Bla ma sangs rgyas dpon po'i rnam thar
Resource ID | JP2 |
---|---|
Title | bla ma sangs rgyas dpon po'i rnam thar |
Topics | Biography |
Associated Person | Jampa Pel |
Link | BDRC W1KG1286 |
Notes | Biography of Jampa Pel close to chos rje byams pa dpal gyi rnam thar |
To input
༄༅། །བླ་མ་སངས་རྒྱས་དཔོན་པོའི་རྣམ་ཐར་བཞུགས་སོ།
།ཨོཾ་གུ་རུ་བུང་དྷ་བོ་དྷི་ས་ཏྭ་བྷྱ་ན་མཿ
དལ་བ་དང་ནི་འབྱོར་བའི་ས་བཞི་ལ། །སྨོན་པ་དང་ནི་འཇུག་པའི་དཔག་བསམ་འཁྲུངས། །བསླབ་གསུམ་དང་ནི་ཐེག་གསུམ་ཡལ་འདབ་རྒྱས། །བསྐྱེད་པ་དང་ནི་རྫོགས་པའི་མེ་ཏོག་དང་། །ཉམས་མྱོང་དང་ནི་རྟོགས་པའི་འབྲས་བུ་སྨིན། །བྱམས་པ་དང་ནི་སྙིང་རྗེའི་དྲི་བསུང་འཕྲོས། །རྗེས་འཇུག་དང་ནི་འགྲོ་བའི་གདུང་སེལ་བའི། །བླ་མ་དང་ནི་ཡི་དམ་ལ་བཏུད་ནས། །བླ་མའི་རྣམ་ཐར་དཔག་བསམ་ལྗོན་ཤིང་འདི། །བླ་མའི་གསུང་བཞིན་སྒྲོ་སྐུར་རིང་སྤངས་ནས། །བླ་མའི་རྗེས་འཇུག་ཕྱི་རབས་དོན་ཆེད་དུ། །བླ་མའི་དྲིན་ཐོབ་བདག་གིས་གུས་པས་བྲི།
།འདིར་དུས་གསུམ་གྱི་སངས་རྒྱས་ཐབས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་ངོ་བོ་སངས་རྒྱས་དབོན་པོའི་དྲུང་དུ། རྗེ་རིན་པོ་ཆེའི་སྐུ་གསུང་ཐུགས་ཀྱི་གསང་བ་བསམ་གྱིས་མི་ཁྱབ་པ་ལ་ཡོན་ཏན་གྱི་ཚོགས་མ་ལུས་པ་བརྗོད་པར་དཀའ་ཞིང་བསམ་གྱིས་མི་ཁྱབ་ནའང་། བདག་ཅག་གསོལ་བ་འདེབས་པ་རྣམས་ཀྱི་མོས་གུས་གསོ་བའི་ཕྱིར། རྣམ་པར་ཐར་པ་མདོ་ཙམ་ཞིག་གསུང་བར་ཞུ་ཞེས་གསོལ་བ་བཏབ་པས།
རྗེའི་ཞལ་ནས། བཀའ་བརྒྱུད་ཀྱི་བླ་མ་གོང་མ་རྣམས་བྱིས་ཀྱང་རང་རང་གི་རྣམ་པར་ཐར་པ་ཅུང་ཟད་ཙམ་རེ་གསུངས་ནས་གདའ་བས། དེ་རྣམས་ཀྱི་རྗེས་སུ་འཇུག་པའི་ཕྱིར་དང་། གཞན་དང་པ་དང་ལྡན་པ་འགའ་རེ་ལ་ཕན་པ་ཡང་སྲིད་པས། ཅུང་ཟད་ཙམ་ཞིག་བཤད་ཀྱིས་གུས་པས་ཉོན་ཅིག་གསུང་།
སྐྱེ་བ་སྔ་མ་གང་དུ་སྐྱེས་པ་དང་། །འདིའི་སྐྱེ་གནས་ཇི་ལྟར་བཟུང་ཚུལ་དང་། །སྐུ་བལྟམས་གཞོན་ནུ་རོལ་རྩེད་བགྱིས་པ་དང་། །མི་རྟག་རྒྱུར་སྐྱེས་རབ་ཏུ་བྱུང་བ་དང་། །བླ་མ་བསྟེན་ཅིང་ཐོས་བསམ་མཛད་ཚུལ་དང་། །སྒྲུབ་པ་མཛད་ཅིང་ཉམས་རྟོགས་འཁྲུངས་པ་དང་། །རང་རང་གཞན་ལ་དག་སྣང་ཤར་བ་དང་། །ཐུགས་རྗེས་བསྐུལ་ནས་གཞན་དོན་མཛད་པ་དང་། །ཕྱི་མ་གང་དུ་འགྲོ་དོན་མཛད་ཚུལ་རྣམས། །ཁོ་བོའི་རྣམ་ཐར་མདོར་བསྟན་ལགས་པས་བཟུང་།
།དེ་ཡང་ཁོ་བོ་སྐྱེ་བ་འདིའི་སྔ་མ་ལ་རྒྱ་གར་གྱིས་ཕྱོགས་ཞིག་ཏུ་སྐྱེ་བ་བཟུང་སྟེ། དེའི་གྲོང་ཁྱེར་དེ་ལ་ཁང་པ་བདུན་བཅུ་ལྷག་ཙམ་ཞིག་ཡོད་པའི་འཁོད་རྣམས་འཇགས་མས་ཐོགས་གམ་རྒྱ་ཕུབ་ཀྱི་ཞལ་བ་བྱས་པ། དེ་དག་གི་དབུས་ན་བདག་གི་ཁང་པ་དེ་སོ་ཕག་གིས་རྩིགས་པ་ལ་ཤིང་གི་རྒྱ་ཕུབ་དཀར་ལྷག་གེ་བ་ལོད་པ་ཞིག་དུ། ཡབ་བྲམ་ཟེ་ཆོས་གྲུབ་ཞེས་བྱ་བ་དང་། ཡུམ་ལྷ་འོད་མཛེས་མ་དང་གཉིས་ཀྱི་སྲས་ཆོས་ཀྱི་རིན་ཆེན་ཞེས་བྱ་བར་གྱུར་ནས་བྱམས་པ་དང་སྙིང་རྗེའི་སྒོ་ནས་སེམས་ཅན་ལ་ཕན་པ་རྒྱ་ཆེར་བྱུང་། ཞིབ་པར་བཤད་ཀྱང་གཞན་ཡིད་ཆེས་པར་དཀའ་གསུང་། འདིར་སྐྱེ་བ་བཞེས་ཚུལ་ནི། གཡས་རུ་ཤངས་ཀྱི་ནང་ཁོང་ལ་ལམ་རྩ་ཐང་ཞེས་བྱ་བར། ཡབ་ཤུད་སྐྱེ་བྱམས་པ་མགོན་དང་། ཡུམ་ལ་མོ་སྲི་ཐར་འབུམ་དང་གཉིས་ཀྱི་སྲས་སུ་སྐྱེ་བ་བཟུང་སྟེ། དེ་ཡང་ཡུམ་གྱི་ལྟུམས་སུ་ཞུགས་མ་ཐག་ནས་ཡུམ་ལ་ལྟས་ངོ་མཚར་བ་མང་དུ་བྱུང་སྟེ། ལུས་ཡང་ཞིང་བདེ་བ་དང་། དུས་ཐམས་ཅད་དུ་མཚན་མོའི་སྣང་བ་མེད་པ་ཉིན་མོའི་སྣང་བ་འགའ་ཞིག་དང་། བདག་ལ་བུད་མེད་མང་པོས་བསྐོར་ནས་མར་མེ་ལ་སོགས་མཆོད་པ་མང་པོ་འབུལ་བ་དང་། བདག་མེ་ཆེན་པོའི་དབུས་ན་འདུག་པ་དང་། ལྷུམས་སུ་ཞུགས་ཕྱིན་ཆད་རྐྱེན་གྱིས་ཕོངས་པ་མེད་པ་དང་། གཉིད་ལོག་པ་སོགས་པའི་དུས་སུ་འོད་གསལ་གྱི་སྣང་བ་རྒྱ་ཆེན་པོ་ཡང་བྱུང་བས། ངའི་བུ་འདི་བསོད་ནམས་དང་ལྡན་པ་ཆོས་པ་ཁྱད་པར་ཅན་ཅིག་ཡོད་པར་འདུག་ཟེར་ནས། མངལ་གནས་ཀྱི་དུས་ནས་ཀྱང་རྩིས་ཤིན་ཏུ་ཆེ་བར་མཛད་དོ། །དེ་ནས་ཟླ་བ་བཅུ་ཙམ་སོང་བ་དང་ལྕགས་ཕོ་ཁྱི་ལོ་ལ་སྐུ་བལྟམས་སོ། །དེ་ནས་ཅུང་ཟད་སྨྲ་ཤེས་ནས་སྔར་གྱི་བག་ཆགས་སད་པའི་སྟོབས་ཀྱིས་ཡི་གེ་དྲུག་མ་འདྲེན་པ་དང་། བྱིས་པའི་ཚིགས་རྣམས་ལ་ཆོས་བཤད་པ་དང་། ཆོས་ཁྲི་དང་། སྤྱིལ་པོ་ལ་སོགས་པ་དང་། རི་ཕུག་དང་། བྲག་ཕུག་ལ་སོགས་དགོན་པ་ལ་དགའ་ཞིང་། རྩེད་མོའི་རྣམ་པ་ལའང་། སྔར་གྱི་དེ་འདྲ་བ་ཤ་སྟག་བྱེད་པ་དང་། འདོད་པ་ཆུང་ཞིང་ཆོག་ཤེས་པ་ཞིག་ཡོད། ཡང་བྱིས་པ་གློགས་པོ་རྣམས་ཀྱིས་ཉ་ལ་སོགས་སྲོག་ཆགས་མང་པོ་གསོད་པ་ལ། བཟའ་བཏུང་དང་། ཀ་ཆ་ལ་སོགས་པ་མང་དུ་བྱིན་ནས་སྲོག་སླུས་བྱས། བྱིས་པ་སྙོམས་ཆུང་པ་རྣམས་ཀྱིས་མགོན་སྐྱབས་བྱས་པས་བྱིས་པའི་བྱང་ཆུབ་སེམས་དཔར་གྲགས་པ་ཡང་བྱུང་།
དེ་ནས་དགུ་ལོ་བརྒྱད་ལོན་པའི་དུས་སུ་ཡབ་བསྐུང་ནས་འཆི་ཁ་མར་སོང་བ་ལ། རིན་པོ་ཆེ་མཁས་བཙུན་པ་ཐེམ་སྤངས་མཛད་ནས་ཐུགས་དམ་ལ་བཞུགས་པ་ལ། ཞུ་བ་ནན་ཆེན་པོས་གདན་དྲངས་ནས། ཁང་པ་ལ་སྐས་བཙུགས་ནས་བྱོན་པ་ལ། བསྙེན་བཀུར་དང་ཕྱག་རྟེན་ཕུལ་ནས། ངེད་ཀྱི་བུ་ལ་ཆོས་པ་ཅིག་ཡོད་པར་བ་དོག་པས། སྦྱོང་རང་རང་མགོ་འདོན་ཁྱེར་རང་མཁྱེན་བྱས་ནས་རིན་པོ་ཆེ་ལ་སྤྲད།
དེ་ནས་ཡབ་འདས་ཤིང་ལོ་དགུ་ལོན་པ་ལ་ཡང་དགོན་ཏུ་རིན་པོ་ཆེ་བའི་དྲུང་དུ་དགེ་བ་བསྙེན་བྱས།
ལོ་བཅུ་གཉིས་ལ། ས་སྐྱར་བྱོན་ནས་སློབ་དཔོན་སེངྒེ་བཟང་པོས་མགོ་འདོན་མཛད་ནས་བླ་མ་མཉམ་མེད་པས་མཁན་པོ་མཛད། སློབ་དཔོན་སྐྱེས་མཆོག་གིས་ལས་སློབ་མཛད། གྲིབ་ཚོད་པ་སློབ་དཔོན་སེངྒེ་བཟང་པོས་མཛད་ནས་རབ་ཏུ་བྱུང་བ་མཛད་དོ། །དེ་ནས་ལོ་གསུམ་གྱི་བར་དུ་ས་སྐྱར་བཞུགས་ནས་སློབ་གཉེར་མཛད། དེ་ནས་ཡུམ་བསྐུར་ནས་གདན་འདྲེན་བྱུང་བས་ཡུ་་་་་་་བྱོན། ཡུམ་ལོ་ནད་ཀྱིས་གཤེགས་པ་ལ་བསྐུར་གཡོག་ལ་སོགས་པ་ཞབས་ཏོག་ལ་བརྩོན་པར་མཛད་པས་བུའི་གོ་ཚོད་ཟེར་ནས་ཤིན་ཏུ་མཉེས་པའི་ངང་ལས་ཡུམ་འདས། རྗེས་ཀྱི་བྱ་བ་རྣམས་བསམ་པ་རྫོགས་པ་སྒྲུབས་པོ།
།དེ་ནས་བླ་མ་བསྟེན་ཅིང་གསན་པ་མཛད་པ་ནི། དགུང་ལོ་བཅུ་དྲུག་པ་ལ། ཡང་དགོན་དུ་སློབ་དཔོན་སེང་གེ་བཟང་པོའི་དྲུང་དུ། ཀྱཻ་རྡོ་རྗེའི་སྒྲུབ་ཐབས་དང་བཅས་པ་དྲིལ་བུ་པའི་དབང་སྒྲུབ་ཐབས། སྒྲོལ་མའི་དབང་སྒྲུབ་ཐབས་གཉིས། ཤེར་སྙིང་མདོ་སྒྲུབ། ཨེ་ཀ་ཛ་ཏིའི་བློ་འཕེལ། གཅོད་ནམ་མཁའི་སྒོ་འབྱེད། དེའི་ལོ་རྒྱུས། ཨཱརྱ་དེ་ཝའི་གཞུང་། རིན་ཆེན་འཕྲེང་བ། གདན་ཐོག་གཅིག་མ། ལམ་འབྲས་ཀྱི་འཁྲིད་གཞུང་བཤད་ལམ་སྐོར་དང་བཅས། མཚང་བ་མེད་པར་ཐོབ་པོ།
།དེ་ནས་དགུར་ལོ་བཅུ་བདུན་པ་ལ་ས་སྐྱར་བརྟག་གཉིས་ལ་བཤད་གསར་མཛད། དེ་ནས་ཡང་རིན་པོ་ཆེ་བའི་གསུང་ནས། རྣམ་འགྲེལ་ལ་ནན་ཏན་གྱིས་གསུང་ནས་ནན་ཏན་འཇུར་པོ་མཛད་པ། ཁམས་འདུས་ཅུང་ཟད་བྱུང་ནས། འཇག་ཏུ་བྱོན་ཞིང་རིན་པོ་ཆེ་བའི་དྲུང་དུ་བྱིན་རླབས་ཞུས་པ་ཙམ་གྱིས་ཁམས་འདུས་སེལ་ལོ།
།དེ་ནས་མཁན་ཆེན་སེང་གེ་དཔལ་བས་མཁན་པོ་མཛད། རིན་པོ་ཆེ་བས་ལས་སློབ་མཛད། སློབ་དཔོན་གྲུབ་སེང་གེས་གསང་སྡེབ་མཛད་ནས། ཟླ་བ་གཉིས་པའི་ཚེས་བཅུ་གཉིས་ཀྱི་སྔ་དྲོའི་དུས་སུ་བསྙེན་པར་༼རྫོགས་༽མཛད་དོ།
