པ་བསྲང་གསུང་། རྣམ་དཔྱོད་ལམ་བཞི་ལ་འགྲོ་བ་གཅིག་དགོས། སྟན་ཁར་སྡད་ཙན་འབྱུང་གི །དེ་མིན་ན་མི་འབྱུང་ན། དེས་བརྟག་མི་ཐུབ། དེ་ཡང་དང་པོ་ནས་བཏོལ་སྐྱེས་སུ་མི་འབྱུང་བས་སློབ་དགོས་པས་ད་ལྟ་སློབ་པ་གལ་ཆེ་གསུང་ངོ་། རྟེན་ཅན་ལ་སླབ་པའོ་ཅེས་པས། དེ་རྣམས་ཀྱིས་ཞི་གནས་མཚན་བཅས་དེ་ལྟ་བུ་དེ་སོང་ནས། ད་ཞི་གནས་མཚན་མེད་དེ་ལྟ་བུའི་ཚུལ་གྱིས་སྟོན་ནོ།
།སེམས་འཚོལ་བཏབ་པའི་རྗེས་སུ།
[[ལྕེ་སྒོམ་]]གྱི་ཞལ་ནས། རྒྱ་གར་ཡུལ་ནས་དམ་པའི་ཆོས་བཙལ་ཡང་། གཏན་ལ་དབབ་རྒྱུ་རང་གི་སེམས་ལས་མེད། སེམས་ཀྱིས་སེམས་ལ་བལྟ་བར་བྱེད་པ་ལ། ཐབས་ཀྱི་སྣ་ཁ་མང་པོས་ཅི་ཞིག་བྱ། ཞེས་གསུང་།
རིན་པོ་ཆེ་པ་སེམས་ཀྱི་བལྟ་བ་འདི་གལ་ཆེ། སྣང་བ་ཐམས་ཅད་རང་གི་སེམས་ཡིན་པས། སེམས་རྟོགས་ངོ་ཤེས་ན་གཞན་ཐམས་ཅད་རང་གྲོལ་ལ་འགྲོ། །འོ་ན་སྣང་བ་ཐམས་ཅད་རང་གི་སེམས་ཀྱི་རང་འོད་དམ། རང་གཟུགས་ཡིན་ནམ་སྙམ་ན་ཡིན་ཏེ།
རྡོ་རྗེ་མགུར་ལས། རིན་ཆེན་སེམས་ལས་ཅེས་སོགས་ལུང་འདྲེན། ཀུན་བྱེད་རྒྱལ་པོ་ང་ཁ་བ་ཟེར་ཏེ། ང་བ་བརྟག་གཉིས་ལས་ཆུད་རྒྱུད་མི་འདུག་གསུང་། སེམས་ཙམ་མོ་ཅེས་པ་ཙམ་ལ་གཉིས། ལྷག་པ་འགོག་པ་དང་ཚོད་འཛིན་པའོ།
།འདིར་ལྷག་པ་འགོག་པ་ཙམ་ཡིན་གསུང་། སྣང་བ་རང་སེམས་ཡིན་པས་ངོ་སྤྲོད་དམ་མིན་ནས་སྤྲོད། ཡིན་ན་སྤྲད་མི་དགོས་ལ། མིན་ན་སྤྲད་ཀྱང་མི་ཕན་ནོ།
།ཡིན་ཡང་ཡུལ་འཛིན་གྱི་རྟོག་པས་བསྒྲིབས་ནས་ངོ་མ་ཤེས་པ་ལ། ད་བླ་མའི་བྱིན་རླབས་དང་བརྡ་ཐབས་ཁྱད་པར་ཅན་གྱི་དྲི་མ་དེ་གསལ་ནས་ངོ་ཤེས་པར་བྱེད་པ་ལ། སྣང་བ་རང་སེམས་ཀྱི་ཁྲིད་ཟེར་ཏེ། འདི་དག་གི་འཁྲིད་ཚུལ། ས་སྐྱ་པ་ཀུན་ལའང་། ལམ་འབྲས་བུ་དང་བཅས་པ་ནས། དཔེ་བརྒྱད་བཞི་སུམ་ཅུ་རྩ་གཉིས་ལ་བརྟེན་ནས། སྣང་བ་རང་སེམས་སུ་ངོ་སྤྲད་ཚུལ་བཤད། འཇིག་རྟེན་མགོན་པོ་ཡང་སྣང་བ་རང་སེམས་ཀྱི་ཁྲིདརྒྱས་པར་གསུངས། འདིར་ཡང་རྒྱལ་པོ་ལ་གདམས་པའི་མདོའི་རྗེས་སུ་འབྲངས་པ་རྒྱས་པར་ལོགས་སུ་བསྟོན་ལ། ཅུང་ཟད་བཤད་ན། དངོས་གཅིག་ཉིད་ནི་ཐ་དད་ཕྱིར། །དོན་མ་གྲུབ་པར་འདོད་པ་ཡིན། །ཅེས་དངོས་པོ་གཅིག་སྣང་ཚུལ་ཐ་དད་དེ། །ཅེས་སོགས་གསུངས་པའི་དངོས་པོ་གཅིག་ལ་ལྷ་ལ་རྡོའི་རྒྱལ་པོ་ཨ་མོ་ལི་ཀ་ལ་སོགས་པར་སྣང་། མི་ལས། དུད་འགྲོ། གྲོག་སྦུར་ལ་སོགས་པ་ལ་ལོངས་སྤྱོད་དང་ཁང་ཁྱིམ། དམྱལ་བ་ལ་ལྕགས་སྲེགས་ཀྱི་ས་གཞི་ཅེས་གསུངས། མདུན་དུ་བུམ་པ་ཅེས་པ་དེ་ལྟ་བུ་ལ་ལྟ་སྟངས་བཅས་ཏེ་ཡིད་བྱེད་དང་བྲལ་ནས་བཞག་པས་སེམས་ཀྱིས་བུམ་པ་བཟུང་འདུག་གམ། བུམ་པས་ཚུར་འཆང་འདུག་གམ། ཐ་དད་དུ་འདུག་གམ། སེམས་རར་བུམ་པ། རང་སེམས་སུ་ཤར་བ་འདུག་བལྟ། བལྟས་པས་དབྱེར་མི་ཕྱེད་དེ། ཐིག་ལེ་ལས། སེམས་ཉིད་ལྷན་ཅིག་སྐྱེས་སོགས་བརྗོད་ནས། སེམས་ཉིད་ཆོས་ཀྱི་སྐུ་འགག་པ་མེད་པའི་རང་འོད་སྣང་བའི་ཆོས་སྐུ་ཡིན་ནོ།
།དེ་ལྟར་ཡང་སྣང་བ་སེམས་སུ་བྱེད་པ་དེ་སེམས་ཙམ་དུ་མི་འགྱུར་རམ་ཞེན་མི་འགྱུར་ཏེ།
སེམས་རྣམ་རིག་ཙམ་དུ་འདོད་པ་ནི། གྲུབ་མཐའ་ཁས་ལེན་གྱི་སེམས་ཙམ་ཡིན། འདིར་སྣང་བ་རང་གི་སེམས་དེ་ཡང་། ངོས་བཟུང་དང་བྲལ་བར་ཤེས་པས་སོ།
།བཀའ་ཐ་མ་དོན་དམ་རྣམ་པར་ངེས་པའི་མདོ་སྡེ་རྣམས་ལས་སྣང་བ་སེམས། སེམས་སྤྲོས་བྲལ། སྤྲོས་བྲལ་ཟུང་འཇུག་ཏུ་གཏན་ལ་ཕབ་སྟེ། དེའི་རྒྱུ་མཚན་ཡང་སངས་རྒྱས་ཀྱིས་བཀའ་རིམ་པ་གསུམ་བསྐོར་བའི་དང་པོ་རྟག་ཆད་དང་འབྲེལ་ཅེས་སྒྲོ་འདོགས་ནས་ཐ་མ་རྣམ་པར་ངེས་ཀྱི་འཁོར་ལོ་བསྐོར་བས་ཟུང་འཇུག་ཏུ་བསྟན་ཏེ།
ལང་ཀར་གཤེགས་པ་ལས། ཀུན་གཞི་མེད་ཅིང་རྣམ་རིག་མེད། །རང་བཞིན་མེད་ཅིང་དངོས་མེད་ན། །བྱིས་པ་ངན་པ་རྟོག་གེ་པ། །རོ་དང་འདྲ་བས་མ་རྟོགསསོ། །ཅེས་དང་།
སེམས་ཙམ་ལ་ནི་གནས་ནས་སུ། །ཕྱིའི་དོན་ལ་མི་བརྟག་གོ །ཡང་དག་དོན་ལ་གནས་ནས་ནི། །སེམས་ཙམ་ལས་ནི་འདའ་བར་བྱ། །སྣང་མེད་གནས་པའི་རྣལ་འབྱོར་པས། །དེ་ཡིས་ཐེག་པ་ཆེན་པོ་མཐོང་། །ཞེས་གསུངས་སོ།
།སྣང་སྟོང་དབྱེར་མེད་ལ་དབང་ཐོབ་པར་འགྱུར་ཏེ། ཅེས་པ་རིན་པོ་ཆེ་པ་སྣང་བ་རང་སེམས་འདི་ལ་བཞི་ཙམ་ཡིན། གོ་བ། ཉམས་མྱོང་། རྟོགས་པ། མཐར་ཕྱིན་པའོ།
།དང་པོ་ནི། སྣང་བ་འདི་རང་སེམས་ཡིན་སྙམ་དུ་བློ་ཡུལ་རུ་གོ་བའོ།
།གཉིས་པ་ནི། སྣང་བ་རང་གི་སེམས་དང་ཐ་དད་མེད་པར་ཉམས་སུ་མྱོང་བར་ཡུལ་འཛིན་གྱི་དྲི་མ་དང་བྲལ་བའོ།
།གསུམ་པ་སྣང་བ་འདི་རང་སེམས་སུ་ཐག་ཆོད་ནས་ཡུལ་མེད་ཀྱི་ངེས་ཤེས་སྐྱེས་པའོ།
།བཞི་པ་ནི། སྣང་བ་སྟོང་པར། སྟེར་པ་སྣང་བར་བྱེད་ཅེས་པ་འབྱུང་གསུང་།
གཞན་ཡང་དྭགས་པོ་རིན་པོ་ཆེ་ལ། བུ་ཆེན་འགའ་ཡིས་སྣང་བ་སེམས་དང་། ཆོས་ཉིད་གསུམ་འགྲེ་བ་གསུང་བ་ཇི་ལྟར་འགྲེ་ལགས་ཞུས་པས། གཟིམས་མལ་གྱི་མདུན་ན་ཀ་བ་གཅིག་འདུག་པ་ལ་ཕྱག་ཕར་ཐལ་ཚུར་ཐལ་མཛད་ཅིང་འདི་གཉིས་འགྲེ་བ་ཡིན་གསུང་ངོ་། ཟུར་ཆུང་ཤེས་རབ་གྲགས་བྲག་རྒྱ་བོ་ཅན་ན་བཞུགས་དུས། སྟོན་པ་གཅིག་གིས་སུན་དབྱུང་དགོས་སྙམ་ནས་ཆོས་གཏམ་བྱས་པས། སྟོན་པ་དེས་ཀ་བ་ཆོས་ཅན་ཞེས་ཐལ་འགྱུར་བཏང་བས། ཁྱོད་ལ་ཀ་བ་ཆོས་ཅན་དུ་གདའ་སྟེ། ཁོ་བོ་ལ་ཆོས་ཉིད་དུ་གདའ་གསུངས་ནས་ཕྱག་ཕར་ཐལ་ཚུར་ཐལ་མཛད། ཡང་འདུས་མ་བྱས་ནམ་མཁའ་ཆོས་ཅན་བྱས་པས། ཁྱོད་ལ་འདུས་མ་བྱས་ཏེ་ཁོ་བོ་ལ་འདུས་སུ་གདའ་གསུངས་ནས། ནམ་མཁའ་ལ་སྐྱིལ་ཀྲུང་བྱས་ཀྱང་འདུས་མ་བྱས་སུ་འགྱུར་རྒྱུ་མེད་དེ་ཇི་ལྟར་བྱས་ཀྱང་སྣང་སེམས་སུ་དབྱེར་མེད་པར་ཤེས་པར་གསལ་བ་ཡིན་གསུང་། འགའ་ཞིག་སྣང་བ་རང་རང་སེམས་ཡིན་བྱས་པས། བར་གྱི་སྣང་བསྟོང་པ་དང་། སྟོང་པ་སྣང་བར་དབྱེར་མེད་པ་ར་དགོས་པ་ལྟར་འདོད་དེ། དེའི་བྱེ་བྲག་ཕྱེད་དགོས། དེ་ལྟར་བྱུང་ཡང་། སྣང་བ་རང་སེམས་མ་ཡིན་པར་མི་འགྱུར་རམ་གསུང་། འགའ་ཞིག་སྣང་བ་ལས་སྣང་བ་ཡིན་པ་འགའ་ཟེར་ཏེ། གཅིག་ཏུ་མ་ངེས། ལ་ལ་ཉམས་སྣང་། ལ་ལ་ཆོས་ཀྱི་རང་སྣང་དུ་འཆར་བས་དེ་དགག་མི་དགོས། དེ་བས་ཉོན་མོངས་ཀྱི་སྣང་ཆ་ཡང་མི་འགག་སྟེ། མདངས་འགག་མེད། འདོད་ཆགས་ཀྱི་སྣང་བ་ཤར་བ་ལ། ངོ་བོ་འཛིན་པ་ཐམས་ཅད་དང་བྲལ་བ་དེ་ལ་འདོད་ཆགས་རྡོ་རྗེའི། སོ་སོར་རྟོག་པའི་ཡེ་ཤེས་ཟེར། དེ་བས་སྣང་བ་ག་་་་་གིས་དང་ཁྱད་པར་དུ་མ་བྱས་པའི་སྣང་བ་ཙམ་ཀྱང་མི་འགག་གསུང་།
འོ་ན་རྒྱུད་འགྲེལ་ལས། ཏ་ལ་མོ་དང་སྡིག་སྲིན་གྱི་དཔེས་དགག་པར་བཤད་དོ་ཟེར་ན་མ་ཡིན་ཏེ། དེ་ནི་སྣང་བ་ལ་ཞེན་ཆེས་པ་དགག་པ་དགོངས་པ་ཡིན་གྱིས། དོན་ལ་མི་འགག་གསུང་། ད་ལྟ་སྣང་བ་རང་སེམས་ཀྱི་རབ་ལ་རྟོག་པ་འབྲིང་ལ་ཉམས་མྱོང་། ཐ་མ་ལ་ཡིན་ངེས་སྙམ་པའི་གོ་ཡུལ་བརྟན་པོར་འབྱུང་དགོས། དེ་མ་བྱུང་བར་ངོ་སྤྲད་ན་ཆུ་མཆོད་པའི་རྫང་ངམ། འབེན་མ་མཐོང་བའི་མདའ་རྡེག་དང་འདྲ་གསུང་། དེ་ཡང་སྐབས་སུ་བུམ་པ་ལ་སོགས་པ་ལ་དམིགས་གཏད་བཅས་པ་དེ་བཞིན་དུ་བལྟ། གཙོ་ཆེར་རྟེན་མེད་ལ་བསླབ་གསུང་། འདིར་རྟེན་མེད་ཀྱི་སྐབས་ཡིན་རྟེན་ལ་དམིགས་པ་འཆའ་བ་གཅིག་ཡིན་སྙམ་ན། སྔར་གྱི་དེ་རྣམས་ཕྱི་རོལ་ལོགས་ན་མོ་ཞིག་ལ་སེམས་འཛིན་པ་ལྟ་བུ་ཡིན། འདིར་སྣང་སེམས་དབྱེར་མེད་དུ་བཞག་པས། རྟེན་ཉིད་རྟེན་མེད་དུ་འཆར་བའམ། རྟེན་མེད་རྟེན་དུ་འཆར་བ་བྱ་བ་ཡིན་གསུང་། དེ་རྣམས་ནི་སྔོན་འགྲོའོ།
།དངོས་གཞིའི་སྐབས་སུ་འཇོག་པ་རྣམས་སྔར་བཞིན་ལ། རྗེན་ལྷང་གིས་འཆར་ཞེས་པ། དེ་ཉིད་ལ་བལྟས་ཏེ་དངོས་པོ་དངོས་མེད། ལུས་ཀྱི་ཕྱི་ནང་གརན་འདུག་བལྟ། དེ་ཡང་ལུས་སེམས་གཅིག་པའི་གོམས་པའི་སྟོབས་ཀྱིས་ནང་ལུས་ལ་ཡོད་ཡོད་པོར་བྱེད་པས། དེ་ལ་འཇུག་གམ་བལྟ། དུས་འདས་པ་ལ་མ་གྲུབ་སྟེ། གྲུབ་ན་འདས་པའི་རྟོག་པ་འདིར་མི་འགག་བྱ་བའི་ཤུལ་དགོས་ཏེ་དེ་མ་གྲུབ། མ་འོངས་པ་ལ་མ་གྲུབ་སྟེ། གྲུབ་ན་ཁྲོམ་ཆེན་པོའམ། རང་ཟམ་ལ་འགྲོ་བའམ། བཙུན་པ་སེར་འཕྲེང་བྱེད་པ་ལྟར་ཡོང་དགོས་ཏེ། དེ་མེད་ད་ལྟ་བ་ལ་བལྟས་པས། ངོ་བོ་ངོས་བཟུང་གང་དུ་ཡང་མ་གྲུབ་པ། དང་པོའི་ཤེས་པ་ལས་མ་གཡོས་མ་འཆུགས་པའི་དི་ཉིད་དོ།
།འདི་གཉིས་ཀ་ལ་སེམས་ཉིད་ཀྱི་སེམས་ཉིད། ཆོས་ཉིད་ཀྱིས་ཆོས་ཉིད། སློབ་དཔོན་གྱིས་ངོ་སྤྲོད་རྒྱུའི་སེམས་དེ་ཡང་འདིའོ།
།སློབ་མས་ཤེས་པར་བྱ་རྒྱུ་ཡང་འདི་ཡིན་ཏེ། དེ་ལས་གཞན་པའི་དངོས་པོ་མཚན་མ་ཅན་དུ་བསྟན་རྒྱུའམ་མཐོང་རྒྱུ་མེད། དེ་ཡང་འོ་སྐོལ་ཆུ་སྦུར་གྱི་མིག་ཅན་རྣམ་པར་རྟོག་པའི་བློ་ཅན་རྣམས་ཀྱི་མ་མཐོར་བ་ལ་ཚད་མར་མི་བཏུབ། [[སངས་རྒྱས་ཡེ་ཤེས་]]ཀྱི་སྤྱན་དང་ལྡན་པས་གཟིགས་དགོས་པ་ལ་གཟིགས་ཏེ།
འོད་སྲུངས་ཀྱིས་ཞུས་པའི་མདོ་ལས། འོད་སྲུངས་སེམས་ནི་དཀར་པོ་མ་ཡིན། སེར་པོ་མ་ཡིན། ཙོད་དང་ཤེལ་གྱི་ཁ་དོག་ལྟ་བུ་མ་ཡིན་ཏེ། འོད་སྲུངས་སེམས་ནི་འདས་པ་མ་ཡིན། མ་འོངས་པ་མ་ཡིན། ད་ལྟར་བ་མ་ཡིན། སེམས་ནི་དུས་གསུམ་སངས་རྒྱས་ཐམས་ཅད་ཀྱིས་ཀྱང་མ་གཟིགས། མི་གཟིགས། གཟིགས་པར་མི་འགྱུར་ཞེས་ཏེ། སེམས་དངོས་པོ་མཚན་མ་ཅན་དུ་མ་གཟིགས་པའོ།
།འདི་ཀ་ལ་སྟོང་པ་སེམས་ཀྱི་རང་བཞིན་ཅེས་ཟེར་ཏེ།
[[Saraha|བྲམ་ཟེ་ཆེན་པོ]]ས། གདོད་ནས་དག་པ་ནམ་མཁའི་རང་བཞིན་ལས། །བལྟས་ཤིང་བལྟས་ཤིང་མཐོང་བ་འགག་པར་འགྱུར། །ཞེས་སོ།
དེའང་སྟོང་པའམ་མེད་པ་ཕྱལ་ཆད་མ་ཡིན་ཏེ། མདངས་འགག་མེད་དུ་ལམ་མེ་བ་དེ་ལ་གསལ་སེམས་ཀྱི་མཚན་ཉིད་ཟེར་ཏེ།
[[Shavaripa|ཤ་བ་རི་པ]]ས། ཕྱལ་ཆད་མ་ཡིན་རྦ་རླབས་བཞིན། །ཅེས་པས་རྦ་རླབས་སེམས་ཆུ་རྒྱུན་ལྟར་ཡོད། དེ་ཉིད་ཐ་དང་ཡིན་ན་མ་སྙམ་ན་མ་ཡིན་ཏེ། རང་བཞིན་སྟོང་བ་ཀ་མཚན་ཉིད་འགག་མེད་དུ་གསལ་ལ། དེ་ཀ་རང་བཞིན་སྟོང་པར་ཡོད་དེ། དེ་ལ་ཟུང་འཇུགསེམས་ཀྱི་ངོ་བོ་ཟེར་ཏེ།
བརྒྱད་སྟོང་པ་ལས། སེམས་ནི་སེམས་མ་མཆིས་ཏེ་སེམས་ཀྱི་རང་བཞིན་ནི་འོད་གསལ་བའོ། །ཞེས་གསུང་།
དེ་ལ་སེམས་ངོས་བཟུང་དང་བྲལ་བ་དེ་ལ་ཆོས་སྐད་དུ། རྣམ་པར་མི་རྟོག་པའི་ཡེ་ཤེས་སམ། བླུན་སྐད་དུ་ཐ་མལ་གྱི་ཤེས་པ་ཞེས་ཟེར་ཏེ།
[[Niguma|ནི་གུ་མ]]ས། ཡིད་ལ་མི་བྱེད་རེ་དོགས་ཀུན་བྲལ་བའི། །ཞེས་རྟོག་པ་མཇལ་བའི་ཕྱག་མཛད།
[[Saraha|བྲམ་ཟེ་ཆེན་པོ]]ས། ཐ་མལ་གྱི་ཤེས་པ་ངོས་བཟུང་དང་བྲལ་བའི་ཆོས་སྐུ་འདི་ཡང་། སློབ་དཔོན་གདམས་ངག་ཆེ་ནས་སམ། སློབ་མ་ཤེས་རབ་ཆེ་ནས་རྙེད་པ་མ་ཡིན། གདོད་ནས་རང་ཆས་སུ་གནས་ཤིང་ཡོད་དེ།
བརྒྱད་སྟོང་པ་ལས། ཆོས་རྣམས་ནི་ཅེས་སོ།
དང་པོ་ཉེ་དྲགས་ཅེས་པ། སེམས་དང་ཆོས་སྐུ་གཉིས་པོ་འདི་ངོ་བོ་ལ་བཟང་ངན་མེད། དུས་ལ་སྔ་ཕྱི་མེད། གོ་ས་ལ་མཐོ་དམན་མེད་དེ། སེམས་ཡོད་ན་ཆོས་སྐུ། ཆོས་སྐུ་ཡོད་ན་སེམས་ཡོད་དེ། མ་རིག་པས་སྒྲིབས་ནས་ངོ་མ་ཤེས། གང་ངོ་མ་ཤེས་ན་ཅེས་སོ།
།ད་རེས་བླ་མ་ཅེས་པ། གང་ངོ་ཤེས་ན་རིག་རིག་པོ་འདི་གང་གིས་ཤེས་ན་ཁོ་རང་གིས། ཚུལ་ཇི་ལྟར་ཤེསན་ཡུལ་ཡུལ་ཅན་གཉིས་མེད་ཀྱི་ཚུལ་གྱིས་སོ།
།གཉིས་པ་བླ་གྲགས་ཅེས་པ་བློ་ཆུང་རྣམས་སངས་རྒྱས་ཅེས་པ་མཚན་དཔེས་བརྒྱན་པའི་བཟང་བཟང་པོ་གཅིག་ཏུ་ཞེན་ནས། འདི་སངས་རྒྱས་ཡིན་ན་བླ་སྟེ་སྙམ་ན། མཚན་དཔེས་བརྒྱན་པར་སྣང་བ་དེ་ནི་ཆོས་སྐུ་དྲི་བྲལ་གྱི་ལག་རྗེས་ཏེ། སངས་རྒྱས་རྣལ་མ་འདིའོ། །དེ་བཞིན་གཤེགས་པའི་སྙིང་པོ་ལས་གཞན་མ་ཡིན་ཅེས་རྒྱུ་མཚན་གནད་ཀྱིས་དེད་ནས་གསུངས་སོ།
།གསུམ་པ་ནི། དམ་པས། མཆོད་རྟེན་ཀ་རུའི་ཙ་ན་མར་བྱོན་པས། གླང་པོ་གཅིག་ཉལ་བ་གཟིགས་པ་ཁོའི་རླུང་དབུ་མར་ཚུད་དེ། ཤེས་པ་རྟོག་མེད་དུ་ཧད་དེ་འདུག་ནས་རྩར་བྱོན་ཏེ་ཐལ་མོ་སྦྱར་ནས་ངོ་མཚར་ཆེ་གསུང་། དེའི་རྗེས་སུ་སྙིང་རྗེ་གསུང་། ཀུན་དགས་ངོ་མཚར་ཆེ་རྒྱུ་གཅིག་བདོག་འདི་དུད་འགྲོ་ལགས། དེའི་ནང་ནས་གླང་བུ་བྱ་བ་ཤིན་ཏུ་བླུན་པ་གཅིག་ལགས་ཞུས་པས། འཇམ་དཔལ་སྨྲ་སེང་ལ་ཡང་འདི་ལས་ལྷག་པ་མེད་དེ། ཁོས་མ་ཤེས་གདའ་སྙིད་རྗེ་གསུངས་ཏེ། རང་རེ་ལ་ཆད་པ་ངལ་གསོ་བ་དང་གསུང་། ཅེས་གསུང་།
སྐྱོན་བཞི་རང་གྲོལ་ཅེས་པ། འདས་པའི་རྟོག་པ་མ་འགགས་མ་འོངས་པ་སྐྱེ་འཕྲོ་ཆད། ད་ལྟ་བ་རོ་མེད་ཁུངས་སྟོས་རྩིས་མེད་རང་ཡལ་ལ་སོང་ནས། ཤེས་པ་གསལ་ལ་དྭངས་པ་གཅིག་འཆར། དེ་ལ་བལྟས་པས་མདངས་མ་འགགས་པ། ངོས་བཟུང་ཐམས་ཅད་དང་བྲལ་བ། གསལ་སྟོང་ནམ་མཁའ་སྤྲིན་དང་བྲལ་བ་ལྟ་བུ་རང་རིག་ཏུ་རྗེན་ནེ་འདུག་ནས་དེ་ལྟར་ངོ་ཤེས་ཐག་ཆོད། ངེས་ཤེས་སྐྱེས། ཡེངས་མེད་ཀྱི་བྱ་ར་བ་དང་བྲལ་བས་སྐྱོན་བཞི་ལ་གྲོལ་ལོ།
།རིན་པོ་ཆེ་པ་ཚིག་གཞན་བྱིན་དང་མཐུན་པ་མེད། སྐྱོན་བཞི་རང་གྲོལ་འདི་གཞན་པས་ཆུན་ཆེ་ཟབ་པར་ཡོད་གསུང་། ནམ་མཁའི་ངོ་སྤྲོད་ལ། སེམས་རང་ལུགས་སུ་ལྷོད་དེ་བཟོ་མེད་དུ་ཁྲེས་སོ། འཛིན་མེད་དུ་ཞིག་གེ་བཞག་པས། ཁ་དོག་དབྱིབས། གནས་དུས་ལ་སོགས་གང་དུ་ཡང་མ་གྲུབ་པས་དངོས་པོ་ཀུན་འབྱེད་པ་གཅིག་སར་ངེ་འདུག །སེམས་ཀྱང་ངང་ངེ་དབྱེར་མེད་པར་ཁ་དོག་ལ་སོགས་པར་མ་གྲུབ་པར། གདངས་མ་འགགས་པར་ས་ལེ་འདུག་གེ །ནམ་མཁའ་རིག་མེད་དང་། སེམས་ནི་ནམ་མཁའ་ལྟ་བུར་ཅེས་གསུང་། སྣང་བ་ཐམས་ཅད་སེམས། སེམས་ནམ་མཁའི་རང་བཞིན་ཡིན་པས། འཁོར་འདས་ཐམས་ཅད་ནམ་མཁའི་རང་བཞིན་ཡིན་ཏེ།
བརྟག་གཉིས་ལས། ཐམས་ཅད་ནམ་མཁའི་མཚན་ཉིད་དེ། །ནམ་མཁའ་ལ་ཡང་མཚན་ཉིད་མེད། །ཅེས་གསུང་།
ནམ་མའའ་སེམས་ཀྱི་དཔེ་དོན་དུ་འཇོག་པ་ནི། རྟོགས་མ་རྟོགས་དེ་རྟོགས་ན་དོན། མ་རྟོགས་ན་དཔེ་ཡིན་གསུང་། དབང་བཞི་པའི་དོན་རང་བྱུང་ལྷན་སྐྱེས་པའི་ཡེ་ཤེས་འདི་ནི་ཆེས་ཕྲ་སྟེ་རྟོགས་པར་དཀའ། རྡོ་རྗེ་སྟོང་པ་ཉིད་ཀྱི་དོན་ཉོན་མོངས་པའི་སྡུག་བསྔལ་དང་བྲལ་བ་མཐར་ཕྱིན་ཏེ་ཆོས་སྐུ། མཚན་མའི་གྲུ་ཟུར་ཞི་བ་ཉིད། ཕ་དེ་བདག་ཉིད་དོ།
།ནམ་མཁའ་ལྟ་བུར་མཚན་ཉིད་མེད། །ཅེས་ཏེ། མཚན་ཉིད་མེད། རང་བཞིན་མེད། གདགས་བྱ་མེད། སྨྲ་བརྗོད་ཀྱི་ཡུལ་ལས་འདས་ཏེ། སྨྲ་བསམ་བརྗོད་མེད་ཅེས་བརྗོད་དོ།
།ངག་ཏུ་སྨྲ་རུ། ཚིག་ཏུ་བརྗོད་དུ། བློ་བསམ་དུ། ཤེས་པའི་ཐ་མ་དང་འབྲིང་མ་་་་རབ། ཉོན་མོངས་བཟུང་རྟོག་འཛིན་གྱིས་ཕ་རོལ་ཏུ་ཕྱིན། རྒྱུས་སྟོང་པས་མ་སྐྱེས། རྐྱེན་གྱིས་སྟོང་པས་མི་འགག ངོ་བོ་མ་གྲུབ་པས་ནམ་མཁའི་རང་བཞིན་ནོ།
།མེད་པའམ་ཕྱལ་ཆད་མ་ཡིན་ཏེ། སོ་སོ་རང་གི་རིག་པའི་སྤྱོད་ཡུལ་ལོ། །རྒྱུ་མེད་གཞན་ལ་མི་ལྟོས་ཕྱིར། །རྟག་ཏུ་ཡོད་པའམ་མེད་པར་འགྱུར། །ཅེས་པས། རྒྱུ་མེད་ཅིང་རྐྱེན་ལ་མི་ལྟོས་ན། ཡོད་མེད་གཉིས་སུ་མི་འགྱུར་རམ་སྙམ་ན། མ་འགགས་པར་གསལ་བའི་ཆ་ནས་ཡོད་ལ། རང་བཞིན་སྟོང་པའི་ཆ་ནས་མེད་དོ། །དུས་གསུམ་རྒྱལ་བའི་ཡུམ་ལ། ཅེས་པ། གཙོ་མ་གསེར་གྱི་མདོག་ཅན་ཞལ་གཅིག་ཕྱག་བཞི་མ་སྟེ། དཔེའི་ཡུམ་ཆེན་མོ་འདི་དོན་གྱི་ཡུམ་ཆེན་མོ་སྟེ།
ཤེར་སྙིང་ལས། དུས་གསུམ་དུ་རྣམ་པར་བཞུགས་པའི་སངས་རྒྱས་ཐམས་ཅད་ཀྱང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ལ་བརྟེན་ནས། བླ་ན་མེད་པ་ཡང་དག་པར་རྫོགས་པར་སངས་རྒྱས་སོ། །ཅེས་གསུངས་སོ།
།རིག་པ་གསལ་སྟོང་ཅེས་པ། མངོན་པ་བ་སེམས་དང་ཀུན་གཞི་ཐ་དད་དུ་འདོད་པས། སེམས་ཀྱི་མཚན་ཉིད་མི་རྟོགས། བླ་མ་དབོན་ཤག་ལ་མངོན་པའི་བའི་ཀུན་གཞི་དང་། མདོ་ལས་བཤད་པ་གཉིས་མི་མཐུན་པར་འདུག་པ་དེ་གཉིས་གང་ལགས་ཞུས་པས། མངོན་པ་བ་ཀུན་གཞི་རྣམ་ཤེས་ཚོགས་བརྒྱད་དུ་བྱས་ཏེ། དེ་ཀུན་གཞི་བཏགས་པ་ཡིན། མདོའི་དེ་རྣམས་རྣལ་མ་ཡིན་ཟེར་ཏེ། རྩ་བ་རིག་པ་གསལ་སྟོང་འདི་ཀ་ལ་ཀུན་གཞི་ཟེར། འདི་རྟོགས་ན་སངས་རྒྱས། མ་རྟོགས་ན་འཁོར་བ། རྟོགས་ཏེ་སངས་རྒྱས་ཙམ་ན་ཡང་རིག་པ་གསལ་སྟོང་འདི་ལས་བཟང་དུ་སོང་བ་མེད་ལ། མ་རྟོགས་པའི་དུས་ན་ཡང་དེའི་ངོ་བོ་ལ་དྲི་མས་གོས་པ་མེད་དེ་གསུང་། འཁོར་འདས་དབྱེར་མེད་ཅེས་ཀྱང་ཟེར་ཏེ། གཞི་མ་རིག་པ་ངོ་མ་ཤེས་པའི་ཆ་ནས་ངོ་མ་ཤེས་པའི་ཆ་ནས་འཁོར་བ། རང་སྟོད་དུ་ཡོད་པའི་ཆ་ནས་མྱང་འདས་ཏེ། རྩ་རྒྱུད་ལས། འདི་ནི་འཁོར་བ་ཞེས་གསུངས་པ།
།ལམ་ནི་དེ་ལྟར་གནས་པར་རང་ངོ་ཤེས་ནས། འཁོར་བ་མ་སྤངས་གནས་སུ་དག །མྱང་འདས་མ་བསྒྲུབས་ལྷུན་གྱིས་གྲུབ་ནས་མ་ཡེངས་ཙམ་དུ་སྐྱོང་བའོ།
།འབྲས་བུ་ནི་གཡས་སུ་སངས་རྒྱས་བཞག །གཡོན་དུ་དམྱལ་བ་བཞག་ཀྱང་། དེ་གཉིས་ལ་དགག་སྒྲུབ་དང་འདམ་ཁ་ཟད་པའོ།
།རིག་པ་དྲི་མ་མེད་པ་ཞེས་བྱ་སྟེ། དམ་པའི་དྲུང་དུ་འབྲོམ་ལོ་ཙཱ་བས་བྱོན་པས་ལོ་རྒྱུས་གསུང་། འགྱོད་ཚངས་མཆོག་ཡིན་ཞེས་པ། དཔེ་དུང་རྡུལ་ཕྱིས་པའམ། ཁང་སྟོང་དུ་སྒྲོན་མེ་བཏེག་པ་བཞིན་ནོ་གསུང་། དུས་རྣམས་མཉམ་པ་ཉིད་ཤེས་ཕྱིར། །ཅེས་པ། ངོ་བ་ཟུང་འཇུག །ཟུང་འཇུག་བློ་འདས། བློ་འདས་ཡིད་ལ་བྱར་མེད་པར་མཉམ་ཅེས་སོ།
