Chakzam Modrak

From Shangpa Resource Center
Revision as of 17:45, 14 February 2021 by Sengue (talk | contribs)





Resource ID G35
Place Type Monastery
Coordinates 28°57'42.00"N 87°38'12.00"E
Links Shangpa Foundation
BDRC G2GS1269

Name Variants

lcags zam mo brag


History

  • Established: 1698

Notes

W1KG4853: དང་ཐོག་ཤངས་པ་བཀའ་བརྒྱུད་དང་དེ་ནས་དགེ་ལུགས་སུ་བསྒྱུར་བའི་དགོན་པ་ཞིག་ཡིན་ས་སྟག་སྤྱི་ལོ་༡༦༩༨ལོར་དགེ་འདུན་ཞལ་གྲངས་སུམ་ཅུ་སོ་གཉིས་སྐོར་ཡོད། དེ་ནི་ལྷ་རྩེ་རྫོང་མང་མཁར་ཕུ་ཤང་ཁོངས་ལྕགས་ཟམ་མོ་བྲག་གྲོང་ཚོར་ཡོད།

W1KG26279: དེ་ཡང་དགའ་ལྡན་ཆོས་བྱུང་དུ་ཡར་ཀླུངས་པ་བཀའ་བཞི་ཚུལ་ཁྲིམས་འགྱུར་མེད་ཀྱིས་བཏབ་པའི་ཤངས་ལུགས་ཞེས་འཁོད་པ་ལྟར་དགོན་འདི་ནི་དཀའ་བཞི་ཚུལ་ཁྲིམས་འགྱུར་མེད་ཀྱིས་བཏབ་པའི་ཤངས་པ་བཀའ་བརྒྱུད་ཀྱི་དགོན་གནས་ཤིག་ཡིན་ཀྱང་། ཕྱིས་སུ་པ་སྣམ་ཐར་པ་བའི་དགོན་ལག་ཏུ་གྱུར་རྗེས་རི་བོ་དགེ་ལྡན་པའི་རིང་ལུགས་འཛིན། སྤྱི་ལོ་1698ལོར་དགེ་འདུན་ཞལ་གྲངས་སུམ་ཅུ་སོ་གཉིས་ཡོད། དགོན་འདིའི་གནས་ཡུལ་ཡང་། བོད་ཀྱི་དགོན་སྡེ་ཁག་གཅིག་གི་ངོ་སྤྲོད་མདོར་བསྡུས་སུ་དེ་ནི་ལྷ་རྩེ་རྫོང་ཁོངས་མང་མཁར་ཕུ་ཡུལ་ཤོག་ལྕགས་ཟམ་མོ་བྲག་གྲོང་ཚོར་ཡོད་ཅེས་འཁོད་མོད། འོན་ཏེ་ད་ལྟའི་མང་ཕུ་ཤང(མང་མཁར་ཕུ་ཤང)ཁོངས་སུ་དེ་དང་ཡོངས་སུ་མཚུངས་པའི་ས་མིང་མེད་ལ། དེ་དང་ཅུང་འདྲ་བ་མེ་རག་ཅེས་པའི་གྲོང་ཚོ་ཞིག་ལས་མི་འདུག གྲོང་ཚོའི་དེའི་ཉེ་འཁོར་དུ་སྔར་ཤངས་པའི་དགོན་གནས་བྱུང་བའི་ཤུལ་མཇལ་རྒྱུ་མེད་ཅིང་བགྲེས་སོང་མྱོང་བ་ཅན་འགའ་ཞིག་ལའང་དེའི་སྐོར་གྱི་ལོ་རྒྱུས་ཅི་ཡང་གསུངས་རྒྱུ་མི་འདུག་པས་ཕལ་ཆེར་ལྷ་རྩེའི་ཁུལ་གྱི་ས་ཡུལ་གཞན་དང་འཁྲུལ་བ་མིན་ནམ་སྙམ།
