Ni gu'i dmigs phran rnams kyi byin rlabs

From Shangpa Resource Center








Resource ID SCv10p309
Title ni gu'i dmigs phran rnams kyi byin rlabs byed tshul zhal shes man ngag nye mkho
Topics Initiation

༄༅། །ནི་གུའི་དམིགས་ཕྲན་རྣམས་ཀྱི་བྱིན་རླབས་བྱེད་ཚུལ་ཞལ་ཤེས་མན་ངག་ཉེ་མཁོ་བཞུགས་སོ།།

བདེ་མཆོག་དབུ་མ་ཡིག་བདུན་དང་། །མཁའ་སྤྱོད་རིག་འཛིན། བདེ་མཆོག་སྐུ་གསུང་ཐུགས་སྒྲུབ་དང་། རྗེ་བཙུན་མུ་ཏིག་འཕྲེང་བ་རྣམས་ཀྱི་དབང་བསྐུར་བ་ལ། སྔོན་འགྲོ་ལྔ་པ་ཡིག་ཆུང་བཞིན་བཏང་ནས།

དངོས་གཞི་ཐོག་མར་བདེ་མཆོག་དབུ་མ་ཡིག་བདུན་ནི། སློབ་དཔོན་འཁོར་ལོ་སྡོམ་པ་ཡབ་ཡུམ་དུ་གསལ་བ་ལ། ཕྱི་ནང་གསང་བ་དེ་ཁོ་ན་ཉིད་ཀྱི་མཆོད་པ་རྣམ་པ་བཞི་ཕུལ་ཞིང་། བདག་ལ་དབང་བཞི་རྫོགས་པར་བསྐུར་དུ་གསོལ། ཞེས་ཡིད་ཀྱི་གསོལ་བ་གདུང་པ་བཏབ་པས། བླ་མའི་དཔྲལ་བ་ནས་ཡི་གེ་བདུན་པ་ཁ་དོག་དཀར་པོའི་ཚོགས་དཔག་ཏུ་མེད་པ་བྱུང་། སློབ་མའི་དཔྲལ་བར་ཐིམ་པས་བུམ་པའི་དབང་བསྐུར་བ་ཐོབ་པར་བསམ། དེ་བཞིན་དུ། མགྲིན་པ་ནས་ཡི་གེ་བདུན་པ་ཁ་དོག་དམར་པོ་དང་། ཐུགས་ཀ་ནས་ཡི་གེ་བདུན་པ་ཁ་དོག་སྔོན་པོ་དང་། གནས་གསུམ་ཅར་ནས་ཡི་གེ་བདུན་པ་དཀར་དམར་མཐིང་གསུམ་ཅར་གྱིས་ཚོགས་དཔག་ཏུ་མེད་པ་སྤྲོས་པ་རྣམས། སློབ་མའི་མགྲིན་པ་དང་། སྙིང་ག་དང་། གནས་གསུམ་ཅར་དུ་ཐིམ་པས་གསང་དབང་དང་། ཤེས་རབ་ཡེ་ཤེས་དང་། དབང་བཞི་པ་རྣམས་རིམ་པར་ཐོབ་པར་བསམ། དེ་ལྟར་བྱིན་གྱིས་བརླབས་ཤིང་། དབང་བསྐུར་བའི་རྐྱེན་གྱིས་སློབ་མ་འཁོར་ལོ་སྡོམ་པ་ཡབ་ཡུམ་དུ་བསྐྱེད་པ་སོགས། དབུ་མ་ཡིག་བདུན་གྱི་སྒྲུབ་ཐབས་ནས་འབྱུང་བ་བཞིན། སྒོམ་ལུང་རྫོགས་པར་ཕོག །བཟླས་པའི་སྐབས། ཡི་གེ་བདུན་པ་ཚར་བདུན་ཙམ་གྱིས་རྗེས་བཟློས་མཛོད།

།བདེ་མཆོག་མཁའ་སྤྱོད་རིག་འཛིན་གྱིས་བྱིན་རླབས་ཀྱི་དངོས་གཞི་ནི། བླ་མ་འཁོར་ལོ་སྡོམ་པ་ཡབ་ཡུམ་དུ་གསལ་བ་ལ། མཆོད་པ་ཕུལ་ཞིང་། གསོལ་བ་གོང་བཞིན་བཏབ་པས། དེ་ཉིད་རང་གི་སྤྱི་བོར་བྱོན། ཐུགས་ཀ་ནས་འོད་ཟེར་འཕྲོས། སངས་རྒྱས་བྱང་སེམས་དཔའ་བོ་མཁའ་འགྲོའི་ཚོགས་དང་བཅས་པ་ཐམས་ཅད་སྤྱན་དྲངས་ཏེ་བླ་མ་ཡབ་ཡུམ་གྱིས་སྐུ་ལ་ཐིམ། ཡབ་ཡུམ་སྙོམས་པར་ཞུགས་པའི་སྦྱོར་མཚམས་ནས། བྱང་ཆུབ་ཀྱི་སེམས་ཀྱི་ཆུ་རྒྱུན་དཔག་ཏུ་མེད་པ་བྱུང་ནས། སློབ་མའི་ཚང་བུག་ནས་ཞུགས། སྨིན་འཚམས་ཡན་ཆད་གང་བས་བུམ་པའི་དབང་ཐོབ། དེ་བཞིན་དུ་མགྲིན་པ་ཡན་ཆད་གང་བས་གསང་བའི་དབང་ཐོབ། སྙིང་ག་ཡན་ཆད་གང་བས་ཤེས་རབ་ཡེ་ཤེས་ཀྱི་དབང་དང་། ལུས་ཐམས་ཅད་བྱང་ཆུབ་ཀྱི་སེམས་ཀྱི་གང་བས་དབང་བཞི་པ་ཐོབ་པར་བསམ། མཐར་སྤྱི་བོའི་བླ་མ་ཡབ་ཡུམ་ཡང་འོད་དུ་ཞུ་ནས། སློབ་མའི་ལུས་ལ་ཐིམ་པར་བསམ་ལ། དེའི་རྗེས་སུ་བདེ་མཆོག་མཁའ་སྤྱོད་རིག་འཛིན་གྱིས་སྒྲུབ་ཐབས་ལས་འབྱུང་བ་བཞིན། སྒོམ་ལུང་རྫོགས་པར་ཕོག །དབུ་མ་ཡིག་བདུན་དང་། འདི་གཉིས་ལ་མདུན་བསྐྱེད་ཀྱི་དཀྱིལ་འཁོར་མེད་ཅིང་། སློབ་དཔོན་འཁོར་ལོ་སྡོམ་པ་ཡབ་ཡུམ་དུ་གསལ་བ་ཉིད་ལ་དབང་ལེན་པ་ཡིན་ནོ།

།སྐུ་གསུང་ཐུགས་སྒྲུབ་ཀྱི་དངོས་གཞི་ནི། སློབ་དཔོན་དང་མདུན་བསྐྱེད་དབྱེར་མ་མཆིས་པ། འཁོར་ལོ་སྡོམ་པ་ཡབ་ཡུམ་དུ་གསལ་བའི་དཔྲལ་བར་སྐུའི་འཁོར་ལོ་རྩིབས་བཞི་པའི་ལྟེ་བར་འཁོར་ལོ་སྡོམ་པ་དཀར་པོ་དང་། རྩིབས་བཞི་ལ་མཁའ་འགྲོ་མ་བཞི་སྐུ་མདོག་དཀར་མོའི་རྣམ་པ་ཅན་དང་། མགྲིན་པར་གསུང་གི་འཁོར་ལོ་དམར་པོ་རྩིབས་བཞི་པའི་ལྟེ་བ་དང་རྩིབས་རྣམས་ལ། འཁོར་ལོ་བདེ་མཆོག་འཁོར་ལྷ་མོ་བཞི་དང་བཅས་པ། སྐུ་མདོག་དམར་པོའི་རྣམ་པ་ཅན་དང་། ཐུགས་ཀར་ཐུགས་ཀྱི་འཁོར་ལོ་སྔོན་པོ་རྩིབས་བཞི་པའི་ལྟེ་བ་དང་། རྩིབས་རྣམས་ལ། འཁོར་ལོ་སྡོམ་པ་འཁོར་ལྷ་མོ་བཞི་དང་བཅས་པ་སྐུ་མདོག་སྔོན་པོའི་རྣམ་པར་བཞུགས་པར་མོས་ལ། དེ་རྣམས་ལ་མཆོད་པ་དང་། གསོལ་འདེབས་གོང་བཞིན་བྱས་པས། བླ་མའི་དཔྲལ་བའི་འཁོར་ལོ་ལས། འཁོར་ལོ་སྡོམ་པ་དཀར་པོའི་ཚོགས་དཔག་ཏུ་མེད་པ་སྤྲོས། སློབ་མའི་དཔྲལ་བར་ཐིམ་པས་ན། བུམ་དབང་དང་། མགྲིན་པ་ནས་འཁོར་ལོ་སྡོམ་པ་དམར་པོའི་ཚོགས་སྤྲོས། སློབ་མའི་མགྲིན་པར་ཐིམ་པས། གསང་དབང་དང་། ཐུགས་ཀ་ནས་འཁོར་ལོ་སྡོམ་པ་མཐིང་ཁའི་ཚོགས་དཔག་ཏུ་མེད་པ་སྤྲོས། སློབ་མའི་སྙིང་གར་ཐིམ་པས་ཤེས་རབ་ཡེ་ཤེས་དང་། སློབ་དཔོན་གྱི་སྐུ་ལས་སྤྲུལ་པ་དཔག་ཏུ་མེད་པ་སྤྲོས། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ། ཕྲིན་ལས་རྣམ་པ་བཞི་སྒྲུབ། སྤྲུལ་པ་རྣམས་ཚུར་འདུས་ཏེ། སློབ་མའི་ལུས་ལ་ཐིམ་པས་དབང་བཞི་པ་ཐོབ་པར་བསམ། དེ་རྗེས་སུ་བདེ་མཆོག་སྐུ་གསུང་ཐུགས་སྒྲུབ་ཀྱི་སྒྲུབ་ཐབས་ནས་འབྱུང་པ་བཞིན། སྒོམ་ལུང་རྫོགས་པར་ཕོག །འདི་ལ་མདུན་བསྐྱེད་ཀྱི་དཀྱིལ་འཁོར་མཎྜལ་པདྨ་འདབ་བཞི་དཀར་པོ་དང་། དམར་པོ་དང་། མཐིང་ཁ་རྣམས། མཎྜལ་གསུམ་གྱི་སྟེངས་སུ་བྲིའོ།

།རྗེ་བཙུན་མ་མུ་ཏིག་འཕྲེང་བའི་བྱིན་རླབས་ཀྱི་དངོས་གཞི་ནི། སློབ་མ་ལ་ཐོག་མར་སྒྲུབ་ཐབས་ནས་ཇི་སྐད་འབྱུང་བ་བཞིན་གྱི་སྒོམ་ལུང་རྫོགས་པར་ཕོག །ཡེ་ཤེས་པ་བསྟིམ་པའི་རྗེས་སུ། གནས་གསུམ་བྱིན་རླབས་དང་། གོ་ཆ་འགོད་པ་གཞུང་ན་མི་གསལ་ཡང་མཛད། སྔགས་ཀྱི་བཟླས་པའི་སྐབས། སྔགས་ཀྱི་རྗེས་བཟློས་ཡང་ཚར་གསུམ་མཛད་དོ། །དེ་ནས་སློབ་དཔོན་རྗེ་བཙུན་མར་གསལ་བ་ལ། གོང་བཞིན་མཆོད་པ་ཕུལ་ཞིང་། གསོལ་བ་བཏབ་པས། སློབ་དཔོན་གྱིས་དཔྲལ། མགྲིན། སྙིང་ག་གསུམ་ནས་འོད་ཟེར་དཀར་དམར་མཐིང་གསུམ་སྤྲོས། སློབ་མའི་གནས་གསུམ་དུ་ཐིམ་པས། དབང་དང་པོ་གསུམ་དང་། སློབ་དཔོན་གྱི་ལྟེ་བ་ནས། ཧྲཱིཿཡིག་དཔག་ཏུ་མེད་པ་སྤྲོས། སློབ་མའི་ལྟེ་བར་ཐིམ་པས་དབང་བཞི་པ་ཐོབ་པར་བསམ་མོ།
