Skyer sgang pa'i bka' rgya ma
Resource ID | SCv1p275 |
---|---|
Title | skyer sgang pa'i rnam thar bka' rgya ma |
Alt. title | dbon ston skyer sgang pa'i gsang ba'i rnam thar |
Topics | Biography |
Associated Person | Öntön Kyergangpa |
Link | W23922 W3CN766 W20441 W8LS37032 (p.205/p.573/p.653) W1KG1286 W3PD988 MW0TTBBC0065 (p.58) |
༄༅། །སྐྱེར་སྒང་པའི་རྣམ་ཐར་བཀའ་རྒྱ་མ་བཞུགས་སོ།།
།སངས་རྒྱས་ཐམས་ཅད་འདུས་པའི་སྐུ། །རྡོ་རྗེ་འཛིན་པའི་ངོ་བོ་ཉིད། །དཀོན་མཆོག་གསུམ་གྱི་རྩ་བ་སྟེ། །སྐྱེར་སྒང་པ་ཡི་ཞབས་ལ་འདུད། །ཡོས་བུའི་ལོ་ཁྱིའི་ཟླ་བའི་ཡར་ངོའི་ཚེས་བཅུའི་དུས། མཁའ་སྤྱོད་མ་དཀར་མོའི་བྱིན་རླབས་གཅིག་མཛད་པའི་ནུབ་མོ། ཉེ་གནས་གཞོན་ཚུལ་དང་། གྲགས་ཡེ་དང་། ང་དང་གསུམ་ལས་མེད་པའི་དུས་སུ། རིན་པོ་ཆེའི་ཞལ་ནས། ཇི་ལྟར་འདབ་གཤོག་མ་རྒྱས་བར། །བྱ་ཡིས་མཁའ་ལ་འཕུར་མི་ནུས། །དེ་བཞིན་མངོན་ཤེས་རྟོགས་བྲལ་བ། །སེམས་ཅན་དོན་བྱེད་ནུས་མ་ཡིན། །ཞེས་གསུངས་པ་དེ་བདེན་པར་འདུག །ད་ལྟ་མངོན་པར་ཤེས་པ་བག་ཙམ་ལ་བརྟེན་ནས། འགྲོ་དོན་ཀྱང་འགྲུབ་པར་འདུག་གསུངས་སོ། །སངས་རྒྱས་གཉན་སྟོན་གྱིས་ཕྱག་ན་སྣམ་བུ་བདུན་ཡོད་པ་ཕུལ་ནས། འོ་ན་རིན་པོ་ཆེ་ཉིད་སྐྱེ་བ་གང་དུ་བཞེས། གང་དུ་བཞུད་པ་ལགས་ཅེས་ཞུས་པས། དེ་འདྲ་བ་བག་ཙམ་ཡོད་དེ་བློ་ཡུལ་དུ་མི་ཚུད་གསུངས། དེ་ལྟར་ཡང་དང་ཡང་དུ་ཞུས་པས། བཀའ་རྒྱས་བཏབ་ནས་གནང་བ་ཡིན་པས། དད་པ་དང་གུས་པ་ཡོད་པ་གཅིག་གཉིས་མིན་པ་གཞན་ལ་འགྲིམ་ན། ཡེ་ཤེས་ཀྱི་མགོན་པོས་སྒྲོལ་ཅིག་གསུངས་ནས་གནང་བ་ཡིན་པས་ཤིན་ཏུ་དམ་པར་བྱ་གསུངས། དེ་ལ་བདག་གི་བླ་མ་དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་ངོ་བོར་གྱུར་པ། འགྲོ་བའི་དེད་དཔོན་བདེ་བར་གཤེགས་པ་དུ་མའི་ཞལ་གཟིགས་པ་འགྲོ་བའི་དཔལ་མགོན་དུ་གྱུར་པ་དེ། རྒྱ་གར་མཐའ་འཁོབ་སངས་རྒྱས་ཀྱི་བསྟན་པ་མེད་པ། ངམ་འབྲོག་དང་། གཡང་ས་དང་། ཚེར་མ་སྣ་ཚོགས་པར་ཀྲི་ཀྲ་ཞེས་བྱ་བའི་རིགས་ཡབ་རལ་པ་ཅན་ཞེས་བྱ་བ། ཡུམ་ཨུ་ཙུ་མ་ཞེས་བྱ་བ་གཉིས་ལ། སྲས་བདུན་པའི་ལྔ་ཚིགས་གཟི་བརྗིད་གྲགས་པ་ཞེས་བྱ་བ་གྱུར་ཏོ། །དེ་ནས་དགུང་ལོ་བདུན་ལོན་ནས་བ་གླང་རྫི་བོ་བྱས་ཏེ་གནས་པ་བཟང་པོ་ཡོད་ཀྱང་དགེ་བའི་བཤེས་གཉེན་དང་མ་མཇལ་བས་ངོ་མ་ཤེས་གསུངས། གྲོང་དང་མི་རིང་བ་གཅིག་ན་ཚོང་འདུས་ཡོད་པའི་སར་བྱོན་པས། རྣལ་འབྱོར་པ་སྟག་ལ་ཞོན། རལ་གྲི་ནམ་མཁའ་ལ་བསྐོར་ནས་མེ་ཏོག་གི་ཆར་འབབ་པ་གཅིག་གཟིགས། དེ་ལ་མོས་ནས་ཕྱག་དང་བསྐོར་བ་བྱས། ཐུགས་རྗེས་འཛིན་པར་ཞུས་པས།
