'chi med 'khrul 'khor gyi lag len

From Shangpa Resource Center
Revision as of 09:49, 3 August 2024 by Sengue (talk | contribs)








Resource ID SCv10p190
Title 'chi med 'khrul 'khor gyi lag len
Topics Immortality
Sub-Topics Yantra
Author Sangyé Tönpa, Sangyé Repa
Associated Person Virupa
Link BDRC W23922

༄༅། །འཆི་མེད་འཁྲུལ་འཁོར་གྱི་ལག་ལེན་བཞུགས་སོ།།
ན་མོ་གུ་རུ།
འཆི་མེད་བརྒྱུད་པའི་བཅུད་འདུས་རི་ཁྲོད་པ། །མོས་པ་ཡིད་ཀྱིས་རྗེ་ལ་གུས་བཏུད་ནས།
།ལུས་སེམས་འཆི་མེད་འཁྲུལ་འཁོར་མདོར་བསྡུས་བྲི། །རྩ་རླུང་འཆི་མེད་དོན་རྟོགས་བྱང་ཆུབ་ཞུ།
།སེམས་སྐྱེད་རང་ལུས་ལྷར་གསལ་རླུང་རོ་འདོན། །གཡོན་ནས་གར་སྟབས་ལང་ལ་སྐུ་མཉེ་བྱ།
།སྟོབས་ཀྱི་འཁྲུལ་འཁོར་སྟེང་འོག་ལྟག་མདུན་དང་། །གཡོན་ནས་ཕྱོགས་སུ་ལག་གཉིས་དྲག་ཏུ་སྤྲུག
།ཁུ་ཚུར་སྐུར་རྟེན་རྐང་གཉིས་མཐུར་དུའོ། །ཕྱིའི་ཨཾ་གྲོལ་སྟན་ལ་འདུག་ཅས་ལ།
།ལག་གཉིས་རྐང་བཟུང་འཐེན་ཞིང་དྲག་ཏུ་སྡིག །བྷེ་ཏ་ལང་ལིང་སྟན་ལ་ཚང་ར་གདབ།
།བྷན་དྷ་བཤང་ལམ་འཁོར་ལོ་གྱེན་ཟློག་བྱ། །ཕྱག་ཆེན་རྩོག་པུ་ཕྱག་རྒྱ་ཐབས་འགལ་འདྲ།
།ནང་གི་ཨཾ་གྲོལ་འོག་རླུང་དབང་བྱེད་འཚུངས། །བྷེ་ཏ་ནག་པོའི་ལམ་མཆོག་ཆིག་རྫོགས་ཡིན།
།བྷན་དྷ་རྐང་ལག་བསྣོལ་འཐེན་མགོ་བོ་དགུག །ཕྱག་ཆེན་སྐྱིལ་ཀྲུང་བསྲང་ལ་མཉམ་ཞག་ཕྱག་རྒྱ་བྱ།
།གསང་བའི་ཨཾ་གྲོལ་ཁུ་ཚུར་རྒྱབ་བསྣོལ་སྡིག །བྷེ་ཏ་ཕྱི་འདྲ་དལ་བུས་གདབ་པར་བྱ།
།བྷན་དྷ་སྐྱིལ་ཀྲུང་ས་གནོན་གཡས་གཡོན་བཅུས། །ཕྱག་ཆེན་མཆོག་སྦྱིན་པུས་བཀན་ཨོལ་མདུད་མནན།
།ཡན་ལག་ཨཾ་གྲོལ་ཕྱི་དང་མཚུངས་བྱས་ཤིང་། །བཤང་ལམ་འཁོར་ལོ་གྱེན་ཟློག་ཧཱུཾ་གིས་དྲངས།
