Khyad 'phags 'od gsal 'char sgo ngos 'dzin

From Shangpa Resource Center
Revision as of 22:56, 11 February 2023 by Sengue (talk | contribs)








Resource ID CN59
Title khyad 'phags 'od gsal 'char sgo ngos 'dzin
Topics Clear Light
Sub-Topics Instructions
Associated Person Bodong Cholé Namgyel
Sangyé Tönpa
Link BUDA MW22103 (p.295)
Notes Version of khyad 'phags 'char sgo ngos 'dzin

འོད་གསལ་འཆར་སྒོ་ངོས་འཛིན།
སངས་རྒྱས་ཐམས་ཅད་འདུས་པའི་སྐུ། །གསལ་སྟོང་སྤྲོས་བྲལ་བདེ་ཆེན་དང་། །གདུལ་བྱའི་དགོས་འདོད་སྐོང་མཛད་པའི། །དྲིན་ཅན་བླ་མའི་ཞབས་ལ་འདུད། །ཁྱད་འཕགས་འོད་གསལ་འཆར་སྒོ་ཡི། །ངོས་འཛིན་མདོར་སྡུས་གསུང་བཞིན་བྲི།
།ཆོས་ཐམས་ཅད་ཀྱི་མཐར་ཐུག་འོད་གསལ་ལ་བཞི་སྟེ། བདེ་བའི་འོད་གསལ་གྱི་འཆར་སྒོ་དང་། གསལ་བའི་དང་། མི་རྟོག་པའི་དང་། ཟུང་འཇུག་པའི་འོ།
།དེ་ལ་གཉིས་པ་དང་པོར་བསྟན་ན། གཉིད་ཆུང་ཞིང་ཤེས་པ་དངས་པ་དང་། གཉིད་དུ་སོང་བྱས་ན་མདུན་གྱི་བྱ་བྱེད་ལ་སོགས་པ་མཐོང་བ་དང་། མ་སོང་བྱས་ན་སད་རྒྱུ་ཡོད་པ་དང་། ཡང་གཞན་གྱིས་ཁ་དོན་བྱེད་པ་དང་། སྔགས་ཟློས་པ་ལ་སོགས་པ་རྣ་བར་ཐོས་ཤིང་། དེ་ལ་རྟེན་ནས་རིག་པ་བདེ་བ་གསལ་བ་དང་། ཟླ་བ་ཤར་འདུག་སྙམ་པ་དཀར་ཞིང་དངས་པ་དང་། ཁ་བ་བབས་འདུག་སྙམ་པའི་དཀར་ལམ་མེ་བ་དང་། ཉི་མའི་ཟེར་ལྟ་བུ་གསལ་སིང་ངེ་བ། མིག་ལྟ་མི་བཟོད་པ་ལྟ་བུ་དང་། ཡང་རང་གི་སྙིང་ཁ་ནས་མེ་ཆད་པ་ལྟ་བུ་དང་། མེ་ཆེན་པོ་འབར་གྱིན་འདུག་སྙམ་པ་དང་། མར་མེ་མང་པོ་འདུག་སྙམ་པ་དང་། རང་གི་སྔས་ཁ་ན་མར་མེ་བཟང་པོ་སྡོང་པོ་སྡུམ་དང་བཅས་པ་འདུག་པ་སིང་ངེ་མཐོང་བ་དང་། རང་ཉིད་སྔར་གྱི་དུས་སུ་དངོས་པོ་ཕྲ་མོ་སྟོར་བ་ལ་རྟེན་ནས་རྨི་ལམ་གྱི་དུས་ཞེ་སྡང་དྲག་པོ་སྐྱེས་པ་ལ་བརྟེན་ནས་རྟོག་པ་གསལ་རགས་པ་དང་། ཡང་གཉིད་གཅིག་ཀྱང་མེད་པར་ཁམས་བདེ་ཞིང་དངས་པ། ཤ་མདོག་དཀར་ལ་དངས་པ། ཕྱི་ནང་གི་བྱ་བྱེད་གསལ་སིང་ངེ་མཐོང་བ། དེ་ལས་མཆེད་ནས་ཐག་རིང་བ་དང་། དེ་བས་ཀྱང་རིང་བ་འཇིག་རྟེན་གྱི་ཁམས་ཐམས་ཅད་གསལ་སིང་སིང་མཐོང་བ་འོང་བས་ངོས་མ་ཟིན་ན་གང་དུ་བཟུང་བ་དེར་འགྱུར་ནས་འགྲོ་ལ། ངོས་ཟིན་ན་འོད་གསལ་དུ་འགྱུར་འགྲོ་བས། བླ་མས་ངོ་སྤྲད་པའི་གསལ་སྟོང་གི་འོད་གསལ་དེ་ཤར་འདུག་སྙམ་པ་གལ་ཆེའོ།
།ཡང་རྣམ་ཤེས་འདི་ནམ་མཁའ་ལ་མཐའ་ཡས་ཀྱི་དོགས་པ་དང་། སེམས་ཉིད་ནང་དུ་སྡུ་ཡིས་མི་འདུས་པ་ལྟ་བུ་འབྱུང་བ་དང་། དེ་དུས་ན་ཉལ་ས་ནར་མོར་བྱས་ཏེ་རྐང་རྐྱངས། ལག་རྐྱང་དུ་ཉལ་བ་དང་། ཕྱད་ཀྱིས་སྟོང་པ་དང་། ལྷོད་ཀྱིས་གློད་པས་འོད་གསལ་འབའ་ཞིག་དུ་འཆར་བར་འགྱུར་རོ།
།གཞན་ཡང་། ཅི་ཡང་མེད་པ་ཡིན་སྙམ་པ་ལ་སོགས་པ་དང་། གསལ་བའི་འོད་གསལ་མཐའ་དང་མུ་མེད་པར་འཆར་བས་ངོས་ཟིན་པར་བྱེད་པ་གལ་ཆེའོ།