།དེ་ནས་ཡང་རིན་པོ་ཆེ་བའི་གསུང་ནས་ང་དུང་ས་སྐྱར་རྣམ་འགྲེལ་རེ་ཤོད། ངེད་ཀྱིས་ཀྱང་གསེར་ཞོ་བཅོ་བརྒྱད་ཙམ་བསྐུར་གྱིས་གསུང་བ་ལ། སླར་ཡང་ཞུ་བ་ནན་ཆེར་མཛད། རིན་པོ་ཆེ་པ་སྐུ་ཁམས་བཟང་བའི་དུས་འདིར་ཆོས་དྲུག་ལ་སོགས་པའི་ཁྲིད་རྣམས་དང་། གཞན་ཡང་དབང་སྒྲུབ་ལ་སོགས་ཀྱང་ཞུ་འཚལ། འདུས་པའི་ལུགས་ཀྱི་དཔྱིད་ཟླ་བ་བཞི་པའི་དང་པོའི་ཚེས་བཅུ་གཉིས་ཀྱི་སྔ་དྲོ། ནམ་འཆི་ཡང་ཆ་མེད་པས་ད་སྒྲུབ་པ་ཁོ་ན་བྱེད་པར་ཞུ་ཞེས་ཞུས་པས། འོ་ན་ཁྱོད་རང་ས་སྐྱར་ཇ་བསྐོལ་དུ་སོང་གསུང་ནས། ཆས་རྣམས་འཁྱེར་ནས་ཇ་བསྐོལ། དེ་ནས་མར་བྱོན་པའི་ལམ་དུ། ནུབ་གཅིག་གི་རྨི་ལམ་དུ་ཁྱི་ནག་པོ་དང་གཡག་ནག་པོ་མང་པོ་བྱུང་ནས། ཁྱིས་རྨུགས་པ་དང་། གཡག་གིས་གདུང་བ་ལ་སོགས་པ་བྱེད་དུ་བྱུང་། དེས་རྐྱེན་བྱས་རྨི་ལམ་ཟིན་ཞིང་། དེ་ཡང་འདི་རྣམས་རྨི་ལམ་ཡིན་པར་འདུག་པས་རྨི་ལམ་ལ་གང་སྤྱད་ཡིན་སྙམ་ནས། སྤྱང་ཁུ་མང་པོར་སྤྲུལ་ནས་ཁྱི་རྣམས་ཟོས་གཡག་རྣམས་གར་སོང་ཆ་མེད་དུ་སོང་འདུག །དེ་ནས་ང་རང་རྡོ་རྗེ་འཇིགས་བྱེད་དུ་སྤྲུལ་ནས་བླ་མའི་དྲུང་དུ་མཇལ་དགོས་སྙམ་སྟེ་ནམ་མཁའ་ལ་ཕྱིན་པས་བླ་མ་རིན་པོ་ཆེ་མི་བཞུགས་པར་འདུག་ནས་ཡང་ཕྱིན་པས་སྐུགས་ལུངས་ཀྱི་འཁྱམས་ན་སློབ་མ་བརྒྱ་ཙམ་ཅིག་ལ་སྒྱུ་ལུས་ཀྱི་དབང་བསྐུར་མཛད་ཀྱིན་འདུག །རེར་འོ་སྐོལ་གྱིས་ཀྱང་དབང་བསྐུར་རྣམས་ཇི་ལྟ་བ་བཞིན་དུ་ཞུས་ཤིང་ཐོབ་སྟེ། སྔ་མའི་བག་ཆགས་བླ་མའི་བྱིན་བརླབས་ཡིན་པར་འདུག །དེ་ནས་འཇག་ཏུ་ཕེབས་ཙ་ན། གཟིམས་ཁང་ན་སློབ་དཔོན་གྲུབ་སེང་བཞུགས་འདུག །ཁོང་གི་གསུང་ནས་རིན་ཆེན་དཔལ་དང་སྡོངས་ལ་མཛོ་རེད་ལ་ཡར་ཤོག་གསུང་བའི་ཞལ་ཏ་ཡོད་དོ་གསུང་པས། དེས་རྐྱེན་བྱས་ནས་ཤིན་ཏུ་ཉམས་དགའ་བར་གྱུར་ནས། གསོལ་འདེབས་ཅིག་མཛད་པས་དེའི་ནུབ་མོ་རྣལ་ལམ་དུ་མི་ནག་པོ་ཨ་ཙ་རའི་ཆ་བྱད་ཅན་གོས་པུས་གོང་མ་གོན་པ་ལྷག་ལྷས་བྱས་པ། ལག་ན་རལ་གྲི་ཐོགས་པ་གཅིག་ན་རེ། ཁྱོད་བསུར་འོངས་པ་ཡིན་ཡར་གཤེགས་གསུང་ནས། གར་འགྲོ་བ་ཡིན་བྱས་པས། བླ་མས་བསུར་བཏགས་པ་ཡིན། ཁྱེད་ཆོས་ཞུ་ཟེར་བས་དེད་ཀྱིས་གྲོགས་ལ་འོངས་པ་ཡིན་ཟེར་ནས་མི་སྣང་བར་ཐལ། དེ་ནས་སྐུགས་ལུངས་སུ་བྱོན་པས། ཕེབས་པའི་ཉིན་མོ་ནས་དག་བྱེད་ཨའི་སྟོང་རའི་དམིགས་པ་གནང་ནས་བསྒོམས་པས་དེའི་ནུབ་མོ་ནས་ནུབ་འགའ་ཞིག་གི་བར་དུ་སྒྲིབ་པ་ཟད་པའི་རྟགས། ནད་འདོན་པའི་རྟགས། གདོན་འདོན་པའི་རྟགས་རྣམས་ཇི་ལྟར་གསུངས་པ་བཞིན་བྱུང་། ཐབས་ལམ་གྱི་ལུས་གནད་མེའི་སྟོང་རའི་དུས་སུ་ལུས་ལ་དྲོད་འབར་ནས། དགུན་ཟླའི་དུས་ཡིན་ཡང་རས་རྐྱང་ཐུབ་པ་ཞག་ཉི་ཤུ་རྩ་ལྔའི་བར་བྱུང་། ཡང་སྒྱུ་ལུས་ཀྱི་བཀའ་ཆོས་དྲུག་གི་འཁྲིད། འཕོ་བ་དང་བར་དོའི་སྤྱི་བཀའ། སྒོས་བཀའ་དང་བཅས། སྒྱུ་མ་ལམ་རིམ་ལ་སོགས་པ་ལྷག་མ་མ་ལུས་པར་གནང་། ཕྱག་རྒྱ་ཆེན་པོ་གའུ་མའི་བཀའ་དང་འཁྲིད། འཆུག་མེད་ལམ་ཁྱེར་རྣམ་གསུམ་གྱི་བཀའ་དང་འཁྲིད། རང་སེམས་འཆི་མེད་ཀྱི་བཀའ་དང་འཁྲི། མཁའ་སྤྱོད་དཀར་དམར་གྱི་བཀའ་དང་འཁྲིད། མཁའ་སྤྱོད་གསུམ་སྤྲུགས། བདེ་མཆོག་གསང་སྒྲུབ། མཁའ་སྤྱོད་རིག་འཛིན། བདེ་མཆོག་ལྷན་སྐྱེས། ལྷ་ལྔའི་དབང་སྒྲུབ། དབང་བཞི་ལུས་སྒྲིག་གི་འཁྲིད། རྒྱ་གཞུང་ཕྱག་དྲུག་པའི་རྗེས་གནང་། སྒྲུབ་ཐབས་ལས་ཚོགས་དང་བཅས་པ། བླ་མ་མགོན་པོ་དབྱེར་མེད། གསང་སྒྲུབ། ཡིད་བཞིན་ནོར་བུ། ལྷ་མགོན་གཉིས་ཀྱི་ཆོས་སྐོར་རྣམས་ཐོབ། གུར་མགོན་གྱི་རྗེས་གནང་། གཏོར་མ་བསྟོད་པ་དང་བཅས་པ། གདོང་བཞི་པའི་རྗེས་གནང་། ཐུགས་རྗེ་ཆེན་པོ་སྐྱེར་སྒང་པའི་རིག་གཏད། གསང་སྒྲུབ། འཁྲིད་ལས་ཚོགས་དང་བཅས་པ། རོ་སྙོམས་སྐོར་དྲུག །སྒང་འདྲིལ་གཟེར་ལྔ། གནད་ལྔ། ཕྱག་རྒྱ་ཆེན་པོ་ཡི་གེ་བཞི་པ། གྷ་གྷ་མ། ལྷན་ཅིག་སྐྱེས་སྦྱོར། གཅོད་ནམ་མཁའ་སྒོ་འབྱེད། འཕྲུལ་གཅོད། དོ་ཧ་སྐོར་གསུམ། མཛོད་སྒོ་དྲུག །རྒྱལ་པོ་མདོ་ལྔ། སྒྲོལ་མ། ཚེ་དཔག་མེད། གཙུག་ཏོར་རྣམ་རྒྱལ་མའི་རྗེས་གནང་། སྒྲུབ་ཐབས། སེངྒེའི་སྒྲའི་སྒྲུབ་ཐབས་ལས་ཚོགས་དང་བཅས་པ་གདོན་གྲོལ། འོད་ཟེར་ཅན་གྱི་སྒྲུབ་ཐབས། པདྨ་ཤ་བ་རིའི་སྒྲུབ་ཐབས། ཀུ་རྨ་པ་ཏིའི་རྗེས་གནང་། སྒྲུབ་ཐབས། འདོད་རྒྱལ་དམར་པོའི་སྐོར་ཚ་་་་པ། ཚོགས་བདག་གི་སྒྲུབ་ཐབས་ལས་ཚོགས་དང་བཅས་པ། འཇམ་དཔལ་སྨྲ་སེང་གི་བློ་འཕེལ། དེའི་དབང་སྒྲུབ་གཉིས། སྤྱན་རས་གཟིགས་ཀྱི་དབང་སྒྲུབ་རྗེས་གནང་། མི་གཡོ་བླ་མེད་ཀྱི་དབང་སྒྲུབ། ཕྱག་ན་རྡོ་རྗེ་ཨ་ཙ་རྱའི་རྗེས་གནང་། རྣམ་འཇོམས་ཀྱི་རྗེས་གནང་། མི་འཁྲུགས་པ་ལྷ་དགུའི་དབང་སྒྲུབ། གཙུག་ཏོར་དགུ་པའི་དབང་། རས་ཆུང་སྙན་བརྒྱུད་ཀྱི་ཡབ་བཀའ་ཡུམ་བཀའ་འཁྲིད་ལ་སོགས་པ་ཆ་ལག་ཚང་བ། ཀྱཻ་རྡོ་རྗེའི་དབང་སྒྲུབ་མཆོད་པ་གསལ་བྱེད་ཉི་མ། དུས་ཐ་མའི་ཆོ་ག །སྦྱིན་སྲེག །ལུས་དཀྱིལ་གྱི་དབང་། བདག་མེད་ལྷ་མོ་བཅོ་ལྔའི་དབང་། དེའི་དབང་གི་ཆུ་བོ་མ་ནུ་བོ་མ་ནུབ་པའི་བྱིན་རླབས་ཀྱི་རིམ་པ། ལམ་འབྲས་བྱི་འཁྲིད་གཞུང་བཤད། ལམ་སྐོར། སྒྲུབ་པ་ལུང་སྦྱིན། ཨ་་་་འི་བཟླས་ལུང་། བ་ཡ་ནའི་ཕྱིར་ལྡོག །ཀོ་བྲག་པའི་ལུགས་ཀྱི་ལས་འབྲིང་པོའི་གཞུང་བཤད། དབང་བཞིའི་འཁྲིད། གཞུང་འཁྲིད་གེགས་སེལ་གྱི་འཁྲིད། གེགས་སེལ་ཐུགས་བརྒྱུད་མ། ཧའི་དམིགས་པ་སྦྱང་ཚུལ། སྒྲོལ་མ་ལྷ་བཅུ་བདུན་པའི་དབང་། མངོན་རྟོགས་ཉི་མ་སྤས་པས་མཛད་པ། ཕྱག་རྡོར་འཁོར་ཆེན་གྱི་དབང་སྒྲུབ། སྦྱིན་སྲེག །ཕྱག་རྡོར་གཏུམ་པོའི་དབང་སྒྲུབ་རྗེས་གནང་། བདེ་མཆོག་ལོ་ཏེ་པའི་དབང་སྦྱིན་སྲེག །ནག་པོ་པའི་དབང་སྒྲུབ་སྦྱིན་སྲེག །གཤེད་དམར་ལྷ་ལྔའི་དབང་སྒྲུབ། སྦྱིན་སྲེག །གཤེད་དམར་བཅུ་གསུམ་མའི་དབང་སྒྲུབ་སྦྱིན་སྲེག །དེ་གཉིས་ཀྱི་རྒྱ་གཞུང་། འཁོར་ལོ། འཁོར་ལོའི་གསལ་བྱེད། འཁོར་ལོའི་དེ་ཉིད་གསལ་བྱེད། འཇིགས་བྱེད་ཀྱི་དབང་སྒྲུབ། སྦྱིན་སྲེག །རྒྱ་གཞུང་། རྒྱུད་རྟོག་པ་བདུན་པ། གསུམ་པ། བདེ་མཆོག་དྲིལ་བུ་པའི་དབང་སྒྲུབ། བཞན་ཕན་བྱ་བའི་རིམ་པ། དགྲ་ནག་གདོང་དྲུག་གི་དབང་སྒྲུབ། ཐོ་ཡིག །ཀུན་རིག་རྩ་བའི་དཀྱིལ་འཁོར་གྱི་དབང་། སྤྱོད་རྒྱུད་དཀྱིལ་འཁོར་བཅུ་གཉིས་ཀྱི་དབང་། གཞན་ཕན་འོད་ཟེར་སྙིང་པོ། གཉིས་མེད་རྣམ་རྒྱལ་གྱི་དབང་སྒྲུབ། རྩེ་མོ་རིགས་བསྡུས་ཀྱི་དབང་། ངན་སོར་སྦྱོང་རྒྱུད། རྡོ་རྗེ་འབྱུང་བ། དེ་ཉིད་འདུས་པ། རྡོ་རྗེ་རྩེ་མོ། དཔལ་མཆོག་དང་པོ། རྡོ་རྗེ་ཕུར་བའི་དབང་། སྒོམ་བྱང་། རྡོ་རྗེ་ཕྲེང་བ་སྐོར་གསུམ། དཔྱལ་ལོས་མཛད་པའི་ཞལ་གདམས། རྒྱུད་སྡེ་ལྔའི་དབང་མངོན་རྟོགས། རྡོ་རྗེ་གདན་པས་མཛད་པའི་རྒྱ་གཞུང་། རཱ་ཧུ་ལས་མཛད་པའི་རྒྱ་གཞུང་། དེ་ཉིད་བཅུ་དྲུག །སྔགས་འཕྲེང་། ཉིན་མོའི་དབང་བསྐུར་གྱི་ཆོ་གའི་རིམ་པ། འཇམ་སྡུད། སྐུ་གསུམ་ངོ་སྤྲོད། བསམ་གཏན་ཐུན་འཇོག །སྙིང་ཐིག རྒྱལ་བ་རྒྱ་མཚོ། ཨོ་རྒྱན་བསྙེན་སྒྲུབ། ཚེ་དཔག་མེད་གྲུབ་པའི་རྒྱལ་མོ་ནས་བརྒྱུད་པ། གསང་སྒྲུབ། མངོན་རྟོགས། ཛེ་ཏཱ་རི་ནས་བརྒྱུད་པའི་ཚེ་དཔག་མེད་འཆི་བླུ་དང་བཅས་པ། ཡོ་ག་ལུགས་ཀྱི་ཚེ་དཔག་མེད། ཐེག་པ་ཆེན་པོའི་བློ་སྦྱོང་། ཡང་དག་མེ་ཅིག་མ། ཧཱུྃ་ཆོས་གསུམ། བདག་མེད་མའི་ནང་འཁྲིད། ས་སྐྱ་པའི་གཏོར་མའི་རིམ་པ། ཆབ་གཏོར་འཇམ་དཔལ་མ། ཏཱི་པི་ཀ་རས་མཛད་པའི་ཆབ་གཏོར། ཀླུ་གཏོར། བརྒྱ་རྩ། ཆ་གསུམ། རྣམ་འཇོམས་འབིར་ལུགས། ས་ལུགས། རྡོ་རྗེ་ད་་་་ས་པ། རྟ་མགྲིན་ནག་པོ་གསུམ་སྤྲགས། རྟ་མགྲིན་ནག་པོའི་རྗེས་གནང་། གཉན་ཆུང་ལོ་ཙཱའི་ལུགས་སྒྲོལ་མའི་སྐོར་ཚར་བ། དྲན་སྟོན་མཐའ་བྲལ་གྱི་བདེན་བརྡར། ཕག་མོ་གཞུང་དྲུག །ཁྲོས་ནག་གི་སྐོར། ས་སྐྱ་པ་ཎྜི་ཏའི་བདེ་མཆོག་ལྷན་སྐྱེས་ཀྱི་དབང་སྒྲུབ། ཀྱཻ་རྡོ་རྗེ་དཔའ་བོ་གཅིག་པའི་མངོན་རྟོགས། གུར་མགོན་གྱི་བུམ་དབང་། བདེ་མཆོག་དཀར་པོའི་དབང་། ཕག་མོ་མཻ་ཏི་མཁའ་སྤྱོད། རྟ་མགྲིན་ནག་པོ་སུམ་སྒྲིལ། རྗེ་འཆའ་ལུང་། འཇིམ་པའི་བཀའ་ཐུབ། ཆུ་འཐུང་། ཚ་སྣ། རྟག་ཏུ་ཏུ་ལ་སོགས་པའི་བཀའ་ཐུབ་ཀྱི་ལུང་མང་པོ། ས་སྐྱ་པ་ནས་བརྒྱུད་པའི་སེམས་བརྒྱུད། འཇམ་པའི་རྡོ་རྗེ། བདེ་མཆོག་རིམ་ལྔའི་དབང་སྒྲུབ། གཞན་ཡང་དབང་དང་སྒྲུབ་ཐབས་དང་། མདོ་རྒྱུད་ཀྱི་ལུང་མང་དུ་གསན་པ་རྣམས་གསན་ཡིག་ན་ཡོད་པས་འདིར་མ་བྲིས་སོ།
།གཞན་ཡང་རིན་པོ་ཆེ་བའི་གསན་ཡིག་ན་ཡོད་པ་ལ་འོ་སྐོལ་གྱིས་མ་ཐོབ་པ་མང་པོ་འདུག་པས། རིན་པོ་ཆེ་བློ་བཟང་པས། རིན་པོ་ཆེ་ཡབ་སྲས་གཉིས་ཀ་ལ་གསན་པར་མཛད་པས་ཁོང་ལ་ཡོད་སྙམ་ནས་རིན་པོ་ཆེ་བློ་བསང་པའི་དྲུང་དུ་བྱོན་ནས། བདེ་མཆོག་ལྷ་བཅུ་གསུམ་མའི་ཡབ་བཀའ་ཡུམ་བཀའ་སྒྲུབ་ཐབས་དང་བཅས་པ། ལྷ་བཞི་དྲིལ་སྒྲུབ་ཀྱི་བཀའ་ལུང་། རླུང་ཤིང་རྟ་ཅན། བུམ་པ་ཅན། རྩ་འཁོར་བཅིང་གྲོལ། ཀུ་སུ་ཀུའི་ཚོགས་བསོག་རྣམས་ཞུས། དེ་ནས་བླ་མ་གཡག་ཐར་པའི་དྲུག་དུ་སྦྱོར་དྲུག་གི་སྐོར་རྣམས་ཐོབ། དེ་ནས་བླ་མ་འཇམ་རིངས་པ་རིན་པོ་ཆེ་བའི་དུས་མཆོད་མཛད་པ་ལ་བྱོན་པའི་དུས་སུ། དུས་འཁོར་རྒྱུད་འགྲེལ། བདེ་མཆོག་བསྟོད་འགྲེལ་རྡོ་རྗེ་སྙིང་འགྲེལ། གསང་འདུས། སློབ་དཔོན་ཀླུ་སྒྲུབ་ཀྱིས་མཛད་པའི་འགྲེལ་བ། ཟླ་གྲགས་ཀྱིས་མཛད་པའི་འགྲེལ་པ། དབང་སྒྲུབ་གཉིས། གཏོར་ཆོག དབང་གོང་མ། རིམ་ལྔའི་དམར་འཁྲིད། ནག་འཁྲིད་རྣམས་ཞུས། མཁན་ཆེན་སྲེག་ཞིང་པའི་དྲུང་དུག་སང་འདུས་ཀྱི་རྒྱབ་ཆོས་དོན་བཞིམ། དོན་གསུམ་མ། དོན་གཉིས་མ། ཀྱཻ་རྡོ་རྗེའི་གདམས་པ་གཅིག་རྣམས་གསན་ནོ།
།གཞན་ཡང་དབུས་གཙང་གི་དགེ་བཤེས་མཁས་གྲུབ་མང་པོ་ལ་དབང་གདམས་པ་ངག་འཁྲིད་ཟབ་ཆོས། མདོ་རྒྱུད་ཀྱི་ལུང་མང་ཏུ་གསན་ཞིང་ཆོས་ཀྱི་འབྲེལ་བ་མཛད་དེ། འདིར་མདོར་བསྡུས་བྲིས་པའོ། །སྒྲུབ་པ་མཛད་དེ་ཉམས་རྟོགས་འཁྲུངས་ཚུལ་དང་ངག་སྣང་ཤར་བ་ནི། ཆོས་དྲུག་གི་འཁྲིད་བསན་པའི་དགོངས་པ་མཛད་དུས་ནས་མནལ་ལམ་ཟིན་པ་དང་། སྦྱོང་སྤེལ་དང་། སྤྲུལ་བསྒྱུར་དུ་མ་མཛད་པ་ལ་དཀའ་ཚོགས་མེད་པར་འགྲུབ་གསུང་། ཆོས་དྲུག་གི་སྒྲུབ་པ་མཛད་པའི་དུས་སུ། ཐོག་མར་སྔོན་འགྲོའི་འཁྲིད་རྟགས་རྣམས་རྫོགས་པར་བྱུང་། དེ་ནས་བདེ་དྲོ། རང་འབར་དུ་བྱུང་། དེ་ནས་འདི་ལྟར་སྣང་བ་འདི་རང་སྣང་དུ་ངོ་ཤེས་ཞིང་། རྨི་ལམ་ལྟ་བུ། སྒྱུ་མ་ལྟ་བུ། བཅོས་མ་མ་ཡིན་པ་ཆགས་སྡང་ཐམས་ཅད་དང་བྲལ་བ་བྱུང་། མཚན་མ་མནལ་ལམ་བཟུང་ནས་བླ་མའི་དྲུང་དུ་ཆོས་གསན་པ་དང་། དི་དན་བྲག་ལ་སོགས་པ་ལ་ཕར་ཐལ་ཚུར་ཐལ་མཛད་པ་དང་། འོད་གསལ་གྱི་གསལ་སྣང་གིས་ཁང་པའི་ནང་ཇི་ལྟ་བ་བཞིན་གཟིགས་པ་ལ་སོགས་པ་བྱུང་། དེ་ནས་རིན་པོ་ཆེ་པ་འཁོར་ཆེན་གྱི་དབང་མཛད་པའི་མཆོད་གཡོག་ལ་ཤོག་གསུང་ནས་བྱོན་པས། དྲོད་ཆེན་པོ་དེ་དང་མ་ནལ་ལམ་གྱི་སྟོབས་ཆེན་པོ་དེ་འགྲིབས་ནས་ཞག་མང་པོ་སོར་མ་ཆུད། དེ་མི་མང་པོའི་གྲིབ་ཀྱིས་ལན་པར་འདུག །དེས་ན་སྒྲུབ་པ་བྱེད་པའི་དུས་སུ་གྲིབ་ལ་འཛེམ་པ་གལ་ཆེ་བར་གདའོ།
