Tshogs mchod dngos grub kun 'byung
Resource ID | SCv4p511 |
---|---|
Title | dga' ston tshogs kyi mchod pa dngos grub kun 'byung |
Topics | Various |
Author | Kalu Dorjé Chang |
Link | BDRC W23922 |
༄༅། །དགའ་སྟོན་ཚོགས་ཀྱི་མཆོད་པ་དངོས་གྲུབ་ཀུན་འབྱུང་ཞེས་བྱ་བ་བཞུགས་སོ།།
།ན་མོ་གུ་རུ།
རིམ་གཉིས་གདེང་ལྡན་རྣལ་འབྱོར་པས། བླ་མ་རྩ་གསུམ་རྒྱ་མཚོ་ལ། །རྟེན་ནས་ཚོགས་ཀྱི་མཆོད་པ་ཡི། །ཐུགས་དམ་བསྐང་བའི་རིམ་པ་སྤེལ། །དེ་ཡང་། བླ་མ་དམ་པའི་བྱིན་གྱིས་བརླབས་པའི་གནས་སམ། གང་རུང་ཡིད་སྣང་སྤྲོ་བའི་གནས་སུ། ཚོགས་ཀྱི་འཁོར་ལོ་ཐབས་ཤེས་རྫས་ཅི་འབྱོར་གཤམས་ཤིང་བདེ་བའི་བསྟན་ལ་བསྐྱེད་རྫོགས་ཀྱི་གདེང་དང་མ་བྲལ་བར།
ཨོཾ་བཛྲ་ཨམྲྀ་ཏས་བསང་། སྭ་བྷཱ་ཝས་སྦྱང་།
སྟོང་པའི་ངང་ལས་ཡཾ་ལས་རླུང་རཾ་ལས་མེ་ཀཾ་ལས་མི་མགོའི་སྐྱེད་པུ་གསུམ། ཨ་ལས་ཀ་པཱ་ལ་དུམ་བུ་གསུམ་པ་ཕྱི་དཀར་ལ་ནང་དམར་བ། དབུས་སུ་ན་ལས་མིའི་ཤ། ཤར་དུ་གོ་ལས་བ་ལང་གི་ཤ། ལྷོར་ཀུ་ལས་ཁྱི་ཡི་ཤ། ནུབ་ཏུ་ད་ལས་རྟ་ཡི་ཤ། བྱང་དུ་ཧ་ལས་གླང་པོ་ཆེའི་ཤ་རྣམས་ཧཱུྃ་བྷྲཱུྃ་ཨཾ་ཛྲིཾ་ཁཾ་རྣམས་ཀྱི་མཚན་པ། དེ་རྣམས་ཀྱི་སྟེང་དུ། དབུས་སུ་མུ་ལས་དྲི་ཆུ། ཤར་དུ་བི་ལས་དྲི་ཆེན། ལྷོར་ར་ལས་རཀྟ། ནུབ་ཏུ་ཤུ་ལས་བྱང་སེམས། བྱང་དུ་མ་ལས་ཤ་ཆེན་གྱི་དྭངས་མ་རྣམས། བྃ་མྃ་ལྃ་པྃ་ཏྃ་གྱིས་མཚན་པ། དེ་རྣམས་ཀྱི་སྟེང་དུ་ཨོཾ་དཀར་པོ་མགོ་བོ་མཐུར་དུ་བསྟན་པ། དེའི་སྟེང་དུ་ཨ་ལས་ཟླ་བ། ཧཱུྃ་ལས་རྡོ་རྗེ་གྲི་གུག་ཧཱུྃ་གིས་མཚན་པ། ཧཱུྃ་ལས་འོད་འཕྲོས་རླུང་གཡོས་མེ་སྦར་རྫས་རྣམས་ཞུ་ཞིང་ཁོལ་བའི་རླངས་པ་གྱེན་ལ་སོང་བས་ཨོཾ་དང་ཧཱུྃ་ལ་ཕོག་པའི་བདུད་རྩིའི་རྒྱུན་འཛག །ཧཱུྃ་གི་འོད་ཀྱིས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་ཀ་ནས་ཡེ་ཤེས་ཀྱི་བདུད་རྩི་སྤྱན་དྲངས་ཏེ་ཐིམ་པས། ཨོཾ་ཡིག་ཟླ་བ་རྡོ་རྗེ་གྲི་གུག་དང་བཅས་པ་ལྷུང་སྟེ། རྡོ་རྗེ་གྲི་གུག་གིས་ལན་གསུམ་དུ་དཀྲུགས་པས་ཐམས་ཅད་ཞུ་བ་ཚོགས་ཀྱི་འཁོར་ལོ་ཟག་པ་མེད་པའི་ཡེཤེས་ཀྱི་བདུད་རྩིའི་རྒྱ་མཚོར་གྱུར་པ་དང་། ཟེག་མ་ལས་འདོད་རྒུར་བསྒྱུར་བའི་ལྷ་དང་ལྷ་མོ་དཔག་ཏུ་མེད་པ། རླངས་པ་ལས་གཞལ་ཡས་ཁང་རྒྱན་དང་བཅས་པ། འདོད་ཡོན་ལྔ་དང་བཀྲ་ཤིས་རྫས་རྟགས་རྒྱལ་སྲིད་སྣ་བདུན་དང་ཚོགས་ཀྱི་འཁོར་ལོ་སོགས་སྲིད་ཞིའི་མཆོད་རྫས་བཟང་དགུ་ཆོས་དབྱིངས་རྒྱས་པར་གང་ཞིང་ཟད་མི་ཤེས་པའི་མཆོད་སྤྲིན་སྣང་སྟོང་རབ་འབྱམས་སུ་འཕྲོ་བར་གྱུར། ཨོཾ་ཨཱཿཧཱུྃ་ཧ་ཧོཿཧྲཱིཿ
ཟག་མེད་ཚོགས་ཀྱི་འཁོར་ལོ་མཁའ་དབྱིངས་ཁྱབ་པར་གསལ་བར་བཏབ་ལ་དབྱངས་དང་བཅས་པས།
རང་ཡི་དམ་ལྷ་ཡི་ཐུགས་ཀ་ནས། །འོད་དཀར་དམར་མཐིང་སེར་ཕྱོགས་བཅུར་འཕྲོས། །རྗེ་རྩ་བརྒྱུད་བླ་མ་གྲུབ་ཐོབ་དང་། །ལྷ་ཡི་དམ་ཞི་ཁྲོ་རྒྱལ་བ་རྣམས། །སྲས་སངས་རྒྱས་བྱང་སེམས་ཉན་རང་ཚོགས། །གྲོགས་དཔའ་བོ་དཔའ་མོ་དམ་ཅན་ཚོགས། །མཁའ་འཇའ་འོད་འཁྲིགས་པའི་ཀློང་དཀྱིལ་ན། །དུས་སྐད་ཅིག་བཛྲ་ས་མ་ཛཿ
གནས་རང་སྣང་རྣམ་དག་གཞལ་ཡས་ནས། །དྲིན་འཁོར་མེད་རྩ་བརྒྱུད་བླ་མ་དང་། །རྗེ་འཕགས་བོད་རིག་འཛིན་གྲུབ་ཐོབ་ཚོགས། །སྐུ་མི་ཤིག་ལྟང་སྟབས་ལམས་སེ་ལམ། །གསུང་གྲགས་སྟོང་མགུར་མ་འུ་རུ་རུ། །ཐུགས་བདེ་ཆེན་ཏིང་འཛིན་ཡ་ལ་ལ། །ཡུལ་སྣང་སྟོང་གཞལ་ཡས་འབར་བ་འདིར། །དེང་ཚོགས་ཀྱི་འདུ་བར་གཤེགས་སུ་གསོལ།
