Bde mchog lha lnga'i dbang bzhi'i 'grigs

From Shangpa Resource Center
Revision as of 14:59, 20 December 2018 by Sengue (talk | contribs)








Resource ID SCv7p457
Title bde mchog lha lnga'i dbang bzhi'i 'grigs
Alt. title bde mchog lha lnga'i dbang bzhi lus sgrigs
Topics Initiation
Sub-Topics Chakrasamvara
Author Gyeltsen Bum

༄༅། །བདེ་མཆོག་ལྷ་ལྔའི་དབང་བཞིའི་འགྲིགས་བཞུགས་སོ།།

བླ་མ་ཡི་དམ་དབྱེར་མེད་ལ། །གུས་བཏུད་ཏིང་འཛིན་དབང་བསྐུར་བྲི། །གང་ཞིག་དཔལ་འཁོར་ལོ་སྡོམ་པའི་དབང་བསྐུར་བར་འདོད་པས། ཡིད་དང་མཐུན་པའི་གནས་བསྟར་བ་ལེགས་པར་བྱས་པའི་མཎྜལ་གྱི་ས་གཞི་ལ། བ་ཡི་རྣམ་ལྔ་དང་། དྲི་བཟང་དང་། བདུད་རྩིས་བྱུགས་ལ། པདྨ་འདབ་བཞི་ཕྱོགས་ཚོན། ལྟེ་བ་དང་ལྔ་ལ་མེ་ཏོག་གི་ཚོམ་བུ་བཀོད། ཆུ་གསུམ་དང་། མཆོད་པ་ལྔ་དང་། ནང་མཆོད་དང་། གཏོར་མ་ལྔ་བཤམ་མོ། དེ་ནས་རང་ཉིད་ལྷའི་མངོན་རྟོགས་བསྒོམ་ཞིང་བཟླས་པ་བྱ། མཆོད་པ་བསང་སྦྱངས་བྱིན་གྱིས་བརླབས་སོ།
དེ་ནས་མཎྜལ་གཞལ་ཡས་ཁང་གྲུ་བཞི་སྒོ་བཞིར་བསམ་པའི་དབུས་སུ། པདྨ་འདབ་བཞིའི་ལྟེ་བར་ ཧཱུྃ་ ལཾ་ མཾ་ པཾ་ ཏཾ་ལས་འོད་ཟེར་འཕྲོས་ཏེ། ཁམས་གསུམ་གྱི་སེམས་ཅན་ཐམས་ཅད་ཀྱི་སྡིག་སྒྲིབ་སྦྱང་ནས། འོད་ཟེར་ཚུར་འདུས། ས་བོན་ལ་ཐིམ་པ་ལས། འཁོར་ལོ་བདེ་མཆོག་སྐུ་མདོག་སྔོན་པོ་ཞལ་གཅིག་ཕྱག་གཉིས་པ། རྡོ་རྗེ་དྲིལ་བུ་འཛིན་པས་ཡུམ་རྡོ་རྗེ་ཕག་མོ་ལ་འཁྱུད་པ། ཤར་དུ་མཁའ་འགྲོ་མ་འཐིང་ག །བྱང་དུ་ལཱ་མ་ལྗང་གུ །ནུབ་དུ་ཁཎྜ་རོ་ཧི་དམར་མོ། ལྷོར་གཟུགས་ཅན་མ་སེར་མོར་བསྐྱེད་ལ། མ་ལུས་ཅེས་པ་ནས།
སྤྱན་དྲངས་ནས། བསྟོད་པའི་བར་དུ། མཆོད་ཕྲེང་ལྟར་བྱ། གཏོར་མ་འབུལ། བདག་འཇུག་བླང་ངོ་།