།དེ་ནས་གོ་ཡུལ་དང་རྟག་བཅད་ལ་ཅེས་པའི་སྔོན་དུ་སྔར་བཞིན་བཞག་པས་གསལ་བྱེད་ཀྱི་རྒྱུ་རྐྱེན་ཆེ་འབྲིང་ཆུང་གསུམ་ལ་མ་ལྟོས་པར་མཚན་ཉིད་རང་གསལ་དུ་རྗེན་ནེ། དེ་ལ་བལྟས་པས་རང་བཞིན་ངོས་བཟུང་ཐམས་ཅད་དང་བྲལ་བ། རང་བཞིན་མེད་བཞིན་གསལ་ཏེ་ངོ་བོ་ཟུང་འཇུག་ཏུ་ཏ་ལེ། དེ་ལྟར་ངོ་ཤེས་ན་གོལ་ས་ཐམས་ཅད་རང་ཆོད་ལ་འགྲོ་སྟེ། གཟུགས་སྟོང་པའོ། །སྟོང་པ་ཉིད་གཟུགས་སོ། །ཞེས་རྟག་ཆད་ལས་གྲོལ་ལོ། །འགའ་ཞིག་འདི་རྟགས་ཀྱི་སྟེང་དུ་སྦྱོར་ཏེ། དེ་ཀའི་བཤམས་ནས་ཆོས་ཐམས་ཅད་སྟོང་པ་ཉིད་དོ་ཅེས་པ་རྟགས་སམ་ཐིག་ལེ་སྟོང་པ་ཉིད་དོ།
།བྱ་བ་མེད། དུས་འཁོར་བ་ཀུན་ལ་མ་ནོར་བ་རྟགས་ཁྲིད་པ་ཟེར་ནའང་། འདིར་ལམ་མ་ནོར་བ་རྟག་ལ་མི་ལྟོས་པ་གཅིག་དགོས་གསུང་། དེ་མ་ཡིན་པའི་མེད་པ་ལ་སེམས་ངོ་བྱས་ན་འཁྲུལ། མེད་པ་དང་སྟོང་པ་ལ་ནོར་ས་ཡོད། རིག་ཐོག་ཏུ་སྒྲོ་འདོགས་ཆོད་ནས་གནས་འགྱུས་སྣང་གསུམ་གྱི་སྟེང་དུ་སྤྲོ་སྟེ་རི་རྩིགས་པ་ཁང་ཁྱིམ་ལ་སོགས་པ་བལྟས་པས་ངོ་བོ་རང་བཞིན་མཚན་ཉིད་གསུམ་ཀྲོང་ངེ་བ་འདི་སྒོམ་ཡིན་ཀྱང་། འདི་སྒོམ་མ་ཡིན་བྱ་བ་མེད། སྣང་བ་བསྒོམ་ཀྱང་ངོ་བོ་རང་བཞིན་མཚན་ཉིད་གསུམ་ཚང་ཞིང་སྟོང་པ་སྒོམ་ཀྱང་ཚང་བས། གད་ཤར་ཤར། གང་སྣང་སྣང་། དྲན་དྲན་ཐམས་ཅད་བསྒོམ་ཡིན། དེ་ལྟར་རྟོགས་པའི་རྣལ་འབྱོར་པ་གཅིག་གིས། ཁ་རུ་བུར་རྡོག་ལ་སོགས་པ་བཅུག་ནས་ཁྲོམ་བསེ་བ་ལྟ་བུར་བལྟང་ན། གཟུགས་སྣང་སྟོང་། སྒྲ་གྲགས་སྟོང་། དྲི་ཚོར་སྟོང་། རེག་བྱ་རེག་སྟོང་དུ་འཆརསྟེ། ཀོ་བྲག་པ་བུ་ཆེན་འགའ་ཡིས་གདམས་སྐོར་བཞི་སོ་སོའི་གང་ལ་ཐུགས་དམ་མཛད་ཞུས་པས། འམ་བུ་དེ་ས་ལ་མེད་ལགས། སྒྲ་ཤཱ་ཤཱ་འདིའམ། ཁྱི་སྒྲ་ལྷང་ལྷང་བ་འདི་ལ་བྱེད་གསུང་ངོ་།
།བློ་བྲལ་གྱི་དྲན་པས་ཅེས་པ། དེ་ལྟ་བུའི་ཉམས་ལེན་གང་ལའང་མ་ཡེངས་ཀྱི་དྲན་པ་གཅིག་དགོས་ཀྱིས་སྒོམ་པ་ཆང་གཏེ་ལ་བཅུག་པས་མི་ཕན།
[[Shavaripa|ཤ་བ་རི་པ]]ས། དྲན་པ་རྒྱུན་ཆགས་དྲན་མེད་པ། །ཅེས་པ་དང་།
[[Nagarjuna|ཀླུ་སྒྲུབ་]]ཀྱིས། དབང་ཕྱུག་ལུང་རྟོགས་དྲན་པས་བདེ་གཤེགས་ཀྱིས། །བསྒྲོད་པ་གཅིག་པའི་ལམ་དུ་ཉེར་བསྟེན་ནས། །དེ་ནས་སྒྲིམས་ཏེ་མངོན་པར་བསྲུང་བགྱི་སྟེ། །དྲན་པ་ཉམས་པས་ཆོས་ཀུན་འཇིགས་པར་འགྱུར། །ཅེས་དང་།
[[Shantideva|ཞི་བ་ལྷ]]ས། དྲན་པ་དང་ནི་ཤེས་བཞིན་དག །སྲོག་ལ་བབས་ཀྱང་སྲུངས་ཤིག་ཅེས། །བངག་ནི་འདི་སྐད་འདམས་པར་བྱེད། །ཅེས་གསུང་།
དང་པོ་ནའང་། དྲན་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་དང་། གཉིས་པ་ནས་སངས་རྒྱས་ཀྱི་སའི་བར་ན་ཡང་དག་པའི་དྲན་པ་ཡོད་པར་གསུངས། དྭགས་པོས་སྒོམ་མེད་ན་ཡང་དག་གི་དྲན་པ་འདག་པ་གཅིག་གསུངས་ཀྱང་། སྒོམ་མེད་སླེབསླེབ་འདག་པར་མ་བཤད། འདི་མདོ་རྒྱུད་དང་མཐུན་རྒྱུ་མེད་ནའང་། དྭགས་པོའི་གསུང་ལ་ཚད་མར་བྱེད་དགོས། དྲན་པ་འདོག་ཅེས་པ། ལས་དང་པོ་པའི་བཟུང་དྲན་འདག་པའོ།
།དྲན་པ་ལའང་རང་ངོ་ཤེས་པའི་ཡུལ་མེད། ཅི་དགོས་ཀྱིས་འཛིན་མེད་ཙམ་རེས་ལམ་ཕྱག་རྒྱ་ཆེན་པོ་མི་འགྱུར། དེ་ཀུན་གཞི་དང་སྒོ་ལྔའི་རྣམ་ཤེས་ལ་ཡང་ཡོད་དེ།
མདོ་ལས། སེམས་ནི་ཀུན་ཏུ་ལུང་མ་བསྟན། །ཉོན་མོངས་ཅན་དེ་མི་དགེ་བ། །ཡིད་ནི་གཉིས་ཀར་འགྱུར་བ་སྟེ། །སྒོ་ལྔའི་རྣམ་ཤེས་ལུང་མ་བསྟན། །ཅེས་གསུངས་སོ།
།དཀར་པོ་ཆིག་ཐུབ་ཅེས་བྱའོ། །ཅེས་པ། དེ་ལྟར་རྟོགས་ཙམ་ན་དཀར་པོའི་ཕྱོགས་ཀྱི་ཆོས་རྣམས་ཐམས་ཅད་འདིར་རྫོགས་ཏེ། སྒོམ་ཆེན་པ་ལ་དགོས་པའི་ཞི་གནས་ལྷག་མཐོང་ཚད་སྟེ། ཞི་གནས་དང་ལྷག་མཐོང་ནི་གཉིས་ཏེ། ཐོས་པ་ལས་བྱུང་བ་དང་། གདམས་ངག་ལས་བྱུང་བའོ།
།ཐོས་པ་ལས་བྱུང་བ་ནི། མདོ་སྡེ་བཅུ་གཉིས་ཀྱི་དོན་ཡིད་ལ་བྱེད་པའོ། །དེ་ཡི་དོན་མཐོང་ངོ་།
།གདམས་ངག་ལས་བྱུང་བ་ནི། སེམས་ནང་དུ་གནས་པ་ནི་ཞི་གནས་སོ། །དེའི་དོན་མཐོང་བ་ནི་ལྷག་མཐོང་ཞེས་བྱའོ། །ཕར་ཕྱིན་དྲུག་ཚང་སྟེ།
ཚངས་པ་ཁྱད་པར་གྱིས་ཞུས་པ་ལས། མི་འཛིན་པ་ནི་སྦྱིན་པ། མི་གནས་པ་ནི་ཚུལ་ཁྲིམས། མི་ཁྲོ་བ་ནི་བཟོད་པ། མི་རྩོམ་པ་ནི་བརྩོན་འགྲུས། མི་སེམས་པ་ནི་བསམ་གཏན། མི་དམིགས་པ་ནི་ཤེས་རབ་སོ། །ཞེས་གསུངས་སོ།
།ཇོ་བོ་བཀའ་གདམས་པ་བཞེད་པའི་ཡན་ལག་ཡོད་པ་ཡང་ཚང་སྟེ། བསྔོ་བ་ལ་སོགས་པ་ལུང་གང་དུ་བཤད་དོ།
།[[བླ་མ་ཞང་]]གི་ཞལ་ནས། དཀར་པོ་ཆིག་ཐུབ་འདི་རྟོགས་ནས། པན་ཏ་པུན་ཏ་མ་མང་ཅིང་། །ཅེས་གསུངས་སོ།
།[[ས་སྐྱ་པཎྜི་ཏ]]ས། ཆིག་ཐུབ་བཀག་སྟེ། སྐྱབས་འགྲོ་དང་བསྔོ་བ་དགོས་མི་དགོས། །དགོས་ནགཉིས་དང་གསུམ་དུ་འགྱུར། །ཅེས་གསུངས་སོ།
།གནས་ལུགས་རྡོ་རུས་ཐུབ་པ་གཅིག་ལ་དེ་རྣམས་མ་བྱས་ཀྱང་། དེ་ཉིད་ངོ་བོར་ཚང་སྟེ། དེ་ནི་དམིགས་མེད་རྣམ་པ་ཅན། །ཅེས་བསྔོ་བ་ཚང་། བྱས་ཀྱང་འགལ་བ་མེད་དེ་ཡར་ལྡན་ནོ།
།གཉིས་གསུམ་དུ་འགྲོ་རྒྱུ་མེད། གདངས་སྐྱབས་འགྲོ་དང་། བསྔོ་བ་ལ་སོགས་པར་མ་འགགས་ལ། ངོ་བོ་འཛིན་མེད་ཆོས་སྐུར་ཏལ་བ་དེ་ལུང་གོང་དུ་བཤད་ཟིན། ཕྱོགས་རེ་བའི་སྣང་བ་སྟོང་པ་ལྟ་བུ་ཡིན་ན་སྐྱོན་འབྱུང་གི་སྣང་སྟོང་ཟུང་འཇུག་ཏུ་རྟོགས་པ་ལ་འཁོར་འདས་ཐམས་ཅད་གཅིག་གི་ངོ་བོར་འདུ་བས་སྐྱོན་མི་འབྱུང་གསུང་། ཤིང་མཁན་གཟོ་བོ་མཁས་པས། ཅེས་པ། མི་ཉག་འགའི་རྒྱལ་པོ་བསགས་པ་ཆེ་བས། འགའ་ཏུ་ཤིང་གི་མི་གཟུགས་མདའ་རྡོག་པའི་འཁྲུལ་བྱས། ཧོར་རྣམས་ཀྱི་ཚུར་བརྒྱབ་ཀྱང་གླག་མ་རྙེད་ལ། དེའི་མདས་དམག་གང་ལ་ཐོགས་པ་མེད་པར་ཕུང་བར་བྱས་ཏེ། དེ་དུས་བོད་དུ་ཧོར་དམག་མ་བྱུང་། དེ་བཞིན་དུ་རང་སེམས་ངོ་ཤེས་པས། ཉོན་མོངས་པའི་དགྲ་ཕུང་ཅེས་སོགས་སྦྱར་རོ།
།ཉོན་མོངས་རྣམ་རྟོག་འཕྲོ་ལ་ཇི་ལྟར་བྱེད་སྙམ་ན། ཆོས་སྐུའི་ཞེས་གསུང་། ཨ་མ་གཞན་ནས་ཞེས་པ་བྲམ་ཟེ་རྣམས་རང་གི་རིགས་འཆོལ་གྱི་དོགས་ནས། བྲམ་ཟེ་ནང་བྲམ་ཟེ་བསམ་པ་ལས་ཨ་མ་བྲམ་ཟེ་མ་ལ་བུ་བྲམ་ཟེ་ལས་འོད་་མེད་དོ།
།ཐག་སྦྲུལ་གྱི་དཔེ་གསུངས་ཏེ། རང་འཁྲུལ་པའི་སྣང་བས་བཟུང་བ་མ་གཏོགས་པ། ཐོག་མཐའ་བར་གསུམ་དུ་དེའི་སྣང་བ་ལས་འགྱུར་བ་མེད་དེ། །དེ་བཞིན་དུ་ཕྱི་ནས་གཞན་འབྱུང་བ་མ་ཡིན་ཏེ། གདའ་ཐབས་ཀྱི་ངེས་ཤེས་སྐྱེད་པའོ་གསུང་། ངེས་ཤེས་ལོགས་ནས་སྐྱེ་དགོས་སམ་ཞེ་ན། མི་དགོས་ཏེ། ནུ་བཅོལ་མའི་བུ་དཔེ་གསུང་། ཕྱག་རྒྱ་ཆེན་པོའི་རང་ས་མ་སླེབ་ཅེས་པ། འདོད་ཆགས་ཀྱི་གཉེན་པོར་མི་སྡུག་པ་བསྐྱོམས་ཀྱང་། འདོད་ཆགས་ཀྱི་ཤུལ་དུ་ཞེ་སྡང་གདན་དྲངས་པ་གཅིག་ལས་མ་བྱུང་། ཞེས་དུག་གསུམ་ཀ་སྦྲེས་ཏེ་གསུང་ངོ་།
།དེ་བཞིན་དུ་ཞེ་སྡང་ལ་གསལ་སྟོང་ཞེས་པ་སྤྱིར་ཉོན་མོངས་དུག་གསུམ་རྩལ་རྫོགས་པའི་དུས་ན་ཡང་། རང་གི་ངོ་བོ་རྟོགས་མེད་དུ་འཆར་ཏེ། དཔེར་ན་ཞེ་སྡང་སྐྱེ་སྔོ་ཙ་ན་དམར་ཐོམ་པ་བྱུང་སྟེ། དེ་དུས་སུ་ངོས་ཟིན་ན་གསལ་སྟོང་དུ་རྗེན་ནེ་ཡང་། དེ་བཞིན་དུ་འདོད་ཆགས་གཉིས་ཤོར་གཉིས་སྙམ་གྱི་དུས་ན་བདེ་སྟོང་གཏི་མུག་གཉིད་འཐུག་པོའི་དུས་ན་རིག་སྟོང་དུ་ཡོད་ཅེས། རྣམ་རྟོག་བཟང་ངན་ཐམས་ཅད་ཀྱི་སྟེང་ནས་རྒྱས་པར་སྤྲོས་ནས་གསུངས་སོ།
།ངོ་མ་ཤེས་སམ་ཅེས་པ་ཨ་སུ་རའི་མི་དང་། ཁྱད་ཀྱིས་ནོར་བུའི་དཔེ་གསུང་། ཉམས་ལེན་དེ་རྐྱེན་ལ་བསྲེ་མཁས་དགོས་ཏེ། ཤིང་སྡོང་དང་མེ་སྟག་གི་དཔེ་གསུང་། གཅིག་ཤེས་ཀུན་ལ་མཁས་ཅེས་པ་ལ། བུ་གྲུ་གླེན་གྱི་གླུ་གསུང་། གསང་སྔགས་འབྲས་བུ་ལམ་དུ་བྱེད་པ་ལ། རིན་པོ་ཆེ་པས། ཀོ་ཆུང་པ་དྲིས་པས། ད་ལྟ་ཚོགས་གཉིས་བསགས་པས་ཕྱིས་སྐུ་གཉིས་ཐོབ་པ་ལགས་སམ་བྱས་པས། ཉིད་རང་གི་ཞོག་དང་གསུངས། དེར་སེམས་རང་སྟོང་ཡུལ་མེད་དུ་གནས་པ་འདི་ཆོས་སྐུ། མདངས་འགག་མེད་དུ་གསལ་བ་འདི་སྤྲུལ་སྐུ། དེ་གཉིས་དབྱེར་མེད་པ་ལོངས་སྐུའམ་ངོ་བོ་ཉིད་སྐུ་ཟེར་གསུངས་པས། འོན་སྐུ་གསུམ་མངོན་དུ་གྱུར་པ་བསྒོམ་མི་དགོས་པར་འགྱུར་གསུངས་པས་ཁ་རོག་གོ །གཟུགས་མི་ལེན་མི་འདོར་བའི་ཚུལ་དང་ཞེས། གཞིའི་ཆོས་བླང་དོར་མེད་དུ་གསུངས། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་མི་ལེན་མི་འདོར་བའི་ཞེས། ལམ་གྱི་དབང་པོ་ལྔ་མི་ལེན་མི་འདོར་བའི་ཞེས་འབྲས་བུའ། །དེ་བཞིན་དུ་དེ་གསུམ་བཅིངས་གྲོལ་མེད་དུ་ཡང་གསུས་སོ། །དམ་པ་སྐད་ཅིག་མ་ཅེས་སོ། །སྐད་ཅིག་མ་འདི་ཉན་ཐོས་ཀྱི་ཡིན་མོད། ཁྱེད་ལ་བཤད་དམ་སྙམ་ན་སྔར་གྱི་ལུང་དང་།
ས་སྡེ་ལས། སྐད་ཅིག་མ་ཞེས་བྱ་བ་ནི་ཤེས་པ་ཡུལ་འཇུག་པའི་དུས་ཡོངས་སུ་རྫོགས་པའི་བར་དུའོ། །ཞེས་གསུངས་སོ།
།སྙིང་གི་དབུས་སུ་སད་ཅེས་པ། སྙིང་ནི་ཉེ་བ་ལ་མཚོན་པ་ཡིན་གྱིས་མཐའ་དང་བྲལ་བའི་དོན་ཏོ། །ཚོགས་དྲུག་དག་ཅེས་ཅེས་པ། སྦྱོར་དྲུག་པ་རྟགས་སྣང་དུ། དབུ་མ་པ་སྤྲོས་བྲལ་དུ། འདིར་འཛིན་མེད་དུ་དག་པའོ།
།རྟོགས་པར་འདོད་ན་ཞེས་པ། ལྟ་བ་རྟོགས་པ་འདི་གལ་ཆེ་སྟེ། དམ་པས་ལྟ་བ་མ་རྟོགས་པས་སྒོམ་མི་ཤེས་བུ་མེད་པར་གསོ་མི་ཤེས། ཞིང་མེད་པར་སོ་ནམ་མི་ཤེས། ཁ་བའི་འོག་གི་འབུར་འབུར་བ་ཅི་ཡིན་ཆ་མེད་གསུང་། བུ་མོ་ལོ་བཅུ་དྲུག་མའི་ཅེས་པ། རང་གེ་ཉམས་སུ་མྱོང་དུ་ཡོད་ལ་གཞན་ལ་བརྗོད་དུ་མེད་པ། དི་དག་མའི་རྨིའམ། བུ་ཆུང་གིས་ཟླ་བ་མཐོང་བ་ལྟ་བུའོ།
།དྲན་པས་དེ་བཞིན་དུ་བསྟེན་ཅེས་པ་དྲན་པ་བསྟེན་པ་གལ་ཆེ། འགའ་ཤིག་སྒོམ་བཤིག་པ་ལ་གཙོ་བོར་བྱེད་དེ། བཤིག་མི་དགོས་དུས་ཚོད་ལ་རང་ཞིག་འབྱུང་། དེ་མ་འབྱུང་ན་བཤིག་ཀྱང་ཐ་མལ་དུ་འགྲོ། བཤིག་ནའང་དུས་ཚོད་ཤེས་དགོས། [[Sukhasiddhi|སུ་ཀ་མ་སིདྡྷི]]འི་རྗེས་འབྲངས། དམ་པ་རིན་པོ་ཆེ་ལ་སོགས་པ་བཤིག་སྟེ་ཆུན་གཅུན། ཤིག་པར་བཤིག་བཤིག་ཤུལ་དུ་ལ་ཟླ། སོ་མའི་ཉམས་རྩལ་ཅེས་དང་པ་བཅུན། དེ་ལ་གཉེན་པོ་ཞུགས་སུ་དོགས་ནས་བཤིག དེ་ཆོས་སྐུའམ་འཛིན་མེད་དུ་ཟླའོ། །གང་ཤར་གྱི་ཉམས་དངོས་འཛིན་པའོ།
།དེ་བརྟན་པའི་ཚད་ཅེས་པ། རང་བྱུང་ལྷན་ཅིག་སྐྱེས་པའི་ཡེ་ཤེས་བླ་མའི་བྱིན་རླབས་དང་། གདམས་ངག་ཐབས་ལ་བརྟེན་ནས་ཡུལ་མེད་དུ་རང་ངོ་ཤེས་པ་དེ་ལ། འཕྲིན་ལས་ཐོགས་མེད་རང་དང་ཆ་མཐུན་མེད་དེ། རྣམ་རྟོག་ཞི་བའི་གཉིས་མེད་ཡེ་ཤེས་ཕྱོགས་མེད་དུ་རྒྱས་པའི། ཉོན་མོངས་རྣམ་རྟོག་དབང་དུ་འདུས་པས་དབང་། མཚན་མ་དང་རྟོག་པ་གསོད་པར་བྱེད། གཅོད་པར་བྱེད་པས་དྲག་པོའོ།
།ཡང་ན་སྣང་སྟོང་སྐུའི་འཕྲིན་ལས། གྲག་སྟོང་གསུང་གི་རིག་སྟོང་ཐུགས་ཀྱི་སྟེ། རང་དགེ་སྦྱོར་ལས་མ་གཡོས་པའི་དུས་ན། དེ་རྣམས་ཁྲིགས་ཀྱི་ཡོད་གསུང་། སྙིང་རྗེ་ཚད་མེད་ཀྱི་སྐབས་སུ་རང་ལ་དགེ་སྦྱོར་རྣལ་མ་སྐྱེས་ན། སེམས་ཅན་སྙིང་རྗེར་མ་ཟད་བླ་མའི་མོས་གུས། མཆེད་གྲོགས་ལ་དག་སྣང་། ལས་རྒྱུ་འབྲས་ལ་འཛེམ་པ་སོགས་ཤུགས་ལས་འབྱུང་བ་ཆོས་ཉིད་གསུང་། འོ་ན་དགེ་སྦྱོན་སྐྱེས་ཚད་ལ་དེ་འབྱུང་ངམ་སྙམ་ན། སྤྱིར་ཕལ་ཆེ་ལ་འབྱུང་། བྱེ་བྲག་ཏུ་རེ་རེ་ཙམ་ལ་མི་འབྱུང་བའང་སྲིད་གསུང་། དེ་ལ་ཆེད་དུ་བློ་བཅོས་ནས་བསྒོམ་པར་བཤད། [[བླ་མ་ཞང་]]ལ་གནས་ལུགས་ཀྱི་རྟོགས་པ་ཅིག་ཅར་དུ་གྱུར་ཡང་། སྙིང་རྗེ་ཆེར་མ་སྐྱེས་པས། ཕྱོགས་བཅུའི་སངས་རྒྱས་ལ་སྙིང་རྗེའི་སློང་མོ་མཛད་གསུངས་པས། སྙིང་རྗེ་བསྒོམ་དགོས། དེ་ཡང་སྙིང་རྗེའི་འཁྲུལ་འཁོར་བྱ་བ་ཡིན་པས་ལུས་སྒུར་བྱ། གཞིན་སྨིན་སྤྲག་ཏུ་བསྡུ། ཕྲེང་བ་ལག་ཏུ་བཟུང་ནས། རིགས་དྲུག་གི་སེམས་ཅན་འདི་རྣམས་ཕ་བྱེད་བྱེད། མ་བྱེད་བྱེད་པའི་དྲིན་ཅན་ཤ་སྟག་ཡིན་པས་འདི་རྣམས་བདེའམ་སྐྱིད་དམ་བལྟས་པས། མི་བདེ་མི་སྐྱིད་པར་འདུག་སྟེ། ཤེས་རབ་ཀྱི་མིག་ལོང་། ཐབས་ཀྱི་རྐང་པ་ཆག །འཕགས་པའི་ཐུགས་རྗེ་དང་བྲལ་ནས་ཁམས་གསུམ་འཁོར་བར་འཁོར་ཞིང་། རིགས་དྲུག་ཏུ་འཁྱམས་པ་སྙིང་རྗེ་སྙམ་དུ་ཚད་མེད་ཀྱི་སྙིང་རྗེ་མ་སྐྱེས་ཀྱི་བར་དུ་སྒོམ། སྙིང་རྗེ་དང་བྲལ་ཞེས་པས། སྙིང་རྗེ་དེ་ཡང་སྟོང་ཉིད་དུ་ཆུད་དགོས། མ་ཆུད་པ་ཚངས་པ་གདོང་བཞི་པར་འགྱུར་ཏེ། དེ་ཡང་སྟོང་ཉིད་ཀྱིས་མ་ཟིན་པའི་ཚད་མེད་བཞིའི་ལག་རྗེས་སོ།
མདོ་ལས། སངས་རྒྱས་ཀྱི་ཁོ་འདུལ་བར་ཤེས་ཏེ། ཚངས་པ་ཁམས་གསུམ་པོ་འདི་དག་གང་ལས་བྱུང་ཞིང་། གང་ལས་སྐྱེས་ཞེས་བཀའ་སྩལ་པས། གསོལ་པ་ཁམས་གསུམ་པོ་འདི་དག་ང་ལས་བྱུང་ཞིང་ང་ལས་སྐྱེས་སོ། །ཞེས་ཟེར་རོ།
།བཀའ་སྩལ་པ། ཁྱེད་གང་ལས་བྱུང་ཞིང་གང་ལས་སྐྱེས། དེར་ཁོས་མ་ཤེས་ཏེ་གསོལ་པ། བངག་གང་ལས་བྱུང་། བཀའ་སྩལ་པ། ཁྱོད་མ་རིག་པ་ལས་བྱུང་ཞིང་མ་རིག་པ་ལས་སྐྱེས་སོ། །ཞེས་གསུང་།
དེས་ན་སྟོང་ཉིད་སྙིང་རྗེ་དབྱེར་མེད་དུ་རྟོགས་ཏེ།
བརྟག་གཉིས་ལས། ཧེས་ནི་སྙིང་རྗེ་ཆེན་པོ་ཉིད། །བཛྲ་ཤེས་རབ་བརྗོད་པར་བྱ། །ཞེས་གསུང་།
ཟུང་དུ་མ་ཆུད་ན་འདི་ལྟ་བུའང་འབྱུང་སྟེ།
མདོ་ལས། རྒྱ་གར་དུ་བྲམ་ཟེ་བཟའ་མི་གཉིས་ལ་བུ་མེད་པར། བུ་འོང་དུ་རེ་ནས་མཆོད་སྦྱིན་དང་། བསྙེན་གནས་བསྲུང་བ་ལ་སོགས་པ་ཐབས་སྣ་ཚོགས་བྱས་པས། ནུབ་གཅིག་ཁོ་བོའི་རྨི་ལམ་དུ། རལ་གྲི་རྣོ་ངར་དང་ལྡན་པ་གསུམ་རྙེད་པར་རྨིས་པས། དེར་གཅིག་སྣུམ་ལ་ཤོར་ནས་དོན་བྱེད་མ་གཅིག་གཡང་ལ་ལྷུང་ནས་ཆག །གཅིག་གིས་རྒོལ་བ་ཚར་གཅོད་པ་རྨིས་སོ། །ཕྱིས་བུ་གསུམ་བཙས་ནས་ཆེར་སྐྱེས་པ་དང་། གསུམ་ཀ་ཆོས་ལ་བཅུད་པས། གཅིག་གིས་སྙིང་རྗེ་ཁོ་ན་བསྒོམས་འཁོར་བ་ལས་འདའ་བར་མ་ནུས། གཅིག་གིས་སྟོང་པ་ཁོ་ན་བསྒོམས་ཏེ་རྒྱུ་འབྲས་ཁྱད་དུ་བསད་ནས་ངན་སོང་དུ་འགྲོ་བའི་ལས་བསགས། གཅིག་གིས་ཟུང་འཇུག་བསྒོམས་པས་ཉོན་མོངས་པ་ཕས་རྒོལ་ཚར་བཅད་དོ། །ཞེས་གསུངས་སོ།
།མདོར་ན་ཉན་རང་ལ་ཡང་། སེམས་ཅན་ལ་བརྩེ་བའི་སྙིང་རྗེ་ཡོད་དེ་རང་གིས་འཁོར་བར་ཞུགས་ནས། གཞན་འདོན་མི་ནུས། ཁོ་འཁོར་བའི་སྡུག་བསྔལ་ལ་འཇིགས་པས་སོ། །བྱང་སེམས་ཀྱིས་ནུས་ཏེ། འཁོར་བའི་སྡུག་བསྔལ་བཟོད་པས་སོ།
།དཔེར་ན་བཟའ་མི་གཉིས་ཀྱི་བུ་ཆུས་ཁྱེར་ན། མ་བརྩེ་བ་སྤྱོད་ཀྱང་ཆུར་འཇུག་མི་ནུས། ཕས་ནུས་པ་བཞིན་ནོ་གསུང་། ཐབས་ཁྱད་པར་ཅན་གྱི་སྐབས་སུ། རླུང་ནི་ལོང་བ་རྐང་ཅན་ལ། །རྣམ་རྟོག་ཆེ་བ་མིག་ཅན་ཞོན། །ཅེས་པས།
རླུང་ཞོན་པ་དང་འདྲ་ལ། རྣམ་རྟོག་ཁ་ལོ་པ་དང་འདྲ་བས། རླུང་ཟིན་ན་རྣམ་རྟོག་ཁྲོ་འཕྲོ་འཆད་དེ། དཔེར་ན་སྐྱེས་བུ་རྟ་ཞོན་པའི་སྲབ་ནས་བཟུང་ན། སྐྱེས་བུ་བཟུང་མི་དགོས་པ་བཞིན་ནོ།
།ཁ་ཅིག་རླུང་མགྲིན་པའི་སྟོང་བཟུང་ཟེར་ཏེ། དེ་གེགས་ཆེ་བས་འཇམ་རླུང་ནར་མ་རྔུབས་ལ་མཆིལ་མ་དང་བསྒྲགས་ལ་ལྟེ་འོག་ཏུ་བསྐྱུར་གསུང་། འོད་གསལ་ལྷ་སྐུ་ཅེས་པ། འོད་གསལ་ཞེས་པ། སྒོ་ལྔ་ཡུལ་གྱིས་གསལ་བ་ལྟ་བུ་མ་ཡིན། འདིར་སེམས་རང་འོད་གསལ་ལ་གསལ་བ་ལ་བྱ། སྤྱིར་མཉམ་བཞག་གི་ཐོ་རྗེས་ལ་རྒྱུག །ཉིན་མོའི་ཐོ་མཚན་མོ། དེ་བར་དོ་ལ་རྒྱུག་པ་ཆོས་ཉིད་ཡིན་པས། ད་ལྟ་འོད་གསལ་དེ་གོམས་པས་འཆི་ཁར་མི་གཡོ་བའི་འཁོར་ལོ་གཉིས་འདུས་ཏེ། རྡུ་ཏིར་ཆུད་པས། བར་དོ་དང་པོར་གཟུང་འཛིན་གྱིས་སྟོང་པའི་ཆོས་ཉིད་ནམ་མཁའ་ལྟ་བུ་ལུས་ཅན་ཐམས་ཅད་ལ་འབྱུང་སྟེ། དེ་མའི་འོད་གསལ་ལོ། ད་ལྟ་རང་ངོ་ཤེས་ཤིང་གོམས་པར་བྱས་པ་འདི་ལྟ་བུའི་འོད་གསལ་ལོ།
།དེ་གཉིས་ཆུ་དང་འོ་བོང་མ་འཕྲད་པ་བཞིན་དུ་འཕྲད་སྔར་འདྲིས་ཀྱི་མི་དང་འཕྲད་པ་བཞིན་དུ་ངོ་ཤེས། ཆུ་དང་འོ་མ་གཅིག་ཏུ་འདྲེས་ནས། རང་དོན་ཆོས་སྐུ་བརྟན་པ་ཐོབ་པ་འབྱུང་ངོ་། དེའང་ངོ་ཤེས་པ་ཙམ་གྱིས་མི་ཕན། གནས་ནུས་དགོས།
གནས་ཡུན་ལ་རྫོགས་འགའ་ཞིག་ལས། སེ་གོལ་བཅུ་ནི་རྟོག་ཡུན་བར། །གནས་ན་སྲིད་པ་ཟད་པར་བྱེད། །ཅེས་སོགས་བཤད་ནའང་།
རིན་པོ་ཆེ་པ་སྐྱེ་མེད་ཀྱི་ངང་ནས་འགག་མེད་ལོངས་སྤྱོད་རྫོགས་སྐུ་དག་པའི་སྒྱུ་ལུས་སུ་ལྡང་དགོས་གསུང་། སྤྱིར་ཡང་འོད་གསལ་ལ་གཉིས་ཡིན། །གཉིད་སྲབ་པ་དང་འཐུག་པའོ།
།འཐུག་པའི་ནི་འོད་གསལ་ལ་སྣང་མཆེད་ཐོབ་གསུམ་གྱིས་མཚམས་སྦྱར་ནས་གཉིད་དུ་སོང་བ་དང་། རླུང་དབུ་མར་ཞུགས་ཏེ། རྣམ་ཤེས་སྙིང་གར་གནས་ཤིང་། རྣམ་རྟོག་གི་འགྲོ་འོང་ཆད་པའི་དུས་འབྱུང་། དེ་དུས་སུ་གཉིད་མ་བསྒྲིབས་པར་ཡུལ་མེད་དུ་རུང་ངོ་ཤེས་ན། འཐུག་པོའི་འོད་གསལ་ཡིན།
སྲབ་མེ་ཡིས་ནི། [[Aryadeva|ཨཱརྱ་དེ་བ]]འི་སྤྱོད་བསྡུས་ལས། ས་འཐུག་གྱུར་པས་འགྲོ་བ་རང་ཉིད་འགྲོ། །རླུང་གི་སྟོབས་ཀྱིས་རྨི་ལམ་འབྱུང་བར་འགྱུར། །ཅེས་པས།
རླུང་སེམས་སྙིང་གར་གནས་མ་ནུས་པོར་རོ་རྐྱང་གཉིས་ནས་ཞུགས་ཏེ། རྣམ་ཤེས་མགྲིན་པར་གནས་དེ་དུས་སུ་རྨི་ལམ་བུན་ལོ་འགྱུར། དེར་རྨི་ལམ་གཉིད་དེས་མ་བསྒྲིབས་པར་ཡུལ་མེད་དུ་རང་ངོ་ཤེས་ན་སྲབ་མོའོ། །ཁ་ཅིག་འོད་གསལ་གཅིག་ལས་སྲབ་འཐུག་མི་འཐད་དེ།
ན་རོ་ཆོས་དྲུག་ལས། གཉིད་སྲབ་འཐུག་གི་འོད་གསལ་འཛིན་ལུགས་བཤད་དོ། །ཡང་འགའ་ཞིག་གཉིད་འཐུག་པོ་དེ་རྟོག་པ་སྲབ་པའི་དེ་ཉམས་ཀྱི་འོད་གསལ་དུ་འདོད་པ་ཡོད་དེ། དེའི་ངེས་པ་མེད། གཉིད་སྲབ་མོའི་དུས་སུ་ཡང་ཤེས་པ་རྟོག་མེད་དམ། འཛིན་མེད་ཙམ་དེ་མ་ཡིན་པའི་ཡུལ་མེད་དུ་རང་ངོ་ཤེས་པ་དེ་རྟོགས་པ་ཡིན་གསུང་། རྟོག་མེད་འཛིན་མེད་ཙམ་དེ་འདྲ་སྒོ་ལྔའི་རྣམ་ཤེས་ལ་ཡོད་དེ། དེ་ཀ་ངོ་མ་ཤེས་པ་ལ་མ་རིག་པ་ཟེར། འགའ་ཞིག་མ་རིག་པ་དང་གཏི་མུག་ལ་ཁྱད་མེད་པར་འདོད་ཅིང་། སྡེ་སྣོད་འཛིན་པ་དང་རྒྱུད་སྡེ་འཛིན་པ་ཕལ་གྱིས་ཀྱང་ཁྱད་མི་ཕྱེད་འདུག །རིན་པོ་ཆེ་པ་ཕྱེད་འབྱེད། ཡུལ་མེད་དུ་ངོ་མ་ཤེས་པ་མ་རིག་པ། ཡུལ་ངོ་ཤེས་པ་གཏི་མུག་ཡིན་གསུང་། བླ་མའི་གསུང་གིས་ཀྱང་། དེ་གཉིས་ཁྱད་མེད་ནའང་། སྤྱི་བོ་ཧཾ་རྡུ་ཏི་འཇུག་དུས་དཀར་ལམ་འཆར། དེས་ཞེ་སྡང་ལས་གྱུར་པའི་རྟོག་པ་འགག །དེ་གཉིས་སྙིང་གར་འདུས་ཏིང་ནག་ཐིབས་འབྱུང་། དེར་གཏི་མུག་འགག །དེ་གསུམ་དག་པའི་རྗེས་སུ་ཨ་ཧཾ་འདུས་པ་ལས་བྱུང་བའི་ཤེས་པ་བཟུང་འཛིན་གྱིས་སྟོང་པ་ཆོས་ཉིད་མའི་འོད་གསལ་འཆར་ཏེ། དེ་ཀ་རང་ངོ་མ་ཤེས་ཙམ་ན་མ་རིག་པའི་ངོ་བོར་གནས། དེ་ལ་སེམས་བྱུང་རྟོག་པ་བྱུང་ནས་འཁོར་བར་འཁྱམས་པ་ཡིན་པས་ཁྱོད་ཡོད་མེད་ན་དེ་གཉིས་འགགས་རྟིང་ཆོས་ཉིད་མའི་འོད་གསལ་ན་ཀུན་ལ་འཆར། དེ་ནས་འཁོར་ང་རྒྱུན་ཆད་དགོས་གསུང་། ཟུང་འཇུག་ཅེས་པའི་སྐབས་སུ། གཞི་ལམ་འབྲས་བུ་ཐམས་ཅད་སྐུ་གསུམ་དུ་ཡོད་པས་དེ་རྣམས་མ་འདྲེས་པ་བྱེད་དགོས། གཞིའི་སྐུ་གསུམ་ནི་ཤེས་པའི་ངོ་བོ་གསལ་བར་སྣང་བའི་ཆ་ནས་སྤྲུལ་སྐུ། རང་བཞིན་སྟོང་པའི་ཆ་དེ་ཆོས་སྐུ། དེ་གཉིས་དབྱེར་མེད་པ་ལོངས་སྐུའི་ངོ་བོ་ཉིད་ཡིན་ཏེ། འདི་གསུམ་སེམས་ཅན་ལ་ཁྱབ་བྱེད་དུ་ཡོད་གསུང་། ལམ་ནི་གཞི་སྟེ་རང་ངོ་ཤེས་པས་ཁྱད་པར་དུ་བྱས་པའོ།
།འབྲས་བུ་ནི་ལམ་དུས་ཀྱི་དྲི་མ་གློ་བུར་བ་དང་བཅས་པ་རང་དག་སྟེ་འཁྲུལ་པས་དབྱེས་མི་ཚུད་ཅིང་བརྟན་པ་ཐོབ་པའོ་གསུང་། གཞི་སྐད་ལམ་ལ་ཅེས་པས་དིང་སང་འགའ་ཞིག་སྟོང་པ་ཁོ་ཡིན་གྱིས་སྒོམ་མེད་དོ་ཞེས་ལམ་གྱི་རྩོལ་བ་དོར་ནས་ཐབས་ཁྱད་དུ་གསོད་པ་རྣམས་ནི་ལྷག་གཅོད་ཀྱི་སྟོང་ཉིད་སྒོམ་པ་དང་འདྲ་སྟེ། སྐབས་ལེགས་ན་ཉན་ཐོས་ཀྱི་འགོག་པ། ཉེས་ན་སྐྱེ་མཆེད་མུ་བཞི་སྟེ། དེ་ཡང་མིན་ན་ངན་སོང་གསུམ་དུ་ལྟུང་བར་བཤད་དོ།
།འགའ་ཞིག་དྲན་པས་འཛིན་པ་དང་སྒོམ་ཅི་དགོས། སྒོམ་རྒྱུ་མེད་པ་ཡིན་པས་བསྒོམ་ན་གོལ་ཅེས་ཟེར། དེ་མ་གོ་བ་ཡིན། [[Maitripa|མཻ་ཏྲི་པ]]འི་སློབ་མ་[[སི་རི་སིངྷ་]]ཞེས་བྱ་བ་རྣལ་འབྱོར་ཕོ་མོ་ལྔ་བཅུ་རྩ་གཉིས་འཚོགས་པའི་ཚོགས་གྲལ་དུ་རྟོག་པ་ཕུལ་བ།
ཆོས་རྣམས་སྟོང་པར་རྟོགས་པ་ཡིས། །དེ་ཡི་མཐའ་ལ་སྒོམ་དུ་མེད། །གལ་ཏེ་སྒོམས་ན་སྨན་འགྱུར་ཏེ། །དཔེར་ན་རྒྱལ་པོ་རྒྱལ་པོར་ནི། །སླར་ཡང་འདོད་པ་བསྐྱེད་པ་བཞིན། །སྒོམ་སོགས་སྦྱིན་སྲེག་ཐལ་བ་འདྲ། །ཅེས་བརྗོད་པས་རྣལ་འབྱོར་ཕོ་མོ་རྣམས་མ་མཉེས་ཏེ། དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱི་གསང་བ་འཕྲོག་པར་བྱེད་པའི་ལོག་སྲེད་ཅན་ཁྱོད་ཉོན་ཅིག །ཚེས་གཅིག་གི་ཟླ་བས་ཉ་གང་བ་ཉིད་དམ། བུ་ཆུང་བཙས་མ་ཐག་རྩལ་རྫོགས་པ་ཉིད་དམ། ཅེས་མང་དུ་གསུངས་ཏེ། སྲོག་དང་ཕྲལ་གཏོར་རྒྱན་བྱས་སོ། །ཞེས་གསུང་། རིན་པོ་ཆེ་པ། ད་ལྟ་མཁའ་འགྲོ་ཚོ་ཡང་གཡེལ་དུ་སོག་འདུག །གཏོར་རྒྱན་ལ་གཏད་རྒྱུ་ཨེན་རེ་འདུག་པས་གསུང་། དེས་ན་རྣམ་ཀུན་མཆོག་ལྡན་གྱི་སྟོང་པ་ཐབས་ཀྱི་རྣམ་པ་ཚང་བ་འདི་གོ་བར་བྱ་སྟེ།
འགྲོ་མགོན་ཆོས་ཀྱི་ཕྱག་ལེན་རྩེ་ལྔ་མ་ལས། རྣམ་ཀུན་མཆོག་ལྡན་སྟོང་པ་ཉིད། །ཆོས་རྣམས་ཀུན་གྱི་དེ་ཁོ་ན། །ཤེས་བྱ་ཀུན་ལ་རྒྱས་འདེབས་པས། །ཕྱག་རྒྱ་ཆེན་པོ་ཞེས་བརྗོད་དོ། །ཞེས་གསུངས།
དེ་མ་ཡིན་པའི་སྟོང་ཀྱང་ཐབས་ཁྱད་དུ་གསོད་པ་ནི་ཧ་ཤང་གི་ལྟ་བ་དང་ཁྱད་མེད་དེ། སྔོན་མཁན་པོ་བོ་དྷི་ས་ཏྭ་སྐུ་གཤེགས་ཁར་ཐུགས་འཚུབ་ཅིར་དབུ་ཕུར་ནས། རྒྱལ་པོས་དེ་ཅི་ལགས་ཞུས་པས། ནང་པར་རྫུས་ལྟ་ལོག་འཛིན་པ་ཧ་ཤང་བྱ་བ་ཡོང་། དེ་སངས་རྒྱས་ཀྱི་བསྟན་པ་སྣུབ་གསུང་། ཐབས་ཅི་འདོག་ཞུས་པས། དེ་དུས་ངའི་སློབ་མ་[[ཀ་མ་ལ་ཤི་ལ་]]བལ་བོད་མཚམས་སུ་ཡོང་། དེ་གདན་དྲངས་ནས་ཚར་བཅད་ན་ཆོད་གསུངས། ཕྱིས་དེ་བཞིན་དུ་བྱུང་ནས། རྒྱལ་པོས་ཁོང་གདན་དྲངས་པས་འདྲོངས་ནས་ཧ་ཤང་གིས་ཀྱང་བསུ་བ་བྱས་པས། པཎྜི་ཏས། ཆུ་ཕ་ག་ནས། བརྡའི་རྩོད་པ་ནམ་མཁའ་ལ་དབྱུག་པ་བསྐོར་བས། ཁོས་ཀྱང་ཤེས་ཏེ། ལན་དུ་ཆོས་གོས་ལ་འཇུས་སོ།
།ཡང་རྩོད་པ་བྱས་པས། ཁོས་ཁྱུར་གྱི་དཔེ་ལ་སོགས་པ་བྱས་པ་ལ། པཎྜི་ཏས་དཔེ་མི་འཐད། དོན་མི་འཐད་ཅེས་འགག་པ་མཛད་པས། ཐོག་སྤྱི་བོར་བབས་ཅེས་འཕམ་པར་ཁས་བླངས་སོ།
།དེ་ནས་ཁོ་ལ་རྫུ་འཕྲུལ་ཅུང་ཟད་ཡོད་པས་ནམ་མཁའ་ལ་འཕགས་ཏེ། ཤར་ཕྱོགས་སུ་སོང་ཅེས་ཀྱང་ཟེར། བསད་ཅེས་ཀྱང་ཟེར། སྔ་མ་ལྟར་ན་ཁོའི་ལྷྭམ་ཡ་གཅིག་ལུས་པས་ངའི་ལྟ་འཛིན་ད་དུང་ཡོད་ཟེར། ད་ལྟའི་སྟེང་ཕྱོགས་པ་རྣམས་སོ།
།ཕྱི་མ་ལྟར་ན་ཁོའི་སློབ་མ་འགའ་རེ་དང་། རྒྱལ་པོའི་བློན་པོ་ཁོ་ལ་མོས་པ་འགའ་རེ་ལྕེབས་ཀྱང་ཟེར་རོ།
།དེས་ན་སྟོང་ཉིད་སྙིང་རྗེ་དབྱེར་མེད་དམ། །ཐབས་ཤེས་དབྱེར་མེད་དམ། སྣང་སྟོང་དབྱེར་མེད་རྣམས་གོ་བར་བྱ་གསུངས། ཁྲིད་ཚུལ་རྒྱས་འབྲིང་བསྡུས་གསུམ་ལ། རྒྱས་པར་ནི་ཇ་གསར་རྙིང་བླངས་སེ་བ་མང་དུ་གསོལ་བའི་རྗེས་ལ་ཤིན་ཏུ་རྒྱས་པར་བྱོན་ཏེ། ལུང་འདྲེན་ཀུན་ལ་མཐའ་མེད་ནའང་། ཇི་ལྟ་བ་བཞིན་མ་ཟིན། འོན་ཀྱང་[[Sangyé Nyentön|རིན་པོ་ཆེ་རི་གོང་པ]]འི་གསུང་སྒྲོས་ང་བས་རྒྱས་པ་ཟིན་པ་གཞན་མེད་གསུངས་གསུང་།
ཡིད་བཞིན་ནོར་འདྲའི་མཉམ་མེད་ཆོས་རྗེ་ལ། །མོས་གུས་མཆོག་གིས་ཕྱི་དོར་ལེགས་བྱས་པས། །མི་ཟད་གཏེར་མཛོད་ཟབ་མོའི་གསང་སྒོ་ཕྱེ། །དགོས་འདོད་ཀུན་འབྱུང་གསུང་ངག་ནོར་བུ་གནང་། །བརྗེད་ངེས་ལོག་ལྟའི་དགྲ་ལ་མ་ཤོར་བ། །དད་མོས་འདུན་པའི་སྐྱེས་བུས་མེ་ལ་ཚེ་བྱས། །རང་གཞན་མ་རིག་མུན་སེལ་སྒྲོན་མེ་འདི། །མི་བརྗེད་གཟུངས་སུ་བདག་གིས་ཡི་གེར་བཏབ། །འདི་ལ་ཉེས་པར་གྱུར་པ་གང་མཆིས་པ། །ཆོས་བདག་མཁའ་འགྲོའི་ཚོགས་ལ་བཟོད་པར་གསོལ། །དེ་བྱུང་དགེ་བས་འགྲོ་རྣམས་སངང་རྒྱས་ཤོག
།ཕྱག་རྒྱ་ཆེན་པོ་རང་བབས་གསུམ་གྱི་ཁྲིད་ལགས་རྣམ་ཞག་ལམ་གྱིས་འཇུག་པ་གསལ་བར་བྱེད་པའི་སྒྲོན་མ་ཞེས་བྱ་བ་འདི། །རྩོད་པའི་དུས་འདིར་སྒྲུབ་བརྒྱུད་ཀྱི་བསྟན་པ་རྒྱས་པར་མཛད་ཅིང་། འགྲན་ཟླ་དང་བྲལ་བའི་[[Tsangma Shangtön|ཆོས་རྗེ་ཞང་སྟོན་རིན་པོ་ཆེ]]ས་ཡི་གེར་ཅུང་ཟད་གཅིག་མཛད་པ་དང་། ཆོས་རྗེ་ཉིད་ཀྱིས་གསུང་ལས་ཟབ་རྒྱས་སུ་བྱོན་པ་ལ། སྤྲང་པོ་རང་གིས་ཅུང་ཟད་ཟིན་པ་རྣམས་རང་བཟོ་དང་ཤེས་བཅུག་སྤངས་ཏེ། གསུང་ལ་དབྲི་བསྣན་མེད་མེད་པར། [[Drakpa Gyeltsen|ཤཱཀྱའི་དགེ་སློང་རྡོ་རྗེ་འཛིན་པ་གྲགས་པ་རྒྱལ་མཚན་]]གྱིས་དཔལ་ཡུལ་ཆོས་གངས་ཀྱི་ར་བར་ཡི་གེར་བྲིས་པའོ།། མངྒ་ལཾ།། །།

སྲབ་མེ་ཡིས་ནི། [[Aryadeva 2|ཨཱརྻ་དེ་བ]]འི་སྤྱོད་བསྡུས་ལས། ས་འཐུག་གྱུར་པས་འགྲོ་བ་རང་ཉིད་འགྲོ། །རླུང་གི་སྟོབས་ཀྱིས་རྨི་ལམ་འབྱུང་བར་འགྱུར། །ཅེས་པས།

Latest revision as of 10:41, 25 September 2024

Resource ID SCv9p301
Title ga'u ma'i gsal byed
Topics Mahamudra Gauma
Sub-Topics Commentary
Author Drakpa Gyeltsen
Associated Person Tsangma Shangtön
Link BDRC W23922

༄༅། །གའུ་མའི་གསལ་བྱེད་བཞུགས་སོ།།

བླ་མ་དམ་པའི་ཞབས་ལ་གུས་པས་ཕྱག་འཚལ་ལོ།
།ཕྱག་རྒྱ་ཆེན་པོ་རང་བབས་གསུམ་གྱི་ཁྲིད་ཀྱི་སྐབས་སུ། བརྒྱུད་པའི་ལོ་རྒྱུས་ཀྱི་རྗེས་ལ། བརྒྱུད་པ་དེ་རྣམས་གོང་མ་གོང་མས། འོག་མ་འོག་མ་ལ་ལུང་བསྟན་པ། ཡི་དམ་གྱིས་བྱིན་གྱིས་རླབས་པ། མཁའ་འགྲོ་ཆོས་སྐྱོང་ཐམས་ཅད་ལ་མི་བཞིན་དུ་ལབ་ཅིང་། བྲན་བཞིན་དུ་འཁོལ་བ། སངས་རྒྱས་ཀྱི་བརྒྱུད་པ་རྟོགས་ལྡན་དང་གྲུབ་ཐོབ་ཀྱི། མི་བར་དུ་ཁྱི་མ་ཞུགས་པའི་བརྒྱུད་པ་ཡིན་གསུང་། སློབ་མ་བཀྲི་བའི་ཚུལ་མི་འདྲ་བ་མང་དུ་ཡོད་ཅེས་པ། ཕྱག་རྒྱ་ཆེན་པོ་བཤད་རྒྱུད་རབ་ཏུ་མི་གནས་པ། རྙོག་པ་མེད་པ། གསང་བ་བླ་ན་མེད་པ་རྣམས་ཀྱི་རྗེས་སུ་འབྲངས་ནས། བྲམ་ཟེ་ཆེན་པོས། ལམ་སྒྲུབ་སྐོར་སྙིང་པོའི་སྐོར་ལྟར་དུ་བཀྲི་བའམ། གསང་བ་འདུས་པའི་རྗེས་སུ་འབྲངས་ནས། སློབ་དཔོན་འཕགས་པ་ཡབ་སྲས་ཀྱི་ལམ་གྱི་རིམ་པ་སྔར་ལྟར་བཀྲི་བའམ། དུས་ཀྱི་འཁོར་ལོའི་རྗེས་སུ་འབྲངས་ནས་ལམ་སྦྱོར་བ་ཡན་ལག་དྲུག་ལྟར་དུ་བཀྲི་བའམ། རྩ་རྒྱུད་བརྟག་པ་གཉིས་པའི་རྗེས་སུ་འབྲངས་ནས། བིརྺ་པས་ལམ་འབྲས་བུ་དང་བཅས་པ་ལྟར་བཀྲི་བའམ། བདེ་མཆོག་ཨ་ན་པའི་རྗེས་སུ་འབྲངས་ནས། དམ་པ་རིན་པོ་ཆེས། ལམ་རིག་པ་དྲི་མ་མེད་པ་ལྟར་བཀྲི་བ་ལ་སོགས་པ་འཁྲིད་ཚུལ་བསམ་གྱིས་མི་ཁྱབ་ནའང་། འདིར་ཡེ་ཤེས་རྒྱ་མཚོའི་རྒྱུདརིན་ཆེན་རྒྱ་མཚོའི་རྒྱུད། ཡོན་ཏན་རྒྱ་མཚོའི་རྒྱུད། རྒྱ་མཚོ་རྣམ་པ་གསུམ་གྱི་རྗེས་སུ་འབྲངས་ནས། རྡོ་རྗེ་འཆང་གིས་ཅེས་སོ།
།གའུ་མ་ཞེས་གྲགས་པས། བླ་མ་ཤངས་པས། གསེར་དང་འདྲ་བའི་གདམས་པ་རྣམས། བལ་པོའི་གའུ་སྙིང་འདྲབ་ཅིག་གི་ནང་དུ་བཅུག་སྟེ། ཟབ་པའི་དོན་གྱིས་སྐུ་ལུས་དང་མི་འབྲལ་བར་མཛད་པ་དང་། སྐུ་གཤེགས་དུས་དེའི་ནང་ནས་བྱུང་བས། དེར་གའུ་མ་ཞེས་གྲགས་ཏེ། གདམས་པ་གཞན་ཡང་མང་དུ་བྱུང་ཀྱང་། ཆོས་འདེས་སྤྱི་མིང་དགོས་སུ་ཐོབ་པ་ལྟ་བུ་ཡིན་གསུང་། སློབ་མ་སྤྱིར་ཞེས་པས་རྔུལ་ཚོན་གྱི་དཀྱིལ་འཁོར་རྒྱས་པར་དབང་ཐོབ་ཅིང་། འདིའི་རྗེས་སུ་འདིའི་བྱིན་གྱིས་རླབས་ཀྱིས་བཀའ་བརྒྱུད་པར་སྨིན་པར་བྱས་ནས། དེའི་དྲོད་མ་ཡལ་བ་ལ། འདིའི་རྒྱུན་ཉམས་སུ་ལེན་པ་ཡིན་གྱིས་དཀྱིལ་འཁོར་རྒྱས་པའི་སྔོན་དུ་མ་སོང་བར། འདིའི་བཀའི་ཆོས་སྒོ་དབྱེར་མི་ཉན་གསུང་། སྐྱབས་འགྲོ་དང་ཅེས་པ། སྒོམ་ཐུན་རེ་རེའི་སྔོན་དུ་ཡང་བྱ་སྟེ། ཁྱུང་པོ་མི་དང་མི་མ་ཡིན་པའི་གནོད་པས་མི་བརྫི་བ་དང་། ཞེས་གསུངས་པས་བར་ཆད་མི་འབྱུང་གསུང་། སེམས་བསྐྱེད་པས། ཐེག་པ་ཆེན་པོའི་ལམ་དུ་འགྱུར་འོ།
།རང་གི་ལུས་ཅེས་པ་འདིར་གསང་སྔགས་བླ་མེད་ཀྱི་ཡི་དམ་ངེས་པར་སྒོམ། དེ་ལ་དཀྱིལ་འཁོར་རྒྱས་པར་བསྒོམས་ཀྱང་འགལ་བ་མེད་ཅིང་ལེགས་ནའང་། འདིར་མཚན་མ་མེད་པའི་རྫོགས་རིམ་གཙོ་བོར་བྱེད་པས། དཔའ་རྐྱང་ངམ་ལྷན་སྐྱེས་ལྟ་བུ་སྒོམ། དེའང་གཞིའམ་རྟེན་ཙམ་མ་ཡིན་པའི་རྣམ་པ་གསལ་བ། དག་པ་དྲན་པ། ང་རྒྱལ་བརྟན་པ། གསལ་སིང་བ་བསྒོམ་གསུང་། བླ་མའི་ཐུགས་ཀ་ནས་འོད་ཟེར་འཕྲོས་རྩ་བརྒྱུད་ཀྱི་བླ་མ་ཡི་དམ། ཆོས་སྐྱོང་རྣམས་བཀུག་སྟེ། རིམ་པ་བཞིན་དུ་སྐུའི་སྟོད་སྨད་བར་གསུམ་ལ་བསྟིམས་ཀྱང་འགལ་བ་མེད་གསུང་། །གནོད་བྱེད་ཅེས་པས་བསམ་པས་བར་ཆད་མི་འབྱུང་ཞིང་། གཞི་བདག་བསམ་པས་ཁུ་ལྡོག་མི་འབྱུང་གསུང་། སྙིང་གི་དཀྱིལ་ཅེས་པ། མ་ཡེངས་རྩེ་གཅིག་ཏུ་བྱེད་པ་མཚོན་པ་ཡིན། སེམས་ཡེངས་ན་བྱིན་རླབས་མི་འབྱུང་།
སྤྱོད་འཇུག་ལས། བཟླས་བརྗོད་དང་ནི་དཀའ་ཐུབ་ཀུན། །ཡུན་རིངས་དུས་སུ་འབད་བྱས་ཀྱང་། །སེམས་གཞན་གཡེང་བས་བྱས་པ་ནི། །དེ་ཉིད་རིག་པ་དོན་མེད་གསུངས། །ཅིས་ཏེ་དོན་ཡེ་མེད་པ་མ་ཡིན་ཡང་། །ཆུང་བ་ལ་དགོངས་པ་ཡིན། །སྙིང་རྗེ་པདྨ་དཀར་པོ་ལས། སེམས་ཉོན་མོངས་པ་འབྱིན་པ་བཅས་པས་བསྒྲུབས་ན། དཔེ་སྐར་མ་ལྟ་བུ་ཡང་འབྲས་བུ་འབྱིན་པར་མི་ནུས་སོ། །ཞེས་གསུངས་པས་མ་ཡེངས་པ་གལ་ཆེའོ།
།ཆོས་རྗེས་པའི་གསུང་གིས། འདིའི་ལུགས་ཀྱིས། སྤྱིར་གསོལ་བ་རྩ་ཚིག་གསུམ་པོ་དེས་འདེབས། དེ་མིན་བྱིན་རླབས་དང་བློ་འསྒུལ་གལ་ཆེ་བས་བཏབ་པས། ཚིག་དང་དབྱངས་ཀ་ལ་མི་བྱ་བའི་ངེས་པ་མེད། འགའ་ཞིག་ངེད་ཀྱི་དང་ཁོའི་ཟེར་ནས། ཆགས་སྡང་བྱེད་པའང་འདུག་སྟེ་མ་གོ་བ་ཡིན། གསོལ་འདེབས་འཁོར་བ་ལས་སྒྲོལ་ཐབས་སུ་བཤད་པ་ལས། ངེད་དང་ཁྱེད་དུ་ཕྱེ་ནས་ཆགས་སྡང་གི་ལས་བསོག་པ་མ་གསུང་། བླ་མའི་སྐུ་ལས་འོད་ཟེར་བྱུང་ནས། སྡིག་སྒྲིབ་སྦྱངས་ཏེ། ཕྱི་ཡི་དམ་ལ་ནང་སྟོང་པར་བསྒོམས་པའམ། ཡང་ན་ཐིག་ལེ་བདེ་བའི་རང་བཞིན་ཆེ་ཆུང་ཡུངས་འབྲུ་ཙམ་བྱུང་ནས་ལུས་གང་སྟེ་བསམ་པའམ། འགུལ་ན་བདེ་བ་སྐྱེ་བ་གཉིས་གང་རུང་བྱ་སྟེ། དེ་ཡང་དྭངས་མ་འཕེལ་ཞིང་། འོད་གསལ་འཆར་བའི་ཐབས་ཁྱད་པར་ཅན་ཡིན་པས་ཕྱི་མ་བྱ་གསུང་ངོ་།
།དེ་ཡང་བཀའ་མ་ཐོབ་གོང་དུ་འོད་ཟེར་དུ་བྱེད་ལ། བཀའ་ཐོབ་ནས་ཐིག་ལེར་བྱེད་པ་ཕྱག་ལེན་གསུང་ངོ་།
།ཚར་གསུམ་ཁུག་པ་དབང་གིས་ཅེས་པ། འཁྲིད་ལུགས་གཞན་རྣམས་ལ། སྔོན་འགྲོ་སྡིག་སྦྱོངས་ལ་ཕྱག་དང་བསྐོར་བ་མཎྜལ་ལ་སོགས་པ་བཤད་ནའང་། འདིར་གསོལ་འདེབས་དང་དབང་ལེན་པ་ལ་བྱེད་པ་འདི་སྡིག་པ་དག་པའི་རྟགས་མྱུར་ཞིང་། སྤྲོས་པ་ཆུང་ལ་ཉམས་སུ་བླང་བདེ་བ་ཡིན། སྡིག་སྦྱོངས་ཡང་འདི་ལས་ལྷག་པ་མེད་དོ།
།ཨ་བྷི་ཥིཉྩ་ན་དྲི་མ་འཁྲུད་པ་དང་། ཨ་བྷི་ཥེ་ཀ་ཏ་སྐལ་པ་འཇོག་པའོ།
།གཞན་ཡང་གསང་སྔགས་པའི་ལམ་ཐམས་ཅད་དབང་དུ་བྱས་ཏེ།
རྡོ་རྗེའི་སྒོ་རྒྱུད་ལས། གཞི་ནི་དབང་ལ་བརྟེན་པ་དང་། ལམ་ནི་དབང་གིས་བསྒྲོད་པ་དང་། འབྲས་བུ་དབང་དུ་གནས་པའོ། །ཞེས་གསུངས་པའོ།
།རླུང་རོལན་གསུམ་ཞེས་པ་གསུམ་འམ་དགུ་ཅི་རིགས་སུ་བྱ། དེ་གལ་ཆེ་སྟེ། དཔེར་ན་ཁང་པ་སྟོང་པའི་ནང་ཕྱག་དར་བྱེད་པ་དང་འདྲ་བའམ། འོ་མ་རུལ་པ་ཐིག་པ་གཅིག་གིས་ཟངས་གང་ཆུང་གསན་པ་བཞིན་དུ། རླུང་རོ་ངན་པའི་ཀྲུགས་ཅིག་རྩ་ནང་དུ་ལུས་ན། དེས་རླུང་ཐམས་ཅད་དབང་བྱས་ནས་སྐྱོན་གེགས་བསྐྱེད་པས། རླུང་འབུད་པ་གལ་ཆེ་གསུང་། སྟན་བདེ་བ་གལ་ཆེ། སྒྲུབ་ཐབས་ཀུན་ནས་ཀྱང་སྟན་བདེ་བ་ལ་འདུག་སྟེ། ཅེས་པའམ། སྟན་ནང་ཚངས་ཅན་ལ་འདུག་སྟེ། ཞེས་གསུངས་སོ།
།མིག་གཉིས་སྣ་རྩེར་གཏད་པ་ནི། མཚོན་པ་ཙམ་ཡིན་གྱིས། བྱིང་རྒོད་ཀྱི་སྐབས་ཀྱིས་ཤེས་དགོས་སོ།
།ཕྲག་གོང་མཉམ་པ་ནི། དཔུང་པ་རྒོད་ཤོག་ལྟར་ཕྱིར་ཐེན་ཏེ། འོ་སྐོལ་གྱི་སྙིང་འདི་གློ་སྤྲལ་གཉིས་ཀྱི་བར་ན། མ་འཕང་དུ་བུ་བཟུང་བ་ལྟར་ཡོད། དེ་ལ་དཔུང་པ་ཕྱིར་ཐེན་ནས་བྲང་བུར་བཏང་བས། གློ་གཉིས་ཀ་ཤ་འབེ། དེས་སྙིང་ཟླ་མེད་དུ་རྗེན་གྱུར་ནས་ཤེས་པ་གསལ་སྟོང་དུ་གྱུར་ཞིང་། ཏིང་ངེ་འཛིན་གྱི་གེགས་མི་འབྱུང་ངོ་། ལྕེ་རྐན་ལ་སྦྱར་བས་དབུག་སྣ་ནས་རྒྱུ་ཞིང་ཁ་སྣ་མི་སྐམ་པ་དང་། གཞན་ཡང་རླུང་ཟིན་པའི་ཡོན་ཏན་ཡོད། སོ་བར་ཅུང་ཟད་བཞག་པས་གེགས་ཆུང་། དབུགས་ཆེད་དུ་ཕྱིར་འབྱུང་བ་དང་། ཆེད་དུ་ནང་དུ་རྔུབས་པ། གློད་ནས་ཕྱིར་རྩོལ་བས་གཏོང་བ་དང་། ནང་རྩོལ་བས་རྔུབས་པའི་རྩོལ་བ་དང་བྲལ་བས་སོ།
།སེམས་དཔའི་སྐྱིལ་ཀྲུང་ཅེས་པ་ནི། སྐྱིལ་ཀྲུང་གནད་ཆེ་བར་འདོད་པ་དང་། ཙོག་པུ་གནད་ཆེ་བར་འདོད་པ་གཉིས་ལས། འདི་དང་ཕྱི་ནཱ་རོ་པའི་ལུགས་ཀྱི་སྐྱིལ་ཀྲུང་གནད་ཆེ་སྟེ། སྟེང་རླུང་འཐེམས་པས་འོག་རླུང་རང་ཤུགས་ཀྱིས་འཐེམ་སྟེ། དཔེར་ན་རླུང་རིལ་བ་ཞབས་ཚོགས་ཅན་དང་འདྲ། དེ་ཡང་སྤྱི་བླུགས་ལྟ་བུའི་བུག་པ་ཆེ་ཤོས་ནས་རླུང་མ་ཤོར་བར་བཀག་པས་ཆུང་ཤོས་ནས་མི་འབོ་བ་བཞིན་ཏེ། མི་རྟོག་པ་གཙོ་བོར་བྱེད་པ་རྣམས་ཀྱིས་སྐྱིལ་ཀྲུང་ངོ་།
བིརྺ་པས་ཙོག་པུ་གནད་ཆེ་སྟེ། འོག་རླུང་ཡོན་ཏན་གྱི་རླུང་ཐེམས་ཆེ། དེར་དྲོད་སྐྱེད། དྲོད་ལ་བརྟེན་ནས་བདེ་བ་འབྱུང་། བདེ་བ་ལ་བརྟེན་ནས་མི་རྟོག་པ་སྐྱེ་བར་འདོད་པས་སོ།
།ལུས་རྣམ་སྣང་གི་ཆོས་བདུན་འཆའ་བ་འདི་གལ་ཆེ་སྟེ། མཁའ་འགྲོ་མ་ཀུན་སྤྱོད་ལ་སོགས་པའི་རྒྱུད་སྡེ་དང་། སྒྲུབ་ཐབས་ཁུངས་མ་རྣམས་ནས་ལུས་ལ་གནད་དུ་བསྣུན་པའི་འཁྲུལ་འཁོར་གྱི་རིགས་མང་དུ་གསུངས་པ་རྣམས་བསྡུས་ནས། རྣམ་སྣང་གི་ཆོས་བདུན་པོ་འདིར་འདུ། དེས་ན་ཆོས་བདུན་ལེགས་པར་བཅས་ན། ཡུལ་ཉི་ཤུ་རྩ་བཞིའི་རྩ་མདུད་གྲོལ། ཁམས་དྭངས་ནས་གེགས་རྣམས་ལས་གྲོལ་འགྲོ་བས་འདེ་གལ་ཆེ། ཆེ་བའི་རྒྱུ་མཚན་གྱིས་མདོ་རྒྱུད་གཉིས་ཀ་ལས་བཤད་ཅིང་། དེ་ལག་ལེན་སྒྲུབས་སེར་བཞི་པའི་མགོ་རུ་ཡང་། ལུས་རྣམ་སྣང་གི་ཆོས་བདུན་བཅས་ཏེ། ཞེས་གསུངས།