།གནས་མཁའ་སྤྱོད་དག་པའི་གྲོང་ཁྱེར་ན། །དཔལ་ཧེ་རུ་ཀ་དཔལ་སྡེ་སྔ་སོགས། །ཞི་ཁྲོ་བོའི་ལྷ་ཚོགས་དཔག་མེད་རྣམས། །སྐུ་སྒྱུ་འཕྲུལ་རོལ་གར་ཤིགས་སེ་ཤིག །གསུང་གཞད་པའི་ང་རོ་ལྷངས་སེ་ལྷང་། །ཐུགས་མཉམ་ཉིད་རིག་མདངས་ཡ་ལ་ལ། །ཡུལ་དག་པ་མཁའ་སྤྱོད་གྲོང་ཁྱེར་འདིར། །དེང་ཚོགས་ཀྱི་འདུ་བར་གཤེགས་སུ་གསོལ།
།གནས་གར་བཞུགས་དག་པའི་ཞིང་ཁམས་ནས། །རྗེ་ཕྱོགས་བཅུའི་སངས་རྒྱས་མ་ལུས་རྣམས། །སྲས་བྱང་སེམས་ཉན་རང་དགྲ་བཅོམ་ཚོགས། །སྐུ་མཚན་པའི་གཟི་བརྗིད་ལམས་སེ་ལམ། །གསུང་གྲགས་སྟོང་ཚངས་དབྱངས་ཀྱུ་རུ་རུ། །ཐུགས་སྤྲོས་མེད་གསལ་སྟོང་ཡ་ལ་ལ། །ཡུལ་རྣམ་དག་འོག་མིན་གཞལ་ཡས་འདིར། །དེང་ཚོགས་ཀྱི༴
གནས་ཁྲག་མཐུང་རོལ་པའི་དུར་ཁྲོད་ནས། །དཔལ་བྱིན་རླབས་མྱུར་མཛད་མགོན་པོ་དང་། །བསྟན་སྐྱོངས་མཛད་དམ་ཅན་རྒྱ་མཚོའི་ཚོགས། །སྐུ་ཁྲོ་གཏུམ་འབར་བ་ལམས་སེ་ལམ། །གསུང་ཧཱུྃ་ཕཊ་འབྲུག་སྒྲ་དི་རི་རི། །ཐུགས་རིག་རྩལ་ཐོག་མེད་ཡ་ལ་ལ། །ཡུལ་འཇིགས་རུང་དུར་ཁྲོད་འབར་ྦ་འདིར། །དེང་ཚོགས་ཀྱི༴
ཞིང་གནས་ཡུལ་དུར་ཁྲོད་དཔག་ཡས་ནས། །ལྷ་དཔའ་བོ་ཌཱ་ཀི་ཞིང་སྐྱོང་ཚོགས། །འཁོར་སྤྲུལ་པ་ཡང་སྤྲུལ་བཅས་པ་རྣམས། །སྐུ་སྒེག་པའི་གར་སྟབས་ཤིགས་སེ་ཤིག །གསུང་སྙན་བརྗིད་གླུ་དབྱངས་ཀྱུ་རུ་རུ། །ཐུགས་བཟོད་མེད་བདེ་ཆེན་ཡ་ལ་ལ། །ཡུལ་ཨུ་རྒྱན་མཁའ་འགྲོའི་གྲོང་ཁྱེར་འདིར། །དེང་ཚོགས་ཀྱི༴