འདིར་ལྕགས་ཟམ་མོ་བྲག་ཅེས་པའི་མཚན་དོན་ལ་ཅུང་ཟད་དཔྱད་ན། ལྕགས་ཟམ་ཞེས་པ་གྲུབ་ཐོབ་ལྕགས་ཟམ་པ་སྟེ་ཐང་སྟོང་རྒྱལ་པོ་དང་འབྲེལ་ཡོད་ཀྱི་དགོན་སྡེ་ཞིག་གམ། ཡང་ན་ལྕགས་ཟམ་ཞེས་པའི་ས་ཆ་དང་དེའི་ཉེ་འཁོར་དུ་ཡིན་སྲིད། དེའི་རྒྱུ་མཚན་ནི་ད་ལྟ་ལྷ་རྩེ་རྫོང་གྲའུ་ཡུལ་ཤོག་ཁོངས་སུ་ཡོད་པའི་གཙང་གི་རྒྱལ་སྡེ་ཐང་དང་། གྲུབ་ཆེན་ཐང་སྟོང་རྒྱལ་པོའི་ལྕགས་ཟམ། དེ་དང་ཉེ་བར་ལྕགས་ཟམ་གྲོང་ཚོ། བླ་མ་ཐང་སྟོང་ཞེས་པའི་མཆོད་རྟེན་སོགས་དངོས་སུ་མཇལ་རྒྱུ་ཡོད་པས། ཁོང་གིས་མཛད་པ་སྐྱོང་སའི་གཙང་སྟོད་ཀྱི་ས་ཆ་གལ་ཆེའི་གྲས་ཤིག་ཀྱང་ཡིན། ཡང་མོ་བྲག་ཅེས་པ་སྔོན་གྱི་ལྷ་རྩེ་རྫོང་ཆགས་སའི་བྲག་རི་དེ་བདེ་མཆོག་ཡབ་ཡུམ་ཞལ་སྦྱོར་གྱི་ཚུལ་དང་འདྲ་བར་མདུན་ངོས་མོ་བྲག་སྟེ་གཡམ་རི་དང་རྒྱབ་ངོས་ཕོ་བྲག་སྟེ་བྲག་རི་གཉིས་སུ་ཕྱེ་བས་ཕལ་ཆེར་ས་ཁོངས་དེའི་རྒྱུད་ཙམ་དུ་འཁེལ་བ་མིན་ནམ་སྙམ། དགོན་འདིའི་སྐོར་གྱི་ཞིབ་ཕྲའི་དཔྱད་གཞི་དང་ངེས་གཏན་གྱི་ས་ཡུལ་ད་ཕན་མ་རྙེད་པས་མུ་མཐུད་དཔྱད་པར་འཚལ།
དེ་ལྟར་གོང་དུ་བཀོད་པའི་མཁས་གྲུབ་ཁྱུང་པོའི་རྗེས་སུ་བྱུང་བའི་དགོན་གནས་དེ་དག་ད་ལྟ་མང་ཆེ་བ་ཀྲོང་ངེར་ལངས་པའི་གྱང་ཟུར་དང་། ཤུལ་དུ་ལུས་པའི་རྩིག་རོ་ཁོ་ནར་གྱུར་ཟིན་པ་དེས། ཤངས་པའི་བརྒྱུད་འཛིན་པ་རྣམས་ཀྱིས་ཁྲག་དང་རྔུལ་ཆུའི་ཐིགས་པས་བཞེངས་པའི་དགོན་གནས་དེ་དག་ཨ་བྲས་བསགས་པ། མཛོ་མོའི་ཁ་ཟས་ཞེས་པའི་དཔེ་ལྟར་ལོ་རྒྱུས་ཀྱི་འཕྲང་ལམ་སྟེང་སོག་པོ་ཇུན་གར་བ་ལ་སོགས་པའི་གདུག་ཅན་རྣམས་ཀྱིས་གཏོར་བཅོམ་བྱ་ཡུལ་དུ་གྱུར། དེ་ཡང་མཁས་བཙུན་གཞོན་ནུ་གྲུབ་སྐུ་གཤེགས་ཁར་སློབ་མ་རྣམས་ལ་ཕྱི་རྟེན་དང་ནང་རྟེན་མི་དགོས། ཁྲལ་དང་སྤྲོ་འདྲི་བྱས་ནས་དགེ་རྩ་བྱ་མི་དགོས་གསུངས། ཡང་སྐྱར་གྱིན་ཞུས་པས། འོ་ན་ཁྱེད་རང་རྣམས་གསོལ་བ་ཞེ་(བཞིན་)གཤགས་པ་ཐོབ། ཐོ་རེ་བ་ཙམ་ཞིག་བཞག་གིས་གསུངས། ཕྱི་རྟེན་ནང་རྟེན་འཛུབ་(མཛུབ་)གང་བས་ཆེ་བ་མ་བྱེད། བྱས་ན་དམ་ཚིག་དང་འགལ་ཞེས་གསུངས་པ་ལྟར་ཤངས་ཆོས་བསམ་སྡིངས་བརྒྱུད་པའི་སྤྱི་མེས་མཁས་བཙུན་ཆེན་པོ་གཞོན་ནུ་གྲུབ་ཀྱིས་ཕྱི་རྟེན་དང་ནང་རྟེན་སོགས་དགོན་གནས་ཀྱི་རྟེན་དེ་རྣམས་རྒྱ་ཆེར་བཞེངས་མ་རུང་བའི་བཀའ་རྒྱ་དམ་པོར་མཛད་པ་དང་། །རྗེ་སྒམ་པོ་བས་ཆོས་རྗེ་རྨོག་ལྕོག་པར་གནས་གཞིའི་གོ་ཆོད་མ་བྱེད། དགྲ་དགའ་བའི་མདུན་མ་གྱིས་ཤིག