།ཡང་འཇག་ཏུ་ཕྱག་རྒྱ་ཆེན་པོའི་སྒྲུབ་པ་མཛད་ཀྱིན་ཡོད་པའི་དུས་གཅིག་ན། སྒོམ་ཁང་དུ་ལྟ་སྟངས་མཛད་པའི་དུས་སུ། ཐོག་མར་ཐོག་མཚམས་སུ་འོད་དཀར་ཁྱིམ་གཅིག་བྱུང་། དེ་ཇེ་ཆེར་སོང་ནས། ཐོག་མར་ཁྱིམ་དེ་མཆོད་རྟེན་དགར་ལྷག་གིས་མཐོང་། དེ་ཇེ་གསལ་ལ་སོང་ནས་སྲོག་ཤིང་ཡན་ཆད་ཀྱི་རི། ཁང་ཁྱིམ་དང་མི་ལ་སོགས་པའི་སྲོག་ཆགས་ཐམས་ཅད་ཅི་བྱེད་གསལ་ལིང་བ་མཐོང་བ་བྱུང་། མཉམ་གཞག་དེ་ལས་ལངས་པ་དང་། གསལ་སྣང་དེ་ཡང་འགྲིབས་སོང་། ཡང་དེའི་ནུབ་མོ་མནལ་ལམ་བཟུང་ནས། འཇག་ཆེ་བ་ཕར་བྱོན་པས་ང་རང་ཐུགས་རྗེ་ཆེན་པོ་ཞལ༌གཅིག་ཕྱག་བཞི་པ་ཅིག་ཏུ་འགྱུར་སོང་ནས། རྨི་ལམ་ཡིན་པར་འདུག་པས། པོ་ཊ་ལ་གཟིགས་པ་ལ་གཤེགས་དགོས་སྙམ༌ནས་དཀྱིལ་ཀྲུང་བཅས་ཏེ་ནམ་མཁའ་ལ་བྱོན་པས་པོ་ཊ་ལ་ཡིན་ཟེར་བ་བྱེ་མའི་རི་ལ་ཤིང་རྩི་སྣ་ཚོགས་ངང་བྱ་སྣ་ཚོགས་ཡོད་པ་ཅིག་གི་རྩེ་ན་མཆོད་རྟེན་དཀར་པོ་གཅིག་འདུག །དེའི་ནང་ན་ཇོ་བོ་ཐུགས་རྗེ་ཆེན་པོ་གཙོ་འཁོར་གསུམ་བཞུགས་པ་མཐོང་། མོས་པ་དང་གུས་པ་ཚད་མེད་པ་སྐྱེས་ནས་བྱིན་རླབས་ཞུས་པས། ཇོ་བོས་མགོ་ཐོག་ཏུ་ཕྱག་བཞག་ནས་ཁྱོད་སྐྱེ་བ་སྔ་མ་ལ་བྱམས་པ་དང་སྙིང་རྗེ་བསྒོམས་པས་འདིར་བདག་དང་མཇལ་བ་ཡིན། སྐྱེ་བ་འདིའི་ཕྱི་མ་ལ་རྒྱ་གར་གྱིས་ཕྱོགས་སུ་སྐྱེས་ནས་བྱམས་པ་དང་སྙིང་རྗེས་སེམས་ཅན་གྱི་དོན་བསམ་གྱིས་མི་ཁྱབ་པ་འགྲུབ་པར་འགྱུར་གསུང་། དེ་ནས་ཆོས་ཅིག་ཞུ་དགོས་བསམ་པ་དང་གཉིད་སད་ནས་ཞུ་ལོང་མ་བྱུང་། དེ་ནས་ཡང་སྐུ་མཚམས་དམ་པར་མཛད་པས། མནལ་ལམ་ཟིན་ནས་རི་དང་བྲག་ལ་ཕར་ཐལ་བྱེད་པ་ལ་སོགས་པ་སྦྱོང་སྤེལ་གང་ལའང་ཐོགས་པ་མེད་པ་བྱུང་། ཉིན་པར་ནམ་མཁའ་དང་བར་སྣང་ལ་བསྟན་གཙོ་དང་བདེ་མཆོག་དང་། དགྱེས་རྡོར་ལ་སོགས་པ་ལྷ་སྐུ་བསམ་གྱིས་མི་ཁྱབ་པས་ནམ་མཁའི་ཁམས་གང་བ་དང་། རིགས་དྲུག་གི་སྣང་བ་ཡང་བསམ་ལས་འདས་པ་མཐོང་ནས་རིན་པོ་ཆེ་པ་ལ་ཞུས་པས། ལྷ་སྐུ་རང་ཤར་དང་དོན་དམ་པའི་སྲིད་པ་གསུམ་བྱ་བ་ཡིན། ངོ་བོ་དེ་ལས་བོགས་དབྱུང་རྒྱུ་མེད་གསུང་། ཡང་ཤངས་ཀྱི་རི་ལ་གཅོད་ལ་བྱོན་པའི་དུས་སུ་གཅོད་མཆོད་པ་པ་ཅིག་བྱང་མེད་པར། དགེ་སྦྱོར་བོགས་ཆེས་པར་བྱུང་། དེ་དུས་ཆུ་སི་དི་མོར་ཚ་བ་ཐོན་ནས་ཉི་མ་ལ་བཞུ་བའི་དུས་སུ། བུད་མེད་དམར་པོ་གཅིག་དྲུང་དུ་བྱུང་ནས་ཡ་གི་ལ་ལྟོས་དང་ཟེར་ནས་གཟིགས་པས། བྲག་རེ་དེ་ན་རྡོ་རྗེ་འཛགས་བྱེད་ཀྱི་སྐུ་ཤིན་ཏུ་ཆེ་བ་ཅིག་བཞུགས་པ་མངོན་སུམ་དུ་གཟིགས་པས་དེ་ལ་ཤིན་ཏུ་འཇིགས་པ་དང་། མོས་གུས་སྐྱེས་པ་གཉིས་བྱུང་། དེ་ནས་རྒྱགས་ཕྱི་ཟད་ནས་དགོན་པ་ཕྱོགས་ལ་བྱོན་ནས་ཞོང་ཞོང་འོག་མ་ཁྱུང་པོ་རྣལ་འབྱོར་གྱི་སྐུ་འབུམ་གྱི་དྲུང་དུ་ཞག་དྲུག་གི་བར་དུ་གསོལ་བ་འདེབས་ཤིང་བཞུགས་པས། མནལ་ལམ་འབད་མེད་འཁོར་མར་ཟིན་པ་དང་། ཁྱད་པར་ནུབ་གཅིག་གི་མནལ་ལམ་དུ་བུད་མེད་དམར་མོ་ཅིག་བྱུང་ནས། འགྲམས་པ་ཐལ་ལྕག་རྡོག་པ་ཅིག་རྒྱབ་པས་མནལ་སད་ནས་ཡང་ཚ་བ་རེ་འདུག །མོ་ན་རེ་ཡར་ལོངས་ལ་དགེ་སྦྱོར་གྱིས། ཁྱོད་སུམ་ཅུ་རྩ་གསུམ་ལ་འཆི་བར་འདུག་པ་ལས་ངས་ཚེ་སྲིངས་ཡོད་ཟེར་ནས་མི་སྣང་བར་ཐལ། དེ་ནས་དགོན་པར་ཕེབས་དུས་རིན་པོ་ཆེ་པའི་གསུང་ནས་་་་་་་ད་ཀྱི་གཡོག་རྣམས་ཀྱིས་བྱིན་རླབས་འཇུག་པ་ཡིན། ནོར་བདག་པོས་ཉ་ར་བྱེད་དགོས་པ་ལགས་གསུང་ནས། དེ་ནས་ལོ་བདུན་བརྒྱད་ཙམ་བར་དུ་ཞབས་ཏོག་དང་སྒྲུབ་པ་སྤེལ་མར་བྱས། ཁྱད་པར་དུ་ས་སྐྱ་དང་སྣར་ཐང་དང་། སྲེག་ཞིང་ལ་སོགས་པ་རྣམས་སུ་བསྙེན་བཀུར་དང་འབུལ་བྱེད་ལ་སོགས་ཀྱི་བྱ་བ་རྣམས་གུས་པར་བསྒྲུབས་པས་བྱིན་རླབས་ཞུགས་ནས་མནལ་ལམ་གྱི་སྟོབས་ཤིན་ཏུ་ཆེ་བར་བྱུང་། ཡེ་ཤེས་ཀྱི་མཁའ་འགྲོ་ནེ་གུ་མ་ལ་སོགས་པ་བརྒྱུད་པའི་བླ་མ་མང་པོ་དང་ཞལ་མཇལ་ཞིང་མ་འོངས་པའི་ལུང་བསྟན་ཡང་འགའ་རེ་བྱུང་། ཡང་སྙུགས་་་་་ངས་ཀྱི་གཟིམས་ཆུང་དུ་ཐུགས་དམ་ལ་བཞུགས་པའི་དུས་སུ། མནལ་ལམ་དུ་ཡེ་ཤེས་ཀྱི་མགོན་པོ་ཕྱག་དྲུག་པའི་ཞལ་མཐོང་ཞིང་གསུང་གི་གནང་བ་ལ་ང་དང་བླ་མ་དབྱེར་མེད་དུ་བསྒོམས་བྱིན་རླབས་འཇུག་པ་ཡིན་གསུང་བ་བྱུང་། ཡང་གཡག་ཐང་དུ་སྦྱོར་དྲུག་གི་སྒྲུབ་པ་མཛད་པའི་དུས་སུ་གཡག་ཐང་གི་ཐང་ཞབས་ན་མར་མི་དང་ཁལ་ལ་སོགས་འགྲོ་བ་རྣམས་ཇི་ལྟ་བ་བཞིན་དུ་མུན་ཁང་ནས་གཟིགས་པ་བྱུང་། དེ་ལས་མཆེད་ནས་མི་ཤངས་ལུང་པ་དང་། འཇག་པ་ལ་སོགས་པའི་མི་རྣམས་ཅི་བྱེད་པ་དང་། ཁྱད་པར་རང་དེའི་གཡོག་པོས་མཛོད་ནས་བརྐུབ་ཡང་གཟིགས། མནལ་ལམ་བཟུང་ནས་རྒྱལ་ཆེན་བཞིའི་གནས་གཟིགས་སུ་བྱོན་པས། གཟུགས་ཤིན་ཏུ་ཆེ་བ། གོས་རིང་པོ་ཁྱད་འཕགས་གྱོན་པ། བུད་མེད་གར་བྱེད་ཅིང་རོལ་མོ་དང་མཆོད་པ་སྣ་ཚོགས་འབུལ་བ་ལ་སོགས་པ་བཀོད་པ་བསམ་གྱིས་མི་ཁྱབ་པ་གཟིགས། གཞན་ཡི་དམ་མང་པོའི་ཞལ་བལྟ་བ་དང་། རང་གི་ལུས་མང་པོར་སྤྲུལ་ནས་ཡི་དམ་ལ་མཆོད་པ་བསམ་གྱི་མི་ཁྱབ་པ་འབུལ་ནུས་པ་བྱུང་། དེའི་གཞི་བདག་བཙན་ཅིག་གིས་བར་ཆད་བྱེད་དུ་བྱུང་བ་ལ། གཤིན་རྗེ་དགྲ་ནག་ཏུ་སྤྲུལ་ནས་ཁོ་བཏུལ་བས་སྲོག་སྙིང་ཕུལ་ཞིང་བཀའ་འབངས་སུ་ཁས་བླངས་ནས་མཆོད་པ་འདྲེན་པ་ལ་སོགས་པ་ཞབས་ཏོག་ཁྲུ་གང་ཙམ་གྱི་ནམ་མཁའ་ལ་འཕགས་ནས་ཡུན་རིང་པོར་གདན་ལ་མ་ཕེབས། རླུང་གྱུབ་ཞག་འགའ་རེ་མི་ཚོར་བ་དང་། ནམ་མཁའ་དང་བར་སྣང་ཐམས་ཅད་འོད་སྐོར་གྱི་ནང་དུ་ལོངས་སྐུ་དང་སྐུ་ལ་སོགས་པའི་ལྷ་སྐུ་བར་སྣང་ཐམས་ཅད་གང་བ་ཉིན་མཚན་མེད་པར་མཐོང་། གླིང་བུ་དང་། པི་ཝང་དང་། ཆ་ལང་ལ་སོགས་པའི་སྒྲ་སྣ་ཚོགས་རྒྱུན་མི་འཆད་དུ་བྱུང་སྙམ་བྱེད་པ་དང་། ལྕེ་ཆུང་ལས་རོ་ཤིན་ཏུ་མདར་བ་བྱུང་བ་ལ་བརྟེན་ནས། ཞག་མང་པོར་ཁ་ཟས་ཟ་མི་དགོས་པ་དང་། ལྷ་ས་དང་། ས་སྐྱ་ལ་སོགས་ཐག་ཉེ་རིང་མང་པོའི་ཡུལ་གཏན་ལ་ཕེབས་པ་དང༌། ལྕང་ལོ་ཅན་ཡིན་ཟེར་བའི་གནས། ས་ཕྱོགས་རང་བཞིན་གྱིས་སྔོ་བ་མི་ལ་སོགས་པའི་སྲོག་ཆགས་རྣམས་ཀྱང་གཞན་པས་སྔོ་བ། ཁང་པ་རྣམས་ཀྱང་ལྕགས་ཀྱི་ཁང་པ་ལྟ་བུར་ཡོད་པ། སྐད་རིགས་མི་འདྲ་བ་མང་པོ་ཡོད་པ། རི་རྣམས་ཀྱང་བྲག་རི་འདྲ་བ་རྣོ་བ་ཞིག་ན། དཔལ་ཕྱག་ན་རྡོ་རྗེ་ཞལ་གཅིག་ཕྱག་གཉིས་པ་ཅིག་ཞལ་དངོས་སུ་གཟིགས་གཟུངས་རིང་གི་བཟླས་ལུང་ཡང་གནང་། གཞན་ཡང་མནལ་ལམ་བཟུང་ནས་རྡོ་རྗེ་གདན། རི་བོ་རྩེ་ལྔ་ལ་སོགས་པ་གཟིགས། བདེ་མཆོག་ལ་སོགས་པ་ཡི་དམ་མང་པོའི་ཞལ་གཟིགས། རེས་འགའ་ནི་སེམས་ཅན་ཡི་དྭགས་ཀྱི་གནས་རྣམས་གཟིགས་པ་ལ་བརྟེན་ནས་སྙིང་རྗེ་དྲག་པོ་སྐྱེས་ཏེ་བཤུམ་དགོས་པ་དང་། རེས་ཁམས་འཏུས་ལངས་ནས་སྡུག་བསྔལ་དྲག་པོ་ཡོད་པ་དང་། མི་མང་པོ་འདུས་ནས་འོ་སྐོལ་ལ་འཐབ་པ་དང་འབར་བ་ལ་སོགས་པ་བྱས་པ་ལ་བརྟེན་ནས་སྙིང་རླུང་རྒྱུ་བ་སྒྲ་དང་བཅས་པ་དང་། སྲོགས་མང་པོ་འཁྲུག་པ་དང་འཐབ་པ་ལྟ་བུ་བྱུང་། དེའི་རྗེས་ལ་ལུས་ཀྱི་ཁོལ་བུར་བྱེད་པ་དང་། བཟོང་ཐབས་མེད་པ་ཡོང་པ་ཡང་བྱུང་། རླུང་བསྒོམས་པས་ལུས་ལ་རྩ་ཟུགས་རླུང་ཟུག །སོར་མོའི་རྩེ་མོ་རྣམས་ལ། ལུས་ཐམས་ཅད་བདེ་བ་ཆེན་པོས་ཁྱབ་པ་དང་། ཡང་སློབ་དཔོན་མོན་བཙུན་འཁྲུལ་འཁོར་བབས་ནས་འཏུག་པས་ཁོང་གི་དེ་ངེད་ལ་དགོས་པ་ལྟ་བུར་བྱུང་ནས། ལུས་ཀྱི་འཁྲུལ་འཁོར་དུ་མ་བྱེད་པ་དང་། ངག་ཉམས་བབས་ནས་སཾ་ཀྲྀ་ཏའི་སྐད་འདོན་པ་དང་། ཆོས་འཆད་པ་དང༌ངུ་བ་དང་གོད་པ་ལ་སོགས་པ་བསམ་གྱིས་མི་ཁྱབ་པ་བྱུང་། མི་བཅུ་གཉིས་ཀྱིས་བཟུང་བས་མ་ཐུབ་པར་པུ་ཤུའི་སྟེང་ན་ཕར་བྱིན་པས་མི་དེ་རྣམས་ཀྱང་ལུས་ལ་བཏགས་པ་ལྟར་ཕྲུལ་ཕྲུལ་བྱེད་པ་བྱུང་། མཛོ་ལ་ཆིབས་པས། གོན་ནས་བཞེངས་གར་རང་སྐུ་ལུས་ཀྱི་རྣམ་འགྱུར་དུ་མ་མཛད་པས་མཛོ་གོན་ནས་མི་ལྟུང་འདུག །དེ་ལ་སོགས་པ་ལུས་ངག་ཡིད་གསུམ་ལ་འཁྲུལ་འཁོར་དུ་མ་ཞིག་བྱུང་སྟེ་བརྗོད་ཀྱིས་མི་ལང་གསུང་། ཡང་བྲག་ཁུང་གོང་མར་སྐུ་མཚམས་ལ་བཞུགས་པའི་དུས་གཅིག་ན་ནུབ་ཅིག་མནལ་ཆེན་པོ་མ་བྱུང་བར་བླ་མ་བརྒྱུད་པ་དང་བཅས་པ་ལ་གསོལ་བ་འདེབས་ཡུན་རིང་པོ་ཅིག་མཛད་པས། མོས་གུས་ཚད་མེད་པ་སྐྱེས། སྔར་ནས་བདེ་མཆོག་ལ་ཐུགས་དམ་གྱི་གཙོ་བོར་མཛད་ནས་བསྙེན་པ་མཛད་ཀྱི་ན་ཡོད་པ་ལ། མནལ་ལམ་དུ་ཇོ་བོ་ཐུགས་རྗེ་ཆེན་པོ་མདུན་གྱི་ནམ་མཁའ་ལ་འཛུམ་ཡེ་རེ་བྱོན་ཁྱོད་ཀྱི་ཡི་དམ་ལྷ་ང་ཡིན་ནོ་གསུང་། དུས་དེ་ནས་དངོས་སུ་ཡང་ཞལ་མཐོང་ཞིང་འདུག །དེའི་རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་ཞལ་མཐོང་ཞིང་ཆོས་ཁྱོད་འཕགས་ཅིག་ཀྱང་གསུང་སྟེ། རྗེ་བཙུན་མ་རང་གི་བཀའ་རྒྱ་ཡོད་པས་བཤད་དུ་མ་བཏུབ་གསུང་། ཡང་རིམ་ལྔའི་དམར་འཁྲིད་ནག་འཁྲིད་ཐུགས་དམ་མཛད་པའི་དུས་སྒྱུ་ལུས་སྦྱོང་བའི་སྐབས་སུ་སྒྱུ་མ་ལྟ་བུའི་ཉམས་ཁྱད་འཕགས་དང་། རྨི་ལམ་གྱི་སྐབས་སུ་རྨི་ལམ་བཟུང་ནས་ཞ་ལུར་མཁན་ཆེན་བུ་སྟོན་པའི་དྲུང་དུ་མཇལ་དུ་བྱོན་པས། གཤེད་དམར་གྱི་དབང་མཛད་པ་དང་ཐུག །དབང་ཞུས་པས་ཇི་ལྟ་བ་བཞིན་ཁོང་པས་ཡང་བསྐུར་རོ། །ཉིན་པར་ལྟ་བུ་ལ་སེམས་བཟུང་བས། མཚན་མོ་རང་ཉིད་ལྷ་སྐུར་དང་ཤར་དུ་སོང་། དེ་ལ་མཆེད་ནས་སྣང་བ་ཐམས་ཅད་ལྷ་སྐུར་སོང་བ་ཡང་བྱུང་ངོ་། །ཡང་མཁན་ཆེན་སྲེག་ཞིང་པ་གནམ་སྡིངས་སུ་བྱོན་པའི་དུས་སུས་ཁོང་པ་ལ་ཇ་ཞལ་འཛིན་དུ་བྱོན་པའི་ནུབ་མོ་མནལ་ལམ་དུ་འདི་སངས་རྒྱས་ཡིན་ཟེར་བ་ཅིག་བྱུང་བ་དང་མནལ་སད། དེ་ནས་ཅུང་ཟད་ན་མནལ་ལམ་བཟུང་ནས་ཁོང་གི་དྲུང་དུ་བྱོན་པས། དྲུང་ན་མར་མེ་གཅིག་ཡང་འབར་གྱིན་འདུག །སྐུ་ཚགས་མ་བཤིག་པར་སྒྲོད་དེ་བཞུགས་འདུག་པ་ལ་ཕྱག་འཚལ་ནས། བྱིན་རླབས་ཞུས་པས་སློབ་དཔོན་དབོན་པོ་བྱོན་ནས། ཁྱེད་བྱོན་པ་དེ་དག་གསུང་ནས་བྱིན་རླབས་ཡང་མཛད་དེ་ནས་མོས་གུས་ཡང་ཚུད་པར་བྱུང་ངོ་། །དེས་རྐྱེན་བྱས་ནས་རེ་འདྲོག་ལ་མི་ཚོར་ན་བླ་མ་ཇོ་བཙུན་པ་བཞུགས་པ་ལ་མཇལ་དུ་ཕྱིན་པས། སྤྱིལ་པོ་དཀར་པོ་ན་སྒོ་གཅོད་དེ་བཞུགས་ནས་མནལ་དུ་སོང་འདུག །དེ་ནས་ཟབ་སུ་ལུང་གི་བྱ་ཚང་མོ་མོ་ན་སུ་འདུག་ལྟར་འགྲོ་དགོས་སྙམ་པ་དང་། གྲུབ་པ་རྒྱལ་མཚན་བྱ་བ་དེས་མནལ་སད་ནས་ལྟ་ལོང་མ་བྱུང་ངོ་། །དེ་ཡང་སྤྱིར་གྱིས་ཕྱག་དྲུག་ཡེ་ཤེས་ཀྱི་མགོན་པོ་འཁོར་དང་བཅས་པ་རྣམས་བྲན་བཞིན་ཏུ་གང་བསྒོ་བ་ཉན་པ་བྱུང་། ཁྱད་པར་དུ་ཀྵེ་ཏྲ་པཱ་ལ་འདི་གོས་པུས་གོང་མ་ཅིག་གོན་ཕུ་དུང་ཅུང་ཟད་རྫེས་པ་ཅིག་དུས་རྒྱུན་དུ་དྲུང་ཏུ་མོད་ནས། དགེ་མི་དགེ་བའི་ལུང་བསྟན་རྣམས་བྱེད་པ་ཅིག་བྱུང་། རང་རེའི་སློབ་མ་དབང་རིན་བྱ་བས་འོ་སྐོལ་ལ་ཁ་ཅུང་ཟད་བཏབ་བས། ཁོའི་སྣང་བ་ལ་མི་ཞིག་གིས་ལྕགས་ཀྱི་ཐུར་མ་ཅིག་ལྕེའི་སྟེང་ན་གཙུགས་ནས་ལྐོག་མར་ཐལ་གྱིས་བྒྱབ་བྱུང་། ངས་ཅི་ཉེས་བྱས་པས་ཁྱོད་སློབ་དཔོན་དབོན་པོ་ལ་ཁ་གཏོད་པ་ཅི་ཡིན་ཟེར་ནས་བྱུང་ངོ་། །ཡང་འོ་སྐོལ་གཟིམས་ཆུང་དུ་དགེ་སྦྱོར་བྱེད་ཅིང་ཡོད་པའི་དུས་གཅིག་ན། མི་འགའ་ཞིག་ལབ་དིར་དེར་ཡོང་གི་གྲག་པ་ལས། ཀྵེ་ཏྲ་པཱ་ལ་དྲུང་ན་ཡོད་པ་དེ་ཁོག་གིས་ལངས་སོང་དེ་འདྲོག་ལ་ལོག་བྱུང་། མི་རྣམས་ཀྱིས་ཁྱེད་ཀྱི་ཐུགས་དམ་བཅོག་པར་འདུག་པས་ངས་སྒོ་བཅད་ཡོད་ཟེར་ཙ་ན།