Thang rgyal smon lam
Resource ID | SCv4p899 |
---|---|
Title | thang rgyal smon lam |
Topics | Prayer |
Associated Person | Thangtong Gyelpo |
༼༄༅། །ཐང་རྒྱལ་སྨོན་ལམ་བཞུགས་སོ།།༽
གྲུབ་ཆེན་ཐང་སྟོང་རྒྱལ་པོ་སྣར་ཐང་ཕེབ་དུས་ཆོས་སྡེ་ནས་བཀའ་གདམས་པའི་ཀུན་སྤྱོད་གཙང་མའི་དགེ་བཤེས་བརྒྱད་གྲུབ་ཐོབ་ཆེན་པོ་མཇལ་དུ་བྱུང་བ་རྣམས་ཀྱིས་ཞུས་པ་ཁྱེད་རྒྱ་བོད་དུ་གྲུབ་ཐོབ་དང་ལོ་པན་མང་པོ་འབྱོན་གདའ་སྟེ། རྒྱ་དཀར་ནག་མཐའ་འཁོབ་ཀླ་ཀློ་མོན་ཀོང་པོ་སོགས་ཕྱོགས་རིས་མེད་པར་འགྲོ་དོན་དང་དགེ་ལས་མཛད་པའི་ཕྱག་རྗེས་གྲུབ་ཐོབ་ཐམས་ཅད་ལས་རྒྱ་ཆེ་བ་དང་རྒྱུན་བརྟན་པ་མ་འབྱུང་འདུག །སྔོན་མའི་སྨོན་ལམ་གྱི་ནུས་པར་མཆིས་པས། སྐྱེས་བུ་དེང་སང་ཁྱེད་ཀྱི་སྨོན་ལམ་ཇི་ལྟ་བ་བཏབ་པ་བཞིན། བདག་ཅག་རྣམས་ཀྱང་འདེབས་པས་སྨོན་ལམ་ཞིག་གནང་བ་མཁྱེན་ཞུས་པ་ལ་འདི་གནང་ངོ་།
།ཕྱོགས་བཅུའི་རྒྱལ་བ་སྲས་དང་བཅས། །བླ་མ་ཡི་དམ་མཁའ་འགྲོ་ལ། །བདག་ནི་གུས་པས་ཕྱག་འཚལ་ལོ། འགྲོ་དོན་ནུས་པར་བྱིན་གྱིས་རློབས། །དངོས་བཤམས་ཡིད་ཀྱིས་སྤྲུལ་པ་ཡིས། །མཆོད་པ་རྒྱ་ཆེན་བཞེས་ནས་ཀྱང་། །འགྲོ་བ་རྣམས་ཀྱི་དོན་སླད་དུ། སྨོན་ལམ་འགྲུབ་པར་མཛད་དུ་གསོལ། །བདག་ནི་མ་རིག་རྨོངས་པ་ཡིས། །སྡིག་པའི་ལས་ནི་ཅི་བགྱིས་པ། །རྒྱལ་བ་སྲས་དང་བཅས་ལ་བཤགས། །ངན་འགྲོའི་གཡང་ལས་བསྒྲལ་དུ་གསོལ། །ཕྱོགས་བཅུའི་རྒྱལ་བ་སྲས་བཅས་དང་། །ཉན་ཐོས་རང་རྒྱལ་སྐྱེ་བོ་ཡི། །དགེ་བ་ཀུན་ལ་རབ་དང་བའི། །བདག་ནི་རྗེས་སུ་ཡི་རང་ངོ་། །ཕྱོགས་བཅུའི་མགོན་ལ་འགྲོ་དོན་དུ། །དམ་ཆོས་འཁོར་ལོ་བསྐོར་བ་བསྐུལ། །ཇི་སྲིད་འཁོར་བ་མ་སྟོང་བར། །མྱ་ངན་མི་འདའ་གཞུགས་སུ་གསོལ། །སངས་རྒྱས་ཆོས་དང་དགེ་འདུན་དང་། །བླ་མ་ཡི་དམ་མཁའ་འགྲོ་ལ། །བྱང་ཆུབ་སྙིང་པོ་མཆིས་ཀྱི་བར། །བདག་ནི་སྐྱབས་སུ་ཉེ་བར་མཆི། །སྔོན་གྱི་རྒྱལ་བ་སྲས་བཅས་ཀྱིས། །ཇི་ལྟར་བྱང་ཆུབ་སེམས་བསྐྱེད་ཅིང་། །བྱང་ཆུབ་སེམས་དཔའི་བསླབ་པ་རྣམས། །དེ་དག་རིམ་བཞིན་བགྱིད་པ་ལྟར། །དེ་བཞིན་བདག་གིས་འགྲོ་དོན་དུ། །བྱང་ཆུབ་སེམས་ཉིད་བསྐྱེད་པར་བགྱི། །བྱང་ཆུབ་སེམས་དཔའི་བསླབ་པ་རྣམས། །རིམ་པ་བཞིན་དུ་བསླབ་པ་བགྱི། །བདག་གི་ལུས་ངག་ཡིད་གསུམ་གྱིས། །དུས་གསུམ་བསགས་པའི་དགེ་བ་ཡིས། །བླ་མེད་བྱང་ཆུབ་མཆོག་ཐོབ་ནས། །འགྲོ།ཀུན་སྲིད་མཚོ་སྒྲོལ་བར་ཤོག །བདག་ནི་བྱང་ཆུབ་མ་ཐོབ་བར། །ལམ་ལ་བར་ཆད་མེད་པ་དང་། །མཐུན་རྐྱེན་ཕུན་སུམ་ཚོགས་གྱུར་ཏེ། །ས་རབ་དགའ་བ་མ་ཐོབ་བར། །རབ་ཏུ་བྱུང་བ་ཐོབ་པར་ཤོག །དགེ་སྦྱོང་ཆོས་དང་ལྡན་གྱུར་ཏེ། །རྟག་ཏུ་འཕགས་པའི་རིག་ལྡན་ནས། །ཚུལ་ཁྲིམས་ཕུན་སུམ་ཚོགས་པར་ཤོག །བཤེས་གཉེན་དམ་པ་བསྟེན་བྱེད་ཅིང་། །འཕགས་པའི་ནོར་བདུན་ལྡན་པ་ཡིས། །རྟག་ཏུ་དམ་པའི་ཆོས་འཛིན་ཤོག །སྡོམ་པ་གསུམ་ལ་རབ་གནས་ཤིང་། །ཐབས་དང་ཤེས་རབ་འབྲེལ་བར་ཤོག །རྟག་ཏུ་དཀོན་མཆོག་མཆོད་བྱེད་ཅིང་། །རྟག་ཏུ་བླ་མ་མཉེས་བྱེད་ཤོག །ལེན་དང་རྣམ་སྨིན་མི་རེ་བའི། །ཕྱོགས་མེད་སྦྱིན་པ་གཏོང་བར་ཤོག །ཞེ་འདོད་ཚུལ་འཆོས་མེད་པ་ཡིས། །དྲི་མེད་ཚུལ་ཁྲིམས་སྲུང་བར་ཤོག །མི་མཐུན་ཡུལ་ལ་སྲན་ཚུགས་པའི། །རྟག་ཏུ་བཟོད་པ་གནས་པར་ཤོག །སེམས་ཅན་དོན་ལ་རབ་སྤྲོ་བའི། །གོ་ཆ་བརྩོན་འགྲུས་བརྟན་པར་ཤོག ཕྱི་ནང་འདུ་འཛིའི་མི་གནོད་པའི། །རྩེ་གཅིག་སེམས་ལ་དབང་ཐོབ་ཤོག །ཆོས་རྣམས་སྟོང་ཞིང་བདག་མེད་པའི། །ལྷག་པར་ཤེས་རབ་མཆོག་ཐོབ་ཤོག །རང་སེམས་སྐྱེ་བ་མེད་པའི་དོན། །གཅིག་ཆར་རྟོགས་པ་འཆར་བར་ཤོག །སེམས་ལ་བརྟན་པ་མ་ཐོབ་བར། །རི་དྭགས་བཞིན་དུ་འཇིགས་མེད་པར། །གཅིག་པུར་རི་ཁྲོད་གནས་བཅས་ཤིང་། །སྣང་སེམས་ཀུན་ལ་དབང་ཐོབ་ཤོག །སྣང་སེམས་ཀུན་ལ་དབང་ཐོབ་ནས། །ལུས་ངག་སེམས་ལ་མི་གནས་ཞིང་། །མཚན་མའི་སྤྲོས་པས་མ་གོས་པའི། །དམིགས་པ་མེད་པའི་ཡེ་ཤེས་ཀྱིས། །འགྲོ་བ་གང་ལ་གང་འདུལ་གྱིས། །གཞན་དོན་ཕུན་སུམ་ཚོགས་པར་ཤོག །གང་དག་ཕྱོགས་བཅུའི་འཇིག་རྟེན་ན། །མི་དགེ་སྡིག་སྤྱོད་ཇི་སྙེད་པ། །དགེ་བའི་བསོད་ནམས་ལྡན་པར་ཤོག །ལས་ངན་རྣམ་པར་སྨིན་པ་ཡིས། །ངན་སོང་སྡུག་བསྔལ་ཇི་སྙེད་པ། །དེ་དག་བདག་གི་བསོད་ནམས་ཀྱིས། །མཐོ་རིས་བདེ་བ་ཐོབ་པར་ཤོག །གང་དག་ཕྱོགས་བཅུའི་འཇིག་རྟེན་ན། །སེམས་ཅན་ནད་པ་ཇི་སྙེད་པ། །དེ་དག་བདག་གིས་བསོད་ནམས་ཀྱིས། །ནད་མེད་དགའ་བ་ཐོབ་པར་ཤོག །གང་དག་ཕྱོགས་བཅུའི་འཇིག་རྟེན་ན། །ལོང་བ་རྣམས་ཀྱིས་གཟུགས་མཐོང་ཞིང་། །འོན་པ་རྣམས་ཀྱིས་སྒྲ་ཐོས་ཏེ། །སྨྱོན་པ་རྣམས་ཀྱིས་དྲན་རྙེད་ཤོག །བཀྲེས་སྐོམ་ཅན་རྣམས་ཟས་སྐོམ་རྙེད། །གོས་མེད་རྣམས་ཀྱིས་གོས།རྙེད་ཅིང་། །ཕོངས་པ་རྣམས་ཀྱིས་ནོར་ཐོབ་ཤོག །འཇིགས་སྐྲག་ཅན་རྣམས་འཇིགས་མེད་ཅིང་། །བཅིངས་པ་རྣམས་ནི་གྲོལ་བར་ཤོག །གང་དག་འཆི་འཕོས་སེམས་ཅན་རྣམས། །གནད་གཅོད་སྡུག་བསྔལ་མེད་པར་ཤོག །སྲིད་པ་བར་དོའི་སེམས་ཅན་རྣམས། །འཇིགས་མེད་རང་དབང་ཐོབ་པར་ཤོག །འགྲོ་བ་སེམས་ཅན་ཐམས་ཅད་ཀྱི། །ཁྲོ་བའི་སེམས་ནི་དུལ་གྱུར་ཅིག །ཕ་མ་བུ་ཚའི་སེམས་ལྡན་པའི། །ཕན་ཚུན་རྩོད་པ་མེད་པར་ཤོག །གང་དག་བདག་ལ་དད་གུས་དང་། །ཟས་སྐོམ་སྦྱིན་དང་མཆོད་བསྟོད་པ། །དེ་དག་དགེ་བ་ཉིད་གྱུར་ཅིག །བྱང་ཆུབ་དམ་པར་ཐོབ་པར་ཤོག །གང་ཞིག་དག་ལ་གདུང་བ་ཡི། །གསོལ་འདེབས་བྱིན་རླབས་ཐོགས་མེད་ཤོག །གང་ཞིག་བདག་ལ་གཤེ་བ་དང་། །ཁྲོ་དང་བརྡེག་དང་སྲོག་གཅོད་སོགས། །མྱུར་དུ་འགྱོད་པའི་སེམས་སྐྱེས་ནས། །བདག་གི་འཁོར་གྱི་ཐོག་མར་ཤོག །སེམས་ཅན་ལུས་དང་ལོངས་སྤྱོད་ལ། །བདག་གི་སྤྱོད་པ་གང་ཡིན་དང་། །བདག་གི་ལུས་དང་ལོངས་སྤྱོད་ལ། །གཞན་གྱི་སྤྱོད་པ་གང་ཡིན་པ། །སེམས་ཅན་དེ་དག་ཐམས་ཅད་ཀུན། །བདེ་བ་རྒྱ་ཆེན་ཐོབ་གྱུར་ཅིག །བདག་གིས་སེམས་ཅན་གང་དག་ལ། །ཆོས་དང་ཟང་ཟིང་སྦྱིན་པ་དང་། །གང་གིས་བདག་གིས་ལུས་དང་ངག །མཐོང་ཐོས་རེག་པའི་སེམས་ཅན་གང་། །ལུས་ངག་སྒྲིབ་པར་བྱང་བར་ཤོག