Phyag drug pa'i gtor chog bsdus pa

From Shangpa Resource Center
Revision as of 17:07, 22 January 2019 by Sengue (talk | contribs)








Resource ID SCv4p381
Title mgon po phyag drug pa'i gtor chog bsdus pa dbu phyogs
Topics Chadrupa
Sub-Topics Torma offering
Author Jetsün Taranatha
Link BDRC W23922

༄༅། །མགོན་པོ་ཕྱག་དྲུག་པའི་གཏོར་ཆོག་བསྡུས་པ་དབུ་ཕྱོགས་ལགས་སོ།།

ཨོཾ་སྭ་སྟི།
བླ་མ་མགོན་པོ་དབྱེར་མེད་ལ་ཕྱག་འཚལ་ལོ། །ནང་མཆོད་གཏོར་མ་བྱིན་རླབས་ཡི་དམ་ལྟར་བྱ།
ཨོཾ་བཛྲ་ཨ་མྲྀ་ཏས་བསང་། སྭ་བྷཱ་ཝས་སྦྱང་། ཡཾ་ལས་རླུང་རཾ་ལས་མེའི་སྟེང་དུ་ཨ་ལས་ཀ་པཱ་ལ་ཤ་ལྔ་བདུད་རྩི་ལྔས་ཡོངས་སུ་གང་བ་ཧཱུྃ་བྷྲཱུྃ་ཨཾཿཛྲིཾ་ཁཾ་རྣམས་ཀྱིས་མཚན་པ་རླུང་གཡོས་མེ་སྦར་རྫས་བཅུ་ཡི་གེ་དང་བཅས་པ་ཞུ། སངས་རྒྱས་རྣམས་ཀྱི་ཐུགས་ཀ་ནས་བདུད་རྩི་སྤྱན་དྲངས་ཏེ་བསྟིམས་པས་ཡེ་ཤེས་ཀྱི་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། ཨོཾ་ཨཱཿཧཱུྃ་ཧ་ཧོཿཧྲཱིཿ ལན་གསུམ།
ཨོཾ་སྭ་བྷཱ་སོགས།
རང་གི་མདུན་དུ་པད་ཉི་ལ་ཧཱུྃ་ལས་ཡེ་ཤེས་ཀྱི་མགོན་པོ་ཕྱག་དྲུག་པ་སྐུ་མདོག་མཐིང་ནག་དང་པོ་གཉིས་གྲི་ཐོད། བར་པ་གཉིས་མི་མགོའི་ཕྲེང་བ་དང་རྩེ་གསུམ། མཐའ་མ་གཉིས་ཌཱ་མ་རུ་དང་ཞགས་པ། སྟག་ལྤགས་དང་མགོ་ཕྲེང་རུས་པ་དང་སྦྲུལ་དང་ཕྱག་ཞབས་ལ་དྲིལ་བུ་གཡེར་ཁའི་ཕྲེང་བས་བརྒྱན་པ། ཞབས་གཉིས་མཉམ་པའི་སྟབས་ཀྱིས་བཞེངས་པས་ཚོགས་ཀྱི་བདག་པོ་མནན་པ། སྤྱན་གསུམ་མཆེ་གཙིགས་སྨ་ར་སྨིན་མ་དབུ་སྐྲ་གྱེན་དུ་བརྫེས་པ། མི་བསྐྱོད་པའི་དབུ་རྒྱན་ཅན། སིནྡྷུ་རའི་ཐིག་ལེ་དཔྲལ་བར་བྱུག་པ། ཙནྡན་གྱི་སྡོང་པོ་ལ་རྒྱབ་བརྟེན་པ། མེ་དཔུང་འབར་བའི་དབུས་ན་བཞུགས་པའོ། དེའི་གཡོན་དུ་བྷྱོ་ལས་དཔལ་ལྡན་ལྷ་མོ་ནག་མོ་དྲེའུ་ལ་ཞོན་པ་ཁྲམ་ཤིང་དང་ནད་རྐྱལ་ཐོགས་པ། མདུན་དུ་གནོད་སྦྱིན་ཀྵེ་ཏྲ་པཱ་ལ་སྨུག་ནག་གྲི་ཐོད་འཛིན་པ། དོམ་ནག་སྨྱོན་པ་ལ་ཞོན་པ། གཡས་སུ་ཛི་ན་མི་ཏྲ་དམར་ནག་ཅང་ཏེའུ་དང་འཁོར་ལོ་འཛིན་པ། རྒྱབ་ཏུ་ཊཱ་ཀྐི་རཱ་ཛ་ནག་པོ་སྤུ་གྲི་དང་ཐོད་ཁྲག་འཛིན་པ། གཡོན་དུ་བདུད་མགོན་ཏྲཀྴད་རུ་མཚོན་དང་ཐོད་སྙིང་འཛིན་པ། བདུད་རྟ་ནག་པོ་རྟིང་དཀར་ལ་ཆིབས་པ། དར་ནག་གི་འཇོལ་བེར་དང་སྭག་ལྷྭཾ་གསོལ་བ། དེའི་ཕྱི་རོལ་དུ་དཔལ་མགོན་བདུན་ཅུ་རྩ་ལྔ། དམ་ཅན་རྒྱ་མཚོའི་ཚོགས་དང་བཅས་པ།
རང་གི་སྙིང་ག་ནས་འོད་ཟེར་འཕྲོས། ཤར་ལྷོ་བསིལ་བའི་ཚལ་ཙནྡན་གྱི་ཤིང་རྐང་གཅིག་པའི་དྲུང་ནས་ཡེ་ཤེས་ཀྱི་མགོན་པོ་ཕྱག་དྲུག་པ་སྟེང་ན་རྩ་བརྒྱུད་ཀྱི་བླ་མ། གཡས་ན་དཔའ་བོ་ངར་དང་བཅས་ཤིང་གཡོན་ན་དཔའ་མོ་འཛུམ་དང་བཅས་པ་བཀའ་སྡོད་ཞིང་སྐྱོང་ཕོ་ཉ་དམ་ཅན་རྒྱ་མཚོའི་དམག་ཚོགས་དང་བཅས་པ།
ཨོཾ་བཛྲ་མ་ཧཱ་ཀཱ་ལ་ས་པ་རི་ཝཱ་ར་ཀྵིཾ་ཉེར་གཅིག
བཛྲ་ས་མཱ་ཛཿ
ཛཿཧཱུྃ་བྃ་ཧོཿ
ཧཱུྃ། རྟན་ཅིང་འབྲེལ་བར་འབྱུང་བ་ཡི། །ལྷ་རྫས་བཟང་པོའི་ཕྱི་མཆོད་འདི། །མགོན་པོ་འཁོར་དང་བཅས་ལ་འབུལ། །བསྟན་པ་བསྲུང་ཕྱིར་བཞེས་སུ་གསོལ།
།ཨོཾ་ཤྲཱི་མ་ཧཱ་ཀཱ་ལ་ཡ་ས་པ་རི་ཝཱ་ར་ཨཱརྒྷཾ། པཱདྱཾ། པུཥྤེ། དྷཱུཔེ། ཨཱ་ལོ་ཀེ། གནྡྷེ། ནཻ་ཝི་དྱ། ཤབྡ་པྲ་ཏཱིཙྪ་ཧཱུྃ་སྭཱ་ཧཱ།
ཨོཾ་ཨཱཿཧཱུྃ།
ཆོས་དབྱིངས་ངང་ལས་མ་གཡོས་ཀྱང་། །གདུག་པ་འདུལ་ཕྱིར་ཁྲོས་པའི་སྐུ། །བསྟན་པའི་རུ་་འཇོམས་མཛད་པའི། །ནག་པོ་ཆེ་ལ་ཕྱག་འཚལ་བསྟོད།
།བསྐང་བ་ནི།
བསྐང་རྫས་ཀུན་ཏུ་བཟང་པོའི་མཆོད་སྤྲིན་ལྟ་བུར་གྱུར།
ཨོཾ་བཛྲ་སྥ་ར་ཎ་ཁཾ།
ཧཱུྃ། ཐུགས་རྗེ་མྱུར་མཛད་སྤྱན་རས་གཟིགས། །ནག་པོ་ཆེན་པོ་ཕྱག་དྲུག་པ། །བྱིན་རླབས་མགོན་པོ་འཁོར་དང་བཅས། །ཐུགས་དམ་གཉན་པོ་དབྱིངས་སུ་བསྐང་། །ཕྱི་སྣོད་ནང་བཅུད་དཔལ་འབྱོར་ཀུན། །ངོ་མཚར་མཆོད་སྤྲིན་ལྷུན་གྱིས་གྲུབ། །གདུག་པའི་རུ་དྲ་བསྒྲལ་བ་ལས། །དུར་ཁྲོད་དྲག་པོའི་རྒྱན་མཆོག་བཀོད། །གསང་ཆེན་རོལ་པའི་དམ་ཚིག་རྫས། །རྣལ་འབྱོར་མོས་པའི་སྟོབས་ཀྱིས་སྤེལ། །ཁྱུང་ལྟར་ལྡིང་བའི་བྱ་རོག་དང་། །མགྱོགས་འགྲོའི་རྟ་དང་བརྗིད་ལྡན་གཡག །མཛེས་པའི་ལུག་དང་གཏུམ་པོའི་ཁྱི། །ནག་པོ་བཅུ་གསུམ་རྒྱན་གྱིས་སྤྲས། །རྟེན་མདའ་མེ་ལོང་དར་སྣས་སྤྲས། །གྲི་སྙིང་བླ་རྡོ་ཙཀྲས་བཏུམས། །བདུད་རྩི་སྨན་དང་རཀྟའི་མཚོ། །བ་ལིཾ་ཚོགས་མཆོད་རི་ལྟར་སྤུངས། །ཁྱད་པར་སེམས་ཉིད་སྤྲོས་བྲལ་དང་། །བླ་མ་མགོན་པོ་དབྱེར་མེད་པར། །ཡིད་ཆེས་མོས་གུས་རྩེ་གཅིག་པས། །ཡེ་ཤེས་མགོན་པོ་ཡིད་བཞིན་ནོར། །རིགས་ཀྱི་རྣམ་འགྱུར་སྣ་ཚོགས་དང་། །ལྕམ་གཅིག་དཔལ་ལྡན་རེ་མ་ཏི། །གནོད་སྦྱིན་དབང་ཕྱུག་གཤིན་རྗེ་བདུད། །དཔལ་མགོན་བདུན་ཅུ་རྩ་ལྔ་སོགས། །སྲིད་གསུམ་དབང་བྱེད་དྲེགས་པའི་འཁོར། །བསམ་མི་ཁྱབ་པའི་ཐུགས་དམ་བསྐང་། །འདི་ཕྱི་བར་དོའི་འཇིགས་ལས་སྐྱོབས། །ཟས་ནོར་ཆོས་ཀྱི་འདུ་བ་སྤེལ། །བཤད་སྒྲུབ་བསྟན་པ་དར་བ་དང་། །འགྲོ་ཀུན་སངས་རྒྱས་སར་སྒྲོལ་ཤོག
