Mgon po yid bzhin nor bu'i skong ba

From Shangpa Resource Center
Revision as of 18:27, 22 June 2020 by Sengue (talk | contribs)
(diff) ← Older revision | Latest revision (diff) | Newer revision → (diff)








Resource ID Gönkar7
Title mgon po yid bzhin nor bu'i skong ba
Topics White protector
Sub-Topics Fulfilling offering
Link BDRC W23681 (p. 224)
Notes scv4p395 + scv4p911

༄༅། །མགོན་པོ་ཡིད་བཞིན་ནོར་བུའི་སྐོང་བ་བཞུགས་སོ།

།ཧཱུྃ། དད་པ་དང་ནི་དམ་ཚིག་གིས། །ཚུར་བྱོན་ཡིད་བཞིན་མགོན་པོ་ཆེ། །འོད་དཔག་མེད་པའི་སྤྱན་སྔ་རུ། །འཕགས་པ་ལོ་ཀེ་ཤྭ་ར་ཡིས། །འགྲོ་བ་བྱམས་པས་ཉེར་དགོངས་ནས། །དབུལ་བའི་སྡུག་བསྔལ་སེལ་བ་དང༌། །རྣལ་འབྱོར་བསོད་ནམས་སྐྱེད་བྱེད་དུ། །སྤྲུལ་པའི་དམ་ཚིག་བཞིན་དུ་བྱོན། །ཁྱེད་སྲིད་འཕགས་པའི་སྤྲུལ་པ་སྟེ། །བསིལ་བ་ཚལ་གྱི་དུར་ཁྲོད་དུ། །དཔག་བསམ་ཤིང་གཅིག་རྩ་བར་གནས། །མཁའ་འགྲོ་འབུམ་གྱི་འཁོར་དང་བཅས། །ཆོས་ཀྱི་ངང་ལས་མ་གཡོས་ཀྱང༌། །དེ་རིང་ཡིད་བཞིན་ནོར་བུ་བཞིན། །འཁོར་བཅས་གནས་འདིར་གཤེགས་སུ་གསོལ། །མ་ཧཱ་ཀཱ་ལ་ཐུགས་རྗེའི་གཏེར། །མཐུ་ཆེན་རྒྱལ་པོ་ཡིད་བཞིན་མགོན། །དགོས་འདོད་ཀུན་འབྱུང་དཔའ་བོ་ཆེ། །དཀར་སེར་དམར་ལྗང་ཡིད་འོང་མ། །ལས་བཞིའི་ཕྲིན་ལས་སྒྲུབ་མཛད་མ། །ཡེ་ཤེས་ལྔ་ཡི་བདག་ཉིད་ཅན། །ཌཱ་ཀིའི་འཁོར་ཚོགས་དཔག་མེད་དང༌། །རྩ་བརྒྱུད་བླ་མ་ཡི་དམ་ལྷ། །བསྟན་སྲུང་ནོར་ལྷ་གནོད་སྦྱིན་རྣམས། །འཁོར་བཅས་གནས་འདིར་གཤེགས་སུ་གསོལ། །རིགས་ཀྱི་ཅོད་པན་ལྡེམས་སེ་ལྡེམ། །དར་གྱི་ཅོད་པན་པུ་རུ་རུ། །རིན་ཆེན་རྒྱན་ཆ་སི་ལི་ལི། །གསང་བའི་རྔ་ཆུང་དི་རི་རི། །དཔའ་བོའི་ངར་སྐད་ཙེ་རེ་རེ། །དཔའ་མོའི་བརྡ་གླུ་ལྷངས་སེ་ལྷང༌། །བླ་མ་ཡིད་དམ་ཐིབས་སེ་ཐིབ། །ནོར་ལྷ་གནོད་སྦྱིན་ཕུངས་སེ་ཕུང༌། །སྙིང་རྗེའི་རང་ཉམས་ལྷངས་སེ་ལྷང༌། །སྒྱུ་མ་རང་སེམས་རྗེན་ནེ་ནེ། །སྤྲོས་མེད་རིག་པ་གསལ་ལ་ལ། །གཏད་མེད་ངང་དུ་ཡ་ལ་ལ། །བདེ་ཆེན་གོང་བོར་ཁྲི་ལི་ལི། །བྱིན་གྱིས་བརླབ་ཕྱིར་གཤེགས་སུ་གསོལ། །གནས་ཁང་འདི་རུ་བྱིན་ཕོབ་ལ། །རིན་ཆེན་ནོར་གྱི་ཆར་པ་ཕོབ། །སྒྲུབ་མཆོག་བདག་ལ་བྱིན་རློབས་ལ། །ཁམས་གསུམ་མ་ལུས་དབང་དུ་སྡུས། །གུ་རུ་མ་ཧཱ་ཀཱ་ལ་ཌཱ་ཀི་ནཱི་སརྦ་ཨཱ་ཝེ་ཤ་ཡ་ཨ་ཨཱཿ