རེ་ཡང་ཕར་ནས་ཆོས་བདུན་ཙམ་བཤད་ཀྱང་། རྡོ་རྗེ་ལུས་ཀྱི་གནས་ལུགས་རྒྱས་པར་མ་གསུངས་པས། དེལ་གནད་དུ་བསྣུན་ཚུལ་མི་ཤེས་ཏེ། སེམས་ཀྱིས་སེམས་ལ་གནད་དུ་བསྣུན་པས་ལམ་བགྲོད་པ་ཡུན་རིང་སྟེ།
སཾ་བུ་ཊི་ལས། ཕ་རོལ་ཕྱིན་པའི་ཐེག་ལས། །ཆོས་ཀྱི་སྒོ་མོ་བརྒྱད་ཁྲིད་དང་། །བཞི་སྟོང་ཆོས་ནི་ཐམས་ཅད་ཀྱིས། །ལུས་ཀྱི་དེ་ཉིར་མི་ཤེས་པས། །དེ་དག་ཐམས་ཅད་འབྲས་བུ་མེད། །ཅེས་གསུངས་སོ།
།གསང་སྔགས་ནས་རྡོ་རྗེ་ལུས་ཀྱི་གནས་ལུགས་དང་། དེ་ལ་གནད་དུ་བསྣུན་ཚུལ་རྒྱས་པར་བཤད་པས། འབྲས་བུ་མྱུར་དུ་འབྱིན་པ་ཡིན་ཏེ། རྟེན་ལུས་ལ་གནད་དུ་བསྣན་པས། རྟེན་པ་སེམས་ལ་རྟོག་པ་སྐྱེ་བ་ལུས་སེམས་དབྱེར་མེད་ཀྱི་ཆོས་ཉིད་ཡིན་ཏེ། དཔེར་ན་ལུས་ཀྱིས་ཆང་འཐུངས་པས་སེམས་ར་རོ་བའམ། ངར་གདོང་དུ་རྔོག་མས་བྲལ་ན་སེམས་ཀྱིས་མི་བཟོད་པ་བཞིན་ནོ།
།མ་དོར་ན་ལུས་འཁོར་ལ་འཇུག་པ་འདི་གལ་ཆེ་སྟེ། སྣམ་བུ་ལེགས་པོ་བྱེད་པ་ལ་ངང་པོ་བལ་རང་ན་བཟོབ་དགོས། བལ་རྩུབ་མོ་ལ་སྣམ་བུ་འཇམ་ལེགས་མི་འབྱུང་། དེས་ན་བཟོ་བོ་ལ་ཐིག་དང་། མཁར་ལས་འགྲམ་ནས་ཟབ་དགོས།
དཔལ་ལྡན་ཤ་བ་རི་པས། མཁར་སེ་རྩིག་ན་འགྲམ་གཞི་རྨང་ནས་ཐིང་། །ཞེས་གསུངས་སོ།
དྭགས་པོ་རིན་པོ་ཆེའི་ཞལ་ནས། ཕ་རི་བལྟ་འདོད་ན་ཚུ་རི་ནས་ལྟོས། སེམས་གནས་འདོད་ན་ལུས་འཁྲུལ་འཁོར་ལ་བཅུན། སྟོང་པ་སྒོམ་འདོད་ན་སྣང་བ་གཏན་ལ་ཕེབ་གསུང་།
ཕག་མོ་གྲུ་པས། འབྲི་ཁུང་པའི་འཁྲུལ་འཁོར་བཅོས་པའི་ལོ་རྒྱུས་ཀྱང་གསུངས།
མདོ་ལས་ཀྱང་། དྲང་སྲོང་གཅིག་གིས་ལུས་གནང་བཅས་ཤིང་བསམ་གཏན་བསྒོམས་པས། དེ་ན་གནས་པའི་སྤྲེའུ་རྣམས་ཀྱིས་དེ་མཐོང་ནས་ཤིང་ཐོག་ཟོས་ཟིན་པ་དང་། དྲང་སྲོང་གིས་ལད་མོ་བྱས་པས་མི་རྟོག་པ་སྐྱེས། དེའི་འཕྲོ་ལ་ཤི་བ་ཐམས་ཅད་སུམ་ཅུ་རྩ་གསུམ་པའི་ལྷར་སྐྱེས་པའི་ལོ་རྒྱུས་ཡོད་དེ། མི་རྟོག་པ་ཙམ་པོ་ལ་ཡང་དེ་ཙམ་གྱི་ཕན་ཡོན་ཡོད་གསུང་། རེ་ཞིག་དོར་ནས་ཅེས་པ། ཆོས་ཕྱོགས་ཀྱི་བྱ་བ་འདི་རྣམས་འཇོག་པ་ཆོས་ལོག་ལྟ་བུར་མི་འགྱུར་རམ་སྙམ་ན་མི་འགྱུར་ཏེ།
ལམ་འབྲས་ལས། ལམ་འཇུག་བྱ་བ་མཚན་མེད་འཇུར་བའི་དུས་འདིར། མཚན་བཅས་ལྡོག་པའི་དུས་བྱ་བ་ཡིན། མཚན་མེད་བརྟན་མི་བརྟན་བརྟག་པའི་སྐབས་སུ་མཚན་བཅས་འཇུག་པའི་དུས་སོ། །ལས་དང་པོ་པ་མཚན་མེད་ལ་མ་གོམས་པའི་དུས་སུ། བརྟན་པ་ཐོབ་ནས་བྱས་ཀྱང་དགེ་སྦྱོར་གྱི་ངང་ངམ། མ་བྱས་ཀྱང་དེ་ཉིད་ཡར་ལྡན་དུ་རྫོགས་ཙ་ན་མཚན་བཅས་ལ་དགག་སྒྲུབ་དང་བྲལ་བ་ཡིན་གསུང་། སེམས་རང་བབས་ནི་རྟོག་མེད་དུ་འཇོག་པས་ཏེ། རྟོག་པ་ལ་འདས་མ་འོངས་གསུམ་ཡུལ་དུ་བྱེད་པ་ལས་མ་འདས་པས། འདས་པའི་རྗེས་མི་དཔྱད། ཅེས་སོགས་བརྗོད་དེ་བཞག་ཟེར་ཡང་།
བཞག་རྒྱུ་དངོས་པོ་ཅན་མེད་དེ། བཅོས་བསླང་མེད་པའི་དོན་ཡིན། དེ་ཡང་སྔར་ལུགས་ཀྱི་མི་བྱེད་དགུ་བྱེད། ངག་མི་སྨྲ་དགུ་སྨྲ། སེམས་ཀྱི་མི་མནོ་དགུ་མནོ་བྱས་ཏེ། དེ་ཐམས་ཅད་དོན་མེད་འཁོར་བའི་རྒྱུར་སོང་། ལུས་ངག་ཡིད་གསུམ་བྱ་བ་དང་ཕྲལ་ཏེ་ངལ་གསོར་བཅུག་ལ། རི་གསུམ་ཡང་སྐབས་འདི་གཤེད་ནས་རྙེད་དགོས། སེམས་ངལ་གསོ་འདི་ཡིད་ཕམ་པར་བྱེད་པའི་ཕྱིར། ལྷོ་དཔལ་གྱི་རི་བོ། དེ་ལ་སེམས་ངལ་གསོ་གཙོ་ཆེ་ཡི། ལུས་ངག་ཡིད་གསུམ་ཆར་ངལ་གསོ་བའོ།
།མདོ་རྒྱུད་བསྟན་བཅོས་མན་ངག་ཐམས་ཅད་ཀྱང་། བླ་མ་ལ་མོས་གུས་བྱེད་པ་འདི་ཟབ་པའི་གནང་མཆོག་ཏུ་གསུངས་ཏེ། ས་བཅུ་ལམ་ལྔའི་ཅེས་པ་སོགས། གང་དུ་ཡང་མི་རྙེད་དེ།
གླིང་གི་ཞལ་ནས། འཛམ་གླིང་བསྐོར་ཡང་གདམས་ངག་དེ། ཅེས་གསུངས།
དེ་ལ་དཀའ་བ་མེད་ཅེས་པ། བླ་མ་མཚན་ལྡན་ལ་གསོལ་བ་འདེབས་ལ། སངས་རྒྱས་རིགས་ལྔའི་དངོས་གྲུབ་ཀྱང་དཀའ་བ་མེད་དོ། །ཅེས་སོ།
།ཡེ་ཤེས་གསལ་བ་སྒྲོན་མའི་རྒྱུད་ལས། གང་གིས་བསྐལ་པ་བརྒྱད་ཁྲིད་བཞི་སྟོང་གི་བར་དུ་ཕ་རོལ་ཏུ་ཕྱིན་པ་དྲུག་སྤྱར་པ་བས། ལྷའི་སྐུ་ཡན་ལག་བདུན་ལྡན་སྐད་ཅིག་མ་གཅིག་དྲན་པས་བསོད་ནམས་ཆེས་ཁྱད་པར་དུ་འཕགས་སོ། །ཞེས་གསུངས་ཏེ།
དེའི་རྒྱུ་མཚན་བླ་མ་མཚན་ཉིད་ཀྱིས་བྱིན་རླབས་ཞུགས་ན་ཚེ་གཅིག་ལུས་གཅིག་གམ། དུས་ཡུན་མི་རིང་བའི་ཆ་ལ་གྲོལ་འགྲོ་སྟེ།
བྱ་མའི་བྱིན་རླབས་ཙམ་གྱིས་ནི། །སྐད་ཅིག་ཉེད་ལ་འབྱུང་གང་ཡིན། །ཅེས་གསུངས།
ཡང་བླ་མ་མཚན་ལྡན་དང་། སློབ་མ་སྣོད་ལྡན་འཛོམ་ན། ཞལ་མཐོང་བའམ། གསུང་ཐོས་པའམ། བཀའ་བ་སྔོན་གྱི་བྱེད་པ་འབའ་ཞིག་ལ་བརྟེན་ནས་ཀྱང་འགྲོ་བར་འགྱུར་རོ། སྤྱི་བོའི་གཙུག་གམ་ཞེས་པ། སྡོད་ན་དེར་ཉལ་ན་སྙིང་གར་བསྒོམས་པས་འོད་གསལ་ཟིན་པའི་རྟེན་འབྲེལ་ཡོད། འགྲོ་ན་ལག་པ་སླེབས་ཙམ་གྱི་ནམ་མཁའ་ལ་བསྒོམས་པས་དམིགས་པ་གསལ་བ་ཡིན་གསུང་། ལག་པའི་མཐིལ་དུ་གནས་ཅེས་པ། དེ་ལ་ཆོས་གསུམ་རང་ལ་ཡོད་པར་དབྲོག་པར་མི་ནུས་པས། ཉེ་རིང་རན་པར་བསལ་བ། དགོས་འདོད་འབྱུང་བའོ།
།དེ་ནི་བླ་མས་བསྟན་པའི་དོན་རང་བྱུང་ལྷན་ཅིག་སྐྱེས་པའི་ཡེ་ཤེས་དེ་ཡང་ཆོས་གསུམ་དང་ལྡན་ཏེ། བླ་མ་བསྟེན་པ་ལ་ཡོན་ཏན་དཔག་ཏུ་མེད་པ་ཡོད་དོ།
།མ་བསྟེན་པའི་ཉེས་པ་ནི། ས་ར་ཧའི་ལུང་གཞན་རྣམས་སྔོན་དུ་སོང་ནས་ཡིན་པ་་་་་་་་་་་་ཡིན་པ་ལ། གང་ཟག་གི་བླ་མའི་གདམས་ངག་བདུད་རྩིའི་ཆུ་ཅེས་སོགས་གསུངས། མོས་གུས་ལམ་གྱི་གཙོ་བོ་ཡིན་ཅེས་པ། བླ་མའི་མོས་གུས་འདི་ཟབ་ལམ་ཐམས་ཅད་ཀྱི་རྩ་བར་གསུངས་ཏེ། ཁྱདཔར་གྱིས་ཀྱང་། ཕྱག་རྒྱ་ཆེན་པོ་མོས་གུས་ཀྱི་ལམ་སའམ་བྱིན་རླབས་ཀྱི་ལ་མས་ཡིན་པས་མོས་གུས་དགོས་ཏེ། མོས་གུས་རབ་ལ་བསྒོམ་རབ། འབྲིང་ལ་འབྲིང་། ཐ་མ་ལ་ཐ་མ། ཡེ་མེད་ལ་སྒོམ་ཡེ་མེ་དེ་སྐལ་པ་ཆང་པ་ཡིན་གསུང་། སྔོ་ན་ཡང་ཡང་བ་ཅེས་པ། ཤངས་རྨོག་ལྕོག་གི་བྲག་ལ། རྩམ་པ་སྤྱན་གྱིས་མ་གཟིགས་པའི་སྒྲུབ་པ་ལོ་བཅུ་གཉིས་མཛད་པའི་ཡི་དམ་དཔག་ཏུ་མེད་པའི་ཞལ་གཟིགས། ཐུགས་རྗེ་བསམ་གྱིས་མི་ཁྱབ་པ་འཁྲུངས་པས། དེ་ཐམས་ཅད་བླ་མའི་བཀའ་དྲིན་དུ་ཤེས་ནས་དེ་སྐད་གསུངས་ཏེ། ཡི་དམ་བཟང་ངན་ཁྱད་ཡོད་པལྟ་བུ་མ་ཡིན། བླ་མའི་མོས་གུས་ཆེས་བརྟན་པའི་ཕོ་སྐད་ཡིན་གསུང་། བུ་གཅིག་པ་ཤི་བའི་མ། ཅེས་མ་འཛངས་མ་ཅིག་ལ། བུ་བྱད་གཟུགས་ལེགས་པ། བློ་དང་ལྡན་པ་ཡོད་པ་ལ། དེ་ཤི་ན། མ་དེ་ལ་རེ་ཞིག་འགྲོ་འདུག་གང་བྱེད་ཀྱང་དེའི་འདུ་ཤེས་དང་མི་འབྲལ་བ་བཞིན་དུ། བླ་མ་མཚན་ལྡན་དེ་ཡང་འགྲོ་འདུག་གང་བྱེད་ཀྱང་མི་འབྲལ་བ་ཅིག་དགོས་གསུང་ངོ་།
།སྙིང་ཁོང་རུས་པའི་གཏིང་ནས་གསོལ་བ་འདེབས་དགོས་ཀྱིས་གསོལ་བ་འདེབས་སོ།
།བྱིན་གྱིས་རློབས་ཤིག །མི་རློབ་ན་ཡང་ཁྱེད་རང་ཤེས་སོ་ཟེར་བ་ལ་བྱིན་རླབས་འབྱུང་གསུང་། རེས་བླ་མ་རྗེད། རེས་ལོག་ལྟ་བྱེད་པ་ལ་བྱིན་རླབས་མི་གསུང་ངོ་།
སངས་རྒྱས་སྟོན་པའི་གསུང་གིས། འོ་སྐོལ་རྣམས་ཀྱིས་རང་གི་སྡིག་སྒྲིབ་མ་དག་པའི་རྟགས་ཀྱིས་བླ་མ་སྐྱོན་མེད་དུ་བཟང་ཡག་གི་གཏོང་མི་ནུས། དེ་ཡང་ཐོག་མར་བསྟན་བཅོས་ལས་གྲགས་པའི་སྐྱོན་ཚོལ། དེ་མ་རྙེང་ན་འཇིག་རྟེན་ལ་གྲགས་པའི་སྐྱོན་ཚོལ་གསུང་བ་ཞིབ་ཏུ་གསུང་། འདི་དག་གི་ཐད་དུ། རིན་པོ་ཆེ་པ་སངས་རྒྱས་སྟོན་པའི་གསུང་གིས། སློབ་དཔོན་གྱིས་དང་ཅིག་མཛོད་ཅིག་གསུང་། མ་མཆི་ཞུས་པས། གང་བྱུང་བ་གྱིས་གསུངས། དེར་ཚེ་གཅིག་ལུས་གཅིག་གིས་འཚང་རྒྱ་བ་ལ་བླ་མའི་མོས་གུས་དགོས། མོས་གུས་ལ་གོ་འདྲིས་སུ་མ་ཤོར་བ་ཅིག་དགོས། གོ་འདྲིས་སུ་ཤོར་ཏེ་སྐྱ་བའི་མདའ་ཁ་དང་། ཡོག་པའི་མདུང་ཁ་ལོག་གོ་བ་ལ་བྱིན་རླབས་མི་འབྱུང་། འདི་དག་གི་བསྟེན་ཚུལ་གསང་སྔགས་རྙིང་མ་འགའ་ཞིག་ནས་གསུངས་ཏེ། དངོས་པོ་ཀུན་གྱིས་རབ་མཆོད་ཅིང་། །ལུས་ངག་སྤྱོད་པ་རབ་བསྡམས་ལ། །ཧ་ཅང་ཉེ་མན་རིང་བའང་མིན། །ཞེས་བླ་མ་དང་མེ་འདྲ་གསུངས་པས། སངས་རྒྱས་སྟོན་པ་མཉེས་ཏེ། སློབ་དཔོན་གྱིས་དེ་ལེགས། ཆོས་རྗེ་དབུ་རི་བ་ཡང་དེ་སྐད་གསུང་སྟེ། ཁོང་མཚམས་གཅིག་པོ་མཛད་པ་ལ་དབུ་ཅེ་རྣམས་ཀྱིས། མཇལ་ཀ་དང་འགྲོ་དོན་གནང་བར་ཞུས་པས། ཁྱེད་རྣམས་ཀྱིས་མ་གོ་བ་ཡིན་གསུང་ནས་མ་གནང་། ཡང་ཡང་ཞུས་པས། ངས་དེ་བཞིན་བྱས་ན་ཁྱེད་རྣམས་ལ་གནོད་པ་ཡིན་གསུང་། དེར་ལོང་རྣམས་ཀྱི་བླ་མ་ཐུགས་དམ་འབྲལ་བ་མི་མངའ་འགྲོ་དོན་མཛད་ན། བདག་ཅག་ལ་མི་གནོད་པའི་སྟེང་དུ་སེམས་ཅན་མང་པོ་སྨིན་གྲོལ་འབྱུང་བ་གདའ་ལགས་ཞུས་པས། དས་མཚམས་འདི་ལྟ་བུ་བྱས་ནས། འཕུང་མཇལ་མ་བྱས་པ་འདི་ཁྱེད་རྣམས་ལ་དྲིན་ཆེ་བ་ཡིན། ད་ལྟ་ཁྱེད་ཚོས་ངའི་གདོང་པ་མཐོང་བ་ཙམ་ལ་མཆི་མ་འཆོར་ཀྱིན་འདུག་སྟེ། ངས་ཆོས་དང་མཇལ་ཀ་དཀོན་པར་བྱས་པས་བྱུང་བ་ཡིན། ངས་དེ་བཞིན་མ་བྱས་པར་ཕོ་ལེ་བྱས། རྐང་པ་རྐྱང་སྟེ་ཁྱེད་ཚོ་དང་མཉམ་དུ་སྡང་ན། མོས་གུས་བྱེད་པ་ཨ་ཅང་ཆེ་སྟེ། སྐྱ་བའི་མདའ་ཁ། སོག་མའི་མདུད་ཁལ་འགྲོ་བ་ཡིན་གསུང་། གཞན་ཡང་སངས་རྒྱས་གཉན་སྟོན་གྱིས། དེ་དུས་ཀྱི་ཀྱུ་ར་རིན་པོ་ཆེ། ཞང་ཚལ་པདུས་གསུམ་མཁྱེན་པ་མདོ་ཧ་པ། གཙང་པ་རྒྱས་སྐྱའི་རྗེ་བཙུན་གྲགས་པ་རྒྱལ་མཚན་ལ་སོགས་པ་ཆེ་དགུ་བཟང་དགུ་རྣམས་བསྟེན་ཅིང་། བླ་མ་མཉེས་པ་གདམས་ངག་རྫོགས་པར་ཞུས་པས། དེ་རྣམས་ཀྱི་གྲྭ་པ་ནས་རང་རང་གི་གྲུབ་མཐའ་རེ་དང་། ཆོས་སྐྱོང་གི་ཁ་ཟིན་ཏེ་འདུག་ནའང་། ཚེ་གཅིག་ལུས་གཅིག་ལ་སངས་རྒྱུ་བ་བླ་མའི་མོས་གུས་དགོས་པ་ལ་ཀུན་མཐུན་པར་འདུག་པས། ཆོས་འདི་ཟབ་པའི་གནད་གཅིག་ཡིན་པ་འདྲ་གསུང་། ཁྱད་པར་དུ་ཡང་རྗེ་བཙུན་ཆེན་པོ་སྔ་ཕྱིར་ལོ་བཅུ་གཉིས་བསྟེན་ནས། ཕྱི་མ་འབྱོན་པའི་དུས་སུ་ཞུ་བ་གསུམ་མཛད་དེ། དུས་དང་གནས་སྐབས་ཐམས་ཅད་དུ་ཐུགས་རྗེ་འཛིན་པར་ཞུ། ད་ལྟ་བྱིན་རླབས་གཅིག་ཀྱང་ཞུ། གསུངས་སྐོས་གཅིག་ཀྱང་ཞུ་བྱས་པས། གསུང་སྐོས་ལ་རང་རེས་སྐྱ་པ་ལ་ཆོས་མང་དུ་ཡོད་པར་སོང་ཡང་། རྒྱུད་གསུམ་གདམས་ངག་ཏུ་བཅས་པ་འདི་ལ་མཐིལ་དུ་བྱེད་དེ། དེ་ལས་དང་པོ་ཉམས་སུ་ལེན་པའི་དུས་སུ་གདམས་ངག་ལ་འདྲིལ། དེ་ལ་ལམ་སྐོར་དགུ་ལས། ལམ་ཟབ་འབྲིང་གསུམ་དུ་བསྟན་པ། རྒྱས་འབྲིང་གསུམ་དུ་བསྟན་པ་ལས། ཟབ་འབྲིང་གསུམ་དུ་བསྟན་པ་ལ། ཟབ་མོ་བླ་མའི་མོས་གུས། འབྲིང་དམ་ཚིག་དང་སྡོམ་པ། ཐ་མ་ལུས་སོ་སོར་རྟགས་པའི་འགོག་པ། རྟེན་འབྲེལ་བཅུ་གཉིས་ཀྱི་ལམ་བྱ་བ་ཡོད་པ་ལས། བིརྺ་པའི་ལམ་བྱ་བ་ཟབ་མོ་བླ་མའི་མོས་གུས་ལ་འདྲིལ། དེ་ལ་བླ་མ་ཆོས་སྐུར་སྒྲུབ། སྤྲུལ་སྐུར་སྒྲུབ་པ་ལ་སོགས་པ་བཤད་ནའང་དེ་རྣམས་སྙན་ངག་ཙམ་ཡིན་པས། ང་རྒད་པོ་མགོ་སེ་ཡེར་བ་འདི་སྤྱི་བོར་བསྒོམས་ལ། དགེ་བསྙེན་རྒད་པོ་གྲགས་པ་རྒྱལ་མཚན་ང་མཐོ་གཏོང་དམའི་གཏོང་སྐྱིད་དེ་སྡུག་གེ་ཁྱེད་རང་ཤེས་སོ་གྱིས་ལ་གསོལ་བ་ཐོབ་དང་། ངས་སྒྲུབ་པ་ཚད་ལྡན་དུ་བཏང་བས་ཁྱོད་མི་བསླུ་ངེས་ཀྱིས་གསུང་། ཞང་ཚལ་པའི་ཞལ་ནས་ཀྱང་དེ་སྐད་གསུང་། རིན་པོ་ཆེའི་གསུང་གིས། བླ་མ་ཡང་དེ་འདྲ་གཅིག་ཡིན། ཁྱོད་མི་བསླུ་ཡིས་ཟེར་བ་གཅིག་ཀ་དགོས་གསུང་། གཙང་པ་རྒྱ་བུར་གྱི་ཀློང་རྡོ་ན་བཞུགས་པའི་དུས་སུ་དྲུང་དུ་བྱོན་པའི་ལོ་རྒྱུས་ཀྱང་གསུང་ངོ་། རིན་པོ་ཆེ་པ། ཆོས་གང་དང་གང་ཐམས་ཅད་ཀུན་དང་མཐུན་པ་དེ་དང་འདྲ་བ་གཅིག་ཡིན། ད་ལྟ་འགའ་ཞིག་ངེད་ཀྱི་འདི་གཞན་དང་མི་འདྲ་བ་ཟབ་པ་གཅིག་ཡོད་ཟེར་ཏེ། དེ་ལ་ཟབ་པར་བྱེད་དེ་ཟབ་མི་ཟབ་བརྟག་དཀའ། དཔེར་ན་མི་ཡར་ལུས་པོ་མི་ལ་མགོ་བོ་བོང་བུ་བྱས་ན་གཞན་དང་མི་འདྲ་སྟེ་དེ་ལ་སྣལ་སོ་མི་འབྱུང་། གཟུགས་བཅས་ཐམས་ཅད་འདྲ་བའི་སྟེང་དུ་བཞིན་ལེགས་པ། བློ་དང་ལྡན་པ་ཅིག་བྱུང་ན་ཁྱད་པར་འཕགས་མོད། དེ་བཞིན་དུ་ཆོས་གཞན་ཐམས་ཅད་དང་མི་མཐུན་པ་ལ་དགའ་རྒྱུ་མེད། དང་པོ་སངས་རྒྱས་ཀྱིས་གསུངས་པ། བར་དུ་ལོ་པཎ་གྱིས་བསྒྱུར་བ། བསྟན་བཅོས་མཁན་པོ་རྣམས་ཀྱིས་བཀྲལ་བ། གྲུབ་ཐོབ་རྣམས་ཀྱིས་ཉམས་སུ་བླངས་པ་དེ་འདྲ་གཅིག་གི་སྟེང་དུ། གདམས་པའི་རྣོ་དང་བྱིན་རླབས་ཀྱི་མཚན་ཁ་ཆེ་བ་གཅིག་བྱུང་ན་ཟབ་པ་ཡིན་གསུང་། བླ་མ་བྷི་བུ་ཏའི་བླ་མའི་རྣལ་འབྱོར་གྱི་བཤམ་ན་ཡང་། ཆོས་འདི་ཟབ་པ་ཡིན་ཏེ། ཀུན་དང་ཐུན་པའི་ཕྱིར་རོ། །ཞེས་གསུངས།
སློབ་དཔོན་སངས་རྒྱས་ཡེ་ཤེས་ཞབས་ཀྱིས་གསང་འདུས་ཀྱི་གནད་མ་བདེ་བ་འགའ། རྒྱལ་པོ་སྐྱེ་བོ་སྐྱེས་ལ་ཞུ་རུ་ཕྱིན་པས། ཁོང་ན་རེ། ངས་ཁྱོད་འདུལ་བར་མི་འགྱུར་གྱིས། ལྷོ་ཕྱོགས་ཀྱི་རྒྱུད་ན། སློབ་དཔོན་འཇམ་དཔལ་བཤེས་གཉེན། འབན་བཙུན་གྱི་ཆ་བྱད་ཅན་སྤྱོད་པ་ངེས་མེད་ཐོད་རྒལ་དུ་སྟོན་པ་གཅིག་ཡོད་པས། དེར་རྒྱུག་ལ་ཞུས་གསུང་ནས་ལུང་བསྟན། དེར་བྱོན་པས་ཕྱོགས་གཅིག་ན་བཙུན་རྒན་གླང་བུ་གཉིས་ལ་རྨོས་བྱེད། དེའི་འགྲམ་ན་ཆུ་གཅིག་ཉ་རྒྱ་བཙུགས་ནས་སྐབས་སུ་ཉ་འཛིན། རོལ་ནང་གི་སྦལ་པ་དང་། གྲོག་སྦུར་རྣམས་བཏུས་ཏེ་ལ་ལ་ཞལ་དུ་གསོལ། སྣམ་ཕྲག་ཏུ་སྡུད་བྱེད་ཅིང་འདུག །སྔར་གྱི་གསུང་དེས་འདིར་འདུག་སྙམ་ནས། ཕྱག་དང་བསྐོར་བ་བྱས་ནས། རྗེས་སུ་འཛིན་པར་ཞུ་བས། གསང་འདུས་ཞུ་བྱས་པས། ད་ལྟ་འཛམ་བུ་གླིང་ན། རྒྱལ་པོ་སྤྱི་བོ་སྐྱེས་ལས་མཁས་པ་མེད་པས་དེར་ཞུས་གསུང་། ཁོང་གིས་ལུང་བསྟན་པ་ལགས་ཞུས་པས། འོ་ན་ནང་དུ་འདོང་གསུང་ནས་བྱོན་པས། སྐྱོ་ས་བཀོལ་བའི་རྡོར་ལ་ཉ་གསོན་མ་དང་། གྲོག་སྦུར་རྣམས་བླུག་པར་བྱ་གཅིག་དང་སྐྱེ་བ་བཅུས་ནས་བཅུག་པས། ཆུ་ཁོལ་མའི་ནང་ན་ཉ་གསོན་མ་ཁྱུག་ཁྱུག་འདུག་པ་དང་། བཅུས་ནས་ཁོང་རང་ཡང་གསོལ། སློབ་དཔོན་ལ་ཡང་དྲངས་པས་སྤྲུལ་པའི་མཛད་པར་ཤེས་ཀྱང་ཉམ་ང་ནས་མ་གསོལ། དེ་ནུབ་སོ་སོར་གཟེམས་པས། ནམ་ཐོ་རངས་སློབ་དཔོན་གྱི་རྣལ་ལམ་དུ། བུམ་ཆུ་མང་པོ་མགོ་ལ་བླུག་པ་རྨིས། ནམ་ལངས་པ་དང་ཆོས་བྱ་ཡི་ཤོག་གསུང་ནས་བྱོན་ཏེ། ཐོག་མར་དབང་བསྐུར་མི་འཚལ་ལམ་ཞུས་པས། ད་ནང་རྨི་ལམ་དུ་བསྐུར་ཡོང་གསུངས་ནས། གསང་འདུས་ཀྱི་ལྷ་ཚོགས་མདུན་ན་སྤྲུལ་འདུག །དེ་ནས་ཆོས་ང་ལ་ཞུ་འམ་ལྷ་ལ་ཞུ་གསུང་། སློབ་དཔོན་གྱིས་བསམ་པ་ལ། བླ་མ་ལ་ད་རུང་ཞུས་པས་ཆོག །ལྷ་ལ་ཞུ་རྒྱུ་ཡོད་པ་འདི་ཀུན་དང་ཀུན་གྱི་ཐུན་མོང་མ་ཡིན་སྙམ་ནས། ལྷ་ལ་ཞུ་བྱས་པས། ཁོང་གིས་སེ་གོལ་གཅིག་ཏོག་པས་ཏེ། ང་ལྷ་ལ་ཞུས་གསུངས་པ་དང་། ལྷ་རྣམས་ཁོང་གི་ཐུགས་ཀར་ཐིམ་སོང་། དེར་སློབ་དཔོན་ལ་ཞུ་བྱས་པས། ཁྱོད་ཀྱིས་མདངས་དངོས་གྲུབ་ཀྱི་རྫས་ལ་ཐེ་ཚོམ་བྱས། དེ་རིང་བླ་མ་བས་ཡི་དམ་ལ་འདམས་པས། ཚེ་འདི་ལ་མཆོག་གི་དངོས་གྲུབ་ཐོབ་རྒྱུ་དེ་སྐྱེ་བ་གསུམ་དུ་འགྱངས་སོང་། འོན་ཀྱང་ཕན་ཐོགས་ཆེན་པོ་འོང་བར་འདུག་གི་གསུང་ནས། གསང་འདུས་གནང་སྟེ། བླ་མ་བས་ཡི་དམ་འདེམས་པའི་ཉེས་པའོ།
།སློབ་དཔོན་པདྨ་རྒྱ་གར་དུ་གཤེགས་པ་ལ། མཁར་ཆེན་བཟའ་དང་། སྣ་ནམ་བཟའ་གཉིས་ཀྱིས་མང་ཡུལ་ཐུག་སྐྱེལ་ཐུང་བྱས་ནས། དེར་རྡོ་རྗེ་ཕུར་པའི་དབང་ཞུས། སློབ་དཔོན་གྱིས་ལྷ་ཚོགས་རྣམས་མདུན་དུ་སྤྲུལ་ནས། ང་ལ་ཞུའམ་ལྷ་ལ་ཞུ་གསུངས་པས། སྙ་ནམ་བཟའི་བསམ་པ་ལ་སློབ་དཔོན་འདི་ང་རང་གི་ཟླ་གྲོགས་ཀྱང་ཡིན། རྒྱ་གར་དུ་གཤེགས་ཀྱང་ད་རུང་འབྱོན་སྲིད། བདག་སློབ་དཔོན་ལ་མ་གུས་པ་མ་ལགས་ཏེ། ལྷ་ལ་བཞུ་བྱས་པས། ལྷ་རྣམས་ཐུགས་ཀར་ཐིམ་སོང་། མཁའ་ཆེན་བཟའི་བསམ་པ་ལ། ཡི་དམ་གྱི་ལྷ་རྣམས་ཀྱང་སློབ་དཔོན་གྱི་སྤེལ་སྤྲུལ་གཅིག་ཡིན་མཇལ་ཡང་དཀའ་སྙམ་ནས། བདག་ཡི་དམ་ལ་མ་གུས་པ་མ་ལགས་ཏེ། སློབ་དཔོན་ཞུ་བྱས་པས་དབང་རྣམས་རྫོགས་པར་གནང་སྟེ། དེ་ཡང་ཕུར་པ་ཇོ་མོ་ལུགས་བྱ་བ་བྱིན་རླབས་ཆེ་བ་ཡིན་གསུང་། སངས་རྒྱས་ཡིན་ན་བསྒོམ་ཡང་མི་དགོས་སམ་ཅེ་ན། ཡིན་ཡང་ཡིན་པར་མ་ཤེས་ཤིང་། ཤེསཤིང་ཤེས་ཀྱང་མ་ལྡན་པས་བདག་བཟང་གི་ང་རྒྱལ་དང་། སྐྱོན་སྣང་གི་ལོག་ལྟ་ཡིས་རྒྱུད་གཡེངས་པ་སྦྱང་བའི་ཕྱིར་བསྒོམས་ལ་གསོལ་བ་འདེབས་དགོས་སོ།
ས་སྐྱ་པཎྜི་ཏའི་ཞལ་ནས། སངས་རྒྱས་མཚན་དཔེས་བརྒྱན་ནས་མདུན་དུ་འོད་ཀོ་རེ་བྱོན་ན། འོ་སྐོལ་གྱི་བློར་མི་ཤོང་། དེ་བས་རྨེ་ལམ་དུ་བྱུང་ཡང་མི་ཤོང་བ་འདུག་སྟེ། ལྷ་ཁང་ལྡེར་བཟོ་བྱུང་ན་རྒྱལ་འགོང་གི་རྨི་ལམ་བྱུང་ཟེར། པོ་ཏི་ཀློག་འདོན་ལ་ཁ་སྨྲས་གླེང་གཞི་ཡོད་མི་ཁ་རྔོབས་ཟེར། དགེ་འདུན་ལ་ཡང་དེ་སྐད་ཟེར་གསུང་། མཚན་དཔེ་ཡོད་ཀྱང་རང་གིས་མ་མཐོང་བ་སྟེ། སློབ་དཔོན་ཐོགས་མེད་ཀྱིས་བྱམས་པ་བསྒྲུབས་པས། གྲུབ་པའི་མཚན་མ་མ་བྱུང་ནས་ཕྱིར་བྱོན་པས། ཉ་རྒྱ་སྒྲོས་ལྕགས་གཅོད་པ་དང་། ཆུས་རྡོ་འབིགས་པ་ལ་སོགས་པ་གཟིགས་ནས་ནང་དུ་བྱོན་ཏེ། ཡུན་དུ་བསྲིངས་ན་ཆུ་རྒྱུན་འཇམ་པོས་ཀྱང་། རྡོ་ལེབ་ངག་ཀྱང་དུས་སུ་འབིགས་པ་དང་། མིས་ནི་བརྩོན་འགྲུས་དངབཅས་བསྒྲུབས་གྱུར་ན། །མི་འགྲུབ་ལས་ནི་གང་ཡང་ཡོད་མ་ཡིན། །ཅེས་གསུང་།
