Skyes rab smon lam don gnyis lhun grub
Resource ID | SCv4p805 |
---|---|
Title | rgyal ba thub pa chen po'i skyes rab dang 'brel ba'i smon lam don gnyis lhun grub |
༄༅། །རྒྱལ་བ་ཐུབ་པ་ཆེན་པོའི་སྐྱེས་རབ་དང་འབྲེལ་བའི་སྨོན་ལམ་དོན་གཉིས་ལྷུན་གྲུབ་ཅེས་བྱ་བ་བཞུགས་སོ།།
ཕྱོགས་བཅུའི་རྒྱལ་བ་སྲས་བཅས་བྱིན་རླབས་དང་། །ཐུབ་དབང་ཐུགས་བསྐྱེད་བདེན་པ་ཆེན་པོའི་མཐུས། །འགྲོ་བའི་དོན་དུ་སྨོན་ལམ་བཏབ་པ་ཀུན། །མྱུར་བ་ཉིད་དུ་འགྲུབ་པར་མཛད་དུ་གསོལ།
།རྣམ་འདྲེན་དམ་པ་ཟས་གཙང་སྲས་པོ་ཉིད། །འོད་ལྡན་དྲི་མེད་ཁྱེའུ་པཀྴི་ཏ། །དགའ་མཐོང་ཟླ་དགའ་རྫ་མཁན་བློ་གྲོས་བཟང་། །རྒྱ་མཚོའི་རྡུལ་གྱུར་བྱང་ཆུབ་ཐུགས་བསྐྱེད་ནས།
།སྨོན་ལམ་ཆེན་པོ་ལྔ་བརྒྱ་ཕྲག་གཅིག་བཏབ། །མི་འཁྲུག་ལ་སོགས་ཕྱོགས་བཅུའི་རྡུལ་རྙེད་རྒྱལ། །དང་པོར་བྱང་ཆུབ་ཕྱོགས་ལ་སྤྱོན་པ་ལྟར། །མ་འོངས་འགྲོ་ཀུན་བྱང་ཆུབ་ལ་འགོད་ཤོག
།དགེ་དོན་སྦྱིན་པ་ཆེ་དང་ཤིན་ཏུ་དགས། །བརྩེ་དང་བརྩོན་འགྲུས་དྲག་པོའི་རྒྱ་མཚོར་འཇུག །གནོད་ལེན་ཕན་བརྩོན་འཛམ་གླིང་བདེ་ལ་བཀོད། །ཐམས་ཅད་སྒྲོལ་དང་དོན་གྲུབ་གཙུག་ནོར་གྱིས།
།ཕ་མས་ཡིད་སྲུང་དངོས་པོ་ཡོངས་སུ་བཏང་། །ནོར་བཟང་བསོད་སྟོབ་ལྷན་ནེ་ང་ལས་ནུས། །བསོད་ནམས་མཐུ་ཡི་འགྲོ་མང་དཔལ་ལ་བཀོད། །དཔག་མེད་དེ་འདྲས་འགྲོ་བའི་དོན་བྱེད་ཤོག
།གསེར་མདོག་ཤི་བི་ཚངས་པས་བྱིན་སོགས་ཀྱིས། །ལུགས་བཞིན་སྲིད་སྐྱོང་མུ་གེའི་འཇིག་ལས་སྐྱོབ། །ཤུད་དེ་ལག་གར་བརྒྱ་བྱིན་པདྨ་ཡིས། །ཉ་དང་དེས་པས་ལུས་བླང་ཤ་ཁྲག་གིས།
།འགྲོ་ཀུན་ནད་མུག་ལས་སྐྱོབ་ཆོས་ལ་བཀོད། །རྒྱལ་པོ་བཞི་དང་གཟུགས་ལྡན་ཟླ་འོད་གསུམ། །སྙིང་རྗེ་ཆེན་པོའི་དབུ་དང་སྐུ་ལུས་བཏང་། །དཔག་མེད་དེ་འདྲས་འགྲོ་བའི༴
