Bla ma mgon po dbyer med kyi bsgrub pa mgon po dpal sha ba ri pa la lan gsum gsung nas bka' rgyas btab pa'i chig rgyud ma
Resource ID | SCv11p92 |
---|---|
Title | bla ma mgon po dbyer med kyi bsgrub pa mgon po dpal sha ba ri pa la lan gsum gsungs nas bka' rgyas btab pa'i chig brgyud ma |
Alt. title | guru mahākāla sadhanama bla ma dang nag po chen po'i sgrub thabs |
Topics | Chadrupa |
Sub-Topics | bla mgon dbyer med |
Author | Shavaripa |
Link | BDRC W23922 |
༈ བླ་མ་མགོན་པོ་དབྱེར་མེད་ཀྱི་བསྒྲུབ་པ་མགོན་པོ་དཔལ་ཤ་བ་རི་པ་ལ་ལན་གསུམ་གསུངས་ནས་བཀའ་རྒྱས་བཏབ་པའི་ཆིག་བརྒྱུད་མ་བཞུགས་སོ།།
༈ ༼ཞ༽
རྒྱ་གར་སྐད་དུ། གུ་རུ་མ་ཧཱ་ཀཱ་ལ་ས་དྷ་ན་མ།
བོད་སྐད་དུ། བླ་མ་དང་ནག་པོ་ཆེན་པོའི་སྒྲུབ་ཐབས་ཞེས་བྱ་བ།
མྱུར་མཛད་སྤྱན་རས་གཟིགས་ལ་ཕྱག་འཚལ་ལོ།
།ཡེ་ཤེས་མགོན་པོའི་སྤྱི་གཙུག་ཏུ། །དབང་གི་རྒྱལ་པོ་བསྒོམ་བྱས་ནས། །འོད་ཟེར་གཟི་བརྗིད་ལྡན་པར་བསམ། །གཡེལ་བ་མེད་པར་གསོལ་བཏབ་ན། །ཐུན་མོང་དངོས་གྲུབ་སྣ་ཚོགས་དང་། །སངས་རྒྱས་ལོ་བཟླས་འགྲུབ་པར་འགྱུར། །བླ་མ་མགོན་པོ་དབྱེར་མེད་འདི། །མི་རབས་བདུན་ལས་མ་སྤེལ་ཅིག རྣལ་འབྱོར་པ་དམ་ཚིག་དང་ལྡན་པའི་མདུན་དུ་མགོན་པོ་འཁོར་བཅས་ཀྱི་དམ་ཚིག་པ་བསྐྱེད་དེ། དེ་ལ་ཡེ་ཤེས་པ་བསྟིམས་པ་དང་། ཁྱེད་ཀྱི་བར་ཆད་ཐམས་ཅད་ངས་བསྲུང་ཞིང་སངས་རྒྱས་ཀྱི་ས་ལ་འགོད་དེ། ཞེས་གསུང་ལྷང་ལྷང་བཞུགས་པར་བསམ། དེའི་སྤྱི་གཙུག་ཏུ་པདྨ་དང་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ། རྩ་བའི་བླ་མ་སྐུ་མདོག་སེར་པོ་ཕྱག་གཡས་ཡིད་བཞིན་གྱི་ནོར་བུ་བསྣམས་པ། གཡོན་པ་གསེར་གྱི་དྲིལ་བུ་གཡེར་ཁ་བསྣམས་པ། འོད་ཟེར་གྱི་རང་བཞིན་ཅན། མཚན་ཐོས་པ་ཙམ་གྱི་ཕྱིར་མི་ལྡོག་པའི་ས་ཐོབ་པ་གཅིག་བསམ། དེའི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཡི་དམ་དང་བཅས་པ་བསྟིམ་མོ། །དེ་ནས་རང་གི་ལུས་དང་ལོངས་སྤྱོད་ཐམས་ཅད་ཕུལ་ནས་གསོལ་བ་དྲག་ཏུ་བཏབ་པས། བླ་མ་ལས་འོད་ཟེར་བྱུང་ནས་མགོན་པོ་ལ་ཕོག་པས། མགོན་པོའི་འོད་དང་འོད་ཟེར་གྱིས་རང་བཞིན་ནུས་པ་ཕུན་སུམ་ཚོགས་པ་སྣང་ལ་རང་བཞིན་མེད་པ་བླ་མ་མགོན་པོ་དབྱེར་མེད་བསམ། ཡང་མགོན་པོ་ལ་གསོལ་བ་བཏབ་པས། མགོན་པོ་ལས་འོད་ཟེར་བདེ་བའི་རང་བཞིན་འཕྲོས་བླ་མ་ལ་ཕོག་པ་དང་ བླ་མ་འོད་ཀྱི་རང་བཞིན་ཅན་འཛུམ་པའི་མདངས་དང་ལྡན་པ། མགོན་པོ་བླ་མ་དབྱེར་མེད་དུ་བསམ་སྟེ་བླ་མ་ཉིད་མགོན་པོ། མགོན་པོ་ཉིད་བླ་མར་སྒོམ་ལ་བླ་མ་མགོན་པོ་དབྱེར་མེད་བསམ་ནས། ཞེ་ཐག་པ་ནས། ན་མོ་བུདྡྷ་ཡས་གསོལ་བ་གདབ་ཅིང་། ཕར་མཆོད་པ་ཕུལ་བ་དང་ཚུར་བླ་མས་འོད་ཟེར་བྱུང་། མགོན་པོའི་གནས་གསུམ་ནས་མགོན་པོའི་སྐུ་ཆུང་ལ་ཡན་ལག་དོད་པ་བྱུང་ནས་རང་གི་གནས་གསུམ་དུ་ཐིམ་པས། བདག་གི་སྡིག་སྒྲིབ་དང་ནད་གདོན་དག་ནས་བླ་མ་དང་མགོན་པོའི་ཞལ་མྱུར་དུ་སྟོན་པར་བསམ་མོ། །དེ་ཡང་སྔགས་དང་གསོལ་འདེབས་ཕྱེད་མར་བྱ་ཞིང་། གཏོར་མ་ཕུལ་ན་ཞལ་མྱུར་དུ་སྟོན་པར་འགྱུར་རོ། །དེ་ཡང་སེམས་ཅན་ཐམས་ཅད་དང་ཐུན་མོང་དུ་བྱ་ཞིང་གསོལ་བ་བཏབ་ནས་མོས་གུས་ཞུང་ཞུང་བྱེད་པར་བསམ་ན་གཞན་དོན་དཔག་ཏུ་མེད་པར་འགྱུར་རོ། །བླ་མ་དང་མགོན་པོའི་སྐུ་གང་གསལ་བ་ལ་སེམས་བཟུང་ན་ལོངས་སྐུ་དང་སྤྲུལ་སྐུར་འཚང་རྒྱའོ། །རྟོག་པ་སྐྱེད་ཚད་སྡོང་པོ་རྩ་བ་ནས་བཅད་པ་བཞིན་དུ་ཐག་ཆོད་ན་དག་པའི་ས་གསུམ་ཐོབ་བོ། །གསོལ་བ་བཏབ་པའི་རྗེས་སམ་འགྲོ་འཆག་གི་དུས་སུ་ཡང་ཅིར་སྣང་ཐམས་ཅད་གསལ་ལ་འཛིན་མེད་གླང་པོ་ཆེའི་ལྟ་སྟངས་སུ་བཞག་ན་ཆོས་སྐུར་འཚང་རྒྱའོ། །མཎྜལ་དང་གཏོར་མ་དང་བཅས་ནས་ཡིད་ཆེས་ཐེ་ཚོམ་མེད་པར་གསོལ་བ་བཏབ་ན་ཐུན་མོང་གི་དངོས་གྲུབ་དགེ་བར་སྟེར་བར་བྱེད་དོ། །མ་ཡེངས་པར་ཟླ་བ་བདུན་བསྒོམ་ན་དེ་ཉིད་དུ་སངས་རྒྱས་པར་བྱེད་དོ། །ཐོ་རངས་ཐུན་རེ་སྒོམ་ན་འཆི་ཁར་གཟུགས་སྐུ་དང་ཆོས་སྐུ་ཐོབ་བོ། །དབང་དང་འབྲེལ་བ་ལན་གཅིག་ཐོབ་ན་མཚམས་མེད་པ་བྱས་པ་ཡང་བར་དོར་འཚང་མི་རྒྱ་མི་སྲིད་དོ། །བླ་མ་མགོན་པོ་དབྱེར་མེད་ལ། བདག་ནི་གུས་པས་སྐྱབས་སུ་མཆི། །བདག་གི་སེམས་ཅན་ཐམས་ཅད་ཀྱི། །ཉོན་མོངས་མ་ལུས་སེལ་བར་ཤོག །ཅེས་པ་ལན་གཅིག་ཐོས་པ་དང་། གསེར་ལ་བྲིས་ནས་བཏགས་ན་ཡང་འཆི་ཁར་ཞལ་མཐོང་བར་འགྱུར་རོ།
།ཡེ་ཤེས་མགོན་པོ་མདུན་བྱོན་ནས། །བདག་འདྲ་ཤ་བ་རི་པ་ལ། །ལན་གསུམ་བར་དུ་གསུངས་ནས་ཀྱང་། །བཀའ་རྒྱས་བཏབ་ནས་མཁའ་ལ་གཤེགས། །ཨེ་མ་ངོ་མཚར་རྨད་ཀྱི་ཆོས། །ཆིག་བརྒྱུད་དག་ལས་མ་སྤེལ་ཅིག
བླ་མ་མགོན་པོ་དབྱེར་མེད་དུ་སྒྲུབ་པའི་ཐབས་ཞེས་བྱ་བ་རྫོགས་སོ།། །།