Dbang bzhi bla ma'i sgrub thabs

From Shangpa Resource Center
Revision as of 16:08, 24 June 2019 by Sengue (talk | contribs)








Resource ID SCv8p661
Title dbang bzhi bla ma'i sgrub thabs
Topics Various
Associated Person Khyungpo Neljor
Link BDRC W23922
BDRC W8LS37032 (p. 60)
BDRC W3CN18508

༼༄༅། །དབང་བཞི་བླ་མའི་སྒྲུབ་ཐབས་བཞུགས་སོ།།༽

བླ་མ་དམ་པའི་ཞབས་བཏུད་ནས། །དབང་བཞི་བླ་མའི་སྒྲུབ་ཐབས་འབྲི། །དེ་ལ་ལོ་ཟླ་ཙམ་གྱིས་སངས་རྒྱ་བར་འདོད་པས། །སེམས་བསྐྱེད་ཅིང་ཚད་མེད་པ་བཞི་བསྒོམ།
དེ་ནས་རང་གི་སྤྱི་བོའི་སྟེངདུ། སེང་གེ་དང་། རིན་པོ་ཆེ་དང་། པདྨ་དང་ཟླ་བའི་སྟེང་དུ་རྩ་བའི་བླ་མ་འཛུམ་པའི་མདངས་དང་ལྡན་པ། འོད་དང་འོད་ཟེརགྱི་རང་བཞིན་ཅན། མཚན་ཐོས་པ་ཙམ་གྱིས་ཕྱིར་མི་ལྡོག་པའི་ཐོབ་པ་གཅིག་བསྒོམ། མདུན་དུ་གནོད་བྱེད་དང་གཞི་བདག་གིས་གཙོ་བྱས་པའི་ནམ་མཁའ་དང་མཉམ་པའི་སེམས་ཅན་རྣམས། ལུས་གུས་པས་ཐལ་མོ་སྦྱར་བ། ངག་གུས་པས་གསོལ་བ་འདེབསཔ། ཡིད་གུས་པས་མོས་གུས་བྱེད་པས་བསྐོར་བར་བསམས་ལ། དེའི་མདུན་གྱི་ནམ་མཁའ་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་སྤྲིན་འཐིབས་པའྨ། ཏིལ་གྱི་གང་བུ་ཁ་བྱེ་བ་བཞིན་བཞུགས་པ་ལས། ཁྱད་པར་དུ། སྐུའི་ལྷ་ཚོགས་དཀར་པོ། གསུང་གི་ལྷ་ཚོགས་དམར་པོ། ཐུགས་ཀྱི་ལྷ་ཚོགས་མཐིང་ཀའི་རང་བཞིན་དུ་བསྒོས།
དེ་ནས་སྐུའི་ལྷ་ཚོགས་དཀརཔོ་དེ་རྣམས་ལ། ཡེ་ཤེས་ཀྱི་ཆུ་རྒྱུན་བདེ་བའི་རང་བཞིན་དུ་བཞུགས་པར་བསྒོམ། བླ་མའི་སྤྱི་བོར་ཐིམ་པ་དང་། ཟག་མེད་ཀྱི་བདེ་བས་རྒྱུད་གང་ཞིང་མཉེས་པས་སྐུའི་དམ་ཚིག་ཉམས་ཆག་ཐམས་ཅད་སངས་དག་པར་བསམ། ཡང་། ལྷ་ཚོགས་དམར་པོ་ལས་འོད་ཟེར་དམར་པོ་བདེ་བོའི་རང་བཞིན་དུ་བྱོན། བླ་མའི་མགྲིན་པར་ཐིམ་པ་དང་། གསུང་གི་དམ་ཚིག་ཉམས་ཆག་ཐམས་ཅད་སངས་དག་པར་བསྒོམ། ཐུགས་ཀྱི་ལྷ་ཚོགས་མཐིང་ཀ་ལས། འོད་ཟེར་བདེ་བའི་རང་བཞིན་གྱི་ཆུ་རྒྱུན་སྔོན་པོ་བྱོན། བླ་མའི་ཐུགས་ཀར་ཐིམ་པ་དང་། ཐུགས་ཀྱི་དམ་ཚིག་ཉམས་ཆག་ཐམས་ཅད་སངས་དག་པར་བསྒོམ།
དེ་ནས་རང་གི་ལུས་འདི་དུམ་བུ་གསུམ་དུ་བྱས་ཏེ། གཅིག་ཐོད་པའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ། ཨོཾ་ཨཱཿཧཱུྃ་གིས་བདུད་རྩིར་བྱིན་གྱིས་བརླབས་ཏེ། བླ་མ་ལ་ཕུལ་ལ། བུམ་པའི་དབང་བསྐུར་དུ་གསོལ། ཞེས་གསོལ་བ་གདབ་དེ་བཞིན་དུ་ལུས་དུམ་བུ་རེ་རེར་བདུད་རྩིར་བསམས་ལ་དབུལ་ཞིང་། གསང་དབང་དང་། ཤེས་རབ་ཡེས་ཤེས་དང་། དབང་བཞི་པ་ཕྱག་རྒྱ་ཆེན་པོ་བསྐུར་དུ་གསོལ་ཞེས་གསོལ་བ་བཏབ་པ་དང་། སྐུའི་ལྷ་ཚོགས་དཀར་པོ་ཐམས་ཅད་བླ་མའི་སྤྱི་བོར་ཐིམ། གསུང་གི་ལྷ་ཚོགས་དམར་པོ་ཐམས་ཅད་བླ་མའི་མགྲིན་པར་ཐིམ། ཐུགས་ཀྱི་ལྷ་ཚོགས་སྔོན་པོ་ཐམས་ཅད་བླ་མའི་ཐུགས་ཀར་སིབ་སིབ་ཐིམ་པ་དང་། བླ་མའི་སྐུ་ལུས་ལས་འོད་ཟེར་དཀར་པོ་བྱོན། རང་གི་སྤྱི་བོར་ཐིམ་པ་དང་། ལུས་ཀྱིས་སྡིག་སྒྲིབ་ཐམས་ཆད་སངས་དག་ནས། བུམ་པའི་དབང་ཐོབ། ཡང་བླ་མའི་མགྲིན་པ་ནས། འོད་ཟེར་དམར་པོ་བྱོན། རང་གི་མགྲིན་པར་ཐིམ་པས། ངག་གི་སྡིག་སྒྲིབ་དག་ནས། གསང་དབང་ཐོབ། ཡང་། བླ་མའི་ཐུགས་ཀ་ནས་འོད་ཟེར་མཐིང་ཀ་བྱོན། རང་གི་སྙིང་ཁར་ཕོག་པས། ཡིད་ཀྱིས་བསགས་པའི་སྡིག་སྒྲིབ་དག་ནས། ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ། འོད་ཟེར་གྱི་ཆུ་རྒྱུན་དེ་རྣམས་ཀྱི་ལྟེ་བར་སླེབ་པ་དང་། ལུས་ངག་ཡིད་གསུམ་ཐ་དད་དུ་འཛིན་པའི་རྟོག་པ་དག་ནས། དབང་བཞི་པ་ཕྱག་རྒྱ་ཆེན་པོ་ཐོབ་པར་བསྒོམ། མདུན་གྱི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་བླ་མ་ལ་སིབ་སིབ་ཐིམ་པ་དང་། བླ་མའི་སྐུ་ལུས་ལས་བདུད་རྩིའི་ཆུ་རྒྱུན་ན་ར་ར་བྱོན་ནས། རང་གི་ལུས་ངག་ཡིད་གསུམ་གྱི་སྡིག་སྒྲིབ་ཐམས་ཅད་སངས་དག་པར་བསྒོམ་པ་དང་། རང་གིས་གསོལ་བ་བཏབ་པས། སེམས་ཅན་ཐམས་ཅད་ཁུ་དི་རི་རི་གསོལ་བ་འདེབས་པར་བསམས་ལ། གསོལ་བ་ཐུན་མོང་མ་ཡིན་པ་སྙིང་ཁོང་རུས་པའི་གཏིང་ནས་འདེབས་པ་བྱ་གསུང་ངོ་། དེ་ལྟར་ཉིན་ལན་གསུམ་མཚན་ལན་གསུམ་དུ་ཉམས་སུ་བླངས་པས་ལོ་ཟླ་ཙམ་གྱིས་སངས་རྒྱ་བར་འགྱུར་རོ།
ནཻ་གུ་མའི་ཞལ་ནས། བླ་མའི་སྐུ་ཡི་དཀྱིལ་འཁོར་ལ། །དབང་བཞི་ཡོངས་སུ་རྫོགས་པར་ཞུས། །ས་ལམ་མ་ལུས་ལོ་ཟླས་བགྲོད། །བླ་མའི་སྒྲུབ་པ་ཁྱད་པར་འཕགས། །ཅེས་གསུངས་པའི་དོན་ཡིན་ནོ། བླ་མའི་སྒྲུབ་ཐབས་ཁྱད་འཕགས་འདི། །རང་གཞན་དོན་དུ་ཡི་གེར་བཀོད། །དེ་ལ་མཁའ་འགྲོའི་ཚོགས་རྣམས་ཀྱིས། །རང་འདོད་མེད་པས་བཟོད་པར་མཛོད། རྫོགས་སོ།། །།
༈ འདིའི་བརྒྱུད་པ་ནི། རྡོ་རྗེ་འཆང་གིས་ཡེ་ཤེས་ཀྱི་ཌཱ་ཀི་ནི་གུ་མ་ལ་གསུངས། དེ་ལ་བླ་མ་ཤངས་པས་གསེར་སྲང་ལྔ་བརྒྱ་ཕུལ་ནས་ཞུས། དེ་ལ་བླ་མ་རྨོག་ལྕོག་པས་རྟ་གསུམ་དང་། གསེར་སྲང་བདུན་ཕུལ་ནས་ཞུས། དེ་ལ་བླ་མ་སྐྱེར་སྒང་པས་འབྲི་གཡག་བཅུ་དགུ་དང་། གསེར་སྲང་ལྔ་ཕུལ་ནས་ཞུས། དེ་ལ་བླ་མ་རི་གོང་པས་རྟ་གཅིག་དང་། གསེར་སྲང་བཅུ་གཅིག་ཕུལ་ནས་ཞུས། བླ་མ་ཆེན་པོ་ལ། སངས་རྒྱས་སྟོན་པས་མཛོ་གཞོན་པ་གཅིག་དང་། གསེར་ཐང་གསུམ་ཕུལ་ནས་ཞུས་སོ། དགེ་ལེགས་འཕེལ་ལོ།། །།