།བསྙེན་པ་བཟླས།
ཨོཾ་བཛྲ་མ་ཧཱ་ཀཱ་ལ་ཀྵིཾ་ཀྵེ་ཏྲ་བིགྷྣཱན་བི་ནཱ་ཡ་ཀ་ཧཱུྃ་ཧཱུྃ་ཕཊ་ཕཊ་སྭཱ་ཧཱ།
མཐར་སྔགས་དེ་ཀའི་མཐར། ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། བཏགས་པ་ལན་གསུམ། དེ་བཞིན་དུ།
བྷྱོ་མ་མོ་ནག་མོ་བེ་ཏཱ་ལི་སིནྡྷ་ཀུ་ལུ་ཀུ་ལུ་ཧཱུྃ་ཕཊ། ཨོཾ་ཀྵེ་ཏྲ་པཱ་ལ་བིགྷྣཱན་ཧཱུྃ་ཕཊ། ཨོཾ་ཛི་ན་མི་ཏྲ་ཝ་ཤཾ་ཀུ་རུ་ཧཱུྃ་ཕཊ། ཨོཾ་ཊཱ་ཀྐི་རཱ་ཛ་ས་མ་ཡཱ་བྷྱོ་དུ་ཛཿཧཱུྃ་ཕཊ། ཨོཾ་དུ་ཡོག་ཛཿམ་ཧཱ་ཀཱ་ལ་ཏྲཀྴད་ཧཱུྃ་ཕཊ།
ཅེས་འཁོར་རེ་རེ་ལ་ཨི་དཾ་སོགས་བཏགས་པ་ལན་གསུམ།
ཨོཾ་ཤྲཱི་མ་ཧཱ་ཀཱ་ལ་ཡ། ཤཱ་ས་ནཾ། ཨུ་པ་ཀཱ་རི་ཎཱཾ། ཨེ་ཥཱ་པཤྩི་མ་ཀཱ་ལོ་ཡཾ། ཨི་དཾ་རཏྣ་ཏྲ་ཡཱ་ཡ། ཨ་པ་ཀཱ་རི་ཎཱཾ། ཡ་ཏི་པྲ་ཏི་ཛྙཱ། སྨ་ར་སི་ཏ་དཱ། ཨི་དཾ་དུཥྚཾ་ཁ་ཁ་ཁཱ་ཧི་ཁཱ་ཧི། མ་ར་མ་ར། གྲྀཧྣ་གྲྀཧྣ། བནྡྷ་བནྡྷ། ཧ་ན་ཧ་ན། ད་ཧ་ད་ཧ། པ་ཙ་པ་ཙ། དི་ན་མེ་ཀེ་ན། མཱ་ར་ཡ་ཧཱུྃ་ཕཊ། ཨི་དཾ་སོགས་ལན་གསུམ་གྱིས་དམ་ཅན་སྤྱི་ལ་འབུལ།
ཨཱརྒྷཾ། པཱདྱཾ། པུཥྤེ། དྷཱུཔེ། ཨཱ་ལོ་ཀེ། གནྡྷེ། ནཻ་ཝི་དྱ། ཤབྡ་པྲ་ཏཱིཙྪ་ཧཱུྃ་སྭཱ་ཧཱ།
ཨོཾ་བཛྲ་མ་ཧཱ་ཀཱ་ལ་ཀྵིཾ་ཀྵེ་ཏྲ་བིགྷྣཱན་བི་ནཱ་ཡ་ཀ་ཧཱུྃ་ཧཱུྃ་ཕཊ་ཕཊ་སྭཱ་ཧཱ།
ཨོཾ་ཨཱཿཧཱུྃ་ གིས་ནང་མཆོད་འབུལ།
ཧཱུྃ། མྱུར་མཛད་སྤྱན་རས་གཟིགས་ལ་ཕྱག་འཚལ་ལོ། །ཞབས་གདུབ་དང་བཅས་བི་ནཱ་ཡ་ཀ་མནན། །ནག་པོ་ཆེན་པོ་སྟག་གི་ཤམ་ཐབས་ཅན། །ཕྱག་དྲུག་སྦྲུལ་གྱི་རྒྱན་གྱིས་རྣམ་པར་བརྒྱན། །གཡས་པས་གྲི་གུག་བར་པས་ཕྲེང་བ་འཛིན། །ཐ་མས་ཌཱ་མ་རུ་ནི་དྲག་ཏུ་ཁྲོལ། །གཡོན་པས་ཐོད་པ་དང་ནི་མདུང་རྩེ་གསུམ། །དེ་བཞིན་ཞགས་པས་བཟུང་ནས་འཆིང་བར་བྱེད། །དྲག་པོའི་ཞལ་གདངས་མཆེ་བ་རྣམ་པར་གཙིགས། །སྤྱན་གསུམ་དྲག་པོའི་དབུ་སྐྲ་གྱེན་དུ་འབར། །དཔྲལ་བར་སིནྡྷུ་ར་ཡི་ཐིག་ལེས་བྱུགས། །སྤྱི་བོར་མི་བསྐྱོད་རྒྱལ་པོས་རྒྱས་བཏབ་བརྟེན། །ཁྲག་འཛག་མི་མགོ་ལྔ་བཅུའི་དོ་ཤལ་ཅན། །རིན་ཆེན་ཐོད་སྐམ་ལྔ་ཡིས་དབུ་ལ་བརྒྱན། །ཤིང་ལས་བྱོན་ནས་གཏོར་མ་ལེན་པ་མཛོད། །མཆོད་སྦྱིན་གཏོར་མ་འདི་བཞེས་ལ། །རྣལ་འབྱོར་བདག་ཅག་འཁོར་བཅས་ལ། །ནད་མེད་ཚེ་དང་དབང་ཕྱུག་དང་། །དཔལ་དང་གྲགས་དང་སྐལ་བ་བཟང་། །ལོངས་སྤྱོད་རྒྱ་ཆེན་ཀུན་ཐོབ་ཅིང་། །ཞི་དང་རྒྱས་ལ་སོགས་པ་ཡི། །ལས་ཀྱི་དངོས་གྲུབ་བདག་ལ་སྩོལ། །དམ་ཚིག་ཅན་གྱིས་བདག་ལ་སྲུང་། །དངོས་གྲུབ་ཀུན་གྱིས་སྟོངས་གྲོགས་མཛོད། །དུས་མིན་འཆི་དང་ནད་རྣམས་དང་། །གདོན་དང་བགེགས་རྣམས་མེད་པར་མཛོད། །རྨི་ལམ་ངན་དང་མཚན་མ་ངན། །བྱ་བྱེད་ངན་པ་མེད་པར་མཛོད། །འཇིག་རྟེན་བདེ་ཞིང་ལོ་ལེགས་དང་། །འབྲུ་རྣམས་འཕེལ་ཞིང་ཆོས་འཕེལ་དང་། །བདེ་ལེགས་ཕུན་སུམ་ཚོགས་པ་དང་། །ཡིད་ལ་འདོད་པ་ཀུན་འགྲུབ་མཛོད། །འདོད་དོན་གསོལ་བ་བཏབ།
བླ་མ་མགོན་པོ་དབྱེར་མེད་ལ། །བདག་ནི་གུས་པས་སྐྱབས་སུ་མཆི། །བདག་གིས་སེམས་ཅན་ཐམས་ཅད་ཀྱི། །ཉོན་མོངས་མ་ལུས་སེལ་བར་ཤོག །ལན་གསུམ།
ཨོཾ་བཛྲ་སཏྭ་ས་མ་ཡ་སོགས་བཟོད་གསོལ་སྨོན་ལམ་དང་བཀྲ་ཤིས་བརྗོད།
ཕྱག་དྲུག་ཡེ་ཤེས་ཀྱི་མགོན་པོའི་གཏོར་ཆོག་བསྡུས་པ་ཁྱེར་བདེ་བ་འདི་ནི། གངས་དཀར་རྡོ་རྗེ་གདན་གྱི་སྐུ་ཉེར་བ་ཉི་མ་རྣམ་རྒྱལ་གྱིས་བསྐུལ་ངོར། ཏཱ་ར་ནཱ་ཐས་ཕོ་བྲང་གངས་དཀར་དུ་སྦྱར་བའོ།། །།