དེ་ནས་སློབ་མ་མཚན་ཉིད་དང་ལྡན་པ་གྲལ་ལ་འཁོད་པ་ལ། བགེགས་གཏོར་དང་། དེལ་འབྱོར་རྙེད་པར་དཀའ་བ་ནས། ཡེ་ཤེས་དབབ་པའི་བར་སྔོན་འགྲོ་ལྟར་བྱའོ།
།དེ་ནས་སློབ་མའི་སྤྱི་བོར་པཾ་ལས་པདྨ། རཾ་ལས་ཉི་མའི་དཀྱིལ་འཁོར་དང་། འཇིགས་བྱེད་དང་དུས་མཚན་གྱི་སྟེང་དུ་ཧཱུྃ་མཐིག་ག །མགྲིན་པར་པཾ་ལས་པདྨ་དམར་པོ་འདབ་མ་བཞིའི་སྟེང་དུ་ཨཱཿདམར་པོ་འབུར་སྐྱེས་ཅིག་བསམ། སྙིང་གར་པད་ཉི་དང་འཇིགས་བྱེད་དུས་མཚན་གྱི་སྟེང་དུ་ཧཱུྃ་མཐིག་ག །ལྟེ་བར་ཆོས་འབྱུང་གྲུ་གསུམ་དམར་པོའི་ནང་དུ་བཾ་དམར་པོ་ཅིག་བསམ་མོ།
།དེ་ནས་སྤྱི་བོའི་ཧཱུྃ་ལས་འོད་ཟེར་ཕར་འཕྲོས། ཁམས་གསུམ་གྱི་སེམས་ཅན་ཐམས་ཅད་ཀྱི་སྡིག་སྒྲིབ་སྦྱངས་ནས། བཅོམ་ལྡན་འདས་འཁོར་ལོ་བདེ་མཆོག་གི་གོ་འཕང་ལ་བཀོད། འོད་ཟེར་ཚུར་འདུས་ཧཱུྃ་ལ་ཐིམ། ཧཱུྃ་དེ་ཡོངས་སུ་འགྱུར་པ་ལས། ཧེ་རུ་ཀ་བླ་མ་དང་གཉིས་སུ་མེད་པའི་རང་བཞིན་རྒྱན་ཆ་ལུགས་དང་ལྡན་པ་ཡབ་ཡུམ་གྱི་རྣམ་པ་ཅན་ལ། ཌཱ་ཀི་བཞི་གཡོན་སྐོར་དུ་ཀོ་རོ་རོ་བསྐོར་བ་བྱེད་པ་ལ་ཤེས་པ་གཏད་དོ།
།དེ་ནས་ངོ་བོ་ནི་བླ་མ། རྣམ་པ་ནི་ཡི་དམ། སྐུའི་ངོ་བོ་ལྷ་ལྔ་ལ། རང་གི་ལུས་ལོངས་སྤྱོད་དང་། དུས་གསུམ་དུ་བསགས་པའི་དགེ་བའི་རྩ་བ་ཐམས་ཅད་དང་། ཕྱི་ནང་གསང་གསུམ་གྱིས་མཆོད་ལ། བླ་མ་རིན་པོ་ཆེས་བདག་ལ་དབང་བཞི་རྫོགས་པར་བསྐུར་དུ་གསོལ།
།ཅེས་གསོལ་བ་བཏབ་པས། དེའི་ཐུགས་ཀའི་ཧཱུྃ་ལས་བདུད་རྩིའི་ཆུ་རྒྱུན་ནམ་འོད་ཟེར་དཀར་པོ་བྱུང་བས་རང་གི་སྤྱི་བོ་བདེ་ཆེན་འོད་ཀྱིས་ཁྱབ་པས་ལུས་ཀྱི་སྡིག་སྒྲིབ་དག །བུམ་པའི་དབང་ཐོབ།
དེ་ནས་མགྲིན་པ་ལོངས་སྤྱོད་ཀྱི་འཁོར་ལོ་འོད་ཀྱིས་ཁྱབ་པས། ངག་གི་སྡིག་སྒྲིབ་དག །གསང་བའི་དབང་ཐོབ།