གང་གིས་བདག་གིས་མི་ཐོས་པ། །དེ་དག་ཀུན་གྱི་ལུས་སེམས་ཀྱི། །ནད་དང་སྡུག་བསྔལ་རབ་ཞི་ནས། །བདེ་བ་དམ་པ་ཐོབ་པར་ཤོག །ཇི་སྲིད་ནམ་མཁས་གར་ཁྱབ་པ། །བདག་གི་ལུས་ཀྱིས་ཁྱབ་གྱུར་ཏེ། །འགྲོ་ཀུན་རང་རང་འདོད་པ་ཡི། །གཟུགས་སུ་སྣང་བ་དོན་བྱེད་ཤོག །དེ་སྙེད་བདག་གི་ངག་གི་སྨྲས། །ཁྱབ་ཅིང་ཆོས་སྒྲ་སྒྲོགས་པར་ཤོག །ནམ་མཁའ་མཐའ་ཡས་སེམས་ཅན་གྱི། །ཡིད་ལ་བདག་གི་སེམས་ཞུགས་ཏེ། །སྟོང་པ་སྙིང་རྗེ་དབྱེར་མེད་པའི། །བྱང་ཆུབ་སེམས་དང་ལྡན་པར་ཤོག །བདག་ནི་ས་སོགས་འབྱུང་ཆེན་དང་། །ལེགས་སྦྱིན་ནོར་བུ་རིན་ཆེན་དང་། །དཔག་བསམ་ཤིང་དང་བུམ་པ་བཟང་། །མ་བཏབ་ལོ་ཏོག་འདོད་འཇོའི་བ། །རིགས་སྔགས་གྲུབ་དང་སྨན་ཆེན་དང་། །ཉི་མ་ཟླ་བ་ལ་སོགས་པ། །སེམས་ཅན་ཉེར་འཚོའི་རྒྱུར་ཡང་ཤོག །བདག་གི་སྨོན་ལམ་སྟོབས་དག་དང་། །རྒྱལ་བ་སྲས་བཅས་སྦྱིན་སྟོབས་དང་། །ཆོས་ཀྱི་དབྱིངས་ཀྱི་སྟོབས་རྣམས་ཀྱིས། །ཇི།སྲིད་འཁོར་བ་མ་སྟོང་བར། །འགྲོ་དོན་ཇི་ལྟར་སྨོན་པ་བཞིན། །འབད་མེད་ལྷུན་གྱིས་གྲུབ་པར་ཤོག །ཅེས་གསུངས་སོ། །འདི་ནི་ལྕགས་ཟམ་པའི་རྣམ་ཐར་ལས་ཞལ་བཤུས་བྱས་པའོ། །གྲུབ་ཐོབ་ཆེན་པོའི་མ་ཕམ་གཡུ་མཚོའི་ཉ་རྣམས་ལ་སངས་རྒྱས་ཀྱི་མཚན་དང་ལྗགས་ཆབ་གནང་ནས་སྨོན་ལམ་འདི་གསུངས་སོ།
།བླ་མ་དཀོན་མཆོག་གསུམ་དང་ལྷག་པའི་ལྷ། །ཐུགས་རྗེའི་མངའ་བདག་སྤྱན་རས་གཟིགས་དབང་གིས། ཉམས་ཐག་འགྲོ་ལ་སྙིང་རྗེས་རྩེར་དགོངས་ནས། །རྒྱ་ཆེན་སྨོན་ལམ་འགྲུབ་པར་མཛད་དུ་གསོལ། །སྔོན་ཚེ་ཐུབ་ཆེན་ཆུ་འབེབས་གྱུར་པའི་ཚེ། །བདེ་གཤེགས་མཚན་བརྗོད་ཉ་རྣམས་སྒྲོལ་བ་ལྟར། །བཟོད་མེད་སྡུག་བསྔལ་མྱོང་བའི་དུད་འགྲོ་རྣམས། །བདག་གིས་ཆོས་ཀྱི་ཆར་གྱིས་ཚིམ་བྱེད་ཤོག །ལུས་འདི་བོར་ཚེ་ངན་སོང་གནས་སྤོང་ཞིང་། །ལྷ་དང་མི་ཡི་བདེ་བ་མཆོག་ཐོབ་ནས། །དམ་ཆོས་ཉན་ཅིང་ཉམས་སུ་ལེན་པ་དང་། བླ་མེད་བྱང་ཆུབ་སྒྲུབ་ལ་བརྩོན་པར་ཤོག །ཅེས་གསུངས་སོ།། །།