།བླ་མའི་དབང་བསྐུར་ནི། སྔོན་འགྲོ་ལྔ་པ་བཏང་ལ། དངོས་གཞི་ནི། སློབ་དཔོན་དང་མདུན་བསྐྱེད་དབྱེར་མ་མཆིས་པ་བསྲུང་བའི་འཁོར་ལོ་ཡངས་ཤིང་རྒྱ་ཆེ་བའི་དབུས་སུ། ཞིང་ཁམས་རྣམ་པར་དག་ཅིང་བཀོད་པ་ཕུན་སུམ་ཚོགས་པའི་དབུས་སུ་སེང་གེས་སྟེགས་པའི་རིན་པོ་ཆེའི་ཁྲི། པདྨ། ཉི་མ། ཟླ་བའི་སྟེ་དུ་བླ་མ་ཧེ་རུ་ཀའི། རྡོ་རྗེ་འཆང་གི་རྣམ་པ་ཅན། སྐུ་མདོག་སྔོན་པོ་རྡོ་རྗེ་དང་དྲིལ་བུ་འཛིན་པས་རང་སྣང་གི་ཡུམ་ལ་མཁྱུད་པ། ཞབས་རྡོ་རྗེའི་སྐྱིལ་མོ་ཀྲུང་གི་བཞུགས་པ་དེའི་གཡས་ཕྱོགས་སུ་འདས་པའི་བླ་མ་རྣམས་དང་། གཡོན་དུ་མ་འོངས་པ་ན་རང་ལ་བྱིན་གྱིས་རློབ་པར་འགྱུར་པའི་བླ་མ་རྣམས་དང་། མདུན་དུ་བརྒྱུད་པའི་བླ་མ་རྣམས་བཞུགས་པར་བསམ། དེ་རྣམས་ལ་མཆོད་པ་བཞི་ཚོགས་སུ་ཕུལ་ཞིང་། བདག་ལ་བྱིན་གྱིས་བརླབ་ཏུ་གསོལ། །ཐུགས་རྗེས་བཟུང་དུ་གསོལ། །དམ་ཚིག་མ་ལུས་པ་བསྐང་དུ་གསོལ། །དབང་བཞི་བསྐུར་དུ་གསོལ། །ཞེས་གསོལ་བ་བཏབ་པས། དེའི་ཐུགས་ཀ་ནས་འོད་ཟེར་འཕྲོས། ཕྱོགས་བཅུའི་སངས་རྒྱས་བྱང་སེམས། ཡི་དམ་ཞི་ཁྲོ་རབ་བྱམས་དཔའ་བོ་མཁའ་འགྲོའི་ཚོགས་དང་བཅས་པ་ཐམས་ཅད་སྐད་ཅིག་ཉིད་ལ་སྤྱན་དྲངས། དེ་རྣམས་སྐུའི་རྣམ་པ་འགྱུར་ཏེ། སྐུའི་རིགས་ཀྱི་ལྷ་ཚོགས། སྐུ་མདོག་དཀར་པོ་འཁོར་ལོ་དང་དྲིལ་བུ་འཛིན་པ་དང་། གསུང་གི་རིགས་ཀྱི་ལྷ་ཚོགས་སྐུ་མདོག་དམར་པོ་པདྨ་དང་དྲིལ་བུ་འཛིན་པ་དང་། ཐུགས་ཀྱི་རིགས་ཀྱི་ལྷ་ཚོགས་སྐུ་མདོག་སྔོན་པོ། རྡོ་རྗེ་དང་དྲིལ་བུ་འཛིན་པའི་རྣམ་པར་བཞུགས་པར་བསམ། ཡང་དེ་རྣམས་ལ་མོས་གུས་གདུང་པ་བྱས་པས། སྐུའི་རིགས་ཀྱི་ལྷ་ཆོགས་རྣམས་ཀྱི་སྐུ་ལས་བདུད་རྩིའི་ཆུ་རྒྱུན་དཔག་ཏུ་མེད་པ་བྱུང་། བླ་མའི་སྐུའི་དཔྲལ་བ་ནས་ཞུགས། སྐུ་ལུས་བདེ་བ་ཆེན་པོས་གང་ཞིང་རྒྱས་པར་འགྱུར། རང་གི་ལུས་ཀྱི་དམ་ཚིག་ཉམས་ཆག་ཐམས་ཅད་དག་པར་བསམ། ཡང་གསུང་གི་རིགས་ཀྱི་ལྷ་ཚོགས་རྣམས་ཀྱི་སྐུ་ལས། བདུད་རྩིའི་ཆུ་རྒྱུན་དཔག་ཏུ་མེད་པ་བྱུང་། བླ་མའི་སྐུའི་མགྲིན་པ་ནས་ཞུགས། བླ་མའི་ཐུགས་བདེ་བ་ཆེན་པོས་གང་ཞིང་མཉེས་པར་གྱུར། རང་གི་དམ་ཚིག་ཉམས་ཆག་ཐམས་ཅད་དག་པར་བསམ། ཡང་ཐུགས་ཀྱི་རིགས་ཀྱི་ལྷ་ཚོགས་རྣམས་ཀྱི་སྐུ་ལས། བདུད་རྩིའི་ཆུ་རྒྱུན་དཔག་ཏུ་མེད་པ་བྱུང་། བླ་མའི་ཐུགས་ཀ་ནས་ཞུགས། ཐུགས་རྒྱུད་བདེ་བ་ཆེན་པོས་གང་ཞིང་མཉེས་པར་གྱུར། རང་གི་ཡིད་ཀྱི་དམ་ཚིག་ཉམས་ཆག་ཐམས་ཅད་དག་པར་བསམ་མོ།