ཕ་བླ་མ་རྩ་གསུམ་རྒྱ་མཚོའི་ཚོགས། །དབུ་རལ་པའི་ཐོར་ཚུགས་ཤིགས་སེ་ཤིག །སྐུ་རུས་པའི་རྒྱན་ཆ་ཁྲ་ལ་ལ། །རྒྱན་དར་འཕྱང་ཅོད་པན་པུ་རུ་རུ། །ཕྱག་ཌཱ་རུ་ཅང་ཏེའུ་ཁྲོ་ལོ་ལོ། །རྫས་རྔ་སྒྲ་དུང་སྒྲ་འུ་རུ་རུ། །མཁའ་འཇའ་འོད་སྤྲིན་ཕུང་ལམས་སེ་ལམ། །བྱིན་རླབས་ཀྱི་ན་བུན་ཐི་ལི་ལི། །དངོས་གྲུབ་ཀྱི་ཆར་རྒྱུན་སི་ལི་ལི། །གུས་གདུང་ཤུགས་དྲག་པོས་གསོལ་འདེབས་ན། །ཡུལ་ཀུན་འབྱུང་འདོད་དགུའི་གཞལ་ཡས་འདིར། །དེང་ཚོགས་ཀྱི༴
གནས་ཧེ་རུ་ཀ་དཔལ་གྲོང་ཁྱེར་མཆོག །སྣོད་པདྨ་བྷཉྫ་ཡངས་པའི་ནང་། །ཚོགས་དམ་ཡེ་དབྱེར་མེད་བདུད་རྩིའི་མཚོ། །གྲོགས་དཔའ་བོ་དཔའ་མོ་ཌཱ་ཀའི་ཚོགས། །དབྱིངས་ནམ་མཁའ་གང་བའི་མཆོད་རྫས་སུ། །ལྷ་རྩ་གསུམ་དགྱེས་པའི་བྱིན་ཕོབ་ཅིག །ལུས་སྣང་སྟོང་ལྷ་སྐུར་ལམས་སེ་ལམ། །ངག་གྲགས་སྟོང་བརྗོད་མེད་ཤ་ར་ར། །ཡིད་རྟོག་ཚོགས་རང་གྲོལ་ཡ་ལ་ལ། །ཟག་མེད་ཀྱི་བདེ་སྟོང་བརྗོད་བྲལ་ངང་། །བློ་འདས་ཀྱི་རིག་པའི་རང་རྩལ་དུ། །འཁོར་འདས་ཀུན་མཉམ་ཉིད་བྱིན་ཕོབ་ཅིག །འདིར་ཚོགས་ཀྱི་མཆེད་ལྕམ་ཕོ་མོ་ལ། །མཆོག་ཐུན་མོང་དངོས་གྲུབ་དེང་འདིར་སྩོལ། །སྟེང་ལྷ་ཚོགས་སྐུ་ལས་འོད་ཟེར་འཕྲོས། །ཡིད་དངོས་འཛིན་འཁྲུལ་པའི་གནས་ཀུན་སྦྱངས། །ཕྱི་ཡུལ་འདི་ཨོ་རྒྱན་མཁའ་སྤྱོད་ཞིང་། །གནས་ཚོགས་ཁང་གཞལ་ཡས་འབར་བར་གྱུར། །ནང་འགྲོ་ཀུན་དཔའ་བོ་དཔའ་མོ་དང་། །ཚོགས་དམ་རྫས་ཟག་མེད་བདུད་རྩིར་གྱུར། །དབྱིངས་ནམ་མཁའ་གང་བའི་མཆོད་རྫས་ཀུན། །ལྷ་རྩ་གསུམ་དགྱེས་པའི་རྒྱན་དུ་རོལ། །ཡིད་རིག་སྟོང་སྒྱུ་འཕྲུལ་རོལ་གར་ལས། །རྩལ་མ་འགགས་དངོས་སྣང་ཅི་ཤར་ཀུན། །དབྱིངས་སྣང་སྟོང་ངང་དུ་རོ་གཅིག་སྟེ། །དོན་བཟོད་མེད་བདེ་ཆེན་འབར་བར་གྱུར། གུ་རུ་དཱེ་ཝ་ཌཱ་ཀི་ནི་ཛྙཱན་ཨ་བེ་ཤ་ཡ་ཨ་ཨཱཿ