དགེ་འདུན་གྱི་བྱ་བ་མ་བྱེད་ཅེས་པ། དེ་དང་ཕྱོགས་འདྲ་བར་བྱང་ཆུབ་སེམས་དཔའ་ཀུན་དགས་འོ་ན་གྲྭ་པ་སྐྱོང་བ་དང་། ཚོགས་པ་འདུས་ན་ངོ་མཚར་མི་ཆེ་བའམ་ཞུས་པས། (ཕ་དམ་པ་སངས་རྒྱས་ཀྱིས་)ཆོས་དང་མཐུན་པ་དཀའ། མཐུན་ན་ཡང་བསོད་ནམས་ཅན་ཉུང་། དེ་འདྲའི་གྲྭ་པ་བས་སྒྲུབ་པའི་རི་ཁྲོད་ཅིག་བསོད་ནམས་ཆེ་གསུངས་ཞེས་འཁོད་པ་ལྟར། དུས་ངན་སྙིགས་མའི་མཐའ་ལ་ཐུག་པའི་ཚེ་སྐལ་ལྡན་གྱི་གདུལ་བྱ་ཆེས་དཀོན་པས་ཚོགས་པ་སྐྱོང་བ་ལས་གདམས་ངག་ཉམས་སུ་ལེན་པ་གནད་ཆེ་བ་ཡིན་གསུངས་པ་དེ་ནི། ཕལ་ཆེར་ཤངས་ཆོས་ཀྱི་ཐོག་མའི་བརྒྱུད་འཛིན་པ་ཚོའི་དགོངས་པ་དང་འདྲ་སྟེ། མ་གཞི་མཁས་གྲུབ་ཁྱུང་པོའི་སྐུ་དུས་སུ་དགོན་གནས་མང་དུ་བཏབ་པ་དང་ཚོགས་པ་འདུ་འཛོམས་ཆེ་ཡང་། ཁོང་སྐུ་གཤེགས་རྗེས་གདམས་པའི་བརྒྱུད་རྐང་འཛིན་མཁན་ཅུང་མང་ཙམ་ཞིག་གཏན་ཁེལ་མཛད་པའམ། ཡང་ན་དགོན་གནས་མུ་མཐུད་བདག་སྐྱོང་བྱ་ཕྱིར་དགའ་ལྡན་ཁྲི་པ་རིམ་བྱོན་ལྟ་བུའི་ཁྲི་རབས་སམ། གདན་རབས། མཁན་རབས་ལྟ་བུའི་དགོན་བདག་བསྐོ་བཞག་གནང་མེད། དེས་ན་མཁས་གྲུབ་ཁྱུང་པོ་དང་འདྲ་བའི་ཤངས་པའི་བླ་མ་རྣམས་ཀྱིས་གདམས་པ་ཉམས་ལེན་ཁོ་ན་གཙིགས་སུ་འཛིན་པ་ལས་དགོན་གནས་ཡུན་རིང་གནས་ཐབས་ལ་དེ་ཙམ་གྱི་ཐུགས་སྣང་མཛད་མེད་པས། ཕྱི་རབས་ཀྱི་དགོན་གནས་མང་དག་ཅིག་ཕྱག་འདེབས་མཁན་གྱི་བླ་མ་དེ་སྐུ་གཤེགས་རྗེས་རིམ་བཞིན་ཁ་ཐོར་དང་ཉམས་རྒུད་དུ་སོང་། ཡང་དབོན་སྟོན་སྐྱེར་སྒང་པ་སྐུ་འདའ་ཁར་ཡང་ཉེ་གནས་གཞོན་ཚུལ་དང་གྲགས་ཡེས་སོགས་གསུམ་གྱིས་སྐྱེར་སྒང་གི་གདན་སའི་འཕེལ་འགྲིབ་ཇི་ལྟར་ཡོང་མིན་ཞུས་པ་ལ། དབོན་སྟོན་ཐུགས་རྗེ་ཆེན་མོས་བྱིས་པ་ཀུན་གྱི་བྱེ་མའི་ཁང་པ་དང་འདྲ། རེས་རྩིག་རེས་འཇིག་གཏད་སོ་མེད་གསུངས། འོ་ན་དར་རྒུད་ཡོང་པ་གདའ་འམ་ཞུས་པས། བསྟན་པའི་སྙིགས་མ་ཡིན་པས་མཐོ་དམན་བག་ཙམ་ཡོད་ཅེས་གསུངས་པའི་ལུང་བསྟན་ལྟར་སྔར་དགོན་གནས་དེ་དག་གིས་རེས་རྩིག་རེས་འཇིག་གི་སྲིད་པ་འཁོར་བའི་གཡང་ཁ་འགྲིམ་པའི་རྣམ་ཐར་ཅི་རིགས་བསྐྱངས་འདུག་ཀྱང་། ད་ལྟ་མང་ཆེ་བ་མྱང་འདས་རྡོ་རྗེའི་གྲོང་དུ་ལྷག་ལུས་མེད་པར་ཕེབས་ཟིན།།


Loading map...