བྱེད་པ་ཐམས་ཅད་ཀུན་རྫོབ་ཡིན། །བྱེད་མེད་རྟོགས་ན་མྱ་ངན་འདས། །དུས་གསུམ་སངས་རྒྱས་ཐམས་ཅད་ཀྱང་། །ཚོགས་གཉིས་འགྲོ་བའི་དོན་དུ་བསགས།
།གསུངས་ནས་ནམ་མཁའ་ལ་གཤེགས་ཏེ། སྔ་མ་དེ་གསལ་བཏབ་པ་བཞིན་སོང་ནས། ཏིང་ངེ་འཛིན་མཐའ་དབུས་མེད་པ་བྱུང་སྟེ། རི་བྲག་གཅིག་ལ་བསྒོམས་པས། ནམ་མཁའ་ལ་བཅུ་གཅིག་ཞལ། འོད་ཟེར་ཅན། སྒྲོལ་མ། རལ་གཅིག་མ། རྨ་བྱ་ཆེན་མོ་ལ་སོགས་པ། གཞན་ཡང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དཔག་ཏུ་མེད་པས་བསྐོར་བ་ཞལ་གཟིགས། དེ་ནས་ཆུ་བོ་མུ་ནེ་ཞེས་པར་སྒྲུབ་པ་མཛད་པས། ཆུ་དེའི་འགྲམ་ན་སངས་རྒྱས་འོད་སྲུང་གིས་བཞེངས་པའི་གཙུག་ལག་ཁང་གཅིག་གི་དྲུང་ན་མཛེ་མོ་གཅིག་ན་རེ། ཁྱོད་ཆོས་འདོད་དམ་ཟེར་ཞུ་ལགས་བྱས་པས།
།རང་སེམས་གདོད་ནས་མ་སྐྱེས་པ། །སྟོང་པ་ཉིད་ཀྱི་རང་བཞིན་ཅན། །ཟུང་འཇུག་སྙིང་རྗེའི་རྟ་ལ་ཞོན། །རང་གཞན་གཉིས་ཀྱི་དོན་དེ་འགྲུབ།
།གསུངས་ནས་མི་སྣང་བར་གྱུར། དེ་ནས་ཕ་མ་ལ་སོགས་པ་ལ་ཆོས་བསྟན་ཀྱང་། གདུལ་བྱ་མང་པོ་ནི་མ་བྱུང་སྟེ། བདུན་ཅུ་རྩ་གཉིས་ལ་སྐུ་འདའ་བའི་ཚུལ་བསྟན་ནས། ཡང་རིན་པོ་ཆེ་མངའ་རི་སྟོད་དུ་སྐུ་འཁྲུངས་ཏེ། མངའ་རིའི་སྟོད་དུ་སྐུ་སྐྱེ་བ་བཞེས་གསུངས། ཡུལ་ལྷ་ཤོད་ཅེས་པ། གྲོང་ཁྱེར་ར་བ་ཞེས་བྱ་བ། ཡབ་ཞང་ཞུང་བཙུན་པ་ཞེས་བྱ་བ། ཡུམ་འོད་ལྡན་མ་ཞེས་བྱ་བ་ལ་སྲས་གཉིས་ཡོད་པའི་ནུ་འོ་དར་མ་ཞེས་སྐུ་འཁྲུངས་ནས། ལོ་བཅུ་བདུན་པ་ལ། གནས་པ་བཟང་པོ་ཡོད་པས། ཡབ་ལ་ཆོས་བྱེད་པའི་བླ་མ་གང་བཟང་དྲིས་པས། ཡབ་ན་རེ་ངེད་ཀྱི་རིགས་བོན་པོའི་རིགས་ཡིན་པས། ཁྱོད་ཀྱང་བོན་སློབ་ཟེར་སྟེ། ཁྲིད་ནས་སོང་། གྲོང་མི་གསུམ་པ་ལ་བོན་མཁས་པར་བསླབ་ནས། ཏི་སེའི་བྱང་ངོས་དབང་ཕྱུག་ཆེན་པོའི་རྫོང་དྲང་སྲོང་དཀར་རྒྱལ་གྱི་གནས་སུ་བསྒྲུབས་པས། ནམ་མཁའ་ལ་འགྲོ་ནུས་པ་ལ་སོགས་པ་རྫུ་འཕྲུལ་དཔག་ཏུ་མེད་པ་སྟོན་ནུས་པ་བྱུང་གསུངས། དུས་གཅིག་ན་བྲག་དེའི་མདུན་དུ་བྱ་དཀར་པོ་ཤིན་ཏུ་མཛེས་པ་གཅིག་ན་རེ།
།རྒྱ་མཚོའི་འགྲམ་དུ་སྐོམ་པས་གདུང་། །རིན་ཆེན་གླིང་ནས་སྟོང་པར་འགྲོ། །བྱ་བ་ངན་ལ་མ་ཞེན་པར། །འཁོར་བའི་རྒྱ་མཚོ་བསྒྲལ་ན་བཟང་།
།ཞེས་གསུངས་ནས་མི་སྣང་བར་གྱུར་ཏོ། །དེ་ནས་ཁང་པའི་ནང་དུ་ལོག་ནས་བསམ་པས། སྐྱེས་པའི་མཐའ་མ་འཆི། འདུས་པའི་མཐའ་མ་འབྲལ་བས། རྒྱལ་པོ་ལ་གདམས་པའི་མདོ་དྲན་པས། སྔར་གྱི་ཏིང་ངེ་འཛིན་དེ་ལ་བརྟེན་ནས་བསྒོམས་པས། སྔར་གྱི་བྱ་དེ་སྤྱན་རས་གཟིགས་ཀྱི་སྤྲུལ་པ་ཡིན་པར་མཁྱེན་ནས། ནམ་མཁའ་དང་མཉམ་བའི་སེམས་ཅན་ཐམས་ཅད་ལ་མཐའ་དབུས་མེད་པའི་སྙིང་རྗེ་ཆེན་པོ་སྐྱེས་ནས་གཞན་དོན་མང་པོ་འགྲུབ་གསུངས། ཡུལ་དེ་ན