།སྤྲིན་གཞོན་ཕན་འདོད་བྱམས་སྟོབས་རྡོ་རྗེའི་དཔུང་། །གདོལ་པ་ཤི་བི་ཚངས་དཔོན་སྡེ་གཉིས་གཉིས། །སེམས་ཅན་དོན་དུ་སྐུ་ལུས་ཡོངས་སུ་གཏང་། །དགེ་དོན་ཆོས་སྐྱོང་གཟོད་པ་ལྗང་གུ་ཡིས།
།ཕ་མ་ཤ་ཁྲག་གིས་གསོས་དྲིན་གྱིས་རློན། །ལེགས་རྙེད་མི་དམན་སེམས་ཅན་གཅིག་སྲོག་ཕྱིར། །བདག་ལུས་ནོར་དང་ལོངས་སྤྱོད་ཡོངས་སུ་གཏང་། །དཔག་མེད་དེ་འདྲས་འགྲོ་བའི༴
།སྨན་གཉིས་ཆུ་འབེབས་མཐོང་ཐོས་དྲན་རེག་ཀུན། །རྒྱུ་འབྲས་ནད་སེལ་སྐྱེ་རྒུའི་གསོས་སྦྱིན་མཛད། །ས་ག་དོམ་གཉིས་སྤྲེའུ་གཉིས་གྱུར་ཚེ། །བཟང་བྱས་ལན་དུ་སྲོག་འཇོམས་ནའང་བྱམས།
།རུས་རྦལ་ཀུ་ཏར་སྦྱིན་གོར་ཀླུ་སོགས་ཀྱིས། །སྲིན་བུ་དང་ནི་གྲོག་མ་བརྒྱད་ཁྲི་སོགས། །ཤ་ཁྲག་གིས་གསོས་བྱང་ཆུབ་སྨོན་ལམ་བཏབ། །དཔག་མེད་དེ་འདྲས་འགྲོ་བའི༴
།སེངྒེ་གླང་ཆེན་རི་བོང་གཉིས་གཉིས་རྟ། །ལུས་སྲོག་ལྟོས་མེད་དོར་ནས་གཞན་ཕན་བཙོན། །དབྱིག་དགའ་ཁྱུ་དཔོན་སྤྲེའུ་རྒྱལ་ཚོང་དཔོན་གཉིས། །ས་རྨད་བརྒྱ་བྱིན་ནོར་གྱི་ཤིང་རྟའི་ཚེ།
།མངོན་སུམ་བདག་དོར་གཞན་དག་འཇིགས་ལས་སྐྱོབ། །རུ་རུ་ཤ་ར་བྷ་ཡིས་རང་ཉིད་ནི། །གསོད་པའི་དགྲ་ཡང་འཇིགས་པ་ཆེ་ལས་བསྒྲལ། །དཔག་མེད་དེ་འདྲས་འགྲོ་བའི༴
།སེངྒེ་ས་སྲུང་ཤང་ཤང་ཟླ་བ་གཉིས། །གཤེད་མ་ལ་ཡང་དགའ་དང་གུས་པས་ལྟས། །བཀའ་ཐུབ་ཉ་རྒྱལ་སྲེག་ཕྲུག་ལེགས་ཕྱིན་གྱིས། །སྲོག་གིས་ཉེན་ལ་བདེན་པས་ཚིག་གིས་སྐྱབས།
།རབ་འབྱམས་བསྐལ་པ་གྲངས་མེད་བཅོ་བརྒྱད་དུ། །འཁོར་བ་གནས་ཤིང་འཁོར་བའི་དོན་ཆེན་མཛད། །རྒྱན་ཚང་འཛའ་བོས་ལས་ཀྱི་འབྲས་བུ་བསྟན། །དཔག་མེད་དེ་འདྲས་འགྲོ་བའི༴