དེ་ནས་འཇིག་རྟེན་གྱིས་ཁམས་འདི་རིན་པོ་ཆེ་གསེར་ལ་སོགས་པས་ཕྱུར་བུར་བཀངས་ཏེ། བླ་མ་ལ་ཕུལ་བར་བསམ། དེ་བཞིན་དུ་རྒྱལ་སྲིད་རིན་པོ་ཆེ་སྣ་བདུན་དང་། བཀྲ་ཤིས་ལྷ་མོ་བརྒྱད་ལ་སོགས་པས་ཀྱང་ཡོངས་སུ་བཀང་སྟེ་ཕུལ་བས་མཉིས་པར་མོས། དེ་ནས་རང་གི་མདུན་དུ། མི་མགོའི་སྒྱིད་པུ་གསུམ་བྱུང་བར་བསམ། རང་གི་ལག་པ་གཡས་སུ། ཡེ་ཤེས་ཀྱི་རལ་གྲི་རྣོ་ངར་དང་ལྡན་པ་ཞིག་གི་མགོ་བཅད་དེ། མདུན་གྱིས་བསྐྱེད་པོ་ལ་སྐལ་བར་བསམ་ཞིང་། ཨོཾ་ཨཱཿཧཱུཾ། ཞེས་བརྗོད་ལ། བདག་ལ་བུམ་པའི་དབང་བསྐུར་དུ་གསོལ། ཞེས་གསོལ་བ་བཏབ། རང་གི་ལུས་ཀྱི་རོ་སྟོད་ཐོད་པའི་ནང་དུ་བརྒྱང་སྟེ་བསྐྱུར་བར་མོས་ལ། ཨོཾ་ཨཱཿཧཱུཾ། ཞེས་བརྗོད་ལ། གསང་བའི་དབང་བསྐུར་དུ་གསོལ། ཞེས་གསོལ་བ་བཏབ། དེ་ནས་ལུས་ཀྱི་རོ་སྨད་ཐོད་པའི་ནང་དུ་རྒྱངས་ཏེ་སྐྱུར་ལ། ཨོཾ་ཨཱཿཧཱུཾ། ཞེས་བརྗོད་ཅིང་། བདག་ལ་ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་དུ་གསོལ། ཞེས་གསོལ་བ་བཏབ། དེ་ནས་རང་སེམས་ཧེ་རུ་ཀ་ཕྱག་གཉིས་པའི་རྣམ་པར་གནས་པར་མོས། བླ་མའི་དཔྲལ་མགྲིན་སྙིང་ག་གསུམ་ནས་འོད་ཟེར་དཀར་དམར་མཐིང་གསུམ་དཔག་ཏུ་མེད་པ་སྤྲོས་ཏེ། སློབ་མའི་གནས་གསུམ་དུ་ཐིམ་པས། དབང་པོ་གསུམ་དང་། བླ་མའི་གནས་གསུམ་བཅར་ནས། འོད་ཟེར་དཀར་དམར་མཐིང་གསུམ་དཔག་ཏུ་མེད་པ་སྤྲོས། སློབ་མའི་གནས་གསུམ་དུ་ཐིམ་པས། དབང་བཞི་པ་ཐོབ་པར་བསམ་མོ།
།དེ་ནས་སངས་རྒྱས་བྱང་སེམས་སྐུ་གསུང་ཐུགས་རྡོ་རྗེའི་ལྷ་ཚོགས་ཀྱི་རྣམ་པར་བཞུགས་བ་རྣམས། བླ་མ་ལ་ཐིམ། དུས་བཞིའི་བླ་མ་རྣམས་ཀྱང་འོད་དུ་ཞུ་ནས་རྩ་བའི་བླ་མ་ལ་ཐིམ། རྩ་བའི་བླ་མ་ཡང་འོད་དུ་ཞུ་ནས་རང་ལ་ཐིམ་པས། རང་གི་སེམས་དང་བླ་མའི་ཐུགས་དབྱེར་མེད་རོ་གཅིག་ཏུ་འདྲེས་པར་མོས་ལ། དེའི་ངང་ལ་ཅུང་ཟད་ཙམ་མཉམ་པར་བཞག་གོ།