་རྒྱལ་པོ་ཛ་ཞེས་པ་ཕྱི་རོལ་པ་ནུས་པ་ཅན་གཅིག་ཡོད་པ་ན་རེ། ཞང་ཞུང་གི་བུ་ཁྱོད་གཞན་དོན་གང་གི་སྒོ་ནས་བྱེད་ཟེར། བྱང་ཆུབ་ཀྱི་སེམས་སོ་གསུངས་པས་ཁོ་ཁྲོས་ནས་ལུས་དཔག་ཚད་སྟོང་དུ་སྤྲུལ་ཏེ། ལག་པ་སྟོང་ནས་མཚོན་ཆའི་ཆར་ཕབ། དེ་ལ་ཕྱི་རོལ་སྒྱུ་མ་གཏན་ལ་ཕེབས་པ་དང་། ནང་འཛིན་པའི་སེམས་རང་བཞིན་མེད་པར་ཤེས་པས་མེ་ཏོག་གི་ཆར་དུ་གྱུར་པ་ལ། རྒྱལ་པོ་མོས་ཏེ་ནང་པའི་ས་ལ་བཀོད་པར་བྱས་གསུངས། ཡང་དུས་གཅིག་ན། མཐའ་ཡི་རྒྱལ་པོས་དཔུང་ཡན་ལག་བཞི་པའི་དམག་དྲངས་པས། ངས་དེ་ལ་བྱམས་པའི་ཏིང་ངེ་འཛིན་ལ་མཉམ་པར་བཞག་པས། དམག་ཐམས་ཅད་ཐུགས་རྗེ་ཆེན་པོའི་སྐུར་བསྒྱུར་ནུས་པ་བྱུང་གསུངས། ཡང་ལས་འགའ་ཞིག་གིས་ལུས་ལ། འབྲུམ་བུ་ནག་པོའི་ནད་ཀྱིས་བཏབ་པས་རིག་པའི་སེམས་ལ་ན་རྒྱུ་མེད་ཀྱང་། རྣམ་སྨིན་གྱི་ལུས་ལ་ན་ཚ་ཆེན་པོ་བྱུང་བས་འོ་དོད་དྲག་པོ་བོས་པས། ནམ་མཁའ་ལ་རྗེ་བཙུན་མ་དཀར་མོ་བྱོན་ནས། རྣམ་སྨིན་གྱི་ལུས་ལ་རྒྱལ་བའི་སྐུ། །ཞེས་གསུངས་པ་ལ་བརྟེན་ནས། ཟབ་མོའི་ཆོས་མང་དུ་རྒྱུད་ལ་སྐྱེས་གསུངས། ཡང་རིན་པོ་ཆེའི་ཞལ་ནས། དེ་ནས་དགུང་ལོ་བདུན་ལ་མཛད་པ་མཐར་ཕྱིན་པར་མཛད་ནས། སྨན་གྱི་ལྗོངས་ཞེས་པར་འཕགས་པ་དགྲ་བཅོམ་པ་ལྔ་བརྒྱའི་དྲུང་དུ་མྱ་ངན་ལས་འདས་ཏེ། རྒྱ་ནག་ཏུ་སྐྱེ་བ་བཞེས་གསུངས་སོ།
།ཡང་རྒྱ་ནག་པོའི་ཡུལ་རྒྱ་མཚོའི་འགྲམས་ན། གྲོང་ཁྱེར་ལྟ་སྡུག་ཅེས་པ། དེ་གཉིས་ཡབ་ཡུམ་གྱི་སྲས་པདྨའི་དཔལ་ཞེས་བྱ་བར་གྱུར་ཏོ། །ཡབ་ལ་དོང་རྩེའི་སྙིང་པོ་བོང་བ་སྟོང་ཡོད་པས། སྦྱིན་པ་ནི་མི་བྱེད་པ་ལ། རིན་པོ་ཆེ་བུ་ལོ་བདུན་ལོན་པས། ཡབ་ལ་རི་བོ་རྩེ་ལྔ་ལ་འགྲོ་བར་ཞུས་པས། ཅི་ཕྱིར་འགྲོ་འམ་དེ་ལས་ལོག་པ་ནི་མེད་ཟེར་རོ། །དེར་ཡིད་ཆད་དོ། །བྲག་སེང་གེ་རྒྱབ་བསྣོལ་དུ་བྱོན་ནས་འཇམ་དབྱངས་ལ་གསོལ་བ་བཏབ་པས། འཇམ་དཔལ་པདྨའི་དཔལ་ལ་འཁོར་ལྷ་མོ་བརྒྱད་ཀྱིས་བསྐོར་བ་ཞལ་གསུམ་ཕྱག་དྲུག་སྐུ་མདོག་དཀར་པོ་ནམ་མཁའ་ལ་བྱོན་ནས།
བརྗོད་དུ་མེད་པའི་སྙིང་པོའི་དོན། །མ་ཡེངས་བསྒོམ་པ་འབྲས་བུའི་དོན། །དེ་ཉིད་ཤེས་ལ་བསྒོམ་དུ་མེད། །ནམ་མཁའི་ངང་ལ་ནམ་མཁའ་ལྟར།
།གསུངས་པ་དང་། སྔར་གྱི་དེ་གསལ་བཏབ་པ་ལྟར་ཏིང་ངེ་འཛིན་མཐའ་དབུས་མེད་པ་སྐྱེས་ཏེ། སྤྱོད་པ་མཛད་དུས་རྒྱའི་བཀྲ་ཤིས་སྒོ་ཞེས་པར། རྒྱའི་འཕྲུལ་གྱི་རྒྱལ་པོ་དྷརྨ་ཤྲཱི་ཅེས་པ་སྔོན་སངས་རྒྱས་ལ་དད་པ། ཕྱིས་མུ་སྟེགས་སུ་གྱུར་པ་སྟེ། ཉིན་རེ་ལ་མ་ཧེ་སྟོང་གསོད་པ་ལ་ཞུགས་པ་ལ་དེ་འདུལ་བའི་དོན་དུ་གཞོན་ནུ་ཀརྟི་ཀར་སྤྲུལ་ནས་བྱོན་པས་རྒྱལ་པོས། ཡི་དམ་བྱོན་པ་གདན་ལ་བཞུགས། མ་ཧེ་སྒྲོལ་ཟེར་བ་དང་། ཀརྟི་ཀས་ངའི་ཟས་དེ་མིན་གསུངས་པས། འོ་ན་གང་ཡིན་དྲིས་པས་དེའི་ལེན།དཀར་གསུམ་མངར་གསུམ་ལན་ཚ་དྲི། །སྡིག་མེད་འབྲས་བུ་ང་ཡི་ཟས། །ཞེས་གསུངས་པས། རྒྱལ་པོ་ན་རེ། ཟས་སུ་ཤ་ཟོ། སྐོམ་དུ་ཁྲག་འཐུང་། དཔལ་ཆེན་པོ་མ་ཧཱ་དེ་བའི་རིགས་མ་ཡིན་ནམ་ཟེར་བ་དང་། ཀརྟི་ཀས་སྙིང་ག་ནས་དྲག་པོ་ཕྲིན་ལས་ཀྱི་མེ་བཀྱེས་ནས་འཚིག་ལ་ཁད་པ་དང་། རྒྱལ་པོས་ཞུས་པ། ཐུགས་དང་འགལ་བ་བཟོད་པར་མཛོད་ཅིག །ལས་གང་ཡིན་པར་བྱའོ་ཞེས་ཟེར་བ་ལ། དགེ་བ་བཅུ་ལ་བཀོད་དེ། གང་ལ་གང་འདུལ་དེ་ལ་དེར་སྟོན་བྱ་བ་ཡང་དེ་ལ་ཟེར་བ་ཡིན་གསུངས། ཡང་རྒྱ་ནག་གི་ཡུལ་གར་མ་ཅན་ཞེས་བྱ་བ་ན། ཕྲ་མན་ཟངས་ཀྱི་མདོག་ཅེས་བྱ་བ། ནུབ་རེ་ལ་མི་རེ་ཟ་བ་གཅིག་ཡོད་པ་དེ་འདུལ་དུ་བྱོན། གནོད་སྦྱིན་ཟངས་ཀྱི་མདོག་ཏུ་སྤྲུལ་ནས་བྱོན། དེ་དང་ཁྱོ་ཤུག་བྱས་ཏེ། མོ་ཡིད་ཕེབས་པ་དང་། ངག་ཏུ་ཡི་གེ་དྲུག་པ་བགྲངས་བས། མོ་ན་རེ་ཅི་ཡིན་ཟེར། ཟས་འཚོལ་བའི་སྔགས་སོ། །མོ་ཡང་དད་དེ་བགྲངས་བས་འཕགས་པའི་ལས་ལ་དད་དེ་ནང་པར་ཚུད་ནས། བདེ་བར་བྱས་གསུངས། ཡང་རྒྱལ་པོ་མུན་པའི་གོས་བྱབ་ལ་སོགས་པ་མང་དུ་བཏུལ་ནས། དགུང་ལོ་དྲུག་བཅུ་ལ་བདེ་བར་གཤེགས་ཏེ། དེ་ཉིད་དང་ཐག་མི་རིང་པ་གཅིག་ན། ཨ་ཐ་ར་ཅེས་པའི་གྲོང་དུ་སྐྱེས་སོ། །དེ་ནས་ཡང་ཨ་ཐ་ར་བྱ་བའི་གྲོང་དེའི་ནུབ་ནགས་ཚལ་འཐུག་པོ་གཅིག་གི་གསེབ་ན། སངས་རྒྱས་ཀྱི་འཁོར་གཅིག་གིས་བཞེངས་པའི་མཆོད་རྟེན་ཡོད་པ་ལ། སྤྲེའུ་སྟོང་ཞིག་གིས་དྲི་མ་དང་ཆུས་མ་རུངས་པ་བྱས་པ་རྣམས་ངན་འགྲོར་འགྲོ་བ་ལ་དགོངས་ནས་སྤྲེའུ་རྒྱལ་པོར་སྐྱེ་བ་བཞེས་ཏེ། དེ་ཡང་བཞིན་སྡུག་པ། བོང་ཆེ་བ། དབུ་ལ་རིན་པོ་ཆེའི་ཞྭ་ཅོག་གསོལ་བ། ཕྱག་ན་ཤིང་གི་ཕྲེང་བ་འདྲེན་པར་སྤྲུལ་ནས། མཆོད་རྟེན་དེ་ལ་ཕྱག་དང་བསྐོར་བ་བསླབ་པས་ཤེས་ནས་རྒྱུ་འབྲས་ཀྱི་ཆོས་བསྟན་པས་གོ་བར་གྱུར་ཏེ་གསུང་པ། འོ་སྐོལ་སྤྲེའུ་རྣམས་ཉོན་ཅིག །ཕྱི་སྣང་བ་འབྲལ་མེད་འདི་ལྟ་བ། ནང་རིག་པ་འཛིན་མེད་འདི་བསྒོམ་པ། བར་བླང་དོར་མེད་པ་འདི་སྤྱོད་པ་ཡིན། གསུངས་པས་དེ་དག་ལ་བདེན་པ་རྟོགས་པ་མང་དུ་བྱུང་སྟེ་བདེ་བ་ལ་བཀོད་པས་ཡུལ་དེའི་མི་རྣམས་ན་རེ། ནགས་ཚལ་གྱི་གསེབ་ཡ་གི་ན། སྤྲེའུ་གཅིག་གིས་དེ་ཐམས་ཅད་བདེ་ལ་བཀོད་ཅེས་སྨྲ་ཞིང་བལྟ་བ་མང་དུ་བྱུང་སྟེ། རྒྱལ་པོ་གཅིག་གིས་སྤྲེའུའི་རྒྱལ་པོ་ལ་སྨྲས་པ། ཤེས་ལྡན་དག་ཁྱེད་རྣམས་ཅིའི་ཕྱིར་བདེ་བར་གནས། ཅིའི་ཕྱིར་བདེ་བར་འཚོ། སྤྲེའུས་སྨྲས་པ།
རིགས་ཀྱི་མཆོག་གྱུར་རྒྱལ་པོ་བདག་ལ་གསོན། །རྒྱུ་འབྲས་རྟེན་འབྲེལ་འབྱུང་བ་ནི། །མི་བསླུ་ཚད་མར་བློ་ཐག་ཆོད། །ཡེ་ནས་གནས་པའི་སེམས་ཉིད་འདི། །ཆོས་སྐུ་བདེ་བ་ཆེན་པོར་གོ། །རྫུན་པ་ཡིན་ན་སྤྲེའུ་ཤི།