དེ་ནས་ཆོས་ཀྱི་འཁོར་ལོ་འོད་ཀྱིས་ཁྱབ་པས། ཡིད་ཀྱི་སྡིག་སྒྲིབ་དག །ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ།
དེ་ནས་ལྟེ་བ་སྤྲུལ་པའི་འཁོར་ལོ་འོད་ཀྱིས་ཁྱབ་པས། ལུས་ངག་ཡིད་གསུམ་གྱི་སྡིག་སྒྲིབ་དག །དབང་བཞི་པ་ཐོབ་པར་བསམ། །བུམ་པའི་དབང་བཞིའོ།
དེ་ནས་སྤྱི་བོའི་ལྷ་མོ་བཞི་ཡུམ་ལ་ཐིམ། ཡུམ་ཡབ་ལ་ཐིམ། ཡབ་འོད་དུ་ཆུ་ཞིང་། སྤྱི་བོ་ཚངས་པའི་བུ་ག་ནས་མར་ཞུགས་ནས། མགྲིན་པའི་ཨཱཿལ་ཐིམ་པར་བསམ་མོ།
དེ་ནས་བླ་མ་ཡི་དམ་གྱི་གསུང་གིས་ངོ་བོ་ཨཱཿདེ་ལ་སྔ་མ་ལྟར་མཆོད་ལ། བདག་ལ་གསང་བའི་དབང་བསྐུར་དུ་གསོལ། ཅེས་གསོལ་བ་བཏབ་པས། ཨཱ་ལས་འོད་ཟེར་དཀར་ལ་དམར་བའི་མདངས་ཆགས་པ་བདེ་ཕྲི་ལི་ལི་བྱུང་ནས། མགྲིན་པ་ལོངས་སྤྱོད་ཀྱི་འཁོར་ལོ་འོད་ཀྱིས་ཁྱབ་པས་ངག་གི་སྡིག་སྒྲིབ་དག །གསང་བའི་དབང་ཐོབ་པར་བསམ་མོ།
།དེ་ནས་མགྲིན་པའི་པདྨ་འོད་དུ་ཞུ་ཨཱཿལ་ཐིམ། ཨཱཿའོད་དུ་ཞུ་ཞིང་སྙིང་གའི་ཧཱུྃ་ལ་ཐིམ། ཧཱུྃ་ཡོངས་སུ་འགྱུར་པ་ལས་བཅོམ་ལྡན་འདས་བདེ་མཆོག་ལྷ་ལྔའི་དཀྱིལ་འཁོར་དུ་གྱུར་པར་བསམ། དེ་ཡང་རྩ་བའི་མཁའ་འགྲོ་མ་བཞི་གཙོ་བོ་ལ་བསྐོར་བ་བྱེད་པ་ལ་ཤེས་པ་གཏད་དོ།
།དེ་ནས་བླ་མ་ཡི་དམ་གྱི་ཐུགས་ཀྱི་ངོ་བོ་ལྷ་ལྔ་ལ་སྔར་ལྟར་མཆོད་ལ། བདག་ལ་ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་དུ་གསོལ། ཅེས་གསོལ་བ་བཏབ་པས། གཙོ་བོའི་ཐུགས་ཀ་ནས་འོད་ཟེར་སྔོན་པོ་བྱུང་ནས། སྙིང་ག་ཆོས་ཀྱི་འཁོར་ལོ་འོད་ཀྱིས་ཁྱབ་པས། ཡིད་ཀྱི་སྡིག་སྒྲིབ་དག །ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ་པར་བསམ་མོ།
།དེ་ནས་སྙིང་གའི་ལྷ་མོ་བཞི་ཡུམ་ལ་ཐིམ་ ཡུམ་ཡབ་ལ་ཐིམ། ཡབ་འོད་དུ་ཞུ། ལྟེ་བ་ཆོས་འབྱུང་གི་བྃ་ལ་ཐིམ། བཾ་དེ་ཡོངས་སུ་གྱུར་པ་ལས། རྗེ་བཙུན་མ་ཞལ་གཅིག་ཕྱག་གཉིས་མ་ཕྱག་གཡས་ན་ཅང་ཏེའུ་སྒྲ་དང་བཅས་པ། གཡོན་ན་ཐོད་པ་བསྣམས་པ། སྐུ་མདོག་དམར་མོ་རུས་པའི་རྒྱན་ཆ་ཅན། ཁྲོ་བ། འཛུམ་པ། སྒེག་པ། གར་བྱེད་པ་དེ་ལ་ཤེས་པ་གཏད་དོ།
