Difference between revisions of "Rgyud lnga'i brgyud pa'i gsol 'debs"
m (Sengue moved page Shangs lugs brgyud lnga'i brgyud pa'i gsol 'debs to Brgyud lnga'i brgyud pa'i gsol 'debs) |
|
(No difference)
|
Revision as of 11:29, 17 December 2018
Resource ID | SCv5p439 |
---|---|
Title | shangs lugs brgyud lnga'i brgyud pa'i gsol 'debs |
Topics | Lineage prayer |
Author | Jetsün Taranatha |
༄༅། །ཤངས་ལུགས་བརྒྱུད་ལྔའི་བརྒྱུད་པའི་གསོལ་འདེབས་བཞུགས་སོ།།
རྒྱལ་བ་ཀུན་གྱི་བདག་པོ་རྡོ་རྗེ་འཆང་། །དཀྱིལ་འཁོར་འཁོར་ལོའི་ཡུམ་གཅིག་བདག་མེད་མ། །གྲུབ་པའི་དབང་ཕྱུག་ཌོཾ་བྷི་ཧེ་རུ་ཀ །དེ་ཡིས་རྗེས་བཟུང་ངོ་མཚར་རྡོ་རྗེ་དང་། །གསང་སྤྱོད་མཐར་ཕྱིན་གརྦ་རི་པའི་ཞབས། །རིག་པའི་གནས་ལྔ་མཁྱེན་པ་རྒྱལ་བ་དཔལ། །མཁའ་འགྲོ་མ་མགོན་རྒྱལ་དཀའ་ཟླ་བའི་ཞབས། །རྩོད་དུས་ཀུན་མཁྱེན་རཏྣ་ཨཱ་ཀ་ར། །བློ་གྲོས་མི་ཟད་རྡོ་རྗེ་གདན་པ་སྟེ། །དགྱེས་མཛད་བརྒྱུད་པ་རྣམས་ལ་གསོལ་བ་འདེབས།
།གསང་བའི་བདག་པོ་ཕྱག་ན་རྡོ་རྗེ་དང་། །ཨུ་རྒྱན་གནས་ཀྱི་ཀླུ་ཡི་རྣལ་འབྱོར་མ། །རྒྱལ་རིགས་སྐལ་ལྡན་བི་སུ་ཀལྤའི་ཞབས། །རྟོགས་པ་དོན་གྱི་མངའ་བདག་ས་ར་ཧ། །རབ་དགའི་ས་གྲུབ་སློབ་དཔོན་ཀླུ་སྒྲུབ་ཞབས། །འོད་གསལ་སྒྱུ་མའི་གར་མཛད་འཕགས་པ་ལྷ། །བཅུད་ལེན་གྲུབ་པའི་དབང་ཕྱུག་བཀྲ་ཤིས་མ། །གདོལ་པའི་རིགས་ལས་གྲུབ་བརྙེས་མ་ཏངྒི། །མཁའ་འགྲོས་བྱིན་བརླབས་ཤར་ཕྱོགས་ཏིལླི་པ། །བླ་མས་བྱིན་བརླབས་མཆོག་བརྙེས་ནཱ་རོ་པ། །སློབ་དཔོན་ཏ་ཐཱ་ག་ཏ་རཀྵི་ཏ། །གསང་འདུས་བླ་མ་རྣམས་ལ་གསོལ་བ་འདེབས།