།ཞེས་གསུངས་པས། རྒྱལ་པོ་འཁོར་དང་བཅས་པས་ཨེ་མ་ངོ་མཚར་ཆེ་ཞེས་གདོང་མཆི་མ་དང་བཅས་ཕྱག་དང་བསྐོར་བ་བྱས་ཏེ་སླར་སོང་ངོ་།
།དེ་ནས་སྤྲེའུའི་རྒྱལ་པོ་དེས་འཁོར་རྣམས་ལ་སྨྲས་པ།
རང་ཅག་སྤྲེའུ་ཐམས་ཅད་ཀུན། །སྣང་བ་ཇི་ལྟར་སྣང་ཡང་རུང་། །ཚོགས་དྲུག་ཞེན་འཛིན་མེད་པར་ཞོག །རྣམ་རྟོག་ཇི་ལྟར་བྱས་ཀྱང་རུང་། །སེམས་ཉིད་གཞི་རྩ་མེད་པར་ཞོག །དུག་ལྔ་ཇི་ལྟར་སྐྱེས་ཀྱང་རུང་། །འོད་གསལ་ཆོས་སྐུ་ཆེན་པོར་ཞོག
།སླར་ལོག་ཏེ་ངོ་མཚར་ཆེ་ཞེས་གདོང་མཆི་མ་དང་བཅས་ཏེ། གསུངས་པས་ཐམས་ཅད་ཀྱིས་བདེན་པར་མཐོང་བར་གྱུར་ཏོ། །དེའི་ཚེ་ནམ་མཁའ་འོད་དང་འཇའ་དང་ས་གཡོ་བ་ལ་སོགས་པ་ལྟས་ཆེན་པོ་བྱུང་སྟེ། རང་ཡང་ངོ་མཚར་སྐྱེས་སོ། །ཡང་རིན་པོ་ཆེ་གཞུད་དེ། བུད་ཤིང་ཟད་པའི་མེ་བཞིན། དེར་ལོ་ཉི་ཤུ་རྩ་གཉིས་ལ་མྱ་ངན་ལས་འདས་ཏེ། རྒྱ་གར་གྱི་ཡུལ་ཡངས་པ་ཅན་དུ་སྐུ་འཁྲུངས་སོ། །དེ་ཡང་རྒྱ་གར་ཤར་ཕྱོགས་ལི་ཚ་བྱ་བའི་གནས་ཡངས་པ་ཅན་དུ་གྲགས་པའི་གྲོང་ཁྱེར་གཅིག་གི་དབུས་ན་རིགས་བྲམ་ཟེ་ཡབ་ཚོང་དཔོན་བཟང་པོ་དཔལ་དང་། ཡུམ་ཟླ་བའི་འོད་ཟེར་བྱ་བ་ལ། སྲས་བདུན་གྱི་ཐོག་མ་གཟི་བརྗིད་ཅན་བྱ་བར་བཏགས་ཏེ། དེ་ནས་ལོ་བཅུ་བདུན་ལ་ཨོ་ཏནྟ་པུ་རི་བྱ་བར། མཁན་པོ་ཁྱབ་མཆོག་རྒྱལ་བ་ལ་རབ་ཏུ་བྱུང་། མཚན་ཡང་ཤེས་རབ་གོ་ཆ་ཡིན། ཕལ་ཆེན་པའི་སྡེ་པ་ཡིན་གསུངས། ཀཱ་མ་ལ་ཤི་ལའི་རིག་པའི་ཚོགས་དྲུག་ཉན། དེའི་དུས་སུ་མུ་སྟེགས་རཀྵ་བྱ་བ་སྲིན་པོའི་གདོང་ཅན་ཅེས་པ། སངས་རྒྱས་ཀྱི་བསྟན་པ་ཉམས་པར་བྱེད་པ་དེ་རིགས་པའི་སྒོ་ནས་ཚར་བཅད་གསུངས། ཡང་རྣལ་འབྱོར་པ་ཉི་མ་སྦས་པ་བྱ་བ་རིག་པ་མཁས་པ་པཎྜི་ཏ་ཟ་ཧོར་ནས་བྱུང་བ་དང་རྩོད་པ་བྱས་ཀྱང་མ་ཐུབ་པར། བླ་མ་གྱུར་པ་དེ་ངའི་བླ་མ་རྨོག་ལྕོག་པ་ཡིན་གསུངས། ནུབ་ཕྱོགས་ཀ་ལིང་ཞེས་པའི་དུར་ཁྲོད་དུ། རང་བྱུང་མཆོད་རྟེན་གྱི་དྲུང་དུ་སྒྲུབ་པ་ལ་ཕྱིན་པས། རྣལ་འབྱོར་པ་བོང་ཐུང་བ་སྤྱན་དམར་བ། ཤིང་གི་རལ་གྲི་བཟུང་བ་གཅིག་ན་རེ།
ཚེ་ལ་ལོང་མེད་ཡུན་རིང་མི་སྡོད་ངེས། །ཐོས་པས་མཐའ་ཆོད་རིག་པ་ནང་དུ་ཁུག །མ་བཅོས་དྲི་མེད་མེ་ལོང་ནང་དུ་ལྟོས། །འཁོར་བ་སྤངས་ནས་མྱང་འདས་བསྒྲུབ་ཏུ་མེད།
།ཅེས་གསུངས་པས་ཆོས་དུ་མ་རོ་གཅིག་ཏུ་གོ། དེ་ངའི་བླ་མ་སྤེན་ཕུག་པ་ཡིན་གསུངས། དེ་ནས་ཀེང་རུས་ལས་མེ་འབར་བའི་དུར་ཁྲོད་དུ་བྱོན་ནས་སྤྱོད་པ་མཛད་པར་གསུངས། དེ་ནས་རྣལ་འབྱོར་པ་མི་ན་རལ་པ་ཞེས་པ། རྫུ་འཕྲུལ་དང་ལྡན་པ་གཅིག་ན་རེ། ཁྱོད་ཅི་ལ་འོང་གསུངས། སྤྱོད་པ་ལ་འོངས་གསུངས་པས། ཁོང་ན་རེ། ནགས་ཚལ་མཐོང་དུ་བསྒོམ་ན་བདེ་བ་ཐོབ། །ཐམས་ཅད་སེམས་སུ་ཤེས་པས་མཐུན་པར་གསུངས། །ཞེས་པས་སྤྱོད་པ་ལ་བོགས་ཐོན་པ་བྱུང་། དེ་ངའི་བླ་མ་ཚ་རི་སྒོམ་པ་ཡིན་གསུངས། དེ་ནས་དཔལ་ཡོན་དུ་བསྐོར་བ་བྱས་པས། མཆོད་རྟེན་དེའི་རྩ་བ་ན། རྣལ་འབྱོར་པ་སྟག་ལ་ཞོན་པ་ཉི་མའི་གོས་ཅན་བྱ་བ་ན་རེ།
དྲན་པ་རང་སངས་ཆུ་ཡི་རི་མོ་འདྲ། །འགག་པ་མེད་པ་ཉི་མའི་སྙིང་པོ་འདྲ། །རིག་པ་སྣང་བ་མེ་ལོང་དྭངས་པ་འདྲ། །གསལ་ལ་མ་འགག་ཤེལ་གྱི་སྒོ་ང་འདྲ།
།གསུངས་ནས་ཕྱག་སྤྱི་བོར་བཞག་པས་ཏིང་ངེ་འཛིན་དཔག་ཏུ་མེད་པར་སྐྱེས། དེ་ངའི་བླ་མ་ཞང་སྒོམ་ཆོས་སེང་ཡིན་གསུངས། དེ་ནས་རྡོ་རྗེ་གདན་དུ་སྤྱན་རས་གཟིགས་ཀྱི་ལྷ་ཁང་ཞིག་བལྟ་བར་བཞེད་ནས་བྱོན་པས། ལམ་ཁ་ཞིག་ན་རྒན་མོ་པདྨའི་ཕྲེང་བ་གྱོན་པ་གཅིག་ན་རེ། གར་འགྲོ་ཟེར། ཨཱརྻ་པ་ལོ་བལྟར་འགྲོ་གསུངས་པས། མོ་ན་རེ།
བྱམས་དང་སྙིང་རྗེ་བྱང་ཆུབ་སེམས། །བསྒོམས་ན་རང་ཉིད་ཐུགས་རྗེ་ཆེ། །མ་བསྒོམས་སངས་རྒྱས་ཐོབ་པ་མེད། །སྙིང་རྗེ་ཟུང་འཇུག་སྤྱན་རས་གཟིགས།
།ཞེས་གསུངས་ནས་མི་སྣང་བར་གྱུར། དེ་ངའི་བླ་མ་འཕགས་པ་ལྕེ་སྒོམ་ཡིན་གསུངས། དེ་ནས་གྲོང་ཁྱེར་ཤིང་ཐག་ཅན་དུ་དགུང་ལོ་བརྒྱད་ཅུ་ལ་མྱ་ངན་ལས་འདས་སོ། །དེའི་རྗེས་ལ་བྱང་ཕྱོགས་ཀྱི་ཆ་ནང་གོང་རྒྱུད་གསུམ་ལས་གནམ་སྨད། དེ་བཞིན་གཤེགས་པའི་གསུང་བཻཌཱུརྻ་བྲིས་པ་བཞུགས་པ། བྲག་སེང་གེ་སྣའི་རྩར་ཐད་པ་འགྲོ་ཁམས་ཀྱི་རིགས་སུ་སྐུ་འཁྲུངས་སོ། དེ་ནས་ཡང་ལོ་བདུན་ནས་ཉི་ཤུའི་བར་དུ། བཅོམ་ལྡན་འདས་གཤིན་རྗེ་གཤེད་ལ་བསྙེན་པ་བྱས་གསུངས། དེ་ནས་ཁུ་བོ་འབའ་ཚད་མ་བ་བཅས་པའི་དགེ་བའི་བཤེས་གཉེན་ཆེན་པོ་གཅིག་བཞུགས་པའི་དྲུང་དུ་རབ་ཏུ་བྱུང་། ཐོས་བསམ་སྒོམ་གསུམ་ལ་འབད་པ་ཆེར་མཛད་གསུངས། དེའི་གདན་ས་ཕྲིན་ལས་མང་པོའི་འགྲོ་དོན་གཞན་དུ་ཤེས། རིན་པོ་ཆེའི་ཞབས་ཏོག་མཛད་ནས། ཡང་རིན་པོ་ཆེ་ལ་ཞུས་པས། འདི་ནས་གང་དུ་གཤེགས་པར་གྱུར། བདག་ཅག་གང་དུ་གསོལ་བ་གདབ། ཞུས་པས་རིན་པོ་ཆེའི་ཞལ་ནས། འདི་ནས་འཆི་འཕོས་ནས་བདེ་བ་ཅན་གྱི་ཞིང་ཁམས་སུ་པདྨའི་ཚལ་དུ་རྫུས་ཏེ་སྐྱེས་པ་ལ། རྒྱལ་པོ་ཉི་མའི་གཉེན་རྫིང་བུར་ཁྲུས་བྱས་ནས་གཤེགས་པར་མཐོང་བ་དང་། དེ་དགའ་མགུ་ཡི་རངས་ནས་འདི་སྐད་སྨྲས་སོ།
ལྷའམ་ཀླུའམ་གནོད་སྦྱིན་གང་གི་བུ། །པདྨ་ལས་སྐྱེས་པདྨ་ལས་འཁྲུངས་ཏེ། །བདག་གི་སྲས་བྱ་ཁང་བཟང་དམ་པར་གཤེགས།