།གསུམ་པ་མི་རྟོག་པ་ལ་གཉིས་ཏེ། རླུང་སེམས་དབུ་མར་ཆུད་པ་དང་། རྩ་མདུད་གྲོལ་བའོ།
།དང་པོ་ནི། གཉིད་དུ་འགྲོ་བའམ། སོང་ཙ་ན་རྣ་བ་ཙི་རིང་རིང་པའམ། ནག་ཐིབས་པའམ། ནག་ཡོར་ཡོར་བྱུང་བ་ལྟ་བུ་ལ་ཚིར་གྱིས་ནོན་ནས་ཙི་རུམ་རུམ། ཐིབས་ཐིབས་པ་ལས་འཆི་བར་འདུག་སྙམ་པ་འོང་བས། དེ་ལ་རང་གིས་འདྲེ་རུ་བཟུང་ནས་ལྷ་སྒོམ་སྔགས་བཟླས་བྱས་ན་ཇེ་ཐུ་ལ་འགྲོ་བ་འོང་པས། དེ་ལ་བླ་མས་ངོ་སྤྲད་པའི་འོད་གསལ་དེར་འདུག་སྙམ་པ་བྱས་ནས་སྟེང་རླུང་བཟུང་། མི་རྟོག་པ་ལ་བཞག་པས་རླུང་སེམས་དབུ་མར་ཆུད་ནས་འོད་གསལ་འབའ་ཞིག་དུ་འགྲོ་བ་ཡིན་གསུང་ངོ་།
།གཉིས་པ་ནི། གཉིད་དུ་ལྷན་གྱིས་སོང་བ་དང་མདར་ཡེད་ཡེད་ལ་འདོམ་དོ་དོ་ཙམ་འཕར་ཏེ་བརྒྱལ་ནས་འགྲོ་བས། དེ་དུས་སུ་མི་འགུལ་བར་དར་གཅིག་བཞག་པས་རྩ་འདབ་རྣམས་གྲོལ་ནས་དེ་ཕྱིན་ཅད་སྒོམ་མི་དགོས་པར་འོད་གསལ་འབའ་ཞིག་དུ་འགྲོ་ཞིང་སྐྱེ་བ་ནས་སྐྱེ་བའི་དོན་གྲུབ་པ་ཡིན་གསུང་ངོ་།

།བདེ་བའི་འོད་གསལ་ལ་གཉིས་ཏེ། ཟག་བཅས་དང་། ཟག་མེད་དོ།
།དང་པོ་ནི། ཐོ་རངས་ལྟ་བུ་ལུས་ཐམས་ཅད་བདེ་ཕྲིལ་ཕྲིལ་བ་ལ་ཤེས་པ་གསལ་བའོ།
།གཉིས་པ་ནི། མཚན་མོ་གཉིད་ཀྱི་དུས་སུ་ཡང་འཛིན་མེད་འོད་གསལ་འབའ་ཞིག་འཆར་ལ། ཉིན་པར་ཡང་འཛིན་མེད་ཀྱི་འོད་གསལ་འབའ་ཞིག་འཆར་རོ།

།བཞི་པ་ནི། ཉིན་མཚན་ཐམས་ཅད་དུ་གསལ་སྟོང་འཛིན་མེད་བདེ་བ་ཆེན་པོ་གསུམ་དབྱེར་མེད་པ་ཟུང་དུ་ཆུད་ཏེ། དེ་རྒྱུན་ཆད་མེད་པ་འཆར་བར་འགྱུར་རོ། །དེ་ལྟར་ཉིན་མཚན་ཐམས་ཅད་དུ་བདེ་བ། གསལ་བ། མི་རྟོག་པའི་ངང་ལས་མ་ཡེངས་པར་སྒོམས་པས་ལོ་ཙམ་གྱི་སངས་རྒྱས་ཐོབ་པར་བྱེད་པ་ཡིན་གསུང་ངོ་།
།ཁྱད་འཕགས་འོད་གསལ་གྱི་འཆར་སྒོ་ངོས་འཛིན་ཞེས་བྱ་བ་བླ་མའི་གསུང་བཞིན་དུ་ཡིག་གེར་བཀོད་པའོ།།