བསྒྲུབས་པས་འགྲུབ་ན་རྫུ་འཕྲུལ་གཞན་བསྟེན་ལ་དགའ་ལྡན་དུ་བྱོན་ནས། བྱམས་པའི་ཆོས་ལྔ་སོགས་ཉན་ནས། དེ་ཙམ་དུ་ཞལ་མི་སྟོན་པ་ཞེས་ཡུལ་བདར་བས། ང་སྒྲུབ་པ་བྱས་ནས་ཞག་གསུམ་ནས་འབྲལ་མེད་དུ་ཡོད་དེ། ཁྱོད་རང་གི་སྡིག་སྒྲིབ་མ་དག་པ་དང་། མཐོང་ན་དགའ་བའི་རེ་བ་དེས་བཀག་པ་ཡིན། ཡིད་མི་ཆེས་ན་བསྟན་གྱིས་ཞེས་རྒན་མོས་ཁྱེ་དཀར་སོགས་མཐོང་བ་ལ་སོགས་པ་རྒྱས་པར་གསུངས། མདོར་ན་བླ་མ་ལ་མེད་པ་མ་ཡིན། རང་གི་སྡིག་སྒྲིབ་མ་དག་པས་མ་མཐོང་བའོ།
ས་སྐྱ་པཎྜི་ཏའི་ཞལ་ནས། སྔོན་གསོལ་བ་འདེབས་པ། སློབ་དཔོན་ཐོགས་མེད་ལྟ་བུས། བླ་མ་བྱམས་པ་ལྟ་བུ་དངོས་སུ་སྤྱངས་ནས་བྱོན་ཡང་། སྣང་བ་མ་དག་པས་ཁྱི་རུ་མཐོང་བ་ལས་མ་བྱུང་འདུག ད་འོ་སྐོལ་རྣམས་ཀྱི་བླ་མ་མི་རུ་མཐོང་། མིའི་ནང་ནས་ཅུང་དྲག་ཤོས་རེ་མཐོང་བ་འདི་སྐལ་བ་མི་དམན། བསགས་པ་མི་ཆུང་བས། འདེའི་དུས་སུ་སངས་རྒྱ་བའི་ལམ་ལ་འབད་རྩོལ་བསྐྱེད་དགེས་གསུང་།
སངས་རྒྱས་ཞི་བ་དང་། གསང་བ་གཉིས་ཀྱིས་པོ་ཏ་ལར། སྒྲོལ་མ་དང་ཁྲོ་གཉེར་ཅན་འཚོལ་དུ་ཡེ་མ་རྙེད། དེ་ནས་ཕྱོགས་གཅིག་ན་རྒན་མོ་ཐ་ག་གཉིས་འདུག་ནས། ཞི་བའི་བསམ་པ་ལ། ཕྱོགས་འདིར་གཞན་ནི་འོང་བ་མེད། འདི་གཉིས་ཡིན་ན་ཆོག་སྟེ། མིན་པཎྜི་ཏས་རྒན་མོ་གཉིས་ལ་ཆོས་ཞུས་ཟེར་སྲན་མ་ཅན་དུ་འགྲོ་ཟེར། ད་དུང་འཚོལ་དུ་ཕྱིན་པས་ཡེ་མ་རྙེད་ནས། ད་འདི་པ་ཀ་ཡིན་འོང་སྙམ་ནས་ཆོས་ཞུས་སོ།
།དེ་ནས་གཉིས་པོ་ཡུན་རིང་ཚད་སོང་ནས་ཚུར་བྱོན་ཏེ་ལམ་དུ་བྲག་ཕུག་གཅིག་ཏུ་ཉལ་བས། སྔོན་ཆདཆོས་ལ་གླེ་བོ་ཡང་མ་བྱུང་འདུག །དེའི་དགོངས་མོ་གླེ་བོས་བྱས་ཏེ། འུ་ཅག་གཉིས་ཀྱིས་ཡུལ་ནས་ཡོངས་ནས་ཇི་ཙམ་སོང་། ཆོས་ཅི་ཐོས། ཡོན་ཏན་ཅི་སྐྱེས་གླེངས་པས། ཞི་བ་ལ་ཡོན་ཏན་བསམ་གྱིས་མི་ཁྱབ་པ་འཁྲུངས་འདུག །གསང་བ་ལ་རྐང་མགྱོགས་ཀྱི་དངོས་གྲུབ་གཅིག་བྱུང་འདུག །དེར་གསང་བའི་བསམ་པ་ལ། ཁོ་ལ་ཡོན་ཏན་འདི་ཙམུ་འཁྲུངས་འདུག །ང་པཎྜི་ཏ་ཡིན། ཡང་འདི་ལས་མི་འདུག་སྙམ་པའི་ཕྲག་དོག་ཅུང་ཟད་བྱུང་ཡང་། ཚ་བ་བཀོལ་དུས། གསང་བ་དེ་ན་ཚོད་གཞོན་པ་དང་། ཁོང་གཉིས་དཔོན་སློབ་ཀྱང་ཡིན་པས་སྨྱུག་དོང་དུ་ཆུ་ལེན་དུ་བྱོན་པས། རྐང་མགྱོགས་ཉམས་ཏེ། སྔར་བས་ཀྱང་ཞབས་ལྕི་བ་འདྲ་བ་གཅིག་བྱུང་ནས། ངའི་རྐང་མགྱོགས་ཉམས་འདུག་བྱས་པས། ཞི་བ་ན་རེ། ད་རུང་ལོག་ལ་ཁོང་རང་གཉིས་ལ་ཞུ་རུ་འདེང་གསུང་ནས། ལོག་ནས་དྲུང་དུ་བྱོན་པས། ཁོང་གཉིས་ན་རེ། ཁྱོད་ཐོག་མར་ངེད་གཉིས་ཐེ་ཚོམ་བྱས། མ་ང་གྲོགས་ཀྱི་ཡོན་ཏན་ཕྲག་དོག་བྱས་པས་མ་དག་པའི་སྣང་བ་ཕྱོགས་མེད་དུ་སྦྱོངས་ཤིག་ལ་སོགས་པའི་ཆོས་གསུངས་སོ།
།བགེགས་ཆེན་གདོན་མཛད་ཅེས་པ། ལས་རྒྱུན་གཅོད་པའི་མཛད་པ་ན་གདོན་མུ་གེ་ལ་སོགས་པར་སྤྲུལ་ནས་སེམས་ཅན་གྱི་དོན་མཛད། གཞན་ཡང་བླ་མ་གྲུབ་ཐོབ་འགའ་ཞིག་རང་ཉིད་བྲམ་ཟེའི་ཚུལ་དུ་བཟུང་ནས་ལྕེབ་པར་སྟོན་པ་ཡང་ཡོད་གསུང་།
རིམ་ལྔ་ལས། འདི་ནི་རང་བྱུང་བཅོམ་ལྡན་འདས། །གཅིག་པུ་བདག་ཉིད་ཆེ་བའི་ལྷ། །མན་ངག་ཐམས་ཅད་རབ་སྟེར་བས། །རྡོ་རྗེ་སློབ་དཔོན་དེ་བས་ལྷག །ཅེས་གསུང་།
དུས་གསུམ་འདོམས་པའི་དགོངས་པ་བླ་མ་བཀའ་དྲིན་ཆེ་སྟེ།
ས་པཎ་གྱིས། ཉི་མའི་འོད་ཟེར་རབ་ཚ་ཡང་། །མེ་ཤེལ་མེད་པར་མེ་མི་འབྱུང་། །དེ་ནི་སངས་རྒྱས་བྱིན་རླབས་ཀྱང་། །བླ་མ་མེད་པར་འབྱུང་མི་འགྱུར། །ཞེས་པས།
དཔེར་ན་དཔྱིད་སོས་ཉི་མའི་དཀྱིལ་འཁོར་ཚ་མོས་ཀླད་པ་འགེམས་པ་དང་འདྲ་བ་ཡོད་ཀྱང་། མེ་ཤེལ་ལམ་མེ་ལོང་མེད་ན་མེ་མི་འབྱུང་ལ། ཉི་མའི་འོད་ཟེར་མེ་ཤེལ་ལམ་མེ་ལོང་གཡའ་དང་བྲལ་བ་གཅིག་ལ་བསྡུས། དེ་སྤྲ་བ་རླན་དང་བྲལ་བ་གཅིག་ལ་བསྟན་ན་འཕྲལ་ཉིད་དུ་མེ་འབྱུང་། དེ་བཞིན་དུ་ཕྱོགས་བཅུ་དུས་གསུམ་གྱི་སངས་རྒྱས་མཁྱེན་བརྩེ་ནུས་མཐུ་མངའ་ཡང་། བླ་མ་མེད་ན་བྱིན་རླབས་མི་འབྱུང་། དེས་ན་ཉི་འོད་དང་འདྲ་བའི་སངས་རྒྱས་ཀྱི་ཐུགས་རྗེ་དེ། མེ་ཤེལ་ལམ་མེ་ལོང་དང་འདྲ་བའི་བླ་མ་ལ་བསྡུས། སྤྲ་བ་རླན་དང་བྲལ་བ་འདྲ་བའི་སློབ་མ་སྣོད་ལྡན་གཅིག་གིས་གསོལ་བ་བཏབ་ན། ཚེ་གཅིག་ལུས་གཅིག་ལ་སངས་རྒྱས་ཐོབ་པས་ན་བླ་མ་བཀའ་དྲིན་ཆེ་གསུང་། སློབ་དཔོན་སངས་རྒྱས་ཡེ་ཤེས་ཞབས་འཁོར་གྱི་དཀྱིལ་འཁོར་ལ་ཆོས་གསུང་བའི་མདུན་ན་ཚུར། སློབ་དཔོན་འཇམ་དཔལ་བཤེས་གཉེན་འཁོར་ཞལ་ཞེས་འགའ་དང་བཅས་པ་བྱོན་པས། ཁོང་གིས་འཁོར་གྱི་རྩར་ཕྱག་མ་བྱས་པར། ཆོས་འཕྲོ་ཏབ་ཏོབ་ཅིག་བཤང་ནས་རྗེས་བྱོན་ཏེ། ད་བྱི་མ་མཐོང་གསུང་ནས་དེར་ཕྱག་བྱས་པས་མ་མཐོང་གསུངས་མ་ཐག་སྤྱན་ས་ལ་བྲུལ་ལོ།
།དེར་གསོལ་བ་བཏབ་བཟོད་པར་གསོལ་བར་ཞུས་པས། ཁོང་གིས་ཡེ་ཤེས་ཀྱི་སྤྱན་དང་ལྡན་པར་གྱུར་ཅིག་གསུངས་པས་དེ་བཞིན་དུ་གྱུར་ཏོ། །རིན་པོ་ཆེའི་གསུང་གིས། ཁོང་གིས་མཆོད་རྟེན་ཞིག་ཤུལ་དུ་ལྷ་ཁང་འབྱོར་འདུག རང་རེ་ཀུན་དེ་ལྟར་བྱས་ན་སྒོ་ཆག་ཡོན་ཤོར་བྱུང་དོགས་ཡོད་དེ། ཅི་གསུང་ཚད་མརའཛིན་པའི་སྐབས་སུ་ཁབས་བརྩི་བ་གསུང་བཅག་གི་ཉེས་པ་མེད། བླ་མའི་གསུང་བཅག་ནས། གནས་པ་མགོ་འཐུམས་རེ་མོག་གེ་བསྒོམ་སྟེ། གསུང་བཅག་ན་གནས་པ་མགོ་འཐུམས་ལས་མེད་པའི་རང་རྟགས་ཡིན་པས། གསུང་བཞིན་སྒྲུབ་པ་གལ་ཆེ། བླ་མས་ཅི་གསུང་ཚད་མར་བཟུང་བ་ཡོན་ཏན་དཔག་མེད་ཡོད་དེ། མཻ་ཏྲི་པས་ཤ་བ་རི་པ་རི་གསུམ་ལ་འཆོལ་དུ་བྱོན་པས། ལམ་དུ་ས་ཀ་ར་དང་འཕྲད་དེ། ས་ཀ་ར་ཚིག་བཞི་པས་གྲོལ་གསུང་། གཞན་ཡང་། ཇོ་བོའི་སློབ་མ་དགོན་པ་གོང་མ་བས་དད་རྫས་ཟོས་གདོང་མི་དང་མ་འཕྲད་པའི་སྒྲུབ་པ་མཛད་པ་བས། འཇང་སྤྱན་སྔ་རྣལ་འབྱོར་པས། སྐུ་ཚེ་གང་ཞབས་ཏོག་བྱས་པ་ལྷག་པའི་ལོ་རྒྱུས་གསུང་། གསུང་བཞིན་བསྒྲུབས་པས་འཕྲལ་དུ་གེགས་ལས་གྲོལ་བ་ཡོད་དེ། ཀོ་བྲག་པ་འདུས་འདུས་པ་གཅིག་ལ། ཟུར་གྱི་ཐོས་མ་ངག་ཏུ་སྙིང་རུས་མི་གདའ། ཡོད་ན་མགོ་དྲེག་པ་ལ་བརྡབས་ན་ཕན་གསུངས་ཏེ། ཁོས་བྲག་བརྟེན་པ་ལ་བརྡབ་མ་ནུས་ནས་མགོ་ལག་བར་དུ་བཅུན་ནས་བརྡབས་དྲག་གསུངས། གསུང་བཞིན་བསྒྲུབས་པ། ཕག་མོ་གྲུ་པའི་གསོལ་ཇ་བ་བླ་ཡེ་ཐང་། ན་ཇ་འདྲེན་པ་ལ་དྲེ་མོ་མཛད་པའི་གཏམ་གསུང་། དེ་ལྟར་གསུང་བཞིན་བསྒྲུབས། ཞབས་ཏོག་བྱས་ན་ཡོན་ཏན་ཡོད་དེ། རྒྱ་གར་དུ་དཔལ་འབྲས་སྤུངས་ཀྱི་རྩར། དཔལ་འབྲས་ཕུང་བ་བྱ་བ་གྲུབ་ཐོབ་གཅིག་ལ། སློབ་མ་གཅིག་གིས། དེ་དུས་ཆར་མ་བབས་པར་མུ་གེ་ཆེན་པོ་བྱུང་བས། འཚོ་བ་དམ་དུམ་བྱུར་བ་རྣམས་ཁོང་རང་གིས་གཅིག་ཀྱང་མ་ཟོས་པར་བླ་མ་ལ་ཞུས་པས། ནང་གཅིག་གསོལ་འདྲེན་དུ་ཕྱིན་པས། ཕྱག་ཏུ་ཐོད་པ་དང་ཁོང་རང་གྱེས་སོ།
།དེར་བླ་མས་ཅི་ཡིན་གསུངས་པས། སྔར་གྱི་ཚུལ་དེ་བརྗོད་པས། ཁྱོད་ན་ནིང་ནས་མི་ཟེར་བ། ་་་་འབྲས་ཀྱི་ཆར་དབབ་ཀྱིས། གྲོང་ཁྱེར་བ་རྣམས་ལ་འབྲས་འགྲུས་མ་དགའ་འམ། སོ་བ་དགའ་དྲིས་ལ་ཤོག་གསུང་། དེར་ང་བཞིན་བྱས་པས་འབྲས་འགྲུས་མ་དགའ་སྟེ། ཡུན་རིང་བཞག་མི་སྟུབ་པས་སོ་བ་དགའ་ཟེར་ནས། དེ་བཞིན་ཞུས་པས། འབྲས་སོ་པའི་ཆར་ཕབ་ནས་གྲོང་ཁྱེར་བ་རྣམས་མུ་གེ་ལས་ཐར་བར་བྱས་ཏེ། དེ་ལྟ་བུའི་བླ་མ་ལ་ཞབས་ཏོག་བྱེད་པའི་སློབ་མ་དེ། སངས་རྒྱ་བ་ལ་བླ་མ་བས་ཀྱང་སྔ་བར་བྱུང་གསུང་། དེས་ན་བླ་མ་མཚན་ལྡན་གྱིས་ཅི་གསུང་ཚད་མར་བཟུང་ཞིང་། ཅི་མཛད་ལ་ཡོན་ཏན་དུ་བལྟའོ། དེ་བཞིན་མ་བྱས་ན་སྔར་ཡང་བླ་མའི་གསུང་བཅག་ནས་བསྒོམས་པ་ལ་བར་ཆད་དུ་སོང་བ་མང་སྟེ། སློབ་དཔོན་ཀླུ་སྒྲུབ་ཀྱིས། ཤ་བ་རི་པ་ཀླུའི་བྱང་ཆུབ་འབར་བའི་གཙོ་བོ་གསུམ་ལ་རིམ་པ་བཞིན་མི་གནས་པའི་མྱ་ངན་ལས་འདས་པར་བཞུགས་ལ། གང་ཟག་གཅིག་ཅར་བ་རྣམས་ཀྱི་དོན་གྱིས་ཅིག་རེས་དྲང་། སྒྲུབ་པ་ཉམས་སུ་ལོང་། ཕྱག་རྒྱ་ཆེན་པོ་སྙིང་པོའི་སྐོར་ལ་བཤད་པར་གྱིས་ལ་དར་ཅིག་རྒྱས་པར་གསུངས་པས། འབར་བའི་གཙོ་བོས་དུས་སྐབས་སུ་བསྒོམས་པས་ཐུན་མོང་གི་དངོས་གྲུབ་ཅུང་ཟད་ཐོབ་སྟེ། གསུང་བཅག་པས་སྐུ་ཚེ་ལ་བར་ཆད་དུ་འགྱུར་བ་སོགས་རྒྱས་པར་གསུངས། ཕག་མོ་གྲུབ་པར། སྒོམ་ཆེན་པ་ཅིག་གིས། བླ་མའི་གསུང་བཅག་ནས་བསྒོམས་པས། ཁྲག་འཐུར་དུ་འབྱམས་ཏེ་སྒོམ་དུ་མ་བཏུབ་གསུངས། བླ་མ་དེ་ཡང་ཆུང་ཆུང་ངན་ངན་འདྲ་བ་ལ་མོས་གུས་བྱས་པས། ཆེ་གཞི་རྣམས་ཀྱི་བྱིན་རླབས་འཇུག་སྟེ། བླ་མ་སྲིད་ལ་གཡོར་བའམ་སྲོག་གཅིག་པས་སོ།
།ཇོ་བོའི་བླ་མ་ཚུལ་འཆང་ལ་མོས་གུས་ལྷག་པར་མཛད་པ་བཞིན་ནམ། རིན་པོ་ཆེ་པས། སངས་རྒྱས་དགེ་སློང་གང་ཟག་ལྟ་བུར་བཞུགས་པ་ལ། ཁྲེལ་བསེབ་ཏུ་བླ་མར་བཟུང་བས་བྱིན་རླབས་འཕོས། རྟེན་འབྲེལ་འགྲིག་པ་ཡིན་ཏེ། མདོར་ན་ངན་པའམ་ཆུང་བ་ལ་མོས་གུས་ལྷག་པར་བྱས་པས། བཅང་བའམ་ཆེ་བ་ལ་མོས་གུས་ཤུགས་ཀྱིས་འབྱུང་བ་ཆོས་ཉིད་ཡིན་གསུང་། སློབ་དཔོན་ཆབ་ཀྱིས། སངས་རྒྱས་སྟོན་པ་ལ། བླ་མ་མཉེས་པ་འདི་ལ་གཉིས་སུ་གདའ། ཕུགས་ཞབས་ཏོག་ཏུ་འགྲོ་བ་འཕྲལ་མཉེས་སྒྱུ་མེད་པ་དང་། འཕྲལ་རང་མཉེས་པ་གཉིས་སུ་གདའ་བས། གང་ངོས་བྱ་ཞུས་པས། བུ་ཕུགས་འདི་ཡིན་ཏིག་པོ་མེད་དོ་ཨའུ། འཕྲལ་རང་གང་མཉེས་ཀྱིས་ཤིག་གསུང་། སྨན་པའི་རྒྱལ་པོ་འཚོ་བྱེད་ཤིང་རྟ་ལྷའི་གནས་སུ་སྐྱེས་ནས། ལྷའི་བུ་དང་བུ་མོའི་འཁོར་དང་བཅས་ཏེ་ནམ་མཁའ་ལ་རྫུ་འཕྲུལ་གྱིས་ཡོངས་པས་མོའུ་འགལ་གྱི་རྫུ་འཕྲུལ་ཐོབ་ཀྱང་། ས་ལ་གོམས་པས་མཇལ་ཞིང་བྱོན་པ་དེ་མཐོང་ནས། ཁོའི་དང་པོའི་མཁན་པོ་ཡིན་པས། དེའི་དྲན་པ་བྱུང་ནས་རྫུ་འཕྲུལ་གྱི་བཏུལ་བར། ནམ་མཁའ་ནས་ལག་ཡུ་སྒྲེང་བ་ཙམ་གུས་འདུད་གཅིག་བྱས་པས། རྫུ་འཕྲུལ་ཉམས་ཏེ་ས་ལ་ལྷུང་བ་ལྟ་བུའོ།
།ལུས་ཀྱིས་ཀྱང་ཅེས་པ། རྗེ་བཙུན་མི་ལ་དང་། བྱང་ཆུབ་གླིང་པའི་སློབ་མ་ཀོ་སྦྲེལ་བས། རྒོད་ཚང་པའི་དྲུང་དུ་བྱོན་པའི་ལོ་རྒྱུས་གསུང་།
ས་སྐྱ་པཎྜི་ཏའི་ཞལ་ནས། དེ་ཙམ་མ་ནུས་ཤིང་། གཞན་བྱ་རྒྱུ་མེད་ནའང་། ཆུ་རྫེ་རེ་ཙམ་མམ། ཤིང་ཕང་རེ་ཙམ་ལའང་སྐྱལ་བ་བྱེད་གསུང་།
རིན་པོ་ཆེ་པ་ཡིན་ཚུལ་དེ་ལྟར་ཡིན་པ་ལ། ད་ལྟ་བར་ཆེན་ཁག་པ་ཉིན་རེ་བཅོལ་ན་ངོ་གདོང་ཁྲག་ཚོས་པ་བཞིན་བཏང་ཡོང་བ་འདུག་སྟེ། དེ་ལ་བླ་མའི་བྱིན་རླབས་འཇུག་པའམ་ཡོན་ཏན་ཡོང་བ་མི་གསུང་། ངག་གིས་བསྟོད་པའི་དང་ལ། སློབ་མ་ཇི་ལྟར་ལོང་ཀྱང་། བླ་མའི་མགྲིན་པ་ལ་ཤུད་ཤུད་བྱེད་པ་མི་ཡོང་། བླ་མ་དེ་འབུལ་བའི་ཡུལ་ཡིན་པ་ལ་རྐུས་པའམ་བསྟོད་པའི་ཡུལ་ཡིན་པ་ལ་སྨད་ན་ཉེས་པ་རྩ་ལྟུང་དུ་འགྱུར་རོ།
།གལ་ཏེ་སྐྱོན་ནའང་ཅེས་པ། སོ་སོ་སྐྱེ་བོའི་དུས་སུ་རེས་ལས་མི་འཆགས་པ་ལ་རེ་ན་སྡུག །ནམ་བྱུང་ན་ཡང་འཕྲལ་ཉིད་དུ་བློས་ལ། བླ་མ་འདི་འདོད་ཆགས་རྡོ་རྗེ་ལ་སོགས་པ་ཡིན་དེས། སྐྱེན་སྣང་འདི་རང་གི་སྣང་བ་མ་དག་པ་ཡིན་སྙམ་དུ་སྐྱོན་གྱི་ས་བོན་རང་ལ་བསྟིམ། དེས་ཇི་ཞིག་ལྟར་ལ་སྐྱོན་གང་ཡང་མི་མཐོང་བ་འབྱུང་གསུང་། རིན་པོ་ཆེ་པ་མོས་གུས་འདིལ་རྟགས་མཚན་རེ་དགོས། གསུང་སྙན་པ་ནས་བྱོན། ཐུགས་ལ་བཏགས་ཀ་ཅ་སྣ་རེ་ཙམ་བྱིན་བྱས་ནས་སྐྱེའི། ཐུགས་ལ་མ་བཏགས་པའམ། བཀའ་བཀྱོན་ཅུང་ཟད་ལ་མོས་གུས་ལྡོག་ན། དེ་མོས་གུས་རང་མིན་བཀའ་བཀྱོན་ནམ་ཞབས་ཏོག་ཁ་བ་བཅོལ་དུས་མོས་གུས་ལ་གྱོལ་གྲུས་མེད་ཀྱི་སྟེང་དུ་སླར་ཆེ་རུ་འགྲོ་བ་གཅིག་དགོས་ཏེ།
ཆོས་རྗེ་གཙང་པའི་ཞལ་ནས། བཀའ་བཀྱོན་བྱུང་ན་དྲག་སྔགས་ཡིན། །བར་ཆད་སེལ་ན་དེ་ཡིས་སེལ། །བརྡུང་ཐག་བྱུང་ན་དབང་བསྐུར་ཡིན། །བྱིན་རླབས་འཇུག་ན་དེ་ལ་འཇུག །ཅེས་གསུང་།
ཁ་ཅིག་ན་རེ། བླ་མའི་ཞབས་ཏོག་བྱས་ན་བློ་འདྲེད། དེ་བས་སྒྲུབ་པ་བྱེད་པ་ཁེ་ཆེ་ཟེར་ཏེ་མ་གོ་བ་ཡིན། ཡོག་ཚད་ཟོས། ཐོབ་ཚད་བརྐུས། གཉིད་རོ་ལོག་བྱས་ན་བློ་འདྲེད་མོད། དེ་མིན་སྤྱན་སྔ་རྣལ་འབྱོར་པ། འབྲོམ་སྟོན་པ། སྤྱན་སྔ་རིན་པོ་ཆེ་ལ་སོགས་པ། བླ་མའི་ཉེ་གནས་ལ་བཟང་པོ་བྱུང་བ་མང་པོ་ཡོད། འཛེར་སྤྱན་སྔ་རྣལ་འབྱོར་པ་ཀུན་ལ་ཡོན་ཏན་མངའ་སྟེ། རྡོག་ལེའི་ཞལ་ནས། སྐུ་ཚེའི་སྟོང་ལ་ཆུ་འདིའི་ཕུ་ན་ཆོས་མཁས་སོ་མི་ཤེས་ཏེ་བྱེད་པ་གཅིག་ཡོང་གསུང་། སྐུ་ཚེའི་སྨད་ལ། ཆུ་འདིའི་ཕུ་ན་ཆོས་ཤེས་ཀྱང་ཤེས། བྱེད་ཀྱང་བྱེད་པ་གཅིག་ཡོད་ཅེས་ཆེ་བ་མང་པོ་བརྗོད་ཅིང་། ང་བཤད་པ་ལ་ཡེངས་ནས་སྒྲུབ་པ་མ་བྱུང་ཞེས་ཐུགས་སྐྱོ་ཤས་ཆེར་མཛད་ཅིང་། ཉིན་གཅིག་ཞབས་ཏོག་པ་ལ། གོས་དར་མང་པོ་བསྐུར་ནས། ཁོང་འབུལ་བ་མི་ལེན་པ་ལ་བླ་གཡེར་བསྐྱུར་བཏང་གསུང་། རིན་པོ་ཆེ་པ། འོ་སྐོལ་རྣམས་འཁོར་བར་འཁྱམས་པ་ཅིས་ཉེས་ན། མོས་གུས་གནད་དུ་གཏོང་མ་ཤེས་པས་ལན། དེ་གང་ལ་ཟེར་ན་བླ་མ་སངས་རྒྱས་ཡིན་མདོ་རྒྱུད་ནས་གསུངས་པ་དེ་གོ་ཡུལ་ཙམ་དུ་གོ་ཡང་། ཐག་ཆོད་མ་སྐྱེས་པས་ལན་པས། བླ་མ་སངས་རྒྱས་སུ་ཤེས་པར་བྱས་ལ་གསོལ་བ་གདབ་གསུང་། གསེལ་བ་གདབ་པའི་ཡུལ། བླ་མ་དེ་ཡང་མཚན་ཉིད་ལྡན་པ་དགོས། མི་ལྡན་བྱིན་རླབས་འབྱུང་ལྡན་མི་ལྡན་བརྟག་དགོས། ད་ལྟ་དམ་ཚིག་མི་ཐུབ་དང་། མཚན་ཉིད་དང་ལྡན་མི་ལྡན་མི་རྟོག་པ་འདི། དམ་ཚིག་མི་བསྲུང་བའི་རྟགས་སུ་འདུག་པས། དེས་ན་བླ་མ་ལྔ་བཅུ་པ་དཔང་དུ་བཞག་ལ་འབྲེལ་བརྟགས་དགོས།
དེ་ཉིད་ལས། བླ་མ་དང་ནི་སློབ་མ་གཉིས། །ཅེས་གསུང་པས།
འདི་དག་གི་དོན་སྔོན་གྲུབ་ཐོབ་རྣམས་ཀྱིས་ཕྱག་ལེན་མཛད་དེ། ནཱ་རོ་པས། ཏིལློ་པ་ལོ་བཅུ་གཉིས་སུ། དཀའ་བ་ཤི་ལ་ཐུག་པ་བཅུ་གཉིས་བཅད་པས་དེ་ཙམ་གྱི་བར་དུ་ཐ་མལ་གྱི་གཏམ། ནཱ་རོ་ཚོད་མ་ཞིམ་བྱ་བ་ལས་བྱུང་གསུང་། རྟག་ཏུ་དུ་དང་ཆོས་འཕགས་མཇལ་ནས་ལོ་བདུནུ་ཤེར་ཕྱིན་རྒྱ་རིམ་པ་བདུན་གྱིས་བཏབ་ནས་མ་གསུངས། དེའང་རྟེན་འབྲེལ་རྟག་ཏུ་མིང་མ་བཏགས་ཀྱང་དེའི་དོན་ཡིན། བོད་དུ་ཡུན་རིང་ཤོས། གྷ་ཡ་དྷ་ར་དང་། འབྲོག་མི་ཡིན་པའི་ལོ་རྒྱུས་གསུང་། དེ་ཡང་མཚན་ཉིད་དགག་ཕྱོགས་དང་། སྒྲུབ་ཕྱོགས་གཉིས་ལས། དགག་ཕྱོགས་ཕལ་ཆེ་བའམ་ཕྱེད་སྤངས་པ། སྒྲུབ་ཕྱོགས་ཕལ་ཆེའམ་ཕྱེད་ཚང་བ་བརྟེན་ཁྱུང་པོ་རྣལ་འབྱོར་གསུང་།
རིན་པ་ཆེའི་ཕུང་པོའི་མདོ་ལས། བྱམས་པས་གསོལ་པ། དགེ་བའི་བཤེས་གཉེན་ཇི་ལྟ་བུ་ལ་བསྟེན་པར་བགྱི། བཀའ་སྩལ་པ། ཆོས་གང་སྟོན་པ་ཐམས་ཅད་ཆོས་དབྱིངས་དོན་དམ་པའི་བདེན་པ་འབའ་ཞིག་ལས་བརྩམས་ཏེ་སྟོན་པར་བྱེད། གསལ་བར་བྱེད་པ་ནི་དགེ་བའི་བཤེས་གཉེན་ལམ་མ་ནོར་བར་དྲང་པོ་ནས་འཁྲིད་པར་བྱེད་པ་ཡིན་ནོ། །ཞེས་གསུང་།
ཨ་བྷྱས། སློབ་དཔོན་སློབ་མའི་བསམ་ཤེས་ནས། ཅེས་གསུངས་པས་མངོན་ཤེས་དང་ལྡན་པའམ། དེ་མེད་ནའང་སློབ་དཔོན་རང་གི་ཉམས་མྱོང་གི་སློབ་མའི་སྐྱེ་ཚུལ་ཤེས་པས་གང་ལ་གང་མོས་ཀྱིས་འཁྲིད་པ་གཅིག་དགོས། དེ་མིན་ན་བླ་མ་ཉམས་མྱོང་མེད་པ་རྒྱུས་མེད་ཀྱི་ལམ་མཁན་དང་འདྲ་བའི་སྐྱོན་དུ་འགྱུར་རོ།
ས་ར་ཧས། མར་མེ་གཅིག་ལ་གཉིས་ཆད་ཀྱིས་དུས་ཞེས་སོགས་གཙང་པས། རྟོགས་པས་བདག་རྒྱུད་གྲོལ་བ། ཐུགས་རྗེ་གཞན་རྒྱུད་སྨིན་པ། རྟེན་འབྲེལ་ཐབས་ལ་མཁས་པ། གདུལ་བྱ་དུས་ལ་བབ་པ། ཞེས་ཀྱང་གསུངས་ཤིང་། ཡང་ཁོང་དང་ཡང་དགོན་པ་གཉིས་ཀྱིས། རོ་གཅིག་ནས་འགྲོ་དོན་བྱེད་པར་གསུངས་སོ།
།དེ་ལ་རང་གི་སློབ་མ་མགོ་ཐོན་ན་དགའ་བ་ལ་སོགས་པའི་སྐོར་ཚོམ་མི་འབྱུང་། ཐམས་ཅད་རོ་སྙོམས་འགྲོ་བས་དེ་མེད། ཕལ་ཆེར་དོན་མེད་དོན་ཡོད་དང་། ཅེས་པའི་ལུང་དང་ཡང་མཐུན་གསུང་། རིན་པོ་ཆེ་པ་སྤྱིར་ཆོས་བཞིན་བྱེད་པ་གཅིག་བསྟེན། དེ་མི་བྱེད་ལྟ་སྒོམ་སྤྱོད་གསུམ་འགྲིག་པ་གཅིག་དགོས། ལྟ་བ་མཐོན་པོ་ནམ་མཁའ་ལྟ་བུ་ཡོད་ཀྱང་། སྒོམ་པ་མེད་ན་ཉམས་མྱོང་མི་འབྱུང་ཞིང་། གོ་ཡུལ་དུ་འཆོར། སྒོམ་པ་བརྟན་པོ་རི་རྒྱལ་ལྟ་བུ་ཡོད་ཀྱང་། ལྟ་བ་མེད་ན་གནས་ལུགས་རང་སར་མི་ཕྱིན་ཞིང་། ཉམས་ལ་ཡར་སྐྱེད་མི་ཐོན། དེ་གཉིས་ཡོད་པ་སྐད་ཟེར་ཡང་། སྤྱོད་པ་ཐེས་ཐུག་པ་ལས་མེད་ན་རང་གཞན་བསླུ་བ་ལས་མི་འབྱུང་བས། དེ་གསུམ་ལག་མིག་ཏུ་རྐང་མིག་ཆད་པ་ཀྲིག་གེ་བ་གཅིག་བསྟེན་གསུང་། །དེ་ལྟར་རྟགས་ཀྱི་རྗེས་སུ་ཕྱི་ནས་འབྲེལ་རྟོགས་མི་བྱ་སྟེ། བླ་མ་དེ་མོ་རང་མོར་སོང་ཡང་བལ་ཀུར་ཁྲོང་ངེ། རྣལ་འབྱོར་པར་སོང་ཡང་ཁྱི་བཞུག་ལང་ངེ་འབྲལ་མེད་དུ་བསྒོམ་གསུང་།
ས་ར་ཧས། བུ་ཆུང་བཞིན་དུ་གཙུག་གི་ནོར་མི་འབྲལ། ཞེས་གསུངས་སོ།
།རྒོད་ཚང་བ་ལ། སློབ་མ་འགའ་ཡིས། བླ་མ་མཚན་ཉིད་མི་ལྡན་པ་ལ་མོས་གུས་བྱས་ན་བྱིན་རླབས་འབྱུང་མི་འབྱུང་ཞུས་པས། ཅུང་ཟད་ཚོམ་མེ་བཞུགས་ནས། བྱིན་རླབས་ཇི་ལྟ་བ་བཞིན་མི་འབྱུང་། ཕྱིས་ནས་བཟང་པོ་དང་མཇལ་བའི་རྒྱུ་ཙམ་དུ་འགྱུར་རམ་གསུང་། རིན་པོ་ཆེ་པ་ཁོང་མོས་གུས་གཙོ་བོར་མཛད་པས། དེ་ཙམ་གསུང་བ་ཡིན་གྱིས། དེ་མིན་བཟང་པོ་དང་མཇལ་རྒྱུར་མི་འགྱུར། དེ་བྱས་ན་འབྲས་བུ་གོ་ལྡོག་ཏུ་འགྲོ། ཟོག་པོ་ཟོག་མོ་བསྟེན་ན་ནམ་དགོས་དུས་བསླུ་སྟེ།
སངས་རྒྱས་མཛོད་ཀྱི་མདོ་ལས། འཇིག་རྟེན་གྱི་དགྲས་ནི་སྲོག་ཙམ་འཕྲོག་གིས་ལུས་གཅིག་སྟེང་ཟད་དུ་ཟད་དོ། །མི་གཏོ་མུག་ཅན་གྱིས་ཆོས་བཤད་ན། བསྐལ་པ་བརྒྱད་ཁྲི་བཞི་སྟོང་དུ་དམྱལ་བར་སྐྱེའོ། །དེ་ནི་མྱ་ངན་ཆེན་པོའོ་ཞེས་གསུང་།
དགག་སྒྲུབ་མི་བྱ། ཚུར་སེམས་སུ་མི་བསྡུའོ། །ལྷན་པ་འབྱུང་ངོ་། །ཞེས་པ་གཞན་ཡང་དམིགས་ཡུལ་དེ་འགག་པ་འདྲའམ། དམའ་ཞོངས་འགྲོ་བའམ། ནག་ཐིབ་པའམ། སྐྱ་ཝལ་ཝལ་བྱུང་བ་ན། སེམས་གནས་པའི་རྟགས་ཡིན་པས། ཡང་ལུས་གནད་བསྲངས་ལྟ་སྟངས་གཞན་དུ་སྤོས་ཏེ་མ་བཅོས་པར་བཞག །རྣམ་རྟོག་སྔར་བས་མང་བ་སྙམ་པ་རི་གཟར་གྱི་ཁ་ནས་ཆུ་འབབ་པའམ། འོག་འགྱུས་སམ། གཡོ་བུན་ནམ། ཡེ་མི་གནས་པར་འདུག་སྙམ་པ་བྱུང་ཡང་སྐྱོན་དུ་མི་བལྟ། རྗེས་ནས་མི་འབྲང་བར་དྲན་པས་ཟིན་ཙམ་བྱ། དེ་ཡང་འོ་སྐོལ་གྱི་སེམས་འདི་ལ་རྣམ་རྟོག་གི་ཤོང་ཚངས་ལས་མེད་དེ། སྔར་སེམས་ལ་གནས་པ་དང་། མ་དྭངས་པས་བཟུང་དུ་མ་ཟིན་པ་ཡིན། ད་ཅུང་ཟད་དྭངས་པ་དང་། བཟུང་དུ་ཟིན་ནས་རྣམ་རྟོག་མང་མང་འདྲ་བ་ཡིན། དོན་ལ་མང་དུ་སོང་རྒྱུ་མེད། སེམས་གནས་པ་དང་དྭངས་པའི་རྟགས་ཡིན་པས། དེ་ཐོག་ཏུ་གློད་ཅིང་འཇོག་པའོ།
།ཁ་ཟས་བཅུད་ཅན་བསྟེན་ཅེས་པ། རྒྱུ་བསམ་གཏན་ཟས་བདུན་བསྟེན་ནས་འབྲས་བུ་ཚོགས་ལ་གནས་པ་ཞེས་བྱ་བ། དེ་ཡང་ཁམས་ཀྱི་ཟས་བོངས་ཆུང་དེ་བབསྟེན། རེག་པའི་ཟས་གེས་ཡང་བ་དྲོ་བ་བགོ གཉིད་རྣལ་མའི་ཟས་ཁམས་ཟོས་པ་ལེག ཉེ་མོའི་མི་ལོག །ཚངས་པར་སྤྱོད་པའི་ཟས། རྟེན་ཁམས་དྭངས་མ་ཉམས་ན་བརྟེན་པ་སེམས་རྟོག་པ་སྐྱེ་བས་མེ་དང་ཉི་མ་ལ་སོགས་པ་དྭངས་པ་གནོད་པའི་ཟས་དང་སྤྱོད་ལམ་སྤང་། ཡིད་ལ་སེམས་པའི་ཟས་སྐོམ་ཡོར་མི་ཡོང་གི་རེ་དོགས་མི་བྱ་བར་རང་ལ་གནས་པའི་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ངོ་བོ་སྤྲོད་པ་ལ་ཡོང་བ་ཅི་ཡིན་སྙམ་དུ་བསམ། སྙོམས་པར་འཇུག་པའི་ཟས་ཁམས་བཟང་ན་འཇུར་དུ་བྱ། ངན་ན་གློད། ཐུན་སྐབས་སུ་བྱ། གལ་ཏེ་ཁམས་ངན་ན་ལམ་འབྲས་ནས་བཤད་པའི་ཁ་ཟས་རེས་འཇོག་ཉི་མ་རེས་འཇོག་སྤྱོད་ལམ་རེས་འཇོག་རྣམས་བྱ། རྟ་རྫུད་གསོ་བ་དང་འདྲ་བས། ཁ་ཟས་ཀྱི་ལྕགས་ཀྱིས་བྲབ་ཅིང་སྐབས་སུ་གཞུར། དཀུ་མཉེ་བག་རེ་བྱ་གསུང་། ཆགས་པའི་སྤྱོད་པའི་ཟད། རྣམ་རྟོག་གང་སྐྱེས་རྦད་ལ་བཏང་ཟེར་ཡང་། ད་ལྟ་དེ་ཀ་བས་དྲན་པས་ཟིན་ཙམ་བྱ། དེལྟར་བྱས་པས་གནས་པའི་ཏིང་ངེ་འཛིན་སྐྱེ་བས་རྒྱ་མཚོ་ལ་གནས་པ་བྱ་བ་ཡིན་གསུང་། གཞན་ཡང་། ཐུན་ཐུང་བ་གྲང་མང་བ་བྱ།
དམ་པའི་ཞལ་ནས། ཐུན་ཐུང་ལ་ནི་གྲངས་མང་ཞིང་། གྲངས་མངས་བས་ནི་སྐྱེན་མེད་འཐུད། ཅེས་སོ།
།གྱེན་ལ་བསླབ་པནི། ཤེས་པ་བྱིང་རྨུགས་སུ་གྱུར་ན་ལྟ་སྟངས་མཐོ་བར་བྱ། དབང་པོ་ལ་ཀྲོག་འདོན། རིག་པའམ་ངར་བཏོན་ནས་ཤེས་པ་ངར་ཧྲིག་གེ་རྗེན་ནེ་བཞག་པས། བྱིང་རྨུགས་ཀྱི་སྐྱོན་རང་དག་ནས། རིག་པ་གསལ་ལ་དྭངས་པ་ངར་དང་བཅས་པ། ངང་ངམ་ཤུགས་འབྱུང་གསུང་། ཐུརལ་བསླབ་པ་ནི། རྒོད་ན་ལུགས་སྲོལ་ལ་སོགས་པར་ལྟ་སྟངས་དམའ་བར་བཅསལ། ལུས་སེམས་ཁོང་གློད་ན་སྒོམ་འདོད་ཀྱི་བློ་དང་ཕྲལ་ཏེ་ལྷོད་དེ་བཞག་པས། འཕྲོ་རྒོད་ཀྱི་སྐྱོན་རང་དག་ནས། ཤེས་པ་རང་མལ་དུ་ཚུད་པའི་གནས་པ་བཟང་པོ་འབྱུང་གསུང་།
དམ་པའི་ཞལ་ནས། འགའ་ཞིག་བྱིང་ན་སེང་། རྒོད་ན་སྡུད་ཅེས་ཟེར་ན་ཡང་། འདིར་ལྟ་སྟངས་ཀྱི་སྦྱོར་བས་ཤེས་པ་ཡུལ་དང་ཕྲལ་བ་ཡིན་གསུང་སྟེ། དམིགས་པ་དེ་གཉིས་གེགས་སེལ་ལྟ་བུ་ཡིན་གསུང་། ཁྲོ་བོ་ཚངས་པ་གྱེན་དུ་བལྟ། །ཉན་ཐོས་ཞི་བ་འཐུར་དུ་བལྟ། །རྡོ་རྗེའི་སྤྱན་ནི་ཐད་ཀར་བལྟ། །ཅེས་ཏེ།
རྟགས་ལ་གཙོར་བྱེད་རྣམས་གྱེན་ལ། སེམས་ཉེར་ཞི་གཙོ་བྱེད་རྣམས་ཟུར་དུ། ཟུང་འཇུག་གཙོ་བྱེད་རྣམས་ཐད་ཀར་བལྟ་སྟེ། དམ་པ་དང་། ཆོས་འདིའི་ལུགས་ཀྱི་དེའི་གསུང་། མདོ་སྣ་ཚོགས་ལ་བསླབ་པའི་སྐབས་སུ། རྣམ་རྟོག་རང་རྒྱུད་པ་འདི་དུས་དང་གནས་སྐབས་ཐམས་ཅད་འབྱུང་བའི་སྐབས་ཡེ་མེད། རྟོག་པ་རང་རྒྱུད་པ་འདི་ཀ་འཁོར་བའི་རང་གཟུགས་ཡིན་ཏེ།
རྣམ་སྣང་མངོན་བྱང་ལས། རྣམ་རྟོག་མ་རིག་ཆེན་པོ་སྟེ། །འཁོར་བའི་རྒྱ་མཚོར་ལྟུང་བྱེད་ཡིན། །ཅེས་དང་།
འཇམ་དབྱངས་བསྟོད་པ་ལས། རྣམ་པར་རྟོག་ལས་མ་རྟོགས་པའི། །འཁོར་བ་ཞེས་བྱ་ཡོད་མ་ཡིན། །ཁྱོད་ནི་རྣམ་རྟོག་དང་བྲལ་བས། །དེ་ཕྱིར་ཁྱོད་ནི་སངས་རྒྱས་དང་། །ཅེས་དང་།
རྟོག་པས་དྲ་བ་རྣམ་བསེལ་ཅིང་། །ཟབ་ཅིང་རྒྱ་ཆེ་སྐུ་མངའ་བ། །ཀུན་ཏུ་བཟང་པོའི་འོད་ཟེར་དག །ཀུན་ནས་འཕྲོ་ལ་ཕྱག་འཚལ་ལོ། །ཞེས་གསུང་།
ཁྱེད་ཕྱག་ཆེན་པ་རྣམས་ལ་རྣམ་རྟོག་སྒོམ་དུ་འཆར་ཡོད་པ་མིན་ནམ། རྟོག་མེད་ཀྱིས་ཚེ་ཕྱིད་བྱེད་ཟེར་ན། དེ་ལ་ཆོས་འདི་རང་སྐད་ཀྱིས།
དང་པོ་རྟོག་པ་ལ་ཅུང་ཟད་སྐྱོན་དུ་བལྟ། བར་དུ་རྣམ་རྟོག་གྲོགས་སུ་ཁྱེར། ཐ་མ་དགག་སྒྲུབ་དང་བྲལ་བ་གསུམ་ལས།
དང་པོ་རྐྱེན་དུ་བལྟ་ཟེར་ཡང་། བྲར་ཕུལ་བྱས་ནས་སྤོང་བ་ལྟ་བུ་མ་ཡིན་གྱིས། བརྡའ་ཐབས་ཁྱད་པར་ཅན་ལ་བརྟེན་ནས་འདས་པ་ཡུལ་དུ་བྱེད་པ་རྣམས་རང་འགགས་ལ་འགྲོ། མ་འོངས་པའི་རྟོག་པ་སྐྱེ་འཕོ་འཆད། ད་ལྟར་གྱི་རོ་མེད་ཁུངས་སྟོར།
རྩིས་མེད་རང་ཡལ་ནས། སེམས་གཡོ་མེད་ཀྱི་རང་ས་ཟིན་ཏེ་རང་ངོ་ཤེས་པའི་ལྷག་མཐོང་འཆར། །དེ་ལྟར་རྣམ་རྟོག་མ་རིག་པ་རྒྱུན་ཆད་རྩ་ན། རྣམ་པར་མི་རྟོག་པའི་ཡེ་ཤེས་རང་ཤར་དུ་བྱུང་བ་ཆོས་ཉིད་ཡིན་ནོ། །རྟོག་པ་གསལ་སྣང་ཁེགས་ཏེ། རྣམ་རྟོག་རྗེས་སུ་འབྲེལ་བ་ལ། །དོན་སྣང་གསལ་བ་ཡོད་མ་ཡིན། །ཅེས་གསུང་།
སྒོམ་ཐོག་ནས་ལྟ་བ་འཚོལ་བ་དང་། ལྟ་ཐོག་ནས་སྒོམ་སྐྱོང་བ་གཉིས་ལས། འདི་སྒོམ་ཐོག་ནས་ལྟ་བ་འཚོལ་བ་ཡིན་པས་གནས་པ་དགོས། གནས་པའི་རླན་མེད། རྣམ་རྟོག་ཕྲ་མོ་རྣམས་མི་འཚོག །རྟོགས་པ་རྣམས་ཀྱིས་མི་ཐེག །རྣམ་རྟོག་ལ་བོགས་མི་ཐོན། གཟུགས་ཅན་འཆར་བ་ལ་སེམས་དྭངས་ཤིང་གནས་དགོས། ཆོས་སྤྱིའི་ལུགས་ཀྱིས་ཀྱང་། ཞི་གནས་ཀྱིས་ཉོན་མོངས་པ་མགོ་མནན་ནས། ལྷག་མཐོང་གི་དྲུང་ནས་འབྱིན་པར་བྱེད་ཅིང་པ་ཡིན་ཅིང་། བསྒོམ་གྱི་ངོ་བོ་ཞི་གནས་ལྷག་མཐོང་ཟུང་འབྲེལ། ཐབས་ཤེས་དབྱེར་མེད་སྣང་སྟོང་དབྱེར་མེད་ལ་སོགས་པ་ཡིན། ཡ་བྲལ་གྱི་གོ་མི་ཆོད། དེ་ལ་དངོས་ནས་ཟུང་འབྲེལ་སྐྱེ་དཀའ་བས། ཞི་གནས་འཚོལ་དགོས།
སྤྱོད་འཇུག་ལས། ཞི་གནས་རབ་ཏུ་ལྡན་པའི་ལྷག་མཐོང་གིས། །ཉོན་མོངས་རྣམ་པར་འཇོམས་པ་ཤེས་བྱས་ནས། །ཐོག་མར་ཞིག་ནས་བཙལ་བྱ་དེ་ཡང་ནི། །འཇིག་རྟེན་འཆགས་པ་མེད་པ་མངོན་དགས་འགྲུབ། །ཅེས་པས་འཇིག་རྟེན་མ་འཆགས་པ་དགོས་ཏེ།
གནམ་སེང་ལྡེང་དུ་དཔལ་ཆེན་རྒ་ལོ་དང་། ཞང་རིན་པོ་ཆེ་མཇལ་དུས། ཞང་ལ་སྤྱན་ཅེ་རེ་གཟིགས་ནས། ཁྱོད་ཀྱིས་ངའི་ཆོས་དང་གདམས་ངག་ཐམས་ཅད་ཀྱི་བདག་པོ་བྱས་ནས། སེམས་ཅན་ལ་ཕན་ཐོགས་པ་གཅིག་ཡོང་བ་འདུག་པ་ལ། ཞེས་ཡང་ཡང་གསུངས། ཐུགས་ལ་འདོགས་པར་ཞུ་བྱས་པས་ཁྱེད་ལ་གེགས་གཅིག་འདུག་གསུང་། རྩི་གདའ་ཞུས་པས། ལུང་པའི་མདའ་མ་གི་ན་གསེར་གཞི་ནི་གཅིག་དང་། མར་ཧྲིལ་གཅིག་གི་འབུན་བསྐྱེད་འདུག་པ་གསུངས། དེ་ཙམ་གྱི་ཅི་སྐྱོན་པ་ལགས་སམ་ཞུས་པས། ཆོས་ཟབ་མོ་རྒྱུད་ལ་མི་སྐྱེ་བའི་གེགས་བྱེད་པ་གདའ། རབ་ཏུ་བྱུང་ན་འབུན་བསྐྱེད་བྱེད་པ་རྣམ་སྨིན་ཤིན་ཏུ་ཆེ། ངའི་སློབ་མ་གཅིག་སྐྱེ་བ་སྔ་མ་ལ་ཚུལ་ཁྲིམས་བསྲུངས་མི་ལུས་ཐོབ་ནས་རབ་ཏུ་བྱུང་སྟེ་འབུན་བསྐྱེད་བྱས་པས་ད་ལྟ་དམྱལ་བར་སྐྱེས་འདུག་གསུང་། དེར་ཞང་རིན་པོ་ཆེས་གཞི་ནམ་ཡན་ཆད་ཀྱི་དངོས་པོ་རང་དོན་དུ་བདག་ཏུ་འཛིན་ན། བླ་མ་རིན་པོ་ཆེའི་ཆོས་སྐྱོང་གིས་མགོ་བོ་ཁོས་ཤིག་ཅེས་དབུ་སྙུང་བརྒྱ་རྩ་བཞེས་ནས། སྒྲུབ་པ་མཛད་པས་ཡོན་ཏན་ཁྱད་པར་ཅན་འཁྲུངས་གསུངས།
མཁན་ཆེན་མཆིམས་པའི་ཞལ་ནས། ཉོན་མོངས་དྲུང་ནས་འབྱིན་པ་ལྷོངས་ཀྱི་ཡེ་ཤེས་དགོས། །དེའི་རྒྱུར་ཞི་གནས་དགོས། དེའི་རྒྱུར་སྒོ་གསུམ་དབེན་པ་དགོས། དགེ་སློང་དོན་ཅི་ཉུང་བ་བྱ་བ་ཉུང་བ། འབྲུ་བསྣོན་རྒྱས་པར་མཛད་ནས་གསུངས་གསུང་།
སངས་རྒྱས་སྟོན་པའི་གསུང་ནས། ཞི་གནས་མེད་པའི་ལྷག་མཐོང་དེ་ཅི་དང་འདྲ་ན། མཉེད་ཡབ་མེད་དང་འདྲ་གསུང་། མདོར་ན་ལྷག་མཐོང་གི་ཡེ་ཤེས་སྐྱེ་བ་ལ་ཞི་གནས་དགོས་ཤིང་། དེ་ལ་འཇིག་རྟེན་ལ་མ་ཆགས་པ་དགོས། དགོས་མེད་ཞེན་ལོག་གི་བློ་སྣ་བསྟེན་པ་གལ་ཆེ་གསུང་།
གནས་པའི་རྐང་མ་ཟིན་པར་ངོ་སྤྲད་ན། གོ་ཡུལ་སོང་ནས་ལྟ་བ་ཕྲག་ཚོངས་བྱེད་པ། ལས་སུ་ཆོས་མིན་སྣ་ཚོགས་ལ་སྤྱོད་པ་བྱུང་། ཉེན་ཆེ་བས་སྔོན་དུ་གནས་པ་གལ་ཆེ། དམ་པ་རིན་པོ་ཆེ་དང་། བླ་མ་ཞང་གིས་འགའ་རེ་ན་རྗེས་ཤེས་རྟོག་པའི་སྟེང་དུ་ངོ་སྤྲད་པ་ཡོད་དེ། དེ་འཕྲོད་པ་རེ་རེ་ཙམ་ལ་ཆོད་ཆེ་བ་ལྟར་སྣང་ཡང་། ངོ་འཕྲོད་པ་དཀའ་བས་གནད་ཆུགས། མཉམ་བཞག་གནས་པའི་སྟེང་ནས་ངོ་འཕྲོད་པ་སླ་བ་གནད་ཆེ་གསུང་། ཉལ་བ་ལས་ཚིགས་པ་བསྲང་ཞིང་ཁ་སྤུབ་ལ་སོགས་པ་མི་བྱ་ཞིང་། ཕྱིར་ཡང་དུས་ཐམས་ཅད་དུ་ལུས་གནད་བསྲང་། འབྱུང་བཞི་འཁྲུགས་པས་དབང་དུ་མ་འདུས་ནའང་ཚིགས་པ་བསྲང་གསུང་། རྣམ་དཔྱོད་ལམ་བཞི་ལ་འགྲོ་བ་གཅིག་དགོས། སྟན་ཁར་སྡད་ཙན་འབྱུང་གི །དེ་མིན་ན་མི་འབྱུང་ན། དེས་བརྟག་མི་ཐུབ། དེ་ཡང་དང་པོ་ནས་བཏོལ་སྐྱེས་སུ་མི་འབྱུང་བས་སློབ་དགོས་པས་ད་ལྟ་སློབ་པ་གལ་ཆེ་གསུང་ངོ་། རྟེན་ཅན་ལ་སླབ་པའོ་ཅེས་པས། དེ་རྣམས་ཀྱིས་ཞི་གནས་མཚན་བཅས་དེ་ལྟ་བུ་དེ་སོང་ནས། ད་ཞི་གནས་མཚན་མེད་དེ་ལྟ་བུའི་ཚུལ་གྱིས་སྟོན་ནོ།
།སེམས་འཚོལ་བཏབ་པའི་རྗེས་སུ།
ལྕེ་སྒོམ་གྱི་ཞལ་ནས། རྒྱ་གར་ཡུལ་ནས་དམ་པའི་ཆོས་བཙལ་ཡང་། གཏན་ལ་དབབ་རྒྱུ་རང་གི་སེམས་ལས་མེད། སེམས་ཀྱིས་སེམས་ལ་བལྟ་བར་བྱེད་པ་ལ། ཐབས་ཀྱི་སྣ་ཁ་མང་པོས་ཅི་ཞིག་བྱ། ཞེས་གསུང་།
རིན་པོ་ཆེ་པ་སེམས་ཀྱི་བལྟ་བ་འདི་གལ་ཆེ། སྣང་བ་ཐམས་ཅད་རང་གི་སེམས་ཡིན་པས། སེམས་རྟོགས་ངོ་ཤེས་ན་གཞན་ཐམས་ཅད་རང་གྲོལ་ལ་འགྲོ། །འོ་ན་སྣང་བ་ཐམས་ཅད་རང་གི་སེམས་ཀྱི་རང་འོད་དམ། རང་གཟུགས་ཡིན་ནམ་སྙམ་ན་ཡིན་ཏེ།
རྡོ་རྗེ་མགུར་ལས། རིན་ཆེན་སེམས་ལས་ཅེས་སོགས་ལུང་འདྲེན། ཀུན་བྱེད་རྒྱལ་པོ་ང་ཁ་བ་ཟེར་ཏེ། ང་བ་བརྟག་གཉིས་ལས་ཆུད་རྒྱུད་མི་འདུག་གསུང་། སེམས་ཙམ་མོ་ཅེས་པ་ཙམ་ལ་གཉིས། ལྷག་པ་འགོག་པ་དང་ཚོད་འཛིན་པའོ།
།འདིར་ལྷག་པ་འགོག་པ་ཙམ་ཡིན་གསུང་། སྣང་བ་རང་སེམས་ཡིན་པས་ངོ་སྤྲོད་དམ་མིན་ནས་སྤྲོད། ཡིན་ན་སྤྲད་མི་དགོས་ལ། མིན་ན་སྤྲད་ཀྱང་མི་ཕན་ནོ།
།ཡིན་ཡང་ཡུལ་འཛིན་གྱི་རྟོག་པས་བསྒྲིབས་ནས་ངོ་མ་ཤེས་པ་ལ། ད་བླ་མའི་བྱིན་རླབས་དང་བརྡ་ཐབས་ཁྱད་པར་ཅན་གྱི་དྲི་མ་དེ་གསལ་ནས་ངོ་ཤེས་པར་བྱེད་པ་ལ། སྣང་བ་རང་སེམས་ཀྱི་ཁྲིད་ཟེར་ཏེ། འདི་དག་གི་འཁྲིད་ཚུལ། ས་སྐྱ་པ་ཀུན་ལའང་། ལམ་འབྲས་བུ་དང་བཅས་པ་ནས། དཔེ་བརྒྱད་བཞི་སུམ་ཅུ་རྩ་གཉིས་ལ་བརྟེན་ནས། སྣང་བ་རང་སེམས་སུ་ངོ་སྤྲད་ཚུལ་བཤད། འཇིག་རྟེན་མགོན་པོ་ཡང་སྣང་བ་རང་སེམས་ཀྱི་ཁྲིདརྒྱས་པར་གསུངས། འདིར་ཡང་རྒྱལ་པོ་ལ་གདམས་པའི་མདོའི་རྗེས་སུ་འབྲངས་པ་རྒྱས་པར་ལོགས་སུ་བསྟོན་ལ། ཅུང་ཟད་བཤད་ན། དངོས་གཅིག་ཉིད་ནི་ཐ་དད་ཕྱིར། །དོན་མ་གྲུབ་པར་འདོད་པ་ཡིན། །ཅེས་དངོས་པོ་གཅིག་སྣང་ཚུལ་ཐ་དད་དེ། །ཅེས་སོགས་གསུངས་པའི་དངོས་པོ་གཅིག་ལ་ལྷ་ལ་རྡོའི་རྒྱལ་པོ་ཨ་མོ་ལི་ཀ་ལ་སོགས་པར་སྣང་། མི་ལས། དུད་འགྲོ། གྲོག་སྦུར་ལ་སོགས་པ་ལ་ལོངས་སྤྱོད་དང་ཁང་ཁྱིམ། དམྱལ་བ་ལ་ལྕགས་སྲེགས་ཀྱི་ས་གཞི་ཅེས་གསུངས། མདུན་དུ་བུམ་པ་ཅེས་པ་དེ་ལྟ་བུ་ལ་ལྟ་སྟངས་བཅས་ཏེ་ཡིད་བྱེད་དང་བྲལ་ནས་བཞག་པས་སེམས་ཀྱིས་བུམ་པ་བཟུང་འདུག་གམ། བུམ་པས་ཚུར་འཆང་འདུག་གམ། ཐ་དད་དུ་འདུག་གམ། སེམས་རར་བུམ་པ། རང་སེམས་སུ་ཤར་བ་འདུག་བལྟ། བལྟས་པས་དབྱེར་མི་ཕྱེད་དེ། ཐིག་ལེ་ལས། སེམས་ཉིད་ལྷན་ཅིག་སྐྱེས་སོགས་བརྗོད་ནས། སེམས་ཉིད་ཆོས་ཀྱི་སྐུ་འགག་པ་མེད་པའི་རང་འོད་སྣང་བའི་ཆོས་སྐུ་ཡིན་ནོ།
།དེ་ལྟར་ཡང་སྣང་བ་སེམས་སུ་བྱེད་པ་དེ་སེམས་ཙམ་དུ་མི་འགྱུར་རམ་ཞེན་མི་འགྱུར་ཏེ།
སེམས་རྣམ་རིག་ཙམ་དུ་འདོད་པ་ནི། གྲུབ་མཐའ་ཁས་ལེན་གྱི་སེམས་ཙམ་ཡིན། འདིར་སྣང་བ་རང་གི་སེམས་དེ་ཡང་། ངོས་བཟུང་དང་བྲལ་བར་ཤེས་པས་སོ།
།བཀའ་ཐ་མ་དོན་དམ་རྣམ་པར་ངེས་པའི་མདོ་སྡེ་རྣམས་ལས་སྣང་བ་སེམས། སེམས་སྤྲོས་བྲལ། སྤྲོས་བྲལ་ཟུང་འཇུག་ཏུ་གཏན་ལ་ཕབ་སྟེ། དེའི་རྒྱུ་མཚན་ཡང་སངས་རྒྱས་ཀྱིས་བཀའ་རིམ་པ་གསུམ་བསྐོར་བའི་དང་པོ་རྟག་ཆད་དང་འབྲེལ་ཅེས་སྒྲོ་འདོགས་ནས་ཐ་མ་རྣམ་པར་ངེས་ཀྱི་འཁོར་ལོ་བསྐོར་བས་ཟུང་འཇུག་ཏུ་བསྟན་ཏེ།
ལང་ཀར་གཤེགས་པ་ལས། ཀུན་གཞི་མེད་ཅིང་རྣམ་རིག་མེད། །རང་བཞིན་མེད་ཅིང་དངོས་མེད་ན། །བྱིས་པ་ངན་པ་རྟོག་གེ་པ། །རོ་དང་འདྲ་བས་མ་རྟོགསསོ། །ཅེས་དང་།
སེམས་ཙམ་ལ་ནི་གནས་ནས་སུ། །ཕྱིའི་དོན་ལ་མི་བརྟག་གོ །ཡང་དག་དོན་ལ་གནས་ནས་ནི། །སེམས་ཙམ་ལས་ནི་འདའ་བར་བྱ། །སྣང་མེད་གནས་པའི་རྣལ་འབྱོར་པས། །དེ་ཡིས་ཐེག་པ་ཆེན་པོ་མཐོང་། །ཞེས་གསུངས་སོ།
།སྣང་སྟོང་དབྱེར་མེད་ལ་དབང་ཐོབ་པར་འགྱུར་ཏེ། ཅེས་པ་རིན་པོ་ཆེ་པ་སྣང་བ་རང་སེམས་འདི་ལ་བཞི་ཙམ་ཡིན། གོ་བ། ཉམས་མྱོང་། རྟོགས་པ། མཐར་ཕྱིན་པའོ།
།དང་པོ་ནི། སྣང་བ་འདི་རང་སེམས་ཡིན་སྙམ་དུ་བློ་ཡུལ་རུ་གོ་བའོ།
།གཉིས་པ་ནི། སྣང་བ་རང་གི་སེམས་དང་ཐ་དད་མེད་པར་ཉམས་སུ་མྱོང་བར་ཡུལ་འཛིན་གྱི་དྲི་མ་དང་བྲལ་བའོ།
།གསུམ་པ་སྣང་བ་འདི་རང་སེམས་སུ་ཐག་ཆོད་ནས་ཡུལ་མེད་ཀྱི་ངེས་ཤེས་སྐྱེས་པའོ།
།བཞི་པ་ནི། སྣང་བ་སྟོང་པར། སྟེར་པ་སྣང་བར་བྱེད་ཅེས་པ་འབྱུང་གསུང་།
གཞན་ཡང་དྭགས་པོ་རིན་པོ་ཆེ་ལ། བུ་ཆེན་འགའ་ཡིས་སྣང་བ་སེམས་དང་། ཆོས་ཉིད་གསུམ་འགྲེ་བ་གསུང་བ་ཇི་ལྟར་འགྲེ་ལགས་ཞུས་པས། གཟིམས་མལ་གྱི་མདུན་ན་ཀ་བ་གཅིག་འདུག་པ་ལ་ཕྱག་ཕར་ཐལ་ཚུར་ཐལ་མཛད་ཅིང་འདི་གཉིས་འགྲེ་བ་ཡིན་གསུང་ངོ་། ཟུར་ཆུང་ཤེས་རབ་གྲགས་བྲག་རྒྱ་བོ་ཅན་ན་བཞུགས་དུས། སྟོན་པ་གཅིག་གིས་སུན་དབྱུང་དགོས་སྙམ་ནས་ཆོས་གཏམ་བྱས་པས། སྟོན་པ་དེས་ཀ་བ་ཆོས་ཅན་ཞེས་ཐལ་འགྱུར་བཏང་བས། ཁྱོད་ལ་ཀ་བ་ཆོས་ཅན་དུ་གདའ་སྟེ། ཁོ་བོ་ལ་ཆོས་ཉིད་དུ་གདའ་གསུངས་ནས་ཕྱག་ཕར་ཐལ་ཚུར་ཐལ་མཛད། ཡང་འདུས་མ་བྱས་ནམ་མཁའ་ཆོས་ཅན་བྱས་པས། ཁྱོད་ལ་འདུས་མ་བྱས་ཏེ་ཁོ་བོ་ལ་འདུས་སུ་གདའ་གསུངས་ནས། ནམ་མཁའ་ལ་སྐྱིལ་ཀྲུང་བྱས་ཀྱང་འདུས་མ་བྱས་སུ་འགྱུར་རྒྱུ་མེད་དེ་ཇི་ལྟར་བྱས་ཀྱང་སྣང་སེམས་སུ་དབྱེར་མེད་པར་ཤེས་པར་གསལ་བ་ཡིན་གསུང་། འགའ་ཞིག་སྣང་བ་རང་རང་སེམས་ཡིན་བྱས་པས། བར་གྱི་སྣང་བསྟོང་པ་དང་། སྟོང་པ་སྣང་བར་དབྱེར་མེད་པ་ར་དགོས་པ་ལྟར་འདོད་དེ། དེའི་བྱེ་བྲག་ཕྱེད་དགོས། དེ་ལྟར་བྱུང་ཡང་། སྣང་བ་རང་སེམས་མ་ཡིན་པར་མི་འགྱུར་རམ་གསུང་། འགའ་ཞིག་སྣང་བ་ལས་སྣང་བ་ཡིན་པ་འགའ་ཟེར་ཏེ། གཅིག་ཏུ་མ་ངེས། ལ་ལ་ཉམས་སྣང་། ལ་ལ་ཆོས་ཀྱི་རང་སྣང་དུ་འཆར་བས་དེ་དགག་མི་དགོས། དེ་བས་ཉོན་མོངས་ཀྱི་སྣང་ཆ་ཡང་མི་འགག་སྟེ། མདངས་འགག་མེད། འདོད་ཆགས་ཀྱི་སྣང་བ་ཤར་བ་ལ། ངོ་བོ་འཛིན་པ་ཐམས་ཅད་དང་བྲལ་བ་དེ་ལ་འདོད་ཆགས་རྡོ་རྗེའི། སོ་སོར་རྟོག་པའི་ཡེ་ཤེས་ཟེར། དེ་བས་སྣང་བ་ག་་་་་གིས་དང་ཁྱད་པར་དུ་མ་བྱས་པའི་སྣང་བ་ཙམ་ཀྱང་མི་འགག་གསུང་།
འོ་ན་རྒྱུད་འགྲེལ་ལས། ཏ་ལ་མོ་དང་སྡིག་སྲིན་གྱི་དཔེས་དགག་པར་བཤད་དོ་ཟེར་ན་མ་ཡིན་ཏེ། དེ་ནི་སྣང་བ་ལ་ཞེན་ཆེས་པ་དགག་པ་དགོངས་པ་ཡིན་གྱིས། དོན་ལ་མི་འགག་གསུང་། ད་ལྟ་སྣང་བ་རང་སེམས་ཀྱི་རབ་ལ་རྟོག་པ་འབྲིང་ལ་ཉམས་མྱོང་། ཐ་མ་ལ་ཡིན་ངེས་སྙམ་པའི་གོ་ཡུལ་བརྟན་པོར་འབྱུང་དགོས། དེ་མ་བྱུང་བར་ངོ་སྤྲད་ན་ཆུ་མཆོད་པའི་རྫང་ངམ། འབེན་མ་མཐོང་བའི་མདའ་རྡེག་དང་འདྲ་གསུང་། དེ་ཡང་སྐབས་སུ་བུམ་པ་ལ་སོགས་པ་ལ་དམིགས་གཏད་བཅས་པ་དེ་བཞིན་དུ་བལྟ། གཙོ་ཆེར་རྟེན་མེད་ལ་བསླབ་གསུང་། འདིར་རྟེན་མེད་ཀྱི་སྐབས་ཡིན་རྟེན་ལ་དམིགས་པ་འཆའ་བ་གཅིག་ཡིན་སྙམ་ན། སྔར་གྱི་དེ་རྣམས་ཕྱི་རོལ་ལོགས་ན་མོ་ཞིག་ལ་སེམས་འཛིན་པ་ལྟ་བུ་ཡིན། འདིར་སྣང་སེམས་དབྱེར་མེད་དུ་བཞག་པས། རྟེན་ཉིད་རྟེན་མེད་དུ་འཆར་བའམ། རྟེན་མེད་རྟེན་དུ་འཆར་བ་བྱ་བ་ཡིན་གསུང་། དེ་རྣམས་ནི་སྔོན་འགྲོའོ།
