K+She tra pa la'i gtor ma'i las sbyor rA hu la las khyung po la gnang ba'i mgon po zhing skyong du sgrub pa'i man ngag
Resource ID | SCv11p923 |
---|---|
Title | k+She tra pa la'i gtor ma'i las sbyor rA hu la las khyung po la gnang ba'i mgon po zhing skyong du sgrub pa'i man ngag |
Topics | Kshetrapala |
Sub-Topics | Instructions |
Author | Gelek Pelsang |
Associated Person | Rahula Khyungpo Neljor Künga Gyeltsen |
Link | BDRC W23922,BDRC W3CN18508 (v3p.255) |
Notes | Included in tshogs rnams kyi zur 'debs kyi zhal shes shin tu gsang ba'i yig chung rnams |
༈ ཀྵེ་ཏྲ་པ་ལའི་གཏོར་མའི་ལས་སྦྱོར་རཱ་ཧུ་ལ་ལས་ཁྱུང་པོ་ལ་གནང་བའི་མགོན་པོ་ཞིང་སྐྱོང་དུ་སྒྲུབ་པའི་མན་ངག་བཞུགས་སོ།།
༈ ༼གོ༽ ཀྵེ་ཏྲ་པཱ་ལའི་ལས་སྦྱོར་ནི། བཀའ་སྡོད་ལ་བརྟེན་པའི་གཏོར་མའི་ལས་སྦྱོར་ནི། ཤོག་བུའམ་དོམ་གྱི་སྙིང་ཤུན་ལ། ལིངྒ་མཚན་ཉིད་ཚང་བ་བྲི། དེ་ལ་ཟག་རྫས་བྱུགས། རང་ཉིད་ཡེ་ཤེས་མགོན་པོར་བསྐྱེད། ཡེ་ཤེས་པ་དགུག་གཞུག་བསྟོད་པ་དང་བསྙེན་པ་བྱེད། །གཏོར་མ་ཕུལ་ཕྲིན་ལས་བཅོལ། དེ་ནས་ལིངྒ་ཤིང་གི་རྩེ་མོ་ལ་སྐྱོན་ནས་དགུག་གཞུག་བརྒྱ་རྩ་སོགས་བྱེད། གཏོར་ཆེན་ལས་བཤད་པའི་ཁ་སྦྱོར་དབྱེ་ན་བྱས་ལ། མ་སྟེབས་པར་ཡུག་སྐྲ་ཤན་པས་ཕྱིན་ཅི་ལོག་ཏུ་བཀལ་བའི་སྐུད་པས་གཟུངས་ཐག་དྲངས་ལ་སྐྱེར་པའམ་མི་གྲིར་ཤི་བའི་རུས་པ་ལ་གྲི་གུག་མཚོན་གང་པ་གཅིག་བྱས་ལ་མདུན་ནས་ཕྱར། སྣེ་མོ་ཕུར་པ་ལ་གཏོད། དེ་ཡི་དམ་མགོན་པོར་བསྐྱེད། ལིངྒ་དེ་རྡོ་རྗེས་མནན། དེ་ནས་ཆང་དང་བསྲེས་པ་ལ། ཀྵེ་ཏྲ་པཱ་ལའི་གཏོར་མ་ཟུར་གསུམ་རྩེགས་ཀྱི་སྟེང་དུ་བཤོས་བུ་ཟུར་གསུམ་པ་གཅིག་བཞག བང་རིམ་འོག་མ་ནུབ་ཙམ་ལ་མ་གོའི་འཐེབ་ཀྱུས་བསྐོར། བར་པའི་དབུས་སུ་གྲུ་གསུམ་བྱས་ལ་ནང་རོ་སོལ་གྱིས་ནག་པོ་དང་། ཕྱི་དུག་ཁྲག་གིས་དམར་པོ་བྱས་སོ། །དེའི་མཐིལ་དུ་སྔར་གྱི་ལིངྒ་སྦུབ་ལ་བཞག དེའི་སྟེང་ཐུན་རྫས་བཞག སྟེང་གི་གྲུ་གསུམ་གྱི་ལོགས་ལ་རྡོ་རྗེ་རྒྱ་གྲམ་བྲིས་ལ་མར་བཀབ། དེའི་སྟེང་བཤོས་བུ་ཟུར་གསུམ་དེ་བཞག་སྙིང་གའི་གཟུངས་ཐག་དེ་བང་རིམ་གོང་མའི་ཁར་སྟོན། དེ་བཤོས་བུའི་ཞབས་ཀྱི་མདུན་ངོས་ལ་དྲངས་ལ་ཕུར་པ་ལ་གཏོད། སྟེང་གི་བཤོས་བུ་ལ་མ་དོད་པར་བྱའོ། །གཏོར་མའི་ཟུར་དགྲ་ཕྱོགས་སུ་བསྟན། མི་གྲིར་ཤི་བའི་ཤའམ། སྙིང་སྣས་རྒྱན། ལྕགས་ཀྱི་སྣོད་དུ་བཞག་ལ། དེ་ནས་ཀྵེ་ཏྲ་པཱ་ལའི་མངོན་རྟོགས་གཏོར་ཆེན་ནས་བཤད་པ་ལྟར་བསྐྱེད་ཅིང་གནས་གསུམ་ལ་ཡི་གེ་གསུམ་བཀོད། ཀྵེ་ཏྲ་པཱ་ལ་ཨ་ཀཪྵ་ཡ་ཛཿཅེས་ཡེ་ཤེས་པ་བསྟིམ། དེའི་སྟེང་དུ་ཚོགས་བདག་གི་གདན་ལ་ཆོ་ག་གསུམ་གྱིས་མགོན་པོ་བསྐྱེད། ཡེ་ཤེས་པ་གཞུག་དེའི་སྤྱི་བོར་མི་བསྐྱོད་པ་བསྐྱེད། དེ་ཡོངས་སུ་གྱུར་པ་ལས་ཧཱུྃ་ཡིག་དེ་ལས་འོད་ཟེར་འཕྲོས་སངས་རྒྱས་བྱང་སེམས་ཐམས་ཅད་སྤྱན་དྲངས་ཧཱུྃ་ལ་ཐིམ། དེ་མགོན་པོའི་སྤྱི་བོ་ནས་ཞུགས་སྙིང་གར་སླེབས། རྡོ་རྗེ་འཇིགས་བྱེད་ཞལ་གསུམ་ཕྱག་དྲུག་པར་གྱུར་ནས། སྲིད་གསུམ་ཟ་བར་ནུས་པའི་གཟི་བརྗིད་བསྐྱེད། མགོན་པོ་ཀྵེ་ཏྲ་པཱ་ལ་ཐིམ། ཀྵེ་ཏྲ་པཱ་ལ་གཟི་བརྗིད་དང་ལྡན་པར་བྱས་ལ། གཏོར་ཆེན་ལྟར་གཏོར་མ་བྱིན་རླབས། དགྲ་གང་ཡིན་དེའི་ཤ་ཁྲག་རུས་གསུམ་ལྷག་མ་མ་ལུས་པར་གསོལ་བར་བསམ། གཏོར་ཆེན་ནས་བཤད་པའི་གཏོར་སྔགས་ཡུམ་མེད་པར་བརྗོད། བསྟོད་ཅིང་འཕྲིན་ལས་བཅོལ། རང་དམ་ཚིག་པར་གནས་པ་ལ་བསིལ་བའི་ཚལ་ནས་ཡེ་ཤེས་པ་སྤྱན་དྲངས་ནས་གཞུག་མདུན་གྱི་ཀྵེ་ཏྲ་པཱ་ལ་ཡང་རང་ལ་ཡར་མགེ་གེས་བལྟ་བར་བསམ། བཀའ་བསྒོ་བྱའོ། །ཨོཾ་ཀྵེ་ཏྲ་པཱ་ལ་བིགྷྣན་ཧཱུྃ་ཕཊ། ཨོཾ་མ་ཧཱ་ཀཱ་ལ་ཡཀྵ་དམ་ཉམས་འདིའི་ཙིཏྟ་ལ་དུན་དུན་རྦད། ཐུན་མོང་མ་ཡིན་པའི་ཞལ་ཤེས་ནི། ཐུན་གྱི་མཐར་བྱ་ཞིང་། ལས་ལ་སྦྱར་བ་ནི་ཕུར་པ་ལ་གཟུངས་ཐག་དྲིལ་ཞིང་གྲི་གུག་བར་འཁོར་བར་བྱས་པས་གྲི་གུག་གིས་ཁོ་ཡི་སྲོག་རྩ་རྦད་རྦད་བཅད་པར་བསམ། དེ་ནས་འཕྲལ་དུ་གཏོར་མ་ཟུར་གསུམ་ལ་ལིངྒ་ལ་ཡང་གཙུག་དགུག་གཞུག་བྱས་ལ་གཏོར་མ་ཕུལ་ཏེ་འཕྲིན་ལས་བཅོལ། སྲོད་ཀྱི་དུས་སུ་གཏོར་མ་བཏང་། ལིངྒ་དེ་ཚུར་བླངས་ནས་བསྲེགས། དེ་ལྟར་ཞག་གསུམ་བསྒྲིམ་པས་ཀྵེ་ཏྲ་པཱ་ལས་དངོས་སུ་སྙིང་སྟེར་བ་དང་། འབྲིང་མི་ནག་པོའི་ཤ་ཁྲག་ཟ་འཐུང་བྱེད་པ་དང་། ཐ་མ་སྲོག་ཆགས་བསད་པ་རྣམས་དངོས་སམ་རྨི་ལམ་དུ་འབྱུང་སྟེ། དེ་བྱུང་ནས་སྟེག་བུའི་ཁར་སྟེང་གི་བཤོས་བུ་གཏོར་མ་ཆེ་བ་དེ་དགྲ་ཕྱོགས་སུ་འཕངས་ལ། ཆོས་འབྱུང་གི་ལིངྒ་སྟོན། དེ་ནས་ཆོས་འབྱུང་དུག་ཁྲག་གིས་བྲིས་ལ་ཚེར་མ་ཅན་གྱི་ཤིང་གྲུ་གསུམ་བརྩེགས་པའི་ཟུར་དགྲ་ཕྱོགས་སུ་བསྟན། སྟག་ལོ་པའམ་ཕག་ལོ་པས་མེ་སྤར་ཏེ། མེའི་ནང་དུ་ཀྵེ་ཏྲ་པཱ་ལ་རྐང་ཐང་དུ་ཞབས་གཡས་བསྐུམ་གཡོན་བརྐྱང་བ། དེའི་སྙིང་གར་ཡེ་ཤེས་མགོན་པོ་བསྐྱེད། གནས་གསུམ་བྱིན་གྱིས་རླབས། ཡེ་ཤེས་པ་གཞུག དེ་ནས་ལིངྒ་རྣམས་གྲི་ལྕགས་ལས་བྱས་པའི་གྲི་གུག་གིས་བརྟུབ། རང་གི་ལག་པ་གཡོན་པས་ཕུལ། མེ་མ་ཤི་བར་མི་སྒུལ། མི་རེག་དེ་མ་ཐག་གཏོར་མ་གཅིག་བཤམས་ལ་གཏང་རག་གིས་ཚུལ་དུ་འབུལ། གཏོར་མ་ཕུལ་བ་དང་དུས་མཉམ་དུ་ལས་མགོན་སོང་ནས་དགྲ་བོ་དེ་རྡུལ་དུ་བརླག་པར་བསམ། མགོན་པོ་རང་ལ་བསྟིམ། ཐལ་བ་སྦྲུལ་ནག་པོའི་ཁོང་པར་བླུག་ལ་སྔར་གྱི་ཐག་གིས་བསྡོམས། དགྲའི་འགྲིམ་སྲང་དུ་མནན། ཁོས་འགོམས་ན་ལས་མྱུར་བར་སྣང་གསུང་། ཐལ་བ་ལྷག་མ་ཆུ་དང་རླུང་ལ་ཕྱར། ལུས་ལ་མ་རེག་པ་གལ་ཆེའོ། །འདིའི་ལས་སྦྱོར་དུས་སུ་གཏོར་མའི་ནང་དུ་ཟས་ཕུད་བཞག་པ་གལ་ཆེ་ཞིང་། རང་ཉིད་བླ་མ་དང་མགོན་པོ་དབྱེར་མེད་དུ་བྱས་ནས་གསོལ་བ་བཏབ། གཏོར་མའི་ནང་དུ་གྲི་ཁྲག་བསྲེས་པ་དེ། ལས་ཤིན་ཏུ་མྱུར་བའི་གནད་ཆེའོ།
།འདི་ནི་མན་ངག་དང་བཅས་པ་ཐམས་ཅད་ཕྱོགས་གཅིག་ཏུ་དྲིལ་བ་ཡིན་པས་སུ་ལའང་མ་བསྟན་ཅིང་། རྣལ་འབྱོར་གྱི་དབང་ཕྱུག་རཱ་ཧུ་ལ་ཉིད་ཀྱིས་མགོན་པོ་ཞིང་སྐྱོང་དུ་སྒྲུབ་པའི་མན་ངག་འདི་མཉམ་མེད་ཁྱུང་པོ་རྣལ་འབྱོར་ལ་གནང་ནས་རིམ་པར་བརྒྱུད་པའོ།
།མང་ཐོས་དགེ་ལེགས་དཔལ་བཟང་གིས། །མཁས་གྲུབ་གོང་མའི་མན་ངག་ལ། །ལྷད་ཞུགས་བསལ་ནས་དག་པར་བྱས། །མཁས་པའི་དབང་པོ་ཉང་སྟོན་ཀུན་དགའ་རྒྱལ་མཚན་གྱི་གསེར་སྲང་གང་ཕུལ་ཞུས། རྒྱ་རྒྱ། ཨྀཐིཿ