།དཀར་དགྲེམས་ལག་པས་རོ་སྟོད་ཕྲུལ་ལ་སྤྲུག །དམར་འགྲེམས་ཁུ་ཚུར་རྒྱབ་བརྡུང་མདུན་ལག་སྤྲུག
།མགོ་བོའི་འཁྲུལ་འཁོར་ལག་པས་མགོ་བྱད་མཉེ། །མིག་གི་འཁྲུ་འཁོར་སྡང་མིག་ཕྱོགས་བཅུར་སྐོར།
།མགོ་བོ་གཡས་གཡོན་སྐོར་ཞིང་ལག་ཡིག་དགབ། །མདུན་རྒྱབ་གཡས་གཡོན་ཚངས་པའི་མགོ་ལྟར་དགུག
།རོསྟོད་འཁྲུལ་འཁོར་སེམས་དཔའི་སྐྱིལ་ཀྲུང་བྱ། །ལག་གཉིས་པུས་བཟུང་གཡས་གཡོན་སྤྲུག་ཅིང་མཐེན།
།སྟོད་ཀྱི་སྡེར་འཛིངས་ནུ་སྟེངས་སྙིང་གར་བསྡེག །སྨད་ཀྱི་འཕོ་སྟེངས་ནུ་འོག་སྤྲུག་ཅིང་བསྡེག
།ལག་པའི་བྱེད་ཚེ་རྡོ་རྗེ་སྐྱིལ་ཀྲུང་བཅས། །ས་གནོན་པུང་པ་གཡས་གཡོན་ཕྱི་ནང་དུ།
།རེ་མོས་སྒོར་ཞིང་དེ་རྗེས་དུས་གཅིག་སྐོར། །རྡོ་རྗེ་ཁུ་ཚུར་གཡས་གཡོན་ཐད་ཀར་སྤྲུག
།དེ་བཞིན་དུས་གཅིག་ཉིད་དུ་སྤྲུག་པར་བྱ། །གསུམ་པ་ཞགས་འཕེན་སྦྱོར་བ་གོང་བཞིན་གཉིས།
།མགོ་དང་པུས་སྦྱར་ལག་གཉིས་རེ་མོས་རྐྱང་། །འཕོ་བའི་འཁྲུལ་འཁོར་ལངས་ལ་ལག་རྒྱབ་གྲུལ།
།སྟན་དུ་གཡས་གཡོན་དྲག་ཏུ་སྐོར་བྱ་ཞིང་། །ལག་ལྷུག་སྤྱི་གཙུག་བཏེག་ལ་ཕོ་སྟེངས་བསྡེག
།རྐང་པའི་འཁྲུལ་འཁོར་ལངས་ལ་རྐང་པ་གཉིས། །འོག་ཏུ་རེ་མོས་དྲག་ཏུ་སྤྲུག་བྱ་ཞིང་།
།གཉིས་པ་སྐྱིལ་ཀྲུང་རེ་མོས་རྐང་ལག་རྐྱང་། །འཆི་མེད་འཁྲུལ་འཁོར་ཁྱད་འཕགས་སུམ་བཅུ་གཉིས།
སངས་རྒྱས་སྟོན་པའི་ཞལ་གདམས་ཁྱད་འཕགས་ལས། །ལྟས་པས་གོ་བའི་སྡོམ་འདི་ཤེས་ལྡན་གྱིས།
།ཡང་ཡང་བསྐུལ་ནས་སངས་རྒྱས་རས་པ་ཡིས། །བཀའ་འབངས་ཐ་ཆུང་སྤྲང་སྒོམ་རས་པ་ངས།
།དབེན་གནས་ཤྲཱི་དཔལ་གྱི་གནམ་སྡིངས་སུ། །བྲིས་པའི་དགེ་བས་རྩ་མདུད་མྱུར་གྲོལ་ནས།
།མཐུ་སྟོབས་བིར་ཝ་པ་ཡི་སྐུ་ཐོབ་ཤོག །དད་མེད་ལོག་ལྟ་ཅན་ལ་དཔེ་འདི་གསང་།
འཆི་མེད་དོན་རྟོགས་བཀྲ་ཤིས་འཕེལ་གྱུར་ཅིག། ཨྀཐིཿ དགེའོ།