།དངོས་གཞིའི་སྐབས་སུ་འཇོག་པ་རྣམས་སྔར་བཞིན་ལ། རྗེན་ལྷང་གིས་འཆར་ཞེས་པ། དེ་ཉིད་ལ་བལྟས་ཏེ་དངོས་པོ་དངོས་མེད། ལུས་ཀྱི་ཕྱི་ནང་གརན་འདུག་བལྟ། དེ་ཡང་ལུས་སེམས་གཅིག་པའི་གོམས་པའི་སྟོབས་ཀྱིས་ནང་ལུས་ལ་ཡོད་ཡོད་པོར་བྱེད་པས། དེ་ལ་འཇུག་གམ་བལྟ། དུས་འདས་པ་ལ་མ་གྲུབ་སྟེ། གྲུབ་ན་འདས་པའི་རྟོག་པ་འདིར་མི་འགག་བྱ་བའི་ཤུལ་དགོས་ཏེ་དེ་མ་གྲུབ། མ་འོངས་པ་ལ་མ་གྲུབ་སྟེ། གྲུབ་ན་ཁྲོམ་ཆེན་པོའམ། རང་ཟམ་ལ་འགྲོ་བའམ། བཙུན་པ་སེར་འཕྲེང་བྱེད་པ་ལྟར་ཡོང་དགོས་ཏེ། དེ་མེད་ད་ལྟ་བ་ལ་བལྟས་པས། ངོ་བོ་ངོས་བཟུང་གང་དུ་ཡང་མ་གྲུབ་པ། དང་པོའི་ཤེས་པ་ལས་མ་གཡོས་མ་འཆུགས་པའི་དི་ཉིད་དོ།
།འདི་གཉིས་ཀ་ལ་སེམས་ཉིད་ཀྱི་སེམས་ཉིད། ཆོས་ཉིད་ཀྱིས་ཆོས་ཉིད། སློབ་དཔོན་གྱིས་ངོ་སྤྲོད་རྒྱུའི་སེམས་དེ་ཡང་འདིའོ།
།སློབ་མས་ཤེས་པར་བྱ་རྒྱུ་ཡང་འདི་ཡིན་ཏེ། དེ་ལས་གཞན་པའི་དངོས་པོ་མཚན་མ་ཅན་དུ་བསྟན་རྒྱུའམ་མཐོང་རྒྱུ་མེད། དེ་ཡང་འོ་སྐོལ་ཆུ་སྦུར་གྱི་མིག་ཅན་རྣམ་པར་རྟོག་པའི་བློ་ཅན་རྣམས་ཀྱི་མ་མཐོར་བ་ལ་ཚད་མར་མི་བཏུབ། སངས་རྒྱས་ཡེ་ཤེས་ཀྱི་སྤྱན་དང་ལྡན་པས་གཟིགས་དགོས་པ་ལ་གཟིགས་ཏེ།
འོད་སྲུངས་ཀྱིས་ཞུས་པའི་མདོ་ལས། འོད་སྲུངས་སེམས་ནི་དཀར་པོ་མ་ཡིན། སེར་པོ་མ་ཡིན། ཙོད་དང་ཤེལ་གྱི་ཁ་དོག་ལྟ་བུ་མ་ཡིན་ཏེ། འོད་སྲུངས་སེམས་ནི་འདས་པ་མ་ཡིན། མ་འོངས་པ་མ་ཡིན། ད་ལྟར་བ་མ་ཡིན། སེམས་ནི་དུས་གསུམ་སངས་རྒྱས་ཐམས་ཅད་ཀྱིས་ཀྱང་མ་གཟིགས། མི་གཟིགས། གཟིགས་པར་མི་འགྱུར་ཞེས་ཏེ། སེམས་དངོས་པོ་མཚན་མ་ཅན་དུ་མ་གཟིགས་པའོ།
།འདི་ཀ་ལ་སྟོང་པ་སེམས་ཀྱི་རང་བཞིན་ཅེས་ཟེར་ཏེ།
བྲམ་ཟེ་ཆེན་པོས། གདོད་ནས་དག་པ་ནམ་མཁའི་རང་བཞིན་ལས། །བལྟས་ཤིང་བལྟས་ཤིང་མཐོང་བ་འགག་པར་འགྱུར། །ཞེས་སོ།
དེའང་སྟོང་པའམ་མེད་པ་ཕྱལ་ཆད་མ་ཡིན་ཏེ། མདངས་འགག་མེད་དུ་ལམ་མེ་བ་དེ་ལ་གསལ་སེམས་ཀྱི་མཚན་ཉིད་ཟེར་ཏེ།
ཤ་བ་རི་པས། ཕྱལ་ཆད་མ་ཡིན་རྦ་རླབས་བཞིན། །ཅེས་པས་རྦ་རླབས་སེམས་ཆུ་རྒྱུན་ལྟར་ཡོད། དེ་ཉིད་ཐ་དང་ཡིན་ན་མ་སྙམ་ན་མ་ཡིན་ཏེ། རང་བཞིན་སྟོང་བ་ཀ་མཚན་ཉིད་འགག་མེད་དུ་གསལ་ལ། དེ་ཀ་རང་བཞིན་སྟོང་པར་ཡོད་དེ། དེ་ལ་ཟུང་འཇུགསེམས་ཀྱི་ངོ་བོ་ཟེར་ཏེ།
བརྒྱད་སྟོང་པ་ལས། སེམས་ནི་སེམས་མ་མཆིས་ཏེ་སེམས་ཀྱི་རང་བཞིན་ནི་འོད་གསལ་བའོ། །ཞེས་གསུང་།
དེ་ལ་སེམས་ངོས་བཟུང་དང་བྲལ་བ་དེ་ལ་ཆོས་སྐད་དུ། རྣམ་པར་མི་རྟོག་པའི་ཡེ་ཤེས་སམ། བླུན་སྐད་དུ་ཐ་མལ་གྱི་ཤེས་པ་ཞེས་ཟེར་ཏེ།
ནི་གུ་མས། ཡིད་ལ་མི་བྱེད་རེ་དོགས་ཀུན་བྲལ་བའི། །ཞེས་རྟོག་པ་མཇལ་བའི་ཕྱག་མཛད།
བྲམ་ཟེ་ཆེན་པོས། ཐ་མལ་གྱི་ཤེས་པ་ངོས་བཟུང་དང་བྲལ་བའི་ཆོས་སྐུ་འདི་ཡང་། སློབ་དཔོན་གདམས་ངག་ཆེ་ནས་སམ། སློབ་མ་ཤེས་རབ་ཆེ་ནས་རྙེད་པ་མ་ཡིན། གདོད་ནས་རང་ཆས་སུ་གནས་ཤིང་ཡོད་དེ།
བརྒྱད་སྟོང་པ་ལས། ཆོས་རྣམས་ནི་ཅེས་སོ།
དང་པོ་ཉེ་དྲགས་ཅེས་པ། སེམས་དང་ཆོས་སྐུ་གཉིས་པོ་འདི་ངོ་བོ་ལ་བཟང་ངན་མེད། དུས་ལ་སྔ་ཕྱི་མེད། གོ་ས་ལ་མཐོ་དམན་མེད་དེ། སེམས་ཡོད་ན་ཆོས་སྐུ། ཆོས་སྐུ་ཡོད་ན་སེམས་ཡོད་དེ། མ་རིག་པས་སྒྲིབས་ནས་ངོ་མ་ཤེས། གང་ངོ་མ་ཤེས་ན་ཅེས་སོ།
།ད་རེས་བླ་མ་ཅེས་པ། གང་ངོ་ཤེས་ན་རིག་རིག་པོ་འདི་གང་གིས་ཤེས་ན་ཁོ་རང་གིས། ཚུལ་ཇི་ལྟར་ཤེསན་ཡུལ་ཡུལ་ཅན་གཉིས་མེད་ཀྱི་ཚུལ་གྱིས་སོ།
།གཉིས་པ་བླ་གྲགས་ཅེས་པ་བློ་ཆུང་རྣམས་སངས་རྒྱས་ཅེས་པ་མཚན་དཔེས་བརྒྱན་པའི་བཟང་བཟང་པོ་གཅིག་ཏུ་ཞེན་ནས། འདི་སངས་རྒྱས་ཡིན་ན་བླ་སྟེ་སྙམ་ན། མཚན་དཔེས་བརྒྱན་པར་སྣང་བ་དེ་ནི་ཆོས་སྐུ་དྲི་བྲལ་གྱི་ལག་རྗེས་ཏེ། སངས་རྒྱས་རྣལ་མ་འདིའོ། །དེ་བཞིན་གཤེགས་པའི་སྙིང་པོ་ལས་གཞན་མ་ཡིན་ཅེས་རྒྱུ་མཚན་གནད་ཀྱིས་དེད་ནས་གསུངས་སོ།
།གསུམ་པ་ནི། དམ་པས། མཆོད་རྟེན་ཀ་རུའི་ཙ་ན་མར་བྱོན་པས། གླང་པོ་གཅིག་ཉལ་བ་གཟིགས་པ་ཁོའི་རླུང་དབུ་མར་ཚུད་དེ། ཤེས་པ་རྟོག་མེད་དུ་ཧད་དེ་འདུག་ནས་རྩར་བྱོན་ཏེ་ཐལ་མོ་སྦྱར་ནས་ངོ་མཚར་ཆེ་གསུང་། དེའི་རྗེས་སུ་སྙིང་རྗེ་གསུང་། ཀུན་དགས་ངོ་མཚར་ཆེ་རྒྱུ་གཅིག་བདོག་འདི་དུད་འགྲོ་ལགས། དེའི་ནང་ནས་གླང་བུ་བྱ་བ་ཤིན་ཏུ་བླུན་པ་གཅིག་ལགས་ཞུས་པས། འཇམ་དཔལ་སྨྲ་སེང་ལ་ཡང་འདི་ལས་ལྷག་པ་མེད་དེ། ཁོས་མ་ཤེས་གདའ་སྙིད་རྗེ་གསུངས་ཏེ། རང་རེ་ལ་ཆད་པ་ངལ་གསོ་བ་དང་གསུང་། ཅེས་གསུང་།
སྐྱོན་བཞི་རང་གྲོལ་ཅེས་པ། འདས་པའི་རྟོག་པ་མ་འགགས་མ་འོངས་པ་སྐྱེ་འཕྲོ་ཆད། ད་ལྟ་བ་རོ་མེད་ཁུངས་སྟོས་རྩིས་མེད་རང་ཡལ་ལ་སོང་ནས། ཤེས་པ་གསལ་ལ་དྭངས་པ་གཅིག་འཆར། དེ་ལ་བལྟས་པས་མདངས་མ་འགགས་པ། ངོས་བཟུང་ཐམས་ཅད་དང་བྲལ་བ། གསལ་སྟོང་ནམ་མཁའ་སྤྲིན་དང་བྲལ་བ་ལྟ་བུ་རང་རིག་ཏུ་རྗེན་ནེ་འདུག་ནས་དེ་ལྟར་ངོ་ཤེས་ཐག་ཆོད། ངེས་ཤེས་སྐྱེས། ཡེངས་མེད་ཀྱི་བྱ་ར་བ་དང་བྲལ་བས་སྐྱོན་བཞི་ལ་གྲོལ་ལོ།
།རིན་པོ་ཆེ་པ་ཚིག་གཞན་བྱིན་དང་མཐུན་པ་མེད། སྐྱོན་བཞི་རང་གྲོལ་འདི་གཞན་པས་ཆུན་ཆེ་ཟབ་པར་ཡོད་གསུང་། ནམ་མཁའི་ངོ་སྤྲོད་ལ། སེམས་རང་ལུགས་སུ་ལྷོད་དེ་བཟོ་མེད་དུ་ཁྲེས་སོ། འཛིན་མེད་དུ་ཞིག་གེ་བཞག་པས། ཁ་དོག་དབྱིབས། གནས་དུས་ལ་སོགས་གང་དུ་ཡང་མ་གྲུབ་པས་དངོས་པོ་ཀུན་འབྱེད་པ་གཅིག་སར་ངེ་འདུག །སེམས་ཀྱང་ངང་ངེ་དབྱེར་མེད་པར་ཁ་དོག་ལ་སོགས་པར་མ་གྲུབ་པར། གདངས་མ་འགགས་པར་ས་ལེ་འདུག་གེ །ནམ་མཁའ་རིག་མེད་དང་། སེམས་ནི་ནམ་མཁའ་ལྟ་བུར་ཅེས་གསུང་། སྣང་བ་ཐམས་ཅད་སེམས། སེམས་ནམ་མཁའི་རང་བཞིན་ཡིན་པས། འཁོར་འདས་ཐམས་ཅད་ནམ་མཁའི་རང་བཞིན་ཡིན་ཏེ།
བརྟག་གཉིས་ལས། ཐམས་ཅད་ནམ་མཁའི་མཚན་ཉིད་དེ། །ནམ་མཁའ་ལ་ཡང་མཚན་ཉིད་མེད། །ཅེས་གསུང་།
ནམ་མའའ་སེམས་ཀྱི་དཔེ་དོན་དུ་འཇོག་པ་ནི། རྟོགས་མ་རྟོགས་དེ་རྟོགས་ན་དོན། མ་རྟོགས་ན་དཔེ་ཡིན་གསུང་། དབང་བཞི་པའི་དོན་རང་བྱུང་ལྷན་སྐྱེས་པའི་ཡེ་ཤེས་འདི་ནི་ཆེས་ཕྲ་སྟེ་རྟོགས་པར་དཀའ། རྡོ་རྗེ་སྟོང་པ་ཉིད་ཀྱི་དོན་ཉོན་མོངས་པའི་སྡུག་བསྔལ་དང་བྲལ་བ་མཐར་ཕྱིན་ཏེ་ཆོས་སྐུ། མཚན་མའི་གྲུ་ཟུར་ཞི་བ་ཉིད། ཕ་དེ་བདག་ཉིད་དོ།
།ནམ་མཁའ་ལྟ་བུར་མཚན་ཉིད་མེད། །ཅེས་ཏེ། མཚན་ཉིད་མེད། རང་བཞིན་མེད། གདགས་བྱ་མེད། སྨྲ་བརྗོད་ཀྱི་ཡུལ་ལས་འདས་ཏེ། སྨྲ་བསམ་བརྗོད་མེད་ཅེས་བརྗོད་དོ།
།ངག་ཏུ་སྨྲ་རུ། ཚིག་ཏུ་བརྗོད་དུ། བློ་བསམ་དུ། ཤེས་པའི་ཐ་མ་དང་འབྲིང་མ་་་་རབ། ཉོན་མོངས་བཟུང་རྟོག་འཛིན་གྱིས་ཕ་རོལ་ཏུ་ཕྱིན། རྒྱུས་སྟོང་པས་མ་སྐྱེས། རྐྱེན་གྱིས་སྟོང་པས་མི་འགག ངོ་བོ་མ་གྲུབ་པས་ནམ་མཁའི་རང་བཞིན་ནོ།
།མེད་པའམ་ཕྱལ་ཆད་མ་ཡིན་ཏེ། སོ་སོ་རང་གི་རིག་པའི་སྤྱོད་ཡུལ་ལོ། །རྒྱུ་མེད་གཞན་ལ་མི་ལྟོས་ཕྱིར། །རྟག་ཏུ་ཡོད་པའམ་མེད་པར་འགྱུར། །ཅེས་པས། རྒྱུ་མེད་ཅིང་རྐྱེན་ལ་མི་ལྟོས་ན། ཡོད་མེད་གཉིས་སུ་མི་འགྱུར་རམ་སྙམ་ན། མ་འགགས་པར་གསལ་བའི་ཆ་ནས་ཡོད་ལ། རང་བཞིན་སྟོང་པའི་ཆ་ནས་མེད་དོ། །དུས་གསུམ་རྒྱལ་བའི་ཡུམ་ལ། ཅེས་པ། གཙོ་མ་གསེར་གྱི་མདོག་ཅན་ཞལ་གཅིག་ཕྱག་བཞི་མ་སྟེ། དཔེའི་ཡུམ་ཆེན་མོ་འདི་དོན་གྱི་ཡུམ་ཆེན་མོ་སྟེ།
ཤེར་སྙིང་ལས། དུས་གསུམ་དུ་རྣམ་པར་བཞུགས་པའི་སངས་རྒྱས་ཐམས་ཅད་ཀྱང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ལ་བརྟེན་ནས། བླ་ན་མེད་པ་ཡང་དག་པར་རྫོགས་པར་སངས་རྒྱས་སོ། །ཅེས་གསུངས་སོ།
།རིག་པ་གསལ་སྟོང་ཅེས་པ། མངོན་པ་བ་སེམས་དང་ཀུན་གཞི་ཐ་དད་དུ་འདོད་པས། སེམས་ཀྱི་མཚན་ཉིད་མི་རྟོགས། བླ་མ་དབོན་ཤག་ལ་མངོན་པའི་བའི་ཀུན་གཞི་དང་། མདོ་ལས་བཤད་པ་གཉིས་མི་མཐུན་པར་འདུག་པ་དེ་གཉིས་གང་ལགས་ཞུས་པས། མངོན་པ་བ་ཀུན་གཞི་རྣམ་ཤེས་ཚོགས་བརྒྱད་དུ་བྱས་ཏེ། དེ་ཀུན་གཞི་བཏགས་པ་ཡིན། མདོའི་དེ་རྣམས་རྣལ་མ་ཡིན་ཟེར་ཏེ། རྩ་བ་རིག་པ་གསལ་སྟོང་འདི་ཀ་ལ་ཀུན་གཞི་ཟེར། འདི་རྟོགས་ན་སངས་རྒྱས། མ་རྟོགས་ན་འཁོར་བ། རྟོགས་ཏེ་སངས་རྒྱས་ཙམ་ན་ཡང་རིག་པ་གསལ་སྟོང་འདི་ལས་བཟང་དུ་སོང་བ་མེད་ལ། མ་རྟོགས་པའི་དུས་ན་ཡང་དེའི་ངོ་བོ་ལ་དྲི་མས་གོས་པ་མེད་དེ་གསུང་། འཁོར་འདས་དབྱེར་མེད་ཅེས་ཀྱང་ཟེར་ཏེ། གཞི་མ་རིག་པ་ངོ་མ་ཤེས་པའི་ཆ་ནས་ངོ་མ་ཤེས་པའི་ཆ་ནས་འཁོར་བ། རང་སྟོད་དུ་ཡོད་པའི་ཆ་ནས་མྱང་འདས་ཏེ། རྩ་རྒྱུད་ལས། འདི་ནི་འཁོར་བ་ཞེས་གསུངས་པ།
།ལམ་ནི་དེ་ལྟར་གནས་པར་རང་ངོ་ཤེས་ནས། འཁོར་བ་མ་སྤངས་གནས་སུ་དག །མྱང་འདས་མ་བསྒྲུབས་ལྷུན་གྱིས་གྲུབ་ནས་མ་ཡེངས་ཙམ་དུ་སྐྱོང་བའོ།
།འབྲས་བུ་ནི་གཡས་སུ་སངས་རྒྱས་བཞག །གཡོན་དུ་དམྱལ་བ་བཞག་ཀྱང་། དེ་གཉིས་ལ་དགག་སྒྲུབ་དང་འདམ་ཁ་ཟད་པའོ།
།རིག་པ་དྲི་མ་མེད་པ་ཞེས་བྱ་སྟེ། དམ་པའི་དྲུང་དུ་འབྲོམ་ལོ་ཙཱ་བས་བྱོན་པས་ལོ་རྒྱུས་གསུང་། འགྱོད་ཚངས་མཆོག་ཡིན་ཞེས་པ། དཔེ་དུང་རྡུལ་ཕྱིས་པའམ། ཁང་སྟོང་དུ་སྒྲོན་མེ་བཏེག་པ་བཞིན་ནོ་གསུང་། དུས་རྣམས་མཉམ་པ་ཉིད་ཤེས་ཕྱིར། །ཅེས་པ། ངོ་བ་ཟུང་འཇུག །ཟུང་འཇུག་བློ་འདས། བློ་འདས་ཡིད་ལ་བྱར་མེད་པར་མཉམ་ཅེས་སོ།
།དེ་ནས་གོ་ཡུལ་དང་རྟག་བཅད་ལ་ཅེས་པའི་སྔོན་དུ་སྔར་བཞིན་བཞག་པས་གསལ་བྱེད་ཀྱི་རྒྱུ་རྐྱེན་ཆེ་འབྲིང་ཆུང་གསུམ་ལ་མ་ལྟོས་པར་མཚན་ཉིད་རང་གསལ་དུ་རྗེན་ནེ། དེ་ལ་བལྟས་པས་རང་བཞིན་ངོས་བཟུང་ཐམས་ཅད་དང་བྲལ་བ། རང་བཞིན་མེད་བཞིན་གསལ་ཏེ་ངོ་བོ་ཟུང་འཇུག་ཏུ་ཏ་ལེ། དེ་ལྟར་ངོ་ཤེས་ན་གོལ་ས་ཐམས་ཅད་རང་ཆོད་ལ་འགྲོ་སྟེ། གཟུགས་སྟོང་པའོ། །སྟོང་པ་ཉིད་གཟུགས་སོ། །ཞེས་རྟག་ཆད་ལས་གྲོལ་ལོ། །འགའ་ཞིག་འདི་རྟགས་ཀྱི་སྟེང་དུ་སྦྱོར་ཏེ། དེ་ཀའི་བཤམས་ནས་ཆོས་ཐམས་ཅད་སྟོང་པ་ཉིད་དོ་ཅེས་པ་རྟགས་སམ་ཐིག་ལེ་སྟོང་པ་ཉིད་དོ།
།བྱ་བ་མེད། དུས་འཁོར་བ་ཀུན་ལ་མ་ནོར་བ་རྟགས་ཁྲིད་པ་ཟེར་ནའང་། འདིར་ལམ་མ་ནོར་བ་རྟག་ལ་མི་ལྟོས་པ་གཅིག་དགོས་གསུང་། དེ་མ་ཡིན་པའི་མེད་པ་ལ་སེམས་ངོ་བྱས་ན་འཁྲུལ། མེད་པ་དང་སྟོང་པ་ལ་ནོར་ས་ཡོད། རིག་ཐོག་ཏུ་སྒྲོ་འདོགས་ཆོད་ནས་གནས་འགྱུས་སྣང་གསུམ་གྱི་སྟེང་དུ་སྤྲོ་སྟེ་རི་རྩིགས་པ་ཁང་ཁྱིམ་ལ་སོགས་པ་བལྟས་པས་ངོ་བོ་རང་བཞིན་མཚན་ཉིད་གསུམ་ཀྲོང་ངེ་བ་འདི་སྒོམ་ཡིན་ཀྱང་། འདི་སྒོམ་མ་ཡིན་བྱ་བ་མེད། སྣང་བ་བསྒོམ་ཀྱང་ངོ་བོ་རང་བཞིན་མཚན་ཉིད་གསུམ་ཚང་ཞིང་སྟོང་པ་སྒོམ་ཀྱང་ཚང་བས། གད་ཤར་ཤར། གང་སྣང་སྣང་། དྲན་དྲན་ཐམས་ཅད་བསྒོམ་ཡིན། དེ་ལྟར་རྟོགས་པའི་རྣལ་འབྱོར་པ་གཅིག་གིས། ཁ་རུ་བུར་རྡོག་ལ་སོགས་པ་བཅུག་ནས་ཁྲོམ་བསེ་བ་ལྟ་བུར་བལྟང་ན། གཟུགས་སྣང་སྟོང་། སྒྲ་གྲགས་སྟོང་། དྲི་ཚོར་སྟོང་། རེག་བྱ་རེག་སྟོང་དུ་འཆརསྟེ། ཀོ་བྲག་པ་བུ་ཆེན་འགའ་ཡིས་གདམས་སྐོར་བཞི་སོ་སོའི་གང་ལ་ཐུགས་དམ་མཛད་ཞུས་པས། འམ་བུ་དེ་ས་ལ་མེད་ལགས། སྒྲ་ཤཱ་ཤཱ་འདིའམ། ཁྱི་སྒྲ་ལྷང་ལྷང་བ་འདི་ལ་བྱེད་གསུང་ངོ་།
།བློ་བྲལ་གྱི་དྲན་པས་ཅེས་པ། དེ་ལྟ་བུའི་ཉམས་ལེན་གང་ལའང་མ་ཡེངས་ཀྱི་དྲན་པ་གཅིག་དགོས་ཀྱིས་སྒོམ་པ་ཆང་གཏེ་ལ་བཅུག་པས་མི་ཕན།
ཤ་བ་རི་པས། དྲན་པ་རྒྱུན་ཆགས་དྲན་མེད་པ། །ཅེས་པ་དང་།
ཀླུ་སྒྲུབ་ཀྱིས། དབང་ཕྱུག་ལུང་རྟོགས་དྲན་པས་བདེ་གཤེགས་ཀྱིས། །བསྒྲོད་པ་གཅིག་པའི་ལམ་དུ་ཉེར་བསྟེན་ནས། །དེ་ནས་སྒྲིམས་ཏེ་མངོན་པར་བསྲུང་བགྱི་སྟེ། །དྲན་པ་ཉམས་པས་ཆོས་ཀུན་འཇིགས་པར་འགྱུར། །ཅེས་དང་།
ཞི་བ་ལྷས། དྲན་པ་དང་ནི་ཤེས་བཞིན་དག །སྲོག་ལ་བབས་ཀྱང་སྲུངས་ཤིག་ཅེས། །བངག་ནི་འདི་སྐད་འདམས་པར་བྱེད། །ཅེས་གསུང་།
དང་པོ་ནའང་། དྲན་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་དང་། གཉིས་པ་ནས་སངས་རྒྱས་ཀྱི་སའི་བར་ན་ཡང་དག་པའི་དྲན་པ་ཡོད་པར་གསུངས། དྭགས་པོས་སྒོམ་མེད་ན་ཡང་དག་གི་དྲན་པ་འདག་པ་གཅིག་གསུངས་ཀྱང་། སྒོམ་མེད་སླེབསླེབ་འདག་པར་མ་བཤད། འདི་མདོ་རྒྱུད་དང་མཐུན་རྒྱུ་མེད་ནའང་། དྭགས་པོའི་གསུང་ལ་ཚད་མར་བྱེད་དགོས། དྲན་པ་འདོག་ཅེས་པ། ལས་དང་པོ་པའི་བཟུང་དྲན་འདག་པའོ།
།དྲན་པ་ལའང་རང་ངོ་ཤེས་པའི་ཡུལ་མེད། ཅི་དགོས་ཀྱིས་འཛིན་མེད་ཙམ་རེས་ལམ་ཕྱག་རྒྱ་ཆེན་པོ་མི་འགྱུར། དེ་ཀུན་གཞི་དང་སྒོ་ལྔའི་རྣམ་ཤེས་ལ་ཡང་ཡོད་དེ།
མདོ་ལས། སེམས་ནི་ཀུན་ཏུ་ལུང་མ་བསྟན། །ཉོན་མོངས་ཅན་དེ་མི་དགེ་བ། །ཡིད་ནི་གཉིས་ཀར་འགྱུར་བ་སྟེ། །སྒོ་ལྔའི་རྣམ་ཤེས་ལུང་མ་བསྟན། །ཅེས་གསུངས་སོ།
།དཀར་པོ་ཆིག་ཐུབ་ཅེས་བྱའོ། །ཅེས་པ། དེ་ལྟར་རྟོགས་ཙམ་ན་དཀར་པོའི་ཕྱོགས་ཀྱི་ཆོས་རྣམས་ཐམས་ཅད་འདིར་རྫོགས་ཏེ། སྒོམ་ཆེན་པ་ལ་དགོས་པའི་ཞི་གནས་ལྷག་མཐོང་ཚད་སྟེ། ཞི་གནས་དང་ལྷག་མཐོང་ནི་གཉིས་ཏེ། ཐོས་པ་ལས་བྱུང་བ་དང་། གདམས་ངག་ལས་བྱུང་བའོ།
།ཐོས་པ་ལས་བྱུང་བ་ནི། མདོ་སྡེ་བཅུ་གཉིས་ཀྱི་དོན་ཡིད་ལ་བྱེད་པའོ། །དེ་ཡི་དོན་མཐོང་ངོ་།
།གདམས་ངག་ལས་བྱུང་བ་ནི། སེམས་ནང་དུ་གནས་པ་ནི་ཞི་གནས་སོ། །དེའི་དོན་མཐོང་བ་ནི་ལྷག་མཐོང་ཞེས་བྱའོ། །ཕར་ཕྱིན་དྲུག་ཚང་སྟེ།
ཚངས་པ་ཁྱད་པར་གྱིས་ཞུས་པ་ལས། མི་འཛིན་པ་ནི་སྦྱིན་པ། མི་གནས་པ་ནི་ཚུལ་ཁྲིམས། མི་ཁྲོ་བ་ནི་བཟོད་པ། མི་རྩོམ་པ་ནི་བརྩོན་འགྲུས། མི་སེམས་པ་ནི་བསམ་གཏན། མི་དམིགས་པ་ནི་ཤེས་རབ་སོ། །ཞེས་གསུངས་སོ།
།ཇོ་བོ་བཀའ་གདམས་པ་བཞེད་པའི་ཡན་ལག་ཡོད་པ་ཡང་ཚང་སྟེ། བསྔོ་བ་ལ་སོགས་པ་ལུང་གང་དུ་བཤད་དོ།
བླ་མ་ཞང་གི་ཞལ་ནས། དཀར་པོ་ཆིག་ཐུབ་འདི་རྟོགས་ནས། པན་ཏ་པུན་ཏ་མ་མང་ཅིང་། །ཅེས་གསུངས་སོ།
ས་སྐྱ་པཎྜི་ཏས། ཆིག་ཐུབ་བཀག་སྟེ། སྐྱབས་འགྲོ་དང་བསྔོ་བ་དགོས་མི་དགོས། །དགོས་ནགཉིས་དང་གསུམ་དུ་འགྱུར། །ཅེས་གསུངས་སོ།
།གནས་ལུགས་རྡོ་རུས་ཐུབ་པ་གཅིག་ལ་དེ་རྣམས་མ་བྱས་ཀྱང་། དེ་ཉིད་ངོ་བོར་ཚང་སྟེ། དེ་ནི་དམིགས་མེད་རྣམ་པ་ཅན། །ཅེས་བསྔོ་བ་ཚང་། བྱས་ཀྱང་འགལ་བ་མེད་དེ་ཡར་ལྡན་ནོ།
།གཉིས་གསུམ་དུ་འགྲོ་རྒྱུ་མེད། གདངས་སྐྱབས་འགྲོ་དང་། བསྔོ་བ་ལ་སོགས་པར་མ་འགགས་ལ། ངོ་བོ་འཛིན་མེད་ཆོས་སྐུར་ཏལ་བ་དེ་ལུང་གོང་དུ་བཤད་ཟིན། ཕྱོགས་རེ་བའི་སྣང་བ་སྟོང་པ་ལྟ་བུ་ཡིན་ན་སྐྱོན་འབྱུང་གི་སྣང་སྟོང་ཟུང་འཇུག་ཏུ་རྟོགས་པ་ལ་འཁོར་འདས་ཐམས་ཅད་གཅིག་གི་ངོ་བོར་འདུ་བས་སྐྱོན་མི་འབྱུང་གསུང་། ཤིང་མཁན་གཟོ་བོ་མཁས་པས། ཅེས་པ། མི་ཉག་འགའི་རྒྱལ་པོ་བསགས་པ་ཆེ་བས། འགའ་ཏུ་ཤིང་གི་མི་གཟུགས་མདའ་རྡོག་པའི་འཁྲུལ་བྱས། ཧོར་རྣམས་ཀྱི་ཚུར་བརྒྱབ་ཀྱང་གླག་མ་རྙེད་ལ། དེའི་མདས་དམག་གང་ལ་ཐོགས་པ་མེད་པར་ཕུང་བར་བྱས་ཏེ། དེ་དུས་བོད་དུ་ཧོར་དམག་མ་བྱུང་། དེ་བཞིན་དུ་རང་སེམས་ངོ་ཤེས་པས། ཉོན་མོངས་པའི་དགྲ་ཕུང་ཅེས་སོགས་སྦྱར་རོ།
།ཉོན་མོངས་རྣམ་རྟོག་འཕྲོ་ལ་ཇི་ལྟར་བྱེད་སྙམ་ན། ཆོས་སྐུའི་ཞེས་གསུང་། ཨ་མ་གཞན་ནས་ཞེས་པ་བྲམ་ཟེ་རྣམས་རང་གི་རིགས་འཆོལ་གྱི་དོགས་ནས། བྲམ་ཟེ་ནང་བྲམ་ཟེ་བསམ་པ་ལས་ཨ་མ་བྲམ་ཟེ་མ་ལ་བུ་བྲམ་ཟེ་ལས་འོད་་མེད་དོ།
།ཐག་སྦྲུལ་གྱི་དཔེ་གསུངས་ཏེ། རང་འཁྲུལ་པའི་སྣང་བས་བཟུང་བ་མ་གཏོགས་པ། ཐོག་མཐའ་བར་གསུམ་དུ་དེའི་སྣང་བ་ལས་འགྱུར་བ་མེད་དེ། །དེ་བཞིན་དུ་ཕྱི་ནས་གཞན་འབྱུང་བ་མ་ཡིན་ཏེ། གདའ་ཐབས་ཀྱི་ངེས་ཤེས་སྐྱེད་པའོ་གསུང་། ངེས་ཤེས་ལོགས་ནས་སྐྱེ་དགོས་སམ་ཞེ་ན། མི་དགོས་ཏེ། ནུ་བཅོལ་མའི་བུ་དཔེ་གསུང་། ཕྱག་རྒྱ་ཆེན་པོའི་རང་ས་མ་སླེབ་ཅེས་པ། འདོད་ཆགས་ཀྱི་གཉེན་པོར་མི་སྡུག་པ་བསྐྱོམས་ཀྱང་། འདོད་ཆགས་ཀྱི་ཤུལ་དུ་ཞེ་སྡང་གདན་དྲངས་པ་གཅིག་ལས་མ་བྱུང་། ཞེས་དུག་གསུམ་ཀ་སྦྲེས་ཏེ་གསུང་ངོ་།
།དེ་བཞིན་དུ་ཞེ་སྡང་ལ་གསལ་སྟོང་ཞེས་པ་སྤྱིར་ཉོན་མོངས་དུག་གསུམ་རྩལ་རྫོགས་པའི་དུས་ན་ཡང་། རང་གི་ངོ་བོ་རྟོགས་མེད་དུ་འཆར་ཏེ། དཔེར་ན་ཞེ་སྡང་སྐྱེ་སྔོ་ཙ་ན་དམར་ཐོམ་པ་བྱུང་སྟེ། དེ་དུས་སུ་ངོས་ཟིན་ན་གསལ་སྟོང་དུ་རྗེན་ནེ་ཡང་། དེ་བཞིན་དུ་འདོད་ཆགས་གཉིས་ཤོར་གཉིས་སྙམ་གྱི་དུས་ན་བདེ་སྟོང་གཏི་མུག་གཉིད་འཐུག་པོའི་དུས་ན་རིག་སྟོང་དུ་ཡོད་ཅེས། རྣམ་རྟོག་བཟང་ངན་ཐམས་ཅད་ཀྱི་སྟེང་ནས་རྒྱས་པར་སྤྲོས་ནས་གསུངས་སོ།