ན་མོ་ཐབས་དང་ཤེས་རབ་གཉིས་སུ་མེད་པའི་ཚོགས་ཀྱི་འཁོར་ལོ་རྒྱ་ཆེན་པོ་འདི། རང་བཞིན་གྱི་རྣམ་པར་དག་པ་སྐྱེ་བ་མེད་པ། མཚན་ཉིད་རྣམ་པར་དག་པ་ཨཱ་ལི་ཀཱ་ལི་ངོ་བོ་རྣམ་པར་དག་པ་ཤ་ལྔ་བདུད་རྩི་ལྔས་རྒྱས་བཏབ་པ་འདི་ཉིད། བྱིན་རླབས་ཀྱི་རྩ་བ་རྩ་བརྒྱུད་བླ་མ་རྣམས་ཀྱི་ཞལ་དུ་པཉྩ་ཨ་མྲྀ་ཏ་ག་ཎ་ཙ་ཀྲ་པཱུ་ཛ་ཁཱ་ཧི། དངོས་གྲུབ་ཀྱི་རྩ་བ་ཡི་དམ་ལྷ་ཚོགས་རྣམས་ཀྱི་ཞལ༴
ཕྲིན་ལས་ཀྱི་རྩ་བ་ཆོས་སྐྱོང་སྲུང་མ་མཁའ་འགྲོའི་ཚོགས་དང་བཅས་པ་རྣམས་ཀྱི༴ དམ་ཚིག་གི་རྩ་བ་མཆེད་ལྕམ་རྡོ་རྗེའི་སྤུན་གྲོགས་རྣམས༴
ཞེས་ཚོགས་ཕུད་འབུལ། བར་པ་བསྐང་རྫས་ཀུན་ཏུ་བཟང་པོའི་མཆོད་སྤྲིན་ལྟ་བུར་གྱུར། རྫས་སུ་དམིགས་ཏེ།
ན་མཿསརྦ་ཏ་ཐཱ་སོགས་ནམ་མཁའ་མཛོད་ཀྱི་སྔགས་རྒྱ་ལན་གསུམ་བྱ།
ཚོགས་མཆོད་དག་པ་བདུད་རྩིའི་རྒྱ་མཚོ་ལས། །གཟུགས་སྒྲ་དྲི་རོ་རེག་བྱ་ལ་སོགས་པའི། །ཕྱི་ནང་གསང་བ་ཡང་གསང་མཆོད་པའི་སྤྲིན། །རབ་འབྱམས་མཁའ་དབྱིངས་ཁྱབ་པ་རྣམ་སྤྲུལ་ཏེ། བླ་མ་རྩ་གསུམ་རྒྱ་མཚོའི་ཚོགས་ལ་འབུལ། །རྟག་ཁྱབ་ལྷུན་གྲུབ་ཆེན་པོ་བཞེས་ནས་ཀྱང་། །བདེ་ཆེན་མཉམ་ཉིད་ངང་དུ་ཐུགས་དམ་བསྐང་། །མཆོག་དང་ཐུན་མོང་དངོས་གྲུབ་དུས་འདིར་སྩོལ།
།ཧོ། ཐོག་མེད་ནས་བསགས་སྡིག་སྒྲིབ་ཉེས་ལྟུང་དང་། །ཁྱད་པར་རྩ་བ་ཡན་ལག་དམ་ཚིག་ལས། །འགལ་ཞིང་ཉམས་པ་གྱུར་པ་ཐམས་ཅད་ཀུན། །འདོད་ཡོན་ཚོགས་ཀྱི་མཆོད་པ་བསྐང་ཞིང་བཤགས།
།ཡིག་བརྒྱ་བརྗོད། ཚོགས་ཐ་མ་དགྲ་བགེགས་མངོན་སུམ་གསལ་ལ།
ཧཱུྃ། དཀོན་མཆོག་རྩ་གསུམ་བདེན་སྟོབས་དང་། །ཆོས་ཉིད་ཆོས་ཅན་བདེན་པས་མཐུས། །བཟུང་འཛིན་འཁྲུལ་རྟོག་དགྲ་དགེགས་ྦདུད། །དམིགས་པའི་རྟེན་ལ་མྱུར་དུ་ཁུག