།ཞེས་རིན་པོ་ཆེའི་ཁྲི་ལ་བཞག་ནས་མཆོད་པ་དུ་མས་མཆོད་དོ། །དེ་ནས་སངས་རྒྱས་འོད་སྲུང་གི་གདུང་བཞུགས་པའི་མཆོད་རྟེན་ཀེ་ཞེས་བྱ་བ། འཕང་དུ་དཔག་ཚད་གསུམ་ཡོད་པ་ཞིག་བཞུགས། དེའི་དྲུང་དུ་ཕྱིན་ནས་མཆོད་པ་དུ་མས་མཆོད། ཉི་མ་གཅིག་ལ་སེམས་ཅན་མང་པོའི་དོན་བྱས། ནུབ་ཕྱོགས་སུ་སངས་རྒྱས་འོད་དཔག་མེད་བཞུགས་པའི་སར། སྨོན་ལམ་གྱི་ཤུགས་དྲག་པོས་མཚམས་སྦྱར་ནས། སེམས་ཅན་བྱེ་བ་ཁྲག་ཁྲིག་བདེ་བ་ལ་བཀོད་ནས་ཨོ་རྒྱན་དུ་བྱོན་ཏེ། མཁའ་འགྲོ་མ་བདེ་བའི་སར་གསང་སྔགས་ཀྱི་སྤྱོད་པ་ལ་ཞུགས། གདུལ་བྱ་མང་པོ་རྡོ་རྗེ་འཛིན་པའི་ས་ལ་འགོད་པ་ཡིན་གསུངས། ཁྱོད་ཀྱང་དེའི་དུས་སུ་ཡེ་ཤེས་ཀྱི་མཁའ་འགྲོ་མ་བཞིས་ཁྲིད་ནས་ངའི་དྲུང་དུ་འོང་ནས། རྣལ་འབྱོར་པ་ཀ་མ་རུ་པ་ཞེས་བྱ་བར་གྱུར་ནས་གསང་བ་བླ་ན་མེད་པའི་སྤྱོད་པ་བྱེད་དོ། །དེའི་གདུལ་བྱ་ང་དང་མཉམ་པར་འགྱུར་གསུངས། རྫུ་འཕྲུལ་ཁྱད་པར་ཡོད་པས། ཉི་མ་གཅིག་ལ་ལུས་རིགས་མི་འདྲ་བ་བྱེ་བ་རུ་སྤྲུལ་ནས་སེམས་ཅན་མང་པོ་སྨིན་པར་བྱེད་ནུས་གསུངས། དེ་ནས་ནུབ་ཕྱོགས་ཀྱི་གྲོང་ཁྱེར་དཔེ་མེད་ཅེས་བྱ་བ་དེ་ན་ཏ་མ་ལ་རུ་པའི་གོས་ཅན་ཞེས་བྱ་བ་དེ་ན། ཉིན་མོ་སྐྱེས་པ་ལྔ་བརྒྱར་སྤྲུལ་ཞིང་ལས་བྱེད། མཚན་མོ་བུད་མེད་ལྔ་བརྒྱར་སྤྲུལ་ནས་གསང་སྔགས་ཀྱི་སྤྱོད་པ་བྱེད་པ་གཅིག་ཡོད། དེས་ཁྱོད་སྨིན་པ་དང་གྲོལ་བར་བྱས་ནས། མཐར་འོག་མིན་དུ་སངས་རྒྱས་ཞི་བའི་རྒྱལ་པོ་ཞེས་བྱ་བའི་དྲུང་དུ། བྱང་ཆུབ་སེམས་དཔའ་ཏོག་གི་རྒྱལ་པོ་ཞེས་བྱ་བར་གྱུར་ནས་འགྲོ་བ་མང་པོའི་མགོན་དུ་འགྱུར་གསུངས། དེ་ནས་རིན་པོ་ཆེས་འགྲོ་དོན་གང་དུ་མཛད་ཞུས་པས། རིན་པོ་ཆེའི་ཞལ་ནས། ང་དེ་ནས་ཏ་མ་ལ་རུ་པའི་གོས་ཅན་གྱི་ནམ་མཁའ་ལ་ཆུ་ལ་ཆུ་བཞུག་པའམ། མར་ལ་མར་བཞག་པ་བཞིན་ཐིམ་ནས། ཤར་ཕྱོགས་མངོན་པར་དགའ་བའི་འཇིག་རྟེན་ན། དེ་བཞིན་གཤེགས་པ་མི་འཁྲུགས་པའི་དྲུང་དུ་ཚངས་པར་སྤྱོད་པ་སྤྱད་ནས། འཇིག་རྟེན་ཁམས་བཻཌཱུརྻ་སྣང་བ་ཞེས་བྱ་བར། དེ་བཞིན་གཤེགས་པ་དྲི་མེད་ནམ་མཁའི་དཔལ་གྱི་དྲུང་དུ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ། །ངའི་འཇིག་རྟེན་གྱི་ཁམས་ནི་ཁྱད་པར་འཕགས་པ་སྣང་བ་ཞེས་བྱ་བ། མཚན་ནི་པདྨའི་བླ་མ་ཞེས་བྱ་བ། ཡབ་ཆེ་བའི་རྒྱལ་པོ་ཞེས་བྱ་བ། ཡུམ་པདྨའི་རྒྱལ་མོ་སྙིང་པོ་ཞེས་བྱ་བ། སྲས་ཟླ་བའི་ཏོག །རིམ་གྲོ་པ་ཟླ་མཛེས། འདུས་པ་ནི་འབུམ་ཕྲག་དགུ། སྐུ་ཚེ་ནི་ལོ་སྟོང་། དམ་པའི་ཆོས་ལྔ་ཁྲི་དྲུག་སྟོང་གནས་པར་འགྱུར་གསུངས། ད་ལྟ་ངའི་བརྒྱུད་པ་ལ་གསོལ་བ་འདེབས་པ་འདི་རྣམས་སངས་རྒྱས་དེའི་དྲུང་དུ་ཚངས་པར་སྤྱོད་པ་ཡིན་པས། ཆོས་ཐམས་ཅད་སྒྱུ་མར་གཏན་ལ་ཕོབ་དང་གསུངས། ལར་ཞིང་ཁམས་དག་མ་དག་དང་། སྐུ་ཚེའི་ཚད་ལ་སོགས་པ་སྒྱུ་མའི་སྣང་བ་ཡིན་ནོ། །གཏན་ལ་ཕེབས་པའི་གང་ཟག་ལ་བདེན་པར་གྲུབ་པ་རྡུལ་ཙམ་ཡང་མེད་གསུངས། འོ་ན་གཟུགས་སྐུ་གཉིས་ཀྱིས་སེམས་ཅན་གྱི་དོན་བྱེད་གསུངས་པ་དེ་ཇི་ལྟར་ལགས་ཞུས་པས། དེ་ལས་དག་པའི་འཁྲུལ་སྣང་ཡིན། ནམ་མཁའ་ལ་ནམ་མཁས་མཚོན་དུ་མེད་གསུངས། རྣམ་པ་ཐམས་ཅད་མཁྱེན་པའི་སངས་རྒྱས་ཀྱིས་ཀྱང་རྨི་ལམ་སྒྱུ་མར་གསུངས་པ་དེ། སྣང་ཙམ་མ་བཀག་པ་ཡིན་གསུངས། འོ་ན་བརྒྱུད་པ་འདི་དར་མི་དར་ཇི་ཙམ་མཆིས་ཞུས་པས། རྡོ་རྗེ་འཆང་ནས་མི་ལ་ཡན་གྱི་གདུལ་བྱ་དེ་ཙམ་ལས་མེད་གསུངས། བླ་མ་རྗེ་བཙུན་ལྷ་རྗེ་ནས་འབྱུང་བ་ཡིན་གསུངས། ངའི་བརྒྱུད་པ་ཀྱང་ཁྱོད་ནས་ཇེ་བཟང་དུ་འགྲོ་གསུངས། ངའི་གྲྭ་པ་འདི་ཡང་སློབ་དཔོན་ཆེན་པོའི་ཤུལ་ཡིན། ཁྱོད་ཀྱང་འཁོར་བཟང་ངན་མེད་པར་སྐྱོངས་གསུངས། དཔལ་ཡེ་ཤེས་མགོན་པོ་འདིས་ཅི་སྨྲས་ཉན་པར་འདུག་གི་གསུངས། སྦས་པའི་རྣལ་འབྱོར་བྱ་བ་ཁྱོད་ལ་ཟེར་བ་ཡིན་གསུངས། ལར་ཆིག་བརྒྱུད་ཡིན་པས་ལེགས་པར་འོངས་གསུངས། ཡང་ཞུས་པ། སྤྱིར་སེམས་ཅན་ཐམས་ཅད་དགོངས། སྒོས་སུ་ཞལ་མཐོང་གསུང་ཐོས་རྣམས་ལ་དུས་དང་གནས་སྐབས་ཐམས་ཅད་དུ་ཐུགས་རྗེས་བཟུང་བར་ཞུ་ཞུས་པས། རིན་པོ་ཆེའི་ཞལ་ནས། སྤྱིར་སེམས་ཅན་ཐམས་ཅད་ལ་ཕྱོགས་རིས་བཅད་པ་མེད། ནམ་མཁའི་མཐའ་ལ་གར་ཁྱབ་ཇོ་བོ་ཐུགས་རྗེ་ཆེན་པོའི་རྣམ་འཕྲུལ་ཡིན་ལ། སྒོས་སུ་བདག་མཐོང་བ་དང་ཐོས་པ་དྲན་པ་ཐམས་ཅད་དོན་བྱས་པ་ཡིན་པས། མོས་པ་དང་གུས་པ་བྱེད་པ་ལྟ་ཅི་སྨོས་གསུངས། གདན་ས་རིན་པོ་ཆེ་ནི་ཇེ་བཟང་ལ་འགྲོ་བ་གཅིག་ཐུགས་རྗེས་འདོག་པར་ཞུས་པས། རིན་པོ་ཆེའི་ཞལ་ནས་བྱིས་པ་ཀུན་གྱིས་བྱེ་མའི་ཁང་པ་འདྲ་བ། རེས་བརྩིགས་རིས་འཇིག་གཏད་སོ་མེད་གསུངས། འོ་ན་དར་གུད་ཡོང་བར་གདའ་འམ་ཞུས། བསྟན་པའི་སྙིགས་མ་ཡིན་པས། མཐོ་དམན་བག་ཙམ་ཡོད་གསུངས། རིན་པོ་ཆེའི་ཞལ་ནས། ཁྱོད་ཀྱི་དགོན་པ་ནི་ཐང་ཆེན་པོ་གཅིག་གི་རྩེ་ན་བྲག་འདུག །དེ་ལ་བརྟེན་གནས་འོང་བར་འདུག་པས། གདན་ས་འདི་པ་བས་ངན་རྒྱུ་མེད་པར་ཞིག་འོང་བར་འདུག་གསུངས། དེ་ལ་སོགས་པ་ཞུས་ན་མང་དུ་འབྱོན་པར་འདུག་གསུངས། སྐུ་བསྙེལ་གྱིས་དོག་ནས་དེ་ལས་མ་ཞུས་གསུངས་སོ།
།དྲི་མེད་རྒྱ་མཚོའི་ནང་ན་ཡིད་བཞིན་གྱི། །ནོར་བུ་རིན་ཆེན་ལྟ་བུའི་བླ་མ་ལ། །དད་གུས་རྒྱུན་ཆད་མེད་པའི་དེད་དཔོན་གྱིས། །འཁོར་བའི་ཆུ་བོ་ཆེན་པོར་གྲུར་ཞུགས་ཏེ། །ཐབས་དང་ཤེས་རབ་གཉིས་མེད་སྐྱ་བས་གཡབ། །རིན་ཆེན་བྱང་ཆུབ་སེམས་ཀྱི་གླིང་ལ་ཆས། །དད་གུས་རྒྱུན་ཆད་མེད་པའི་ཚོགས་དྲུག་ལ། །དོན་གཉིས་ལྷུན་གྱིས་གྲུབ་པའི་རིན་ཆེན་གཏེར། །གསལ་སྟོང་ཟུང་དུ་འཇུག་པའི་རྒྱ་ཡིས་གདབ།
།འཁོར་ལོ་སྡོམ་པའི་དབང་གཅིག་གི་ནུབ་མོར་གསུང་ནས། བཀའ་རྒྱས་བཏབ་ནས་ལོ་ཉི་ཤུ་རྩ་ལྔར་ཡི་གེར་བྲིས་པ་མེད་པ་ལ། བཀའ་ཆད་ཀྱིས་དོག་ནས་གླང་གི་ལོ་ལ་བྲིས་པ་ཡིན་པས། དཔེ་དད་གུས་མེད་པ་སུ་ལ་བྱིན་ན། ཡེ་ཤེས་ཀྱིས་མགོན་པོས་མགོ་བོ་ཚལ་པ་བདུན་དུ་ཁོས་ཅིག །སརྦ་དཱ་ཀ་ལྱཱ་ཎཾ་བྷ་བནྟུ། ཤཱུ་བྷཾ།། །།