།རྒྱལ་བའི་ཡུམ་གཅིག་རྡོ་རྗེ་རྣལ་འབྱོར་མ། །དཀའ་བ་སྤྱད་པས་གྲུབ་བརྙེས་ལཱུ་ཧི་པཱ། །ཆང་ཚོང་མཁའ་འགྲོས་རྗེས་བཟུང་ཌིངྒི་པ། །བུད་མེད་གསུམ་བཅས་གྲུབ་བརྙེས་དྲིལ་བུ་པ། །སྒྱུ་མའི་དོན་གཟིགས་གཱ་ཡ་ལ་པའི་ཞབས། །ཡེ་ཤེས་མཆོག་གི་རྣམ་རོལ་འབར་བ་འཛིན། །རིག་པའི་བརྟུལ་ཞུགས་སྤྱོད་མཛད་ནག་པོ་པ། །མངོན་ཤེས་དྲུག་ལྡན་དགེ་བའི་མགོན་པོ་དང་། །གྲུབ་ཆེན་ཏེ་ལོ་པ་དང་ནཱ་རོ་པ། །མཁས་པ་བློ་གྲོས་བཟང་པོའི་ཞལ་སྔ་ནས། །བདེ་མཆོག་བླ་མ་རྣམས་ལ་གསོལ་བ་འདེབས།
།ཟག་མེད་བདེ་སྟེར་རྣམ་ལྔའི་མཁའ་འགྲོ་མ། །འབྱུང་པོ་འདུལ་མཛད་ཀུ་ཀུ་རི་པའི་ཞབས། །འོད་གསལ་རྡོ་རྗེའི་རྣམ་རོལ་པདྨ་པ། །མ་རྒྱུད་རྒྱ་མཚོའི་མཐར་སོན་ཞི་བ་བཟང་། །ཤཱནྟི་པ་དང་རྡོ་རྗེ་གདན་པ་སྟེ། །སྒྱུ་འཕྲུལ་བླ་མ་རྣམས་ལ་གསོལ་བ་འདེབས།
།རྣལ་འབྱོར་མ་དཔལ་སྐལ་པ་བཟང་མོའི་ཞབས། །མངོན་སྤྱོད་དྲག་པོའི་ལས་མཛད་ལ་ལི་ཏ། །མི་བདག་ཨིནྡྲ་བྷཱུ་ཏི་ཆུང་བ་དང་། །སྒྱུ་འཕྲུལ་མ་ཧེའི་ཞལ་ཅན་དཔལ་འཛིན་དང་། །བདེ་ཆེན་རང་བཞིན་རྣམ་སྣང་སྲུང་བའི་ཞབས། །ནུས་མཐུས་བསྟན་པ་སྐྱོང་མཛད་པདྨ་སྲུང་། །འཇིགས་བྱེད་བླ་མ་རྣམས་ལ་གསོལ་བ་འདེབས།
།རྡོ་རྗེ་འཆང་ཆེན་རྡོ་རྗེ་སྙིང་པོའི་ཞབས། །ཡེ་ཤེས་མཁའ་འགྲོ་ཨིནྡྲ་བྷཱུ་ཏི་དང་། །ལྷ་ལྕམ་དཔལ་མོ་ས་མནྟ་བཛྲ། །ཛ་ཡ་དེ་ཝ་རྡོ་རྗེ་གདན་པ་དང་། །རྡོ་རྗེ་འཆང་ཆེན་བློ་གྲོས་རིན་ཆེན་དང་། །ཤ་ཝ་རི་པ་མངའ་བདག་མཻ་ཏྲཱིའི་ཞབས། །མན་ངག་རྒྱ་མཚོའི་མཐར་སོན་དྷཱ་ཆེན་པོ། །རྡོ་རྗེ་འཆང་ཆེན་གྲུབ་པའི་དཔའ་བོ་དང་། །རཏྣ་ཀ་ར་ཨ་ཏ་ཡ་བཛྲ། །སྒྲ་གཅན་འཛིན་སྦས་རྡོ་རྗེའི་ཞལ་སྔ་ནས། །ཉེ་བརྒྱུད་བླ་མ་རྣམས་ལ་གསོལ་བ་འདེབས།
།རྒྱུད་སྡེ་ལྔའི་བརྒྱུད་པའི་བླ་མ་རྒྱ་གར་བ་རྣམས་ལ་གསོལ་བ་འདེབས་པ་སྟེ། བརྒྱུད་པའི་ཁྱད་པར་གཞན་མན་ངག་གཙོ་བོར་གྱུར་པ་ལ་ཁོ་བོས་བཀའ་བབ་བརྒྱུད་འདེབས་སུ་སྦྱར་ཟིན་ལ། འདི་ནི་གཞུང་གི་བརྒྱུད་པ་གཙོ་ཆེ་བ་ཡིན་ཏེ་ཏཱ་ར་ནཱ་ཐས་སོ།། །།