འདིའི་མཚམས་སུ་གཏོར་མ་དབུལ། འདོད་དོན་གསོལ་གདབ་བྱ། དངོས་གཞི་ཐུགས་དམ་བསྐང་བ་ནི།
ཧཱུྃ། ལྷ་ཆེན་མགོན་པོ་ཐུགས་རྗེའི་གཏེར། །དཔའ་བོ་ཆེན་པོ་ནོར་གྱི་བདག །ཡིད་བཞིན་མགོན་པོ་ཌཱ་ཀིའི་གཙོ། །དཔལ་ལྡན་མ་ཧཱ་ཀཱ་ལ་དང༌། །ཌཱ་ཀིའི་འཁོར་ཚོགས་དཔག་མེད་དང༌། །ནོར་ལྷ་གནོད་སྦྱིན་འཁོར་བཅས་ལ། །དགྱེས་པའི་མཆོད་པ་འབུལ་བ་ནི།
ཧཱུྃ། གནས་ཁང་རིན་ཆེན་ཤེལ་གྱི་ཁེབས། །འོད་དཀར་དྲི་མེད་རྣམ་པར་འགྲོ། །གཡུ་ཡི་རྒྱ་ཕིབས་ཆུ་ཤེལ་ཏོག །མུ་ཏིག་དྲྭ་བ་ནོར་བུས་སྤྲས། །གསེར་གྱི་གདུགས་དང་རྒྱལ་མཚན་བཙུགས། །ཕྱོགས་བཅུར་དངུལ་གྱི་བ་དན་གཡོ། །རིན་ཆེན་སྣ་ལྔ་གཅལ་དུ་བཀྲམ། །མོས་པའི་ཕོ་བྲང་བརྗིད་པ་འདི། །བླ་མ་ཡིད་བཞིན་མགོན་པོ་དང༌། །གྲངས་མེད་ཌཱ་ཀིའི་འཁོར་ཚོགས་དང༌། །ནོར་ལྷ་གནོད་སྦྱིན་ཐུགས་དམ་བསྐང༌། །མཆོག་དང་ཐུན་མོང་དངོས་གྲུབ་སྩོལ། །ཁང་བཟང་དཔལ་ལ་སྤྱོད་པ་དང༌། །ཡུལ་རྣམས་དབང་དུ་འདུ་བར་མཛོད།
།ཧཱུྃ། རབ་དཀར་ཤེལ་གྱི་ཕོ་བྲང་རབ་བརྗིད་དབུས། །རབ་མཛེས་སྣ་ཚོགས་པདྨ་རྒྱས་པའི་སྟེང༌། །རབ་འོད་རབ་འཕྲོས་ཉི་མའི་དཀྱིལ་འཁོར་དབུས། །རབ་དཀར་ཚོགས་བདག་གླང་སྣ་གཡས་ཉལ་ཅན། །རབ་བརྗིད་རིན་ཆེན་ཕྲེང་བ་དར་གྱིས་མཛེས། །རབ་ཏུ་ས་ཡི་བཅུད་ཀྱི་སྙིང་པོ་དང༌། །རབ་ལེགས་ནེའུ་ལེ་ནོར་གྱི་རྐྱལ་པ་འཛིན། །སྣ་ཚོགས་ནོར་བུ་སྐྱུགས་མཛད་དེ་ལ་འདུད། །ཆོས་ཉིད་སྤྲོས་བྲལ་ཐེག་ལེ་དམར་པོའི་དབུས། །འཕགས་པའི་ཐུགས་སྤྲུལ་ཧཱུྃ་ཡིག་འཕྲོ་འདུ་ལས། །ལེགས་འཁྲུངས་ཆུ་ཤེལ་ཕུང་པོའི་འོད་ཟེར་ལྡན། །ཐུགས་རྗེའི་གཏེར་ཆེན་ཡིད་བཞིན་ནོར་བུའི་སྐུ། །ཞལ་གཅིག་ཕྱག་དྲུག་སྤྱན་གསུམ་འཛུམ་ཞིང་འཁྲུག །ཁམས་གསུམ་དབང་སྡུད་ས་གསུམ་ཟིལ་གྱིས་གནོན། །ཞལ་གདངས་རབ་བཞད་ཧེ་ཡི་བཞད་གད་ཅན། །སྒྲུབ་ལ་འཛུམ་སྟོན་དགྱེས་པའི་རྣམ་འགྱུར་ཅན། །བདུད་བཞི་རྩད་གཅོད་གྲི་གུག་རྣོ་ངར་ཅན། །དགོས་འདོད་ཀུན་སྟེར་ཡིད་བཞིན་དབང་གི་རྒྱལ། །འཁོར་བཅས་དབང་སྡུད་སེང་ལྡེང་ཌ་མ་རུ། །བདུད་རྩིས་རབ་བཀང་མཚན་ལྡན་ཀ་པཱ་ལ། །གཏེར་ཆེན་བུམ་པ་དུང་གི་ཁ་རྒྱན་ཅན། །དུག་གསུམ་ཀུན་འཇོམས་རྩེ་གསུམ་འབར་བ་དང༌། །ཁམས་གསུམ་དབང་སྡུད་དབང་གི་ལྕགས་ཀྱུ་སོགས། །ཕྱག་ཀུན་རྣམ་པར་འཛིན་མཁས་དེ་ལ་འདུད། །རིན་ཆེན་རྒྱན་དང་ནོར་བུའི་དོ་ཤལ་དང༌། །པདྨའི་དྲྭ་བ་མི་མགོའི་ཅོད་པན་འཛིན། །སྟག་གི་ཤམ་ཐབས་དར་གྱི་ལྷབ་ལྷུབ་ཅན། །ཀུན་ནས་གླང་ཆེན་ཀོ་རློན་རབ་གྱོན་ཅིང༌། །གསེར་གྱི་གཡེར་ཁས་ཕྱག་ཞབས་རྣམ་པར་མཛེས། །སིལ་སིལ་ཕྱོགས་ཀུན་ཁྱབ་མཛད་དེ་ལ་འདུད། །ཞབས་གཉིས་འགྲོ་ཚོམ་མེ་དཔུང་འབར་དབུས་བཞུགས། །རཱ་གའི་མདངས་འཛིན་དབང་སྡུད་ཌཱ་ཀིའི་ཚོགས། །རཱ་གའི་ལྕགས་ཀྱུའི་སྣོད་བཅུད་དབང་དུ་སྡུད། །བདུད་རྩིས་རབ་བཀང་མཚན་ལྡན་ཐོད་པ་འཛིན། །གར་སྟབས་སྤྱན་གསུམ་ཁམས་གསུམ་དབང་དུ་སྡུད། །ཆོས་ཉིད་སྤྲོས་བྲལ་ཐིག་ལེ་ཧཱུྃ་དང་བཅས། །ཚད་མེད་ཡོན་ཏན་ཚད་འདས་ཕྲིན་ལས་ཚོགས། །དགོས་འདོད་ཀུན་འབྱུང་ཡིད་བཞིན་ནོར་བུར་འདུད། །ཧ་ལས་རབ་སྐྱེས་བཛྲ་ཌཱ་ཀི་མ། །དཀར་གསལ་འོད་འཕྲོ་རྡོ་རྗེ་ལྕགས་ཀྱུ་ཡིས། །ཁམས་གསུམ་དབང་སྡུད་སྲིད་གསུམ་ཟིན་གྱིས་གནོན། །རི་བོང་འཛིན་འདྲའི་མེ་ལོང་ནད་གདོན་སེལ། །རིན་ཆེན་རྒྱན་དང་དར་གྱི་ན་བཟས་སྤྲས། །གར་སྟབས་ཌཱ་ཀིའི་འཁོར་ཚོགས་དཔག་མེད་བཅས། །ཀུན་ནས་ཞི་བའི་ལས་མཛད་མ་ལ་འདུད། །རི་ལས་རབ་སྐྱེས་རཏྣ་ཌཱ་ཀི་མ། །གསེར་མདོག་ཇི་བཞིན་འོད་ཟེར་རྣམ་པར་འཕྲོ། །རིན་ཆེན་གྱིས་མཚན་དབང་སྡུད་ལྕགས་ཀྱུ་དང༌། །དགོས་འདོད་ཀུན་སྟེར་ཡིད་བཞིན་ནོར་བུ་འཛིན། །རིན་ཆེན་རྒྱན་དང་དར་གྱི་ན་བཟས་འཁྱུད། །གར་སྟབས་ཌཱ་ཀིའི་འཁོར་ཚོགས་དཔག་མེད་བཅས། །རྒྱས་པའི་ལས་མཛད་མ་ལ་རྒྱས་པར་བསྟོད། །ནི་ལས་རབ་སྐྱེས་པདྨ་ཌཱ་ཀི་མ། །རཱ་གའི་མདངས་ལྡན་ཆགས་པའི་འོད་ཟེར་འཕྲོ། །ཁམས་གསུམ་དབང་སྡུད་རཱ་གའི་ལྕགས་ཀྱུ་དང༌། །པདྨའི་ཞགས་པས་འཁོར་འདས་ལུས་སེམས་འགུགས། །རིན་ཆེན་རྒྱན་དང་པདྨའི་ཕྲེང་བས་མཛེས། །སྣ་ཚོགས་གོས་གྱོན་གར་སྟབས་འཁོར་ཚོགས་ལྡན། །ཀུན་ནས་དབང་གི་ལས་མཛད་མ་ལ་འདུད། །ས་ལས་རབ་སྐྱེས་སྣ་ཚོགས་ཌཱ་ཀི་མ། །སྣ་ཚོགས་མདངས་འཛིན་སྣ་ཚོགས་འོད་ཟེར་འཕྲོ། །སྣ་ཚོགས་ལས་གྲུབ་ལྕགས་ཀྱུ་རྣམ་པར་འཕྱར། །སྣ་ཚོགས་རྡོ་རྗེས་སྣ་ཚོགས་དངོས་གྲུབ་སྟེར། །སྣ་ཚོགས་རྒྱན་ལྡན་སྣ་ཚོགས་འཁོར་གྱིས་བསྐོར། །གར་སྒྱུར་སྣ་ཚོགས་ལས་མཛད་མ་ལ་འདུད། །གཞན་ཡང་འཁོར་ནི་འཇིག་རྟེན་འདས་པ་དང༌། །མ་འདས་མཚམས་ཀྱི་ནོར་ལྷ་དབང་གི་ལྷ། །གནོད་སྦྱིན་གཏེར་བདག་ནོར་གྱི་བང་མཛོད་ཅན། །དཀར་སེར་དམར་ལྗང་མདངས་ལྡན་མཐིང་སྨུག་དང༌། །ཨིནྡྲ་ནཱི་ལ་ལ་སོགས་སྣ་ཚོགས་མདོག །ལྕགས་ཀྱུ་ཞགས་པ་ལྕགས་སྒྲོགས་བ་དན་དང༌། །རྩེ་གསུམ་མདུང་ཐུང་རྒྱན་མཚན་གདུགས་དང་ནི། །རྡོ་རྗེ་པདྨ་རིན་ཆེན་ཞགས་པ་དང༌། །ཡིད་བཞིན་ནོར་བུ་དབང་རྒྱལ་དགའ་འཁྱིལ་དང༌། །ནོར་གཞོང་ནོར་རྐྱལ་འབྲུ་ཡི་བང་མཛོད་དང༌། །རིན་ཆེན་ཕྲེང་བ་འབྲས་ཀྱི་སྙེ་མ་སོགས། །དགོས་འདོད་འབྱུང་བའི་ཕྱག་མཚན་རབ་འཛིན་ཅིང༌། །དཔལ་གྱི་ཆས་བརྒྱན་རིན་ཆེན་དར་གྱིས་བཀླུབས། །གར་སྟབས་བཞེངས་བཞུགས་གཟུགས་འགྲོས་སྣ་ཚོགས་ཆིབས། །ལྷ་ཀླུ་གནོད་སྦྱིན་དྲི་ཟ་དྲང་སྲོང་དང༌། །མིའམ་ཅི་དང་རྒྱལ་པོ་འཁོར་ཚོགས་ཀྱིས། །བསྐོར་ཞིང་སྒྲུབ་ལ་དངོས་གྲུབ་རབ་སྟེར་ཞིང༌། །བར་ཆད་ཀུན་སེལ་ཁམས་གསུམ་དབང་སྡུད་པའི། །ནོར་ལྷ་མཁའ་འགྲོའི་ཚོགས་ལ་བདག་བསྟོད་དོ། །ཁྱེད་ལ་དགྱེས་པའི་དམ་རྫས་འབུལ་བ་ནི། །རིན་ཆེན་གདུགས་དཀར་ཆུ་ཤེལ་ཏོག་དང་ལྡན། །སྣ་ཚོགས་གཤམ་བུར་ཕྱོགས་བཅུར་རྣམ་པར་གཡོ། །རིན་ཆེན་ཕྲེང་བ་ཆུན་འཕྱང་རྣམ་པར་མཛེས། །གྲངས་མེད་ཞིང་ན་གནས་པའི་ཚཱ་ཏྲཾ་ཀ །འབུལ་གྱི་ཁམས་གསུམ་དབང་དུ་འདུ་བ་དང༌། །ལོངས་སྤྱོད་རྒྱ་ཆེར་ཡོངས་སུ་རྒྱས་གྱུར་ཏེ། །མི་འཇིགས་སྐྱབས་དང་ལྡན་པའི་ཕྲིན་ལས་མཛོད།
།ཧཱུྃ། རྒྱལ་མཚན་ཡིད་བཞིན་ནོར་བུའི་ཏོག །གསེར་གྱི་ཡུ་བ་རིན་ཆེན་ཕྲེང༌། །སྣ་ཚོགས་དར་གྱི་གཤམ་བུ་དཀྲིས། །སྣ་ཚོགས་ལྷབ་ལྷུབ་དང་བཅས་པ། །ས་གཞི་གང་བར་བཅས་པ་དང༌། །བ་དན་ཤེལ་གྱི་ཡུ་བ་ཅན། །ཕྱོགས་བཅུར་གཡབ་ཅིང་ཕྱོགས་རྣམས་འགེངས། །འཕན་དཀར་མུ་ཏིག་དྲྭ་བས་གཡོགས། །མཛེས་པའི་ཕྱེ་མ་ཕུར་མ་ནི། །བར་སྣང་འགེངས་ཤིང་རྣམ་པར་མཛེས། །གཞན་ཡང་སྣ་ཚོགས་ལས་གྲུབ་པའི། །གསེར་གྱི་རི་མོས་སྤྲས་ཤིང་མཛེས། །རྣམ་དཔྱོད་ཕུན་ཚོགས་མ་ཚང་མེད། །བླ་བྲེ་སྣ་ཚོགས་རྣམ་པར་བཀྲ། །སྣ་ཚོགས་རིན་ཆེན་ཕྲེང་བ་དང༌། །ནོར་བུའི་དོ་ཤལ་ས་གཞི་གང༌། །མུ་ཏིག་དྲྭ་བས་སྟོང་གསུམ་ཁེངས། །རིན་ཆེན་ཕྲེང་བས་བར་སྣང་གཡོགས། །མཛེས་པའི་པདྨའི་ཆུན་འཕྱང་དང༌། །རིན་ཆེན་རྒྱན་དང་ཟ་འོག་གོས། །གསེར་གྱི་གཡེར་ཁའི་ཕྲེང་བ་དང༌། །དངུལ་གྱི་དྲིལ་བུ་སིལ་སིལ་སྒྲོགས། །སྣ་ཚོགས་དར་གྱི་ཅོད་པན་འཕུར། །ཡིད་བཞིན་ནོར་བུ་བསམ་འཕེལ་དང༌། །ཨིནྡྲ་ནཱི་ལ་ཀེ་ཀེ་རུ། །མན་ཤེལ་མེ་ཤེལ་ཆུ་ཤེལ་དང༌། །བཻཌཱུརྻ་དང་དུང་དང་དབྱིག །བྱེ་རུ་མུ་ཏིག་མུ་མེན་གཡུ། །གཡང་ཊིའུ་ལ་སོགས་རིན་ཆེན་རིགས། །རི་ལྟར་སྤུངས་ཤིང་ས་ལྟར་བཀྲམ། །ནམ་མཁའ་ཁྱབ་པར་བྱས་ནས་ནི། །ལྷ་ཆེན་མགོན་པོའི་ཐུགས་དམ་བསྐང༌། །ཐུགས་རྗེའི་གཏེར་ཆེན༴ ཡེ་ཤེས་མགོན་པོ༴ གྲངས་མེད་ཌཱ་ཀིའི༴ ནོར་ལྷ་གནོད་སྦྱིན༴ བསམ་དོན་མ་ལུས་འགྲུབ་པ་དང༌། །འཆི་མེད་རྒྱལ་མཚན་བརྟན་པ་དང༌། །སྙན་གྲགས་ཕྱོགས་བཅུར་རྒྱས་པ་དང༌། །ལོངས་སྤྱོད་གཏེར་ཆེན་འཕེལ་བར་མཛོད། །བྱེ་བ་ཕྲག་བརྒྱའི་ཞིང་ཁམས་ན། །ཆུ་བོ་ཆུ་ཕྲན་གངྒཱ་དང༌། །པཀྵུ་སཱི་ཏ་བདུད་རྩིའི་ཆུ། །ཡན་ལག་བརྒྱད་ལྡན་འབབ་ཆུ་དང༌། །ལྷ་ཡི་ཆུ་དང་མི་ཡི་ཆུ། །སྣ་ཚོགས་དྭངས་ཤིང་ཡིད་འོང་བའི། །ཡོན་ཆབ་སྣ་ཚོགས་མཛེས་པ་དང༌། །པདྨ་ཀུ་མུད་ཨུཏྤ་ལ། །མནྡཱ་ར་བ་ལ་སོགས་པ། །ཁ་དོག་དྲི་བསུང་ཕུན་ཚོགས་པའི། །མེ་ཏོག་ཇི་སྙེད་ཡོད་པ་དང༌། །ཙནྡན་དཀར་དམར་ཨ་ཀ་རུ། །ཛཱ་ཏི་ལི་ཤི་ལ་སོགས་པའི། །དྲི་ཞིམ་སྤོས་ཀྱིས་ནམ་མཁའ་ཁེངས། །ཉི་ཟླ་ཡིད་བཞིན་ནོར་བུའི་འོད། །ལྷ་ཡི་འོད་དང་མར་མེའི་རིགས། །གླིང་བཞི་གསལ་བྱེད་ཐམས་ཅད་དང༌། །ག་བུར་ཆུ་དང་གུར་གུམ་ཆུ། །བསིལ་བྱེད་དགེ་བའི་དྲི་མཆོག་དང༌། །པུཥྤེ་ཀ་དང་ཤིང་འབྲས་དང༌། །ནས་འབྲས་གྲོ་ཏིལ་སོ་སྲན་དང༌། །བཅུད་དང་ལྷ་ཡི་ཞལ་ཟས་སོགས། །རི་རབ་ལས་ལྷག་ཕུན་ཚོགས་དང༌། །ལྷ་ཡི་རྔ་ཆེན་བརྗིད་པའི་སྒྲ། །གསང་བའི་རྔ་ཆུང་སྙན་པའི་སྒྲ། །དུང་ཆེན་གླིང་བུ་པི་ཝཾ་འཛིན། །དུང་དཀར་ཕེག་རྡོབ་སིལ་སྙན་དང༌། །སྙན་པའི་རོལ་མོ་ཇི་སྙེད་ཀུན། །འུར་འུར་ཆེམ་ཆེམ་སྒྲ་སྒྲོགས་པ། །སྲིད་གསུམ་གང་ཞིང་གཡོ་བ་འདི། །མ་ཧཱ་ཀཱ་ལ་འཁོར་བཅས་ལ། །འབུལ་གྱི་ཡང་དག་བཞེས་སུ་གསོལ། །བསམ་དོན་མ་ལུས་འགྲུབ་པ་དང༌། །ཕྲིན་ལས་རྒྱ་ཆེར་འཕེལ་བར་མཛོད། །གཞན་ཡང་དྲག་པོའི་ཉེར་སྤྱོད་ལྔ། །དྲག་པོའི་རྒྱན་དང་མཚོན་ཆ་དང༌། །དཔལ་གྱི་ཆས་བརྒྱད་ལ་སོགས་པ། །འབུལ་གྱི་ཡང་དག་བཞེས་སུ་གསོལ། །བར་ཆད་མ་ལུས་ཞི་བ་དང༌། །དགྲ་དང་འབྱུང་པོ་མེད་པར་མཛོད། །མཛེས་པའི་བཀྲ་ཤིས་རྟགས་བརྒྱད་དང༌། །རྒྱལ་སྲིད་རིན་ཆེན་རྣམ་པ་བདུན། །འདོད་ཡོན་ལྔ་དང་རྫས་མཆོག་བརྒྱད། །སྟོང་གསུམ་མ་ལུས་བཀང་བྱས་ནས། །འབུལ་གྱི་ཡང་དག་བཞེས་སུ་གསོལ། །བྱེ་བ་ཕྲག་བརྒྱའི་འཇིག་རྟེན་གྱི། །རབ་མཛེས་རི་རྒྱལ་ལྷུན་པོ་དང༌། །ལྷ་ཡི་ཁང་བཟང་སྐྱེད་མོས་ཚལ། །མེ་ཏོག་ཚལ་དང་ནོར་བུའི་མཚོ། །དཔག་བསམ་ཤིང་དང་འདོད་རྒུའི་དཔལ། །རིན་ཆེན་རི་དང་བདུད་རྩིའི་མཚོ། །གླིང་བཞི་གླིང་ཕྲན་ཉི་ཟླ་དང༌། །དེ་ལ་གནས་པའི་ལོངས་སྤྱོད་གཏེར། །ཕུན་ཚོགས་ཡིད་བཞིན་ནོར་བུ་དང༌། །སྟོང་གསུམ་དབང་བསྒྱུར་ཙཀྲ་དང༌། །ཁམས་གསུམ་རེ་སྐོང་ཡིད་བཞིན་ནོར། །གཟུགས་མཛེས་ཡིད་འོང་བཙུན་མོ་དང༌། །རྣམ་དཔྱོད་རྩལ་ལྡན་བློན་པོ་དང༌། །ཐེག་ཆེན་སྟོབས་ལྡན་གླང་པོ་དང༌། །རྫུ་འཕྲུལ་ཤུགས་ལྡན་རྟ་མཆོག་དང༌། །འཇིགས་མེད་བདུད་འདུལ་དམག་དཔོན་དང༌། །འཛད་མེད་གཏེར་ཆེན་བུམ་པ་དང༌། །ནམ་མཁའི་མདོག་མཚུངས་གསེར་མདོག་དང༌། །བནྡྷུ་མརྒད་མདོག་མཚུངས་དང༌། །ཀིངྴུ་དབང་སྔོན་སྟོན་ཟླའི་མདོག །མརྒད་ཨིནྡྲ་ནཱི་ལའི་མདོག །གུར་གུམ་དུད་ཀ་གཡང་ཊིའི་མདོག །ཤེལ་མདོག་དུང་མདོག་ལི་ཁྲིའི་མདོག །མེ་ཤེལ་གཡུ་དང་བྱི་རུའི་མདོག །སྣ་ཚོགས་མདོག་ཅན་ཡིད་འོང་མ། །སྣ་ཚོགས་རྒྱན་དང་སྣ་ཚོགས་གོས། །སྣ་ཚོགས་རྣམ་འགྱུར་སྣ་ཚོགས་སྟོན། །པི་ཝཾ་སྙན་པའི་སྒྲ་སྒྲོགས་ཤིང༌། །གླིང་བུ་སྙན་པར་ཡོངས་སུ་སྒྱུར། །རྔ་ཟླུམ་ལྷ་ཡི་རྔ་ལྟར་རྡུང༌། །རྫ་རྔ་ངང་པའི་རྒྱལ་པོའི་སྐད། །ཧེ་ཧེ་བཞད་གད་འཛུམ་དང་བཅས། །སྙན་པའི་ལུས་ནི་སྙན་པར་བསྒྱུར། །ཡིད་འོང་གླུ་དང་མཛེས་པའི་གར། །མེ་ཏོག་དཀར་པོའི་ཆར་འབེབས་ཤིང༌། །དྲི་མཆོག་སྤོས་ཀྱི་དུད་པ་འཐུལ། །དྲི་ཆབ་འཐོར་ཞིང་ཞལ་ཟས་འདྲེན། །ཤེལ་གྱི་མེ་ལོང་གཟུགས་དང་བཅས། །གོས་དང་རེག་དང་འཁྱུད་དང་བཅས། །ཟག་མེད་དགའ་བཞིའི་བདེ་བ་དང༌། །རིན་ཆེན་གདུག་མཆོག་རིན་ཆེན་ཏོག །སྟོང་གསུམ་ཁྱབ་དང་རྒྱལ་མཚན་མཆོག །ལྷ་ཡི་ཡོ་བྱད་ཕུན་ཚོགས་རྣམས། །དངོས་བཤམས་ཡིད་སྤྲུལ་བློས་སྤྱད་ནས། །ལྷ་ཆེན་མགོན་པོའི་ཐུགས་དམ་བསྐང༌། །དཔའ་བོ་རྒྱལ་པོའི༴ གུ་རུ་དབྱེར་མེད༴ མཁའ་འགྲོ་སྡེ་ལྔའི༴ གྲངས་མེད་ཌཱ་ཀིའི༴ སྲུང་མ་རྒྱ་མཚོའི༴ ནོར་ལྷ་གནོད་སྦྱིན་ཐུགས༴ བདུད་བཞི་ཟིལ་གྱིས་གནོན་པ་དང༌། །གླིང་བཞི་དབང་དུ་འདུ་བ་དང༌། །སྲིད་ཞིའི་དགེ་ལེགས་ཐོབ་པ་དང༌། །ཕྲིན་ལས་རྣམ་བཞི་མཐར་ཕྱིན་ནས། །སྐུ་བཞི་མངོན་དུ་འགྲུབ་པར་མཛོད།
།ཧཱུྃ། མཚན་ལྡན་ཡེ་ཤེས་ཀ་པཱ་ལ། །སྨན་ལྔ་བཅུད་ལྔ་སྙིང་པོ་ལྔ། །འབྲུ་ལྔ་བདུད་རྩི་རྣམ་ལྔ་དང༌། །ཕྱག་རྒྱའི་རྒྱན་ལྡན་གཏོར་མ་འདི། །ཡེ་ཤེས་ལྔ་རུ་བྱིན་བརླབས་ནས། །ལྷ་ཆེན་མགོན་པོ་དགྱེས་ཕྱིར་འབུལ། །བཞེས་ཤིག་རོལ་ཅིག་དགྱེས་པར་རོལ།
།མཚན་ལྡན་ཀ་ལི་བདུད་རྩིས་བཀང༌། །བདེ་ཆེན་སྟེར་བའི་རྫས་མཆོག་འདི། །ལྷ་ཆེན་མགོན་པོ་དགྱེས༴ བཞེས་ཤིག་རོལ་ཅིག༴
རིན་ཆེན་གཞོང་པ་རིན་ཆེན་དང༌། །ཟས་དང་བཅུད་དང་འབྲུས་བཀང་ནས། །ལྷ་ཆེན༴ བཞེས་ཤིག༴
གཏེར་ཆེན་བུམ་པ་སྟོང་གསུམ་གང༴ སྣ་ཚོགས་ནོར་གྱིས་གཏམས་པ་འདི༴ ལྷ་ཆེན༴ བཞེས་ཤིག༴
བདུད་བཞི་ཚར་གཅོད་གྲི་གུག་ནི། །གནམ་ལྕགས་ལས་གྲུབ་རྣོ་ངར་ལྡན། །རལ་གྲི་གསེར་གྱི་ཡུ་བར་བཅས། །ཉི་ཁྱིམ་ཆུ་སྲིན་ཁ་ནས་འཐོན། །ལྷ་ཆེན༴ བཞེས་ཤིག༴
སྟོང་གསུམ་ཡིད་བཞིན་འདོད་རྒུ་སྩོལ། །ཚེ་གཅིག་སངས་རྒྱས་སྟེར་ཡང་ནུས། །བསམ་དོན་མཐའ་དག་ལྟ་ཅི་སྨོས། །ནོར་བུ་དབང་གི་རྒྱལ་པོ་འདི། །ལྷ་ཆེན༴ བཞེས་ཤིག༴
གསང་བའི་རྔ་ཆུང་ཅང་ཏེའུ། །ལྷ་མི་དབང་དུ་རབ་སྡུད་ཅིང༌། །སྲུང་མ་ལས་ལ་སྐུལ་བྱེད་འདི། །ལྷ་ཆེན༴ བཞེས༴
མཚན་ལྡན་ཀ་ལི་བདུད་རྩིས་བཀང༌། །གཏེར་ཆེན་བུམ་པ་ནོར་གྱིས་བཀང༌། །ཁམས་གསུམ་ལོངས་སྤྱོད་དང་མཚུངས་འདི། །ལྷ་ཆེན༴ བཞེས༴
དུག་གསུམ་ཀུན་རྟོག་རྩད་ནས་གཅོད། །སྐུ་གསུམ་འཆི་མེད་དངོས་གྲུབ་སྟེར། །རྩ་གསུམ་བ་དན་དང་བཅས་པ། །ལྷ་ཆེན༴ བཞེས༴
རཱ་གའི་ལྕགས་ཀྱུ་ནུས་པར་ལྡན། །སྣང་བ་དབང་སྡུད་ནོར་བུ་འདི། །ལྷ་ཆེན༴ བཞེས༴
རིན་ཆེན་ནོར་བུ་དོ་ཤལ་བཅས། །རིན་ཆེན་ཕྲེང་བ་དྲྭ་བས་མཛེས། །པདྨའི་ཆུན་འཕྱང་གཡེར་ཁའི་སྦྲེལ། །སྟག་ཤམ་སྣ་ཚོགས་དར་དང་བཅས། །ལྷ་ཆེན༴ བཞེས༴
མདོར་ན་ཕྱི་ཡི་སྣང་བ་རུ། །མཛེས་དང་དགའ་དང་བདེ་བ་དང༌། །རིན་ཐང་མེད་པའི་མཆོད་རྫས་ཀུན། །དམིགས་མེད་སྒྱུ་མའི་ངང་ནས་འབུལ། །སྒྱུ་མའི་ངང་དུ་བཞེས་པར་མཛོད། །ལོངས་སྤྱོད་རྒྱ་ཆེན་འཕེལ་བའི་ཕྱིར། །ཚོགས་དང་གཏོར་མ་སྤྱན་གཟིགས་དང༌། །འབྲུ་དང་ནོར་དང་ལོངས་སྤྱོད་རྣམས། །ཅི་འབྱོར་གུས་པས་བཤམས་པ་དང༌། །ཕྱི་ནང་གསང་བའི་མཆོད་སྤྲིན་ནི། །དཔག་མེད་མཁའ་ཁྱབ་དང་བཅས་པ། །དམིགས་བྲལ་དམིགས་པས་རབ་བཅད་ནས། །འགྲོ་བའི་སྡུག་བསྔལ་སེལ་ཕྱིར་དུ། །ལྷ་ཆེན་མགོན་པོ་ཁྱོད་ལ་འབུལ།
།མ་ཧཱ་ཀཱ་ལའི་ཐུགས་དམ་བསྐང༌། །ཡིད་བཞིན་མགོན་པོའི༴ ཐུགས་རྗེའི་གཏེར་ཆེན༴ བཛྲ་ཌཱ་ཀིའི༴ རཏྣ་ཌཱ་ཀིའི༴ པདྨ་ཌཱ་ཀིའི༴ ཀརྨ་ཌཱ་ཀིའི༴ བུདྡྷ་ཌཱ་ཀིའི༴ གྲངས་མེད་ཌཱ་ཀིའི༴ དཔའ་བོའི་ཚོགས་ཀྱི༴ དཔའ་མོའི་ཚོགས་ཀྱི༴ བསྟན་སྲུང་ཡོངས་ཀྱི༴ དམ་ཅན་རྒྱ་མཚོའི༴ ནོར་ལྷ་གནོད་སྦྱིན༴ ཁྱེད་ཀྱི་ཐུགས་དམ་བསྐངས་གྱུར་ནས། །རྣལ་འབྱོར་དཔོན་སློབ་འཁོར་བཅས་དང༌། །རྒྱུ་སྦྱོར་ཡོན་གྱི་བདག་པོ་ཡི། །ནད་གདོན་བར་ཆད་མི་མཐུན་ཕྱོགས། །ཞི་བའི་ཌཱ་ཀིས་སེལ་བ་དང༌། །ཞི་བའི་དངོས་གྲུབ་སྩལ་དུ་གསོལ། །ཚེ་དང་བསོད་ནམས་དཔལ་འབྱོར་ཀུན། །རྒྱས་མཛད་རྒྱས་པའི་ཌཱ་ཀི་ཡིས། །རྒྱས་པའི་དངོས་གྲུབ་སྩལ་དུ་གསོལ། །ཁམས་གསུམ་དབང་སྡུད་ཌཱ་ཀི་ཡིས། །ཁམས་གསུམ་སྲིད་གསུམ་མ་ལུས་པ། །དབང་དུ་འདུ་ཞིང་བརྟན་པ་ཡི། །དངོས་གྲུབ་མྱུར་བ་ཉིད་དུ་སྩོལ། །སྣ་ཚོགས