།སརྦ་ཤ་ཏྲུན་བིགྷྣཱན་ཛཿཧཱུྃ་བྃ་ཧོ། མཱ་ར་ཡ་ཕཊ།
རིག་པ་ཡེ་ཤེས་ཕུར་པ་ཡིས། །མ་རིག་འཁྲུལ་རྟོག་དབྱིངས་སུ་བསྒྲལ། །ཤ་ཁྲག་བདུད་རྩི་རྒྱ་མཚོ་འདི། །ལྷ་ཚོགས་དགྱེས་པའི་ཞལ་དུ་བཏབ། །རོལ་ཅིག་བཞེས་ཤིག་ཁ་རྃ་ཁཱ་ཧི།
།ཕྱི་ནང་གསང་བའི་འདོད་ཡོན་གྱི་སྣང་བ་སྒྱུ་མ་ལྟ་བུ་མཐའ་དག་བདེ་ཆེན་པོ་རོ་གཅིག་ཏུ་ཚིམ་པར་ལྟའོ།
།དེ་ནས་བརྡ་དང་བརྡའི་འབུལ་ལེན་གྱི་ཞེན་པ་མེད་པར་ཚོགས་ལ་རོལ། མཐར།
ལྟེ་བར་གཏུམ་མོ་འབར་བ་ཡིས། །དེ་བཞིན་གཤེགས་པ་ལྔ་བསྲེགས་ཤིང་། །སྤྱན་མ་མིག་ལ་སོགས་པ་ཡང་། །བསྲེག་པས་རི་བོང་ཅན་ཧཾ་འཛག
།ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་ནུ་རཱ་ག་ཎ་བཛྲ་སྭ་བྷ་ཝ་ཨཱཏྨ་ཀོ྅ཧཾ།
འདིར་ནི་ཐོག་མ་དབུས་མཐའ་མེད། །སྲིད་མེད་མྱ་ངན་འདས་པ་མེད། །བདག་མེད་གཞན་ཡང་མེད་པ་སྟེ། །འདི་ནི་མཆོག་ཏུ་བདེ་ཆེན་ཉིད།
།ལྷག་མ་བྲན་ལ། ཨོཾ་ཨཱཿཧཱུྃ། ལན་གསུམ།
ལྷག་གཏོར་བདུད་རྩིའི་རྒྱ་མཚོ་གྱུར་པ་འདི། །ཡེ་ཤེས་ལས་དང་འཇིག་རྟེན་ཚུལ་འཛིན་པའི། །ཌཱ་ཀིའི་བདེ་ཆེན་སྲུང་མའི་ཚོགས་ལ་འབུལ། །བར་ཆད་ཀུན་སེལ་མཐུན་རྐྱེན་ཡིད་བཞིན་སྒྲུབ།
ཨུ་ཙྪི་ཥྚ་བ་ལིཾ་ཏ་ཁཱ་ཧི།
སྲུང་མའི་གཏོར་མ་འབྲུ་གསུམ་གྱིས་བྱིན་རླབས།
ཧཱུྃ། སྔོན་ཚེ་དམ་པའི་སྤྱན་སྔར་ཞལ་བཞེས་པའི། །བསྟན་སྐྱོང་དམ་ཅན་རྒྱ་མཚོའི་ཚོགས་བཅས་ཀྱིས། །གཏོར་མ་འདི་བཞེས་ཞི་རྒྱས་དབང་དྲག་སོགས། །རྣལ་འབྱོར་བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད།
།བསྟན་མའི་གཏོར་མ་བཤལ་ཆུ་དང་སྨན་ཕུད་ཀྱི་བྲན་ལ་འབྲུ་གསུམ་གྱི་བྱིན་རླབས།