།ནོར་ངན་གྱུར་ཚེ་ཕྱོགས་བཅུའི་རྡུལ་རྙེད་ཞིང་། །དེ་རྙེད་ལུས་ཀྱིས་ཤ་ཁྲག་དག་གིས་གསོས། །སྒྲོན་སྣང་གྱུར་ཚེ་ཕྱོགས་བཅུའི་གངྒའི་ཞིང་། །ལན་བདུན་རིན་ཆེན་ཆར་གྱིས་ཚིམ་པར་མཛད།
།ཉི་ཕྲེང་སྤོས་གྱུར་ཕྱོགས་བཅུ་བྱེ་རྙེད་ཞིང་། །སྙིགས་མ་ལྔ་ལྡན་དག་ལ་ཆོས་ནོར་སྨན། །སྦྱིན་ཞིང་གཞལ་མེད་འགྲོ་རྣམས་བྱང་ཆུབ་བཀོད། །དཔག་མེད་དེ་འདྲས་འགྲོ་བའི༴
།ནམ་མཁར་གྱུར་ཚེ་ལོ་སྟོང་སྐུ་ལུས་སྦྱིན། །གྲངས་མེད་ལོ་རུ་དཔག་མེད་ཞིང་རྣམས་སུ། །ཚད་མེད་འགྲོ་ཀུན་སྦྱིན་པས་བྱང་ཆུབ་བཀོད། །བརྒྱ་བྱིན་གྱུར་ནས་ཕྱོགས་བཅུར་དཔག་མེད་ཞིང་།
།གྲངས་མེད་ལོ་རུ་གནོད་སྦྱིན་གཟུགས་དག་གིས། །འགྲོ་རྣམས་དགེ་བ་བཅུ་པོ་དག་ལ་བཀོད། །བྱམས་པའི་སྟོབས་ཀྱིས་དུད་འགྲོ་རིག་བཞི་སྐྱབས། །དཔག་མེད་དེ་འདྲས་འགྲོ་བའི༴
།བསོད་ནམས་འོད་ཟེར་སྲིད་སྤང་སངས་རྒྱས་ནི། །བྱེ་བ་སྟོང་ཕྲག་དགུ་བཅུ་རྩ་བཞི་མཆོད། །དམ་ཆོས་འཛིན་ཤིང་འགྲོ་ལ་ཆོས་ཀྱང་སྟོན། །ཁྱད་པར་སེམས་ཀྱིས་བདེ་གཤེགས་གངྒའི་ཀླུང་།
།བྱེ་མ་རྙེད་ལས་ཁྲིམས་ནོས་བྱེ་བ་ཁྲག །བཅུར་བཅུར་ལོ་ནི་ཚངས་སྤྱོད་མཐར་ཕྱིན་མཛད། །ཤེས་རབ་འོད་ཀྱིས་དགེ་བཅུའི་སྲིད་སྐྱོང་མཛད། །དཔག་མེད་དེ་འདྲས་འགྲོ་བའི༴
།བཟོད་སྨྲ་བཟོད་སྟོབས་བརྒྱད་ཁྲིར་བཞི་སྟོང་ལོར། །ཆིག་སྟོང་མི་ཡི་སྤྱོས་སྡིག་ཡན་ལག་རྣམས། །གཅོད་ཀྱང་སྡང་སེམས་ཏིལ་ཙམ་མ་སྐྱེས་བཟོད། །དྲང་སྲོང་བདེ་སྦྱིན་གྱུར་ཚེ་ལག་པ་གཡས།
།ཞུན་མར་སྒྲོན་ཏེ་མཆོད་སྦྱིན་སྨོན་ལམ་གཏབ། །བདེ་གཤེགས་དོན་ཡོད་མདུན་དུ་གྲང་འོད་ཀྱིས། །སྐུ་ལུས་རས་ཀྱིས་དཀྲིས་ཏེ་མར་མེ་ཕུལ། །དཔག་མེད་དེ་འདྲས་འགྲོ་བའི༴
།ལེགས་གསུང་ཆོས་འདོད་གཟུགས་བཟང་ཨུད་པ་ལ། །ཟས་གཙང་ཡེ་ཤེས་ལྡན་དང་ཤི་བི་གཉིས། །བྱི་ལིང་གར་ལི་ཀན་ཤི་ནི་པི་ལི། །བྱང་ཆུབ་སེམས་དཔའ་སོགས་ཀྱིས་ཆོས་ཕྱིར་དུ།