།ངོ་མ་ཤེས་སམ་ཅེས་པ་ཨ་སུ་རའི་མི་དང་། ཁྱད་ཀྱིས་ནོར་བུའི་དཔེ་གསུང་། ཉམས་ལེན་དེ་རྐྱེན་ལ་བསྲེ་མཁས་དགོས་ཏེ། ཤིང་སྡོང་དང་མེ་སྟག་གི་དཔེ་གསུང་། གཅིག་ཤེས་ཀུན་ལ་མཁས་ཅེས་པ་ལ། བུ་གྲུ་གླེན་གྱི་གླུ་གསུང་། གསང་སྔགས་འབྲས་བུ་ལམ་དུ་བྱེད་པ་ལ། རིན་པོ་ཆེ་པས། ཀོ་ཆུང་པ་དྲིས་པས། ད་ལྟ་ཚོགས་གཉིས་བསགས་པས་ཕྱིས་སྐུ་གཉིས་ཐོབ་པ་ལགས་སམ་བྱས་པས། ཉིད་རང་གི་ཞོག་དང་གསུངས། དེར་སེམས་རང་སྟོང་ཡུལ་མེད་དུ་གནས་པ་འདི་ཆོས་སྐུ། མདངས་འགག་མེད་དུ་གསལ་བ་འདི་སྤྲུལ་སྐུ། དེ་གཉིས་དབྱེར་མེད་པ་ལོངས་སྐུའམ་ངོ་བོ་ཉིད་སྐུ་ཟེར་གསུངས་པས། འོན་སྐུ་གསུམ་མངོན་དུ་གྱུར་པ་བསྒོམ་མི་དགོས་པར་འགྱུར་གསུངས་པས་ཁ་རོག་གོ །གཟུགས་མི་ལེན་མི་འདོར་བའི་ཚུལ་དང་ཞེས། གཞིའི་ཆོས་བླང་དོར་མེད་དུ་གསུངས། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་མི་ལེན་མི་འདོར་བའི་ཞེས། ལམ་གྱི་དབང་པོ་ལྔ་མི་ལེན་མི་འདོར་བའི་ཞེས་འབྲས་བུའ། །དེ་བཞིན་དུ་དེ་གསུམ་བཅིངས་གྲོལ་མེད་དུ་ཡང་གསུས་སོ། །དམ་པ་སྐད་ཅིག་མ་ཅེས་སོ། །སྐད་ཅིག་མ་འདི་ཉན་ཐོས་ཀྱི་ཡིན་མོད། ཁྱེད་ལ་བཤད་དམ་སྙམ་ན་སྔར་གྱི་ལུང་དང་།
ས་སྡེ་ལས། སྐད་ཅིག་མ་ཞེས་བྱ་བ་ནི་ཤེས་པ་ཡུལ་འཇུག་པའི་དུས་ཡོངས་སུ་རྫོགས་པའི་བར་དུའོ། །ཞེས་གསུངས་སོ།
།སྙིང་གི་དབུས་སུ་སད་ཅེས་པ། སྙིང་ནི་ཉེ་བ་ལ་མཚོན་པ་ཡིན་གྱིས་མཐའ་དང་བྲལ་བའི་དོན་ཏོ། །ཚོགས་དྲུག་དག་ཅེས་ཅེས་པ། སྦྱོར་དྲུག་པ་རྟགས་སྣང་དུ། དབུ་མ་པ་སྤྲོས་བྲལ་དུ། འདིར་འཛིན་མེད་དུ་དག་པའོ།
།རྟོགས་པར་འདོད་ན་ཞེས་པ། ལྟ་བ་རྟོགས་པ་འདི་གལ་ཆེ་སྟེ། དམ་པས་ལྟ་བ་མ་རྟོགས་པས་སྒོམ་མི་ཤེས་བུ་མེད་པར་གསོ་མི་ཤེས། ཞིང་མེད་པར་སོ་ནམ་མི་ཤེས། ཁ་བའི་འོག་གི་འབུར་འབུར་བ་ཅི་ཡིན་ཆ་མེད་གསུང་། བུ་མོ་ལོ་བཅུ་དྲུག་མའི་ཅེས་པ། རང་གེ་ཉམས་སུ་མྱོང་དུ་ཡོད་ལ་གཞན་ལ་བརྗོད་དུ་མེད་པ། དི་དག་མའི་རྨིའམ། བུ་ཆུང་གིས་ཟླ་བ་མཐོང་བ་ལྟ་བུའོ།
།དྲན་པས་དེ་བཞིན་དུ་བསྟེན་ཅེས་པ་དྲན་པ་བསྟེན་པ་གལ་ཆེ། འགའ་ཤིག་སྒོམ་བཤིག་པ་ལ་གཙོ་བོར་བྱེད་དེ། བཤིག་མི་དགོས་དུས་ཚོད་ལ་རང་ཞིག་འབྱུང་། དེ་མ་འབྱུང་ན་བཤིག་ཀྱང་ཐ་མལ་དུ་འགྲོ། བཤིག་ནའང་དུས་ཚོད་ཤེས་དགོས། སུ་ཀ་མ་སིདྡྷིའི་རྗེས་འབྲངས། དམ་པ་རིན་པོ་ཆེ་ལ་སོགས་པ་བཤིག་སྟེ་ཆུན་གཅུན། ཤིག་པར་བཤིག་བཤིག་ཤུལ་དུ་ལ་ཟླ། སོ་མའི་ཉམས་རྩལ་ཅེས་དང་པ་བཅུན། དེ་ལ་གཉེན་པོ་ཞུགས་སུ་དོགས་ནས་བཤིག དེ་ཆོས་སྐུའམ་འཛིན་མེད་དུ་ཟླའོ། །གང་ཤར་གྱི་ཉམས་དངོས་འཛིན་པའོ།
།དེ་བརྟན་པའི་ཚད་ཅེས་པ། རང་བྱུང་ལྷན་ཅིག་སྐྱེས་པའི་ཡེ་ཤེས་བླ་མའི་བྱིན་རླབས་དང་། གདམས་ངག་ཐབས་ལ་བརྟེན་ནས་ཡུལ་མེད་དུ་རང་ངོ་ཤེས་པ་དེ་ལ། འཕྲིན་ལས་ཐོགས་མེད་རང་དང་ཆ་མཐུན་མེད་དེ། རྣམ་རྟོག་ཞི་བའི་གཉིས་མེད་ཡེ་ཤེས་ཕྱོགས་མེད་དུ་རྒྱས་པའི། ཉོན་མོངས་རྣམ་རྟོག་དབང་དུ་འདུས་པས་དབང་། མཚན་མ་དང་རྟོག་པ་གསོད་པར་བྱེད། གཅོད་པར་བྱེད་པས་དྲག་པོའོ།
།ཡང་ན་སྣང་སྟོང་སྐུའི་འཕྲིན་ལས། གྲག་སྟོང་གསུང་གི་རིག་སྟོང་ཐུགས་ཀྱི་སྟེ། རང་དགེ་སྦྱོར་ལས་མ་གཡོས་པའི་དུས་ན། དེ་རྣམས་ཁྲིགས་ཀྱི་ཡོད་གསུང་། སྙིང་རྗེ་ཚད་མེད་ཀྱི་སྐབས་སུ་རང་ལ་དགེ་སྦྱོར་རྣལ་མ་སྐྱེས་ན། སེམས་ཅན་སྙིང་རྗེར་མ་ཟད་བླ་མའི་མོས་གུས། མཆེད་གྲོགས་ལ་དག་སྣང་། ལས་རྒྱུ་འབྲས་ལ་འཛེམ་པ་སོགས་ཤུགས་ལས་འབྱུང་བ་ཆོས་ཉིད་གསུང་། འོ་ན་དགེ་སྦྱོན་སྐྱེས་ཚད་ལ་དེ་འབྱུང་ངམ་སྙམ་ན། སྤྱིར་ཕལ་ཆེ་ལ་འབྱུང་། བྱེ་བྲག་ཏུ་རེ་རེ་ཙམ་ལ་མི་འབྱུང་བའང་སྲིད་གསུང་། དེ་ལ་ཆེད་དུ་བློ་བཅོས་ནས་བསྒོམ་པར་བཤད། བླ་མ་ཞང་ལ་གནས་ལུགས་ཀྱི་རྟོགས་པ་ཅིག་ཅར་དུ་གྱུར་ཡང་། སྙིང་རྗེ་ཆེར་མ་སྐྱེས་པས། ཕྱོགས་བཅུའི་སངས་རྒྱས་ལ་སྙིང་རྗེའི་སློང་མོ་མཛད་གསུངས་པས། སྙིང་རྗེ་བསྒོམ་དགོས། དེ་ཡང་སྙིང་རྗེའི་འཁྲུལ་འཁོར་བྱ་བ་ཡིན་པས་ལུས་སྒུར་བྱ། གཞིན་སྨིན་སྤྲག་ཏུ་བསྡུ། ཕྲེང་བ་ལག་ཏུ་བཟུང་ནས། རིགས་དྲུག་གི་སེམས་ཅན་འདི་རྣམས་ཕ་བྱེད་བྱེད། མ་བྱེད་བྱེད་པའི་དྲིན་ཅན་ཤ་སྟག་ཡིན་པས་འདི་རྣམས་བདེའམ་སྐྱིད་དམ་བལྟས་པས། མི་བདེ་མི་སྐྱིད་པར་འདུག་སྟེ། ཤེས་རབ་ཀྱི་མིག་ལོང་། ཐབས་ཀྱི་རྐང་པ་ཆག །འཕགས་པའི་ཐུགས་རྗེ་དང་བྲལ་ནས་ཁམས་གསུམ་འཁོར་བར་འཁོར་ཞིང་། རིགས་དྲུག་ཏུ་འཁྱམས་པ་སྙིང་རྗེ་སྙམ་དུ་ཚད་མེད་ཀྱི་སྙིང་རྗེ་མ་སྐྱེས་ཀྱི་བར་དུ་སྒོམ། སྙིང་རྗེ་དང་བྲལ་ཞེས་པས། སྙིང་རྗེ་དེ་ཡང་སྟོང་ཉིད་དུ་ཆུད་དགོས། མ་ཆུད་པ་ཚངས་པ་གདོང་བཞི་པར་འགྱུར་ཏེ། དེ་ཡང་སྟོང་ཉིད་ཀྱིས་མ་ཟིན་པའི་ཚད་མེད་བཞིའི་ལག་རྗེས་སོ།
མདོ་ལས། སངས་རྒྱས་ཀྱི་ཁོ་འདུལ་བར་ཤེས་ཏེ། ཚངས་པ་ཁམས་གསུམ་པོ་འདི་དག་གང་ལས་བྱུང་ཞིང་། གང་ལས་སྐྱེས་ཞེས་བཀའ་སྩལ་པས། གསོལ་པ་ཁམས་གསུམ་པོ་འདི་དག་ང་ལས་བྱུང་ཞིང་ང་ལས་སྐྱེས་སོ། །ཞེས་ཟེར་རོ།
།བཀའ་སྩལ་པ། ཁྱེད་གང་ལས་བྱུང་ཞིང་གང་ལས་སྐྱེས། དེར་ཁོས་མ་ཤེས་ཏེ་གསོལ་པ། བངག་གང་ལས་བྱུང་། བཀའ་སྩལ་པ། ཁྱོད་མ་རིག་པ་ལས་བྱུང་ཞིང་མ་རིག་པ་ལས་སྐྱེས་སོ། །ཞེས་གསུང་།
དེས་ན་སྟོང་ཉིད་སྙིང་རྗེ་དབྱེར་མེད་དུ་རྟོགས་ཏེ།
བརྟག་གཉིས་ལས། ཧེས་ནི་སྙིང་རྗེ་ཆེན་པོ་ཉིད། །བཛྲ་ཤེས་རབ་བརྗོད་པར་བྱ། །ཞེས་གསུང་།
ཟུང་དུ་མ་ཆུད་ན་འདི་ལྟ་བུའང་འབྱུང་སྟེ།
མདོ་ལས། རྒྱ་གར་དུ་བྲམ་ཟེ་བཟའ་མི་གཉིས་ལ་བུ་མེད་པར། བུ་འོང་དུ་རེ་ནས་མཆོད་སྦྱིན་དང་། བསྙེན་གནས་བསྲུང་བ་ལ་སོགས་པ་ཐབས་སྣ་ཚོགས་བྱས་པས། ནུབ་གཅིག་ཁོ་བོའི་རྨི་ལམ་དུ། རལ་གྲི་རྣོ་ངར་དང་ལྡན་པ་གསུམ་རྙེད་པར་རྨིས་པས། དེར་གཅིག་སྣུམ་ལ་ཤོར་ནས་དོན་བྱེད་མ་གཅིག་གཡང་ལ་ལྷུང་ནས་ཆག །གཅིག་གིས་རྒོལ་བ་ཚར་གཅོད་པ་རྨིས་སོ། །ཕྱིས་བུ་གསུམ་བཙས་ནས་ཆེར་སྐྱེས་པ་དང་། གསུམ་ཀ་ཆོས་ལ་བཅུད་པས། གཅིག་གིས་སྙིང་རྗེ་ཁོ་ན་བསྒོམས་འཁོར་བ་ལས་འདའ་བར་མ་ནུས། གཅིག་གིས་སྟོང་པ་ཁོ་ན་བསྒོམས་ཏེ་རྒྱུ་འབྲས་ཁྱད་དུ་བསད་ནས་ངན་སོང་དུ་འགྲོ་བའི་ལས་བསགས། གཅིག་གིས་ཟུང་འཇུག་བསྒོམས་པས་ཉོན་མོངས་པ་ཕས་རྒོལ་ཚར་བཅད་དོ། །ཞེས་གསུངས་སོ།
།མདོར་ན་ཉན་རང་ལ་ཡང་། སེམས་ཅན་ལ་བརྩེ་བའི་སྙིང་རྗེ་ཡོད་དེ་རང་གིས་འཁོར་བར་ཞུགས་ནས། གཞན་འདོན་མི་ནུས། ཁོ་འཁོར་བའི་སྡུག་བསྔལ་ལ་འཇིགས་པས་སོ། །བྱང་སེམས་ཀྱིས་ནུས་ཏེ། འཁོར་བའི་སྡུག་བསྔལ་བཟོད་པས་སོ།
།དཔེར་ན་བཟའ་མི་གཉིས་ཀྱི་བུ་ཆུས་ཁྱེར་ན། མ་བརྩེ་བ་སྤྱོད་ཀྱང་ཆུར་འཇུག་མི་ནུས། ཕས་ནུས་པ་བཞིན་ནོ་གསུང་། ཐབས་ཁྱད་པར་ཅན་གྱི་སྐབས་སུ། རླུང་ནི་ལོང་བ་རྐང་ཅན་ལ། །རྣམ་རྟོག་ཆེ་བ་མིག་ཅན་ཞོན། །ཅེས་པས།
རླུང་ཞོན་པ་དང་འདྲ་ལ། རྣམ་རྟོག་ཁ་ལོ་པ་དང་འདྲ་བས། རླུང་ཟིན་ན་རྣམ་རྟོག་ཁྲོ་འཕྲོ་འཆད་དེ། དཔེར་ན་སྐྱེས་བུ་རྟ་ཞོན་པའི་སྲབ་ནས་བཟུང་ན། སྐྱེས་བུ་བཟུང་མི་དགོས་པ་བཞིན་ནོ།
།ཁ་ཅིག་རླུང་མགྲིན་པའི་སྟོང་བཟུང་ཟེར་ཏེ། དེ་གེགས་ཆེ་བས་འཇམ་རླུང་ནར་མ་རྔུབས་ལ་མཆིལ་མ་དང་བསྒྲགས་ལ་ལྟེ་འོག་ཏུ་བསྐྱུར་གསུང་། འོད་གསལ་ལྷ་སྐུ་ཅེས་པ། འོད་གསལ་ཞེས་པ། སྒོ་ལྔ་ཡུལ་གྱིས་གསལ་བ་ལྟ་བུ་མ་ཡིན། འདིར་སེམས་རང་འོད་གསལ་ལ་གསལ་བ་ལ་བྱ། སྤྱིར་མཉམ་བཞག་གི་ཐོ་རྗེས་ལ་རྒྱུག །ཉིན་མོའི་ཐོ་མཚན་མོ། དེ་བར་དོ་ལ་རྒྱུག་པ་ཆོས་ཉིད་ཡིན་པས། ད་ལྟ་འོད་གསལ་དེ་གོམས་པས་འཆི་ཁར་མི་གཡོ་བའི་འཁོར་ལོ་གཉིས་འདུས་ཏེ། རྡུ་ཏིར་ཆུད་པས། བར་དོ་དང་པོར་གཟུང་འཛིན་གྱིས་སྟོང་པའི་ཆོས་ཉིད་ནམ་མཁའ་ལྟ་བུ་ལུས་ཅན་ཐམས་ཅད་ལ་འབྱུང་སྟེ། དེ་མའི་འོད་གསལ་ལོ། ད་ལྟ་རང་ངོ་ཤེས་ཤིང་གོམས་པར་བྱས་པ་འདི་ལྟ་བུའི་འོད་གསལ་ལོ།
།དེ་གཉིས་ཆུ་དང་འོ་བོང་མ་འཕྲད་པ་བཞིན་དུ་འཕྲད་སྔར་འདྲིས་ཀྱི་མི་དང་འཕྲད་པ་བཞིན་དུ་ངོ་ཤེས། ཆུ་དང་འོ་མ་གཅིག་ཏུ་འདྲེས་ནས། རང་དོན་ཆོས་སྐུ་བརྟན་པ་ཐོབ་པ་འབྱུང་ངོ་། དེའང་ངོ་ཤེས་པ་ཙམ་གྱིས་མི་ཕན། གནས་ནུས་དགོས།
གནས་ཡུན་ལ་རྫོགས་འགའ་ཞིག་ལས། སེ་གོལ་བཅུ་ནི་རྟོག་ཡུན་བར། །གནས་ན་སྲིད་པ་ཟད་པར་བྱེད། །ཅེས་སོགས་བཤད་ནའང་།
རིན་པོ་ཆེ་པ་སྐྱེ་མེད་ཀྱི་ངང་ནས་འགག་མེད་ལོངས་སྤྱོད་རྫོགས་སྐུ་དག་པའི་སྒྱུ་ལུས་སུ་ལྡང་དགོས་གསུང་། སྤྱིར་ཡང་འོད་གསལ་ལ་གཉིས་ཡིན། །གཉིད་སྲབ་པ་དང་འཐུག་པའོ།
།འཐུག་པའི་ནི་འོད་གསལ་ལ་སྣང་མཆེད་ཐོབ་གསུམ་གྱིས་མཚམས་སྦྱར་ནས་གཉིད་དུ་སོང་བ་དང་། རླུང་དབུ་མར་ཞུགས་ཏེ། རྣམ་ཤེས་སྙིང་གར་གནས་ཤིང་། རྣམ་རྟོག་གི་འགྲོ་འོང་ཆད་པའི་དུས་འབྱུང་། དེ་དུས་སུ་གཉིད་མ་བསྒྲིབས་པར་ཡུལ་མེད་དུ་རུང་ངོ་ཤེས་ན། འཐུག་པོའི་འོད་གསལ་ཡིན།
སྲབ་མེ་ཡིས་ནི། ཨཱརྻ་དེ་བའི་སྤྱོད་བསྡུས་ལས། ས་འཐུག་གྱུར་པས་འགྲོ་བ་རང་ཉིད་འགྲོ། །རླུང་གི་སྟོབས་ཀྱིས་རྨི་ལམ་འབྱུང་བར་འགྱུར། །ཅེས་པས།
རླུང་སེམས་སྙིང་གར་གནས་མ་ནུས་པོར་རོ་རྐྱང་གཉིས་ནས་ཞུགས་ཏེ། རྣམ་ཤེས་མགྲིན་པར་གནས་དེ་དུས་སུ་རྨི་ལམ་བུན་ལོ་འགྱུར། དེར་རྨི་ལམ་གཉིད་དེས་མ་བསྒྲིབས་པར་ཡུལ་མེད་དུ་རང་ངོ་ཤེས་ན་སྲབ་མོའོ། །ཁ་ཅིག་འོད་གསལ་གཅིག་ལས་སྲབ་འཐུག་མི་འཐད་དེ།
ན་རོ་ཆོས་དྲུག་ལས། གཉིད་སྲབ་འཐུག་གི་འོད་གསལ་འཛིན་ལུགས་བཤད་དོ། །ཡང་འགའ་ཞིག་གཉིད་འཐུག་པོ་དེ་རྟོག་པ་སྲབ་པའི་དེ་ཉམས་ཀྱི་འོད་གསལ་དུ་འདོད་པ་ཡོད་དེ། དེའི་ངེས་པ་མེད། གཉིད་སྲབ་མོའི་དུས་སུ་ཡང་ཤེས་པ་རྟོག་མེད་དམ། འཛིན་མེད་ཙམ་དེ་མ་ཡིན་པའི་ཡུལ་མེད་དུ་རང་ངོ་ཤེས་པ་དེ་རྟོགས་པ་ཡིན་གསུང་། རྟོག་མེད་འཛིན་མེད་ཙམ་དེ་འདྲ་སྒོ་ལྔའི་རྣམ་ཤེས་ལ་ཡོད་དེ། དེ་ཀ་ངོ་མ་ཤེས་པ་ལ་མ་རིག་པ་ཟེར། འགའ་ཞིག་མ་རིག་པ་དང་གཏི་མུག་ལ་ཁྱད་མེད་པར་འདོད་ཅིང་། སྡེ་སྣོད་འཛིན་པ་དང་རྒྱུད་སྡེ་འཛིན་པ་ཕལ་གྱིས་ཀྱང་ཁྱད་མི་ཕྱེད་འདུག །རིན་པོ་ཆེ་པ་ཕྱེད་འབྱེད། ཡུལ་མེད་དུ་ངོ་མ་ཤེས་པ་མ་རིག་པ། ཡུལ་ངོ་ཤེས་པ་གཏི་མུག་ཡིན་གསུང་། བླ་མའི་གསུང་གིས་ཀྱང་། དེ་གཉིས་ཁྱད་མེད་ནའང་། སྤྱི་བོ་ཧཾ་རྡུ་ཏི་འཇུག་དུས་དཀར་ལམ་འཆར། དེས་ཞེ་སྡང་ལས་གྱུར་པའི་རྟོག་པ་འགག །དེ་གཉིས་སྙིང་གར་འདུས་ཏིང་ནག་ཐིབས་འབྱུང་། དེར་གཏི་མུག་འགག །དེ་གསུམ་དག་པའི་རྗེས་སུ་ཨ་ཧཾ་འདུས་པ་ལས་བྱུང་བའི་ཤེས་པ་བཟུང་འཛིན་གྱིས་སྟོང་པ་ཆོས་ཉིད་མའི་འོད་གསལ་འཆར་ཏེ། དེ་ཀ་རང་ངོ་མ་ཤེས་ཙམ་ན་མ་རིག་པའི་ངོ་བོར་གནས། དེ་ལ་སེམས་བྱུང་རྟོག་པ་བྱུང་ནས་འཁོར་བར་འཁྱམས་པ་ཡིན་པས་ཁྱོད་ཡོད་མེད་ན་དེ་གཉིས་འགགས་རྟིང་ཆོས་ཉིད་མའི་འོད་གསལ་ན་ཀུན་ལ་འཆར། དེ་ནས་འཁོར་ང་རྒྱུན་ཆད་དགོས་གསུང་། ཟུང་འཇུག་ཅེས་པའི་སྐབས་སུ། གཞི་ལམ་འབྲས་བུ་ཐམས་ཅད་སྐུ་གསུམ་དུ་ཡོད་པས་དེ་རྣམས་མ་འདྲེས་པ་བྱེད་དགོས། གཞིའི་སྐུ་གསུམ་ནི་ཤེས་པའི་ངོ་བོ་གསལ་བར་སྣང་བའི་ཆ་ནས་སྤྲུལ་སྐུ། རང་བཞིན་སྟོང་པའི་ཆ་དེ་ཆོས་སྐུ། དེ་གཉིས་དབྱེར་མེད་པ་ལོངས་སྐུའི་ངོ་བོ་ཉིད་ཡིན་ཏེ། འདི་གསུམ་སེམས་ཅན་ལ་ཁྱབ་བྱེད་དུ་ཡོད་གསུང་། ལམ་ནི་གཞི་སྟེ་རང་ངོ་ཤེས་པས་ཁྱད་པར་དུ་བྱས་པའོ།
།འབྲས་བུ་ནི་ལམ་དུས་ཀྱི་དྲི་མ་གློ་བུར་བ་དང་བཅས་པ་རང་དག་སྟེ་འཁྲུལ་པས་དབྱེས་མི་ཚུད་ཅིང་བརྟན་པ་ཐོབ་པའོ་གསུང་། གཞི་སྐད་ལམ་ལ་ཅེས་པས་དིང་སང་འགའ་ཞིག་སྟོང་པ་ཁོ་ཡིན་གྱིས་སྒོམ་མེད་དོ་ཞེས་ལམ་གྱི་རྩོལ་བ་དོར་ནས་ཐབས་ཁྱད་དུ་གསོད་པ་རྣམས་ནི་ལྷག་གཅོད་ཀྱི་སྟོང་ཉིད་སྒོམ་པ་དང་འདྲ་སྟེ། སྐབས་ལེགས་ན་ཉན་ཐོས་ཀྱི་འགོག་པ། ཉེས་ན་སྐྱེ་མཆེད་མུ་བཞི་སྟེ། དེ་ཡང་མིན་ན་ངན་སོང་གསུམ་དུ་ལྟུང་བར་བཤད་དོ།
།འགའ་ཞིག་དྲན་པས་འཛིན་པ་དང་སྒོམ་ཅི་དགོས། སྒོམ་རྒྱུ་མེད་པ་ཡིན་པས་བསྒོམ་ན་གོལ་ཅེས་ཟེར། དེ་མ་གོ་བ་ཡིན། མཻ་ཏྲི་པའི་སློབ་མ་སི་རི་སིངྷ་ཞེས་བྱ་བ་རྣལ་འབྱོར་ཕོ་མོ་ལྔ་བཅུ་རྩ་གཉིས་འཚོགས་པའི་ཚོགས་གྲལ་དུ་རྟོག་པ་ཕུལ་བ།
ཆོས་རྣམས་སྟོང་པར་རྟོགས་པ་ཡིས། །དེ་ཡི་མཐའ་ལ་སྒོམ་དུ་མེད། །གལ་ཏེ་སྒོམས་ན་སྨན་འགྱུར་ཏེ། །དཔེར་ན་རྒྱལ་པོ་རྒྱལ་པོར་ནི། །སླར་ཡང་འདོད་པ་བསྐྱེད་པ་བཞིན། །སྒོམ་སོགས་སྦྱིན་སྲེག་ཐལ་བ་འདྲ། །ཅེས་བརྗོད་པས་རྣལ་འབྱོར་ཕོ་མོ་རྣམས་མ་མཉེས་ཏེ། དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱི་གསང་བ་འཕྲོག་པར་བྱེད་པའི་ལོག་སྲེད་ཅན་ཁྱོད་ཉོན་ཅིག །ཚེས་གཅིག་གི་ཟླ་བས་ཉ་གང་བ་ཉིད་དམ། བུ་ཆུང་བཙས་མ་ཐག་རྩལ་རྫོགས་པ་ཉིད་དམ། ཅེས་མང་དུ་གསུངས་ཏེ། སྲོག་དང་ཕྲལ་གཏོར་རྒྱན་བྱས་སོ། །ཞེས་གསུང་། རིན་པོ་ཆེ་པ། ད་ལྟ་མཁའ་འགྲོ་ཚོ་ཡང་གཡེལ་དུ་སོག་འདུག །གཏོར་རྒྱན་ལ་གཏད་རྒྱུ་ཨེན་རེ་འདུག་པས་གསུང་། དེས་ན་རྣམ་ཀུན་མཆོག་ལྡན་གྱི་སྟོང་པ་ཐབས་ཀྱི་རྣམ་པ་ཚང་བ་འདི་གོ་བར་བྱ་སྟེ།
འགྲོ་མགོན་ཆོས་ཀྱི་ཕྱག་ལེན་རྩེ་ལྔ་མ་ལས། རྣམ་ཀུན་མཆོག་ལྡན་སྟོང་པ་ཉིད། །ཆོས་རྣམས་ཀུན་གྱི་དེ་ཁོ་ན། །ཤེས་བྱ་ཀུན་ལ་རྒྱས་འདེབས་པས། །ཕྱག་རྒྱ་ཆེན་པོ་ཞེས་བརྗོད་དོ། །ཞེས་གསུངས།
དེ་མ་ཡིན་པའི་སྟོང་ཀྱང་ཐབས་ཁྱད་དུ་གསོད་པ་ནི་ཧ་ཤང་གི་ལྟ་བ་དང་ཁྱད་མེད་དེ། སྔོན་མཁན་པོ་བོ་དྷི་ས་ཏྭ་སྐུ་གཤེགས་ཁར་ཐུགས་འཚུབ་ཅིར་དབུ་ཕུར་ནས། རྒྱལ་པོས་དེ་ཅི་ལགས་ཞུས་པས། ནང་པར་རྫུས་ལྟ་ལོག་འཛིན་པ་ཧ་ཤང་བྱ་བ་ཡོང་། དེ་སངས་རྒྱས་ཀྱི་བསྟན་པ་སྣུབ་གསུང་། ཐབས་ཅི་འདོག་ཞུས་པས། དེ་དུས་ངའི་སློབ་མ་ཀ་མ་ལ་ཤི་ལ་བལ་བོད་མཚམས་སུ་ཡོང་། དེ་གདན་དྲངས་ནས་ཚར་བཅད་ན་ཆོད་གསུངས། ཕྱིས་དེ་བཞིན་དུ་བྱུང་ནས། རྒྱལ་པོས་ཁོང་གདན་དྲངས་པས་འདྲོངས་ནས་ཧ་ཤང་གིས་ཀྱང་བསུ་བ་བྱས་པས། པཎྜི་ཏས། ཆུ་ཕ་ག་ནས། བརྡའི་རྩོད་པ་ནམ་མཁའ་ལ་དབྱུག་པ་བསྐོར་བས། ཁོས་ཀྱང་ཤེས་ཏེ། ལན་དུ་ཆོས་གོས་ལ་འཇུས་སོ།
།ཡང་རྩོད་པ་བྱས་པས། ཁོས་ཁྱུར་གྱི་དཔེ་ལ་སོགས་པ་བྱས་པ་ལ། པཎྜི་ཏས་དཔེ་མི་འཐད། དོན་མི་འཐད་ཅེས་འགག་པ་མཛད་པས། ཐོག་སྤྱི་བོར་བབས་ཅེས་འཕམ་པར་ཁས་བླངས་སོ།
།དེ་ནས་ཁོ་ལ་རྫུ་འཕྲུལ་ཅུང་ཟད་ཡོད་པས་ནམ་མཁའ་ལ་འཕགས་ཏེ། ཤར་ཕྱོགས་སུ་སོང་ཅེས་ཀྱང་ཟེར། བསད་ཅེས་ཀྱང་ཟེར། སྔ་མ་ལྟར་ན་ཁོའི་ལྷྭམ་ཡ་གཅིག་ལུས་པས་ངའི་ལྟ་འཛིན་ད་དུང་ཡོད་ཟེར། ད་ལྟའི་སྟེང་ཕྱོགས་པ་རྣམས་སོ།
།ཕྱི་མ་ལྟར་ན་ཁོའི་སློབ་མ་འགའ་རེ་དང་། རྒྱལ་པོའི་བློན་པོ་ཁོ་ལ་མོས་པ་འགའ་རེ་ལྕེབས་ཀྱང་ཟེར་རོ།
།དེས་ན་སྟོང་ཉིད་སྙིང་རྗེ་དབྱེར་མེད་དམ། །ཐབས་ཤེས་དབྱེར་མེད་དམ། སྣང་སྟོང་དབྱེར་མེད་རྣམས་གོ་བར་བྱ་གསུངས། ཁྲིད་ཚུལ་རྒྱས་འབྲིང་བསྡུས་གསུམ་ལ། རྒྱས་པར་ནི་ཇ་གསར་རྙིང་བླངས་སེ་བ་མང་དུ་གསོལ་བའི་རྗེས་ལ་ཤིན་ཏུ་རྒྱས་པར་བྱོན་ཏེ། ལུང་འདྲེན་ཀུན་ལ་མཐའ་མེད་ནའང་། ཇི་ལྟ་བ་བཞིན་མ་ཟིན། འོན་ཀྱང་རིན་པོ་ཆེ་རི་གོང་པའི་གསུང་སྒྲོས་ང་བས་རྒྱས་པ་ཟིན་པ་གཞན་མེད་གསུངས་གསུང་།
ཡིད་བཞིན་ནོར་འདྲའི་མཉམ་མེད་ཆོས་རྗེ་ལ། །མོས་གུས་མཆོག་གིས་ཕྱི་དོར་ལེགས་བྱས་པས། །མི་ཟད་གཏེར་མཛོད་ཟབ་མོའི་གསང་སྒོ་ཕྱེ། །དགོས་འདོད་ཀུན་འབྱུང་གསུང་ངག་ནོར་བུ་གནང་། །བརྗེད་ངེས་ལོག་ལྟའི་དགྲ་ལ་མ་ཤོར་བ། །དད་མོས་འདུན་པའི་སྐྱེས་བུས་མེ་ལ་ཚེ་བྱས། །རང་གཞན་མ་རིག་མུན་སེལ་སྒྲོན་མེ་འདི། །མི་བརྗེད་གཟུངས་སུ་བདག་གིས་ཡི་གེར་བཏབ། །འདི་ལ་ཉེས་པར་གྱུར་པ་གང་མཆིས་པ། །ཆོས་བདག་མཁའ་འགྲོའི་ཚོགས་ལ་བཟོད་པར་གསོལ། །དེ་བྱུང་དགེ་བས་འགྲོ་རྣམས་སངང་རྒྱས་ཤོག
།ཕྱག་རྒྱ་ཆེན་པོ་རང་བབས་གསུམ་གྱི་ཁྲིད་ལགས་རྣམ་ཞག་ལམ་གྱིས་འཇུག་པ་གསལ་བར་བྱེད་པའི་སྒྲོན་མ་ཞེས་བྱ་བ་འདི། །རྩོད་པའི་དུས་འདིར་སྒྲུབ་བརྒྱུད་ཀྱི་བསྟན་པ་རྒྱས་པར་མཛད་ཅིང་། འགྲན་ཟླ་དང་བྲལ་བའི་ཆོས་རྗེ་ཞང་སྟོན་རིན་པོ་ཆེས་ཡི་གེར་ཅུང་ཟད་གཅིག་མཛད་པ་དང་། ཆོས་རྗེ་ཉིད་ཀྱིས་གསུང་ལས་ཟབ་རྒྱས་སུ་བྱོན་པ་ལ། སྤྲང་པོ་རང་གིས་ཅུང་ཟད་ཟིན་པ་རྣམས་རང་བཟོ་དང་ཤེས་བཅུག་སྤངས་ཏེ། གསུང་ལ་དབྲི་བསྣན་མེད་མེད་པར། ཤཱཀྱའི་དགེ་སློང་རྡོ་རྗེ་འཛིན་པ་གྲགས་པ་རྒྱལ་མཚན་གྱིས་དཔལ་ཡུལ་ཆོས་གངས་ཀྱི་ར་བར་ཡི་གེར་བྲིས་པའོ།། མངྒ་ལཾ།། །།