།དེ་ནས་བླ་མ་ཡི་དམ་གྱི་སྐུ་གསུང་ཐུགས་ཀྱི་ངོ་བོ་རྗེ་བཙུན་བླ་མ་ལ་སྔར་ལྟར་མཆོད་ལ། བླ་མ་རིན་པོ་ཆེ་བདག་ལ་དབང་བཞི་བསྐུར་དུ་གསོལ། ཅེས་གསོལ་བ་བཏབ་པས། རྣལ་འབྱོར་མའི་སྣ་བུག་གཡས་ནས་ཨཱ་ལི་བྱུང་། གཡོན་ནས་ཀཱ་ལི་བྱུང་ནས། སྨིན་མཚམས་སུ་གཡུང་དྲུང་རིས་དམར་པོ་ཅིག་ཏུ་གྱུར་ནས་དེ་དྲག་ཏུ་འཁོར་བར་བསམ་མོ།
།དེ་ནས་རྣལ་འབྱོར་མ་འོད་དུ་ཞུ་ནས་རང་ལ་ཐིམ། རང་ཡང་འོད་ཀྱི་ཕུང་པོ་ལྟ་བུར་སྟོང་སངས་ཀྱིས་སངས་ནས། ཆོས་ཐམས་ཅད་ཀྱི་གནས་ལུགས་སྤྲིན་མེད་པའི་ནམ་མཁའ་ལྟ་བུར་དར་ཅིག་བསྒོམ་དུ་བཞུག་གོ
།དེས་ལུས་ངག་ཡིད་གསུམ་ཐ་དད་ཀྱི་སྡིག་སྒྲིབ་དག །དབང་བཞི་པ་ཐོབ་པར་བསམ་མོ།
།དེ་ནས་ཆོས་སྐུ་ལ་ལོངས་སྐུར་ལྟ་བའི་ཚུལ་གྱིས་སྒྱུ་མ་ལྟ་བུའི་སྐུ། སྣང་ལ་ཞེན་པ་མེད་པར་མེ་ལོང་ནང་གི་གཟུགས་བསྙན་ལྟ་བུར་བསྒོམ་མོ།
།དེ་ལྟར་སྤྱི་བོའི་བླ་མ་ལ་སེམས་གཏད་ནས་བསྒོམ་པས་དྲོད་སྐྱེས། དགའ་བའི་དབང་དུ་བྱས་ན་ཉམས་སུ་མྱོང་བའི་དགའ་བའོ།
།མགྲིན་པའི་ཨཱཿལ་ཤེས་པ་གཏད་པའི་དུས་སུ། ལུས་སེམས་ལ་བདེ་བ་སྐྱེ། དེས་གསང་བའི་དབང་གི་ངོ་སྤྲོད། །དགའ་བའི་དབང་དུ་བྱས་ན་མཆོག་དགའོ།
།སྙིང་གའི་ལྷ་ཚོགས་ལ་ཤེས་པ་གཏད་པའི་དུས་སུ། ལུས་སེམས་ལ་མི་རྟོག་པ་སྐྱེ། དེ་ཤེས་རབ་ཡེ་ཤེས་ཀྱི་དབང་གི་ངོ་སྤྲད་དོ། །དགའ་བའི་དབང་དུ་བྱས་ན་དགའ་བྲལ་གྱི་དགའ་བའོ།
།ཆོས་འབྱུང་གི་རྣལ་འབྱོར་མ་ལ་ཤེས་པ་གཏད་པའི་དུས་སུ། ལུས་སེམས་ལ་བདེ་དྲོད་མི་རྟོག་པ་གསུམ་སྐྱེ། །དབང་གསུམ་པའི་ངོ་བོ་གཅིག་ཏུ་འདུས་པ་དེ་དབང་བཞི་པའི་ངོ་སྤྲད །དགའ་བའི་དབང་དུ་བྱས་ན་ལྷན་ཅིག་སྐྱེས་པའི་དགའ་བའོ།