་ཌཱ་ཀིས་སྣ་ཚོགས་ཀྱི། །ལས་རྣམས་མཐའ་དག་གྲུབ་པར་མཛོད། །བུདྡྷ་ཌཱ་ཀིས་འཇིགས་མེད་ཀྱི། །སྐུ་གསུམ་ཆེན་པོའི་དངོས་གྲུབ་སྩོལ། །མདོར་ན་མགོན་པོ་འཁོར་བཅས་ཀྱིས། །བརྟེན་ཅིང་བསྒྲུབ་པའི་རྣལ་འབྱོར་གྱི། །བསམ་པའི་དོན་འདི་གྲུབ་པར་མཛོད། །བརྟེན་ནི་ལྷ་ཆེན་མགོན་པོ་བརྟེན། །མཆོད་ནི་ཡིད་བཞིན་མགོན་པོ་མཆོད། །བསྒྲུབ་ནི་གུ་རུ་མགོན་པོ་བསྒྲུབ། །བགྲང་ནི་མགོན་པོའི་རྩ་སྔགས་བགྲང༌། །དོན་ནི་སེམས་ཅན་དོན་དུ་བསམ། །ད་ནི་ཐུགས་རྗེས་མྱུར་དུ་གཟིགས། །སྔགས་འཆང་དཔོན་སློབ་འཁོར་བཅས་ཀྱི། །ནད་གདོན་བར་ཆད་ཞི་བ་དང༌། །དགྲ་དང་ཆོམ་རྐུན་འཇོམས་པ་དང༌། །མི་མཐུན་ཕྱོགས་རྣམས་བཟློག་པ་དང༌། །བསམ་དོན་མ་ལུས་འགྲུབ་པར་མཛོད། །ཚེ་དང་བསོད་ནམས་རྒྱས་པ་དང༌། །དཔལ་འབྱོར་སྙན་གྲགས་རྒྱས་པ་དང༌། །ལོངས་སྤྱོད་ཕུན་སུམ་ཚོགས་པ་དང༌། །ལོ་ཐོག་འབད་མེད་འབྱུང་བ་དང༌། །འབྲུ་དང་ཟས་ནོར་འཕེལ་བ་དང༌། །རྐང་བཞི་མཐའ་དབུས་རྒྱས་པ་དང༌། །རང་གཞན་དོན་གཉིས་འགྲུབ་གྱུར་ནས། །འཆི་མེད་ལོངས་སྐུ་འགྲུབ་པ་ཡི། །ཕྲིན་ལས་ད་ལྟ་འགྲུབ་པར་མཛོད། །དངོས་གྲུབ་ད་ལྟ་སྩོལ་བ་དང༌། །བྱིན་གྱི་མྱུར་དུ་རློབ་པ་དང༌། །ལྷ་ཆེན་ཁྱེད་ཀྱི་ཞལ་མཐོང་ཤོག
།གནས་དང་ཡུལ་དང་ཡོན་བདག་འདི། །བདེ་ཞིང་འབྲུ་རྣམས་འཕེལ་བ་དང༌། །བང་མཛོད་ནོར་གྱིས་རབ་གང་ཞིང༌། །ཕྱུགས་དང་ལོ་ཏོག་ཕུན་ཚོགས་ནས། །གཏེར་ཆེན་དཔལ་ལ་རབ་སྤྱོད་པའི། །བསྟན་པའི་སྦྱིན་བདག་ཉིད་གྱུར་ཅིག །མདོར་ན་ཡོན་བདག་འཁོར་བཅས་རྣམས། །ལུས་སེམས་བདེ་ཞིང་མདངས་སྟོབས་ལྡན། །ལོངས་སྤྱོད་འཕེལ་ཞིང་བསམ་དོན་འགྲུབ། །སྐུ་ལྔ་འཆི་མེད་ཡེ་ཤེས་སྐུ། །ནོར་བུའི་དཔལ་ལ་སྤྱོད་པར་ཤོག
།དེ་ནས་རིན་ཆེན་མཛེས་པ་དང༌། འཛམ་གླིང་མ་ལ་འཇུག །གུ་རུ་མ་ཧཱ་ཀཱ་ལ་ཧ་རི་ནི་ས་སིདྡྷི་ཛཿ
ལྷ་ཆེན་མགོན་པོ་མ་ཧཱ་ཀཱ་ལ་དང༌། །ཡིད་བཞིན་མགོན་པོ་ཌཱ་ཀིའི་འཁོར་གྱིས་བསྐོར། །བསྟན་སྲུང་རྒྱ་མཚོ་ནོར་ལྷ་གནོད་སྦྱིན་བཅས། །དཀར་ཕྱོགས་དགའ་བའི་གཞི་བདག་འཁོར་བཅས་རྣམས། །ཟག་མེད་བདུད་རྩིའི་གཏོར་མ་འདི་བཞེས་ཤིག །བཅུད་ལྡན་ཟས་ཀྱི་མཆོད་པ་འདི་བཞེས་ཤིག །རིན་ཆེན་རྣམ་ལྔའི་གསེར་སྐྱེམས་འདི༴ །བཏུང་བ་སྣ་ཚོགས་ཕུད་གཏོར་འདི༴ །འབྲུ་དང་སྨན་གྱི་མཆོད་པ་འདི༴ །ནད་གདོན་བར་ཆད་མ་ལུས་ཞི་བ་དང༌། །བསམ་དོན་མ་ལུས་མྱུར་དུ་འགྲུབ་གྱུར་ནས། །ལོངས་སྤྱོད་འདོད་རྒུ་དཔལ་ལ་སྤྱོད་པར་ཤོག།