བྷྱོ། བོད་ཁམས་འཇིག་རྟེན་སྐྱོང་བའི་གཡར་དམ་ཅན། །བདུད་དང་གནོད་སྦྱིན་སྨན་མོའི་ཚོགས་བཅས་ཀྱིས། །དམ་རྫས་གཏོར་མའི་བཤལ་ཆུ་འདི་བཞེས་ལ། །གངས་ཅན་མཐའ་དབུས་བདེ་བའི་ཕྲིན་ལས་མཛོད།
།གཏོར་གཞོང་ཁ་སྦུབས་ལ།
ཧཱུྃ་ཧྲཱིཿ རྩ་གསུམ་དབང་དྲག་རོལ་པའི་དཀྱིལ་འཁོར་དུ། །བར་ཆད་དམ་སྲིའི་དཔུང་ཚོགས་སྡེ་དང་བཅས། །རྡོ་རྗེ་ལྷུན་པོ་འབར་བའི་འོག་ཏུ་གནན། །ཡེ་ཤེས་རོལ་པའི་བྲོ་ཡིས་རྒྱས་གདབ་བོ།
།སརྦ་ཤ་ཏྲུན་བིགྷྣཱན་སྟྭཾ་བྷཱ་ཡ་ཧཱུྃ་ཧཱུྃ།
།མཆོད་བསྟོད་ནོངས་བཤགས་ྦརྟན་བཞུགས་སྤྱི་མཐུན་བྱ། བཀྲ་ཤིས་བསྔོ་སྨོན་ཟབ་མོས་རྒྱས་བདབ་སྟེ།
བླ་མ་རྩ་གསུམ་དཀྱིལ་འཁོར་དུ། །ཚོགས་ཀྱི་སོགས། འགྲུབ་པར་ཤོག
།བརྗོད་བྲལ་ལྷན་སྐྱེས་ཡེ་ཤེས་སྙིང་ལ་ཤར། །ཐ་མལ་སྣང་ཞེན་ལྷ་ཡི་འཁོར་ལོ་རྫོགས། །རྩ་རླུང་ཐིག་ལེ་དབུ་མའི་དབྱིངས་སུ་ཐིམ། །སྤྱོད་དང་ཉེ་རྒྱུའི་བརྟུལ་ཞུགས་མཐར་ཕྱིན་ཤོག །གཞན་ཡང་འཇིགས་པ་བརྒྱད་དང་བཅུ་དྲུག་སོགས། །མི་མཐུན་ཕྱོགས་ཀུན་ཉེ་བར་ཞི་བ་དང་། །ཚེ་དང་བསོད་ནམས་ལུང་རྟོགས་ཡོན་ཏན་དཔལ། །ཆོས་མཐུན་བསམ་དོན་འབད་མེད་འགྲུབ་གྱུར་ཅིག
།ཅེས་པའང་གསར་རྙིང་རྩ་བ་གསུམ་གྱི་ལྷ་ཚོགས་གང་ལའང་སྦྱར་དུ་རུང་བ་བསམ་ཤིང་། ལྷག་པར་རང་ཉིད་ཕྱོགས་མེད་ཀྱི་རི་སུལ་འགྲིམ་པའི་ཚེ། ཐབས་ཤེས་མཆོད་པའི་ཆ་རྐྱེན་བློ་བུར་དུ་འཛོམས་པའི་དུས། ལྷ་ཡི་ང་རྒྱལ་དང་མ་བྲལ་བའི་སྒོ་ནས། དཀར་བགེགས་གང་རུང་སྲུང་འཁོར་ཙམ་སྔོན་དུ་གཏོང་ནས་ཕྲལ་དུ་ཚོགས་ཀྱི་མཆོད་པ་རེ་བྱ་བའི་འདུན་པས་ཀརྨ་སྒྲུབ་བརྒྱུད་བསྟན་འཛིན་ྤས་བྲིས་པ་འདིས་ཀྱང་རྡོ་རྗེ་འཛིན་པ་རྣམས་ཀྱི་ལྟ་སྒོམ་སྤྱོད་པའི་བོགས་འདོན་དུ་འགྱུར་བར་ཤོག་ཅིག། །།