།དེ་ནས་སློབ་མ་ལ་མཆོད་པ་རྣམ་ལྔ་ཚར་གཅིག་དབུལ་ལོ།
།དབང་གི་ཕན་ཡོན་ནི། དབང་མ་ཐོབ་པ་ཐོབ་པ་དང་། ཐོབ་ནས་ཉམས་པ་གསོ་བ་དང་། སྡིག་པ་ཐམས་ཅད་མྱུར་དུ་ཟད་ནས། དཔལ་བདེ་བ་ཆེན་པོའི་སྐུ་མངོན་སུམ་དུ་མཐོང་བར་འགྱུར་རོ།
།ལྷན་ཅིག་སྐྱེས་པའི་ཡེ་ཤེས་རྒྱུད་ལ་སྐྱེས་ནས། བཅུ་བཞི་བདེ་བ་ཆེན་པོའི་ས་ཐོབ་པར་འགྱུར་རོ།
།དེ་ཡང་དབང་ལ་གསུམ་སྟེ། མ་སྨིན་པ་སྨིན་པར་བྱེད་པ་གཞིའི་དབང་། སྨིན་པ་གྲོལ་བར་བྱེད་པ་ལམ་གྱི་དབང་། གྲོལ་བ་མཐར་ཕྱིན་པ་འབྲས་བུའི་དབང་སྟེ།
དེ་ཡང་རྡོ་རྗེའི་སྒོའི་རྒྱུད་ལས། གཞི་ནི་དབང་ལ་བརྟེན་པ་དང་། །རྒྱུ་ནི་དབང་གིས་བསྐྱེད་པ་དང་། །ལམ་ནི་དབང་གིས་བགྲོད་པ་དང་། །འབྲས་བུ་དབང་དུ་གནས་པའོ། །མ་སྨིན་པ་སྨིན་པར་བྱ་བ་དང་། །སྨིན་པར་རྣམ་པར་གྲོལ་བའི་ཕྱིར། །དབང་བསྐུར་ཞེས་ནི་གྲགས་པ་ཡིན། །ཅེས་སོ། །དེ་ནས་ཚོགས་ལ་ལོངས་སྤྱོད་པ་ལ་སོགས་པའོ། །བདག་འཇུག་དང་། །ཁྲིད་དང་། ཉམས་ལེན་རྒྱུན་པ་ལ་སྔོན་འགྲོ་དང་། རྗེས་ཀྱི་བཤད་པ་སྤངས་ནས། སློབ་མའི་སྤྱི་བོར་ཅེས་པ། །རང་གི་སྤྱི་བོར་ཅེས་པར་བསྒྱུར་ནས། མེ་ལོང་ནང་གི་གཟུགས་བརྙན་ལྟ་བུར་བསྒོམ། ཞེས་པའི་བར་བླང་ངོ་།
།ཚེ་འདས་ཀྱི་དོན་དུ་བྱེད་ན། རྟེན་བསྐྱེད་ནས་རྣམ་ཤེས་བསྟིམ་པ་ཙམ་མཾ། ཡང་ན་ཉི་བའི་སྲས་བརྒྱད་ལ་གསོལ་བ་བཏབ་པའི་བར་དུ། ཀུན་རིག་ལྟར་བྱས་པ་ལ་དབང་བཞི་བསྐུར་རོ།
འདོད་ཡོན་དང་། བྱང་ཆུབ་བསྲེགས་པ་དང་། ལམ་སྦྱངས་བསྟན་ནང་གི་ལུགས་ལྟར་བྱའོ།
དེ་ལྟར་བདེ་མཆོག །ལྷ་ལྔའི་དབང་བཞི། དབང་བཞི་ལུས་ལ་བསྒྲིགས་པའི་གཞུང་། །འཁྲུགས་བསྡེབས་དྷྭ་ཛ་ཡཀྵས་བཀོད། །དགེ་བས་བདེ་མཆོག་གོ་འཕང་ཐོབ་པར་ཤོག །ཤུ་བྷཾ། །