།བུ་ནོར་ལོངས་སྤྱོད་སྐུ་ལུས་ཡོངས་སུ་བཏང་། །བརྩོན་འགྲུས་འབར་གྱིས་སེམས་ཅན་གཅིག་པུའི་ཕྱིར། །ལོ་གྲངས་བྱེ་བ་བརྒྱད་དུ་བརྩོན་འགྲུས་བརྩམ། །དཔག་མེད་དེ་འདྲས་འགྲོ་བའི༴
།ལྐུག་ཕྱེ་དྲང་སྲོང་གཉིས་གཉིས་ལྕག་ཁྱིམ་རྒྱལ། །འཆི་ཡང་མ་ཟློག་བརྩོན་པས་བསམ་གཏན་སྒོམ། །ཁྲ་ཅན་དྲང་སྲོང་གསུམ་དང་ཀུན་ཏུ་རྒྱུ། །བརྒྱ་བྱིན་ལེགས་འགྲོ་གར་གཉིས་ཀེ་ཤ་པས།
།ཤེས་རབ་ཆེན་པོའི་འགྲོ་མང་བྱང་ཆུབ་བཀོད། །སྨན་ཆེན་རྒྱལ་པོ་མེ་ལོང་བྱ་གསུམ་ཚེ། །ཐབས་མཁས་དགེ་བཅུའི་སྲིད་སྐྱོང་ཕན་བདེར་བཀོད། །དཔག་མེད་དེ་འདྲས་འགྲོ་བའི༴
།སྐར་མ་འོད་ཕྲེང་བྲམ་ཟེ་སྙིང་རྗེ་ཆེས། །སྙིང་རྗེ་ཆེན་པོའི་གཞན་ཕན་ཁོ་ན་བརྩོན། །རྨ་བྱ་གོང་བུ་སྡོང་དུམ་སིངྒ་ལའི། །སྟོབ་ཀྱི་སྤ་བཀང་འགྲོ་མང་ཕན་བདེར་བཀོད།
།མཐའ་ཡས་ཤུགས་འཆང་སོགས་ཀྱིས་དེ་བཞིན་གཤེགས། །གཞལ་མེད་མཆོད་ཅིང་ཆོས་འཛིན་སྨོན་ལམ་བརྩོན། །རྫོགས་སྨིན་སྦྱང་སོགས་འགྲོ་ཕན་ཁོ་ན་མཛད། །དཔག་མེད་དེ་འདྲས་འགྲོ་བའི༴
།མདོར་ན་བཅོམ་ལྡན་ཐུབ་པའི་དབང་པོ་ཡིས། །རྨད་བྱུང་བྱང་ཆུབ་ཆེན་པོར་ཐུགས་བསྐྱེད་དེ། །སྦྱིན་དང་ཚུལ་ཁྲིམས་བཟོད་བརྩོན་བསམ་གཏན་དང་། །ཤེས་རབ་ཐབས་སྟོབས་སྨོན་ལམ་ཡེ་ཤེས་ཀྱིས།
།རྒྱལ་བ་མཆོད་དང་སེམས་ཅན་དོན་མཛད་སོགས། །རྣམ་ཐར་སྨོན་ལམ་མཛད་སྟོབས་ཅི་འདྲ་བ། །ཇི་སྲིད་འཁོར་བའི་རྒྱ་མཚོ་མ་སྟོང་བར། །འགྲོ་བའི་དོན་ལ་དེ་ལྟར་འགྱུར་བར་ཤོག།
།།ཅེས་པའང་སྟོན་པ་མཉམ་མེད་ཐུབ་པའི་དབང་པོའི་བྱང་ཆུབ་ཀྱི་སྤྱོད་པ་རྒྱ་མཚོ་ལྟ་བུའི་རྗེས་སུ་སྙིང་ནས་སྨོན་པ་ཀརྨ་སྒྲུབ་བརྒྱུད་བསྟན་འཛིན་པས་སྨྲས་པ་འདིས་ཀྱང་འགྲོ་ཕན་རྒྱ་ཆེན་འབྱུང་བར་གྱུར་ཅིག། །།བཀྲ་ཤིས་ཤོག། །།