Chos 'byung mkhas pa'i dga' ston

From Shangpa Resource Center
Revision as of 11:11, 8 June 2024 by Sengue (talk | contribs)








Resource ID ...
Title chos 'byung mkhas pa'i dga' ston
Topics Biography
Author dpa' bo 02 gtsug lag 'phreng ba (BDRC P319)
Associated Person Khyungpo Neljor
Mokchokpa Rinchen Tsöndrü
Öntön Kyergangpa
Sangyé Nyentön
Link MW28792

v2 p.546
རྒྱ་མཚོའི་བར་དུ་ཁྱབ་པའི་ཤིན་དུ་ཕྲིན་ལས་ཆེ་བ་ཤངས་པ་བཀའ་རྒྱུད་ནི།
གྲུབ་ཐོབ་ཁྱུང་པོ་རྣལ་འབྱོར་ནས་གྲགས་པ་སྟེ། དེ་ནི་རུ་མཚམས་ཀྱི་ཡུལ་སྙེ་མོ་ར་མང་དུ་འཁྲུངས། གདུང་ཁྱུང་པོ་ཡབ་སྟག་སྐྱེས། ཡུམ་མགོས་བཟའ་བཀྲ་ཤིས་སྐྱིད་ལས་ས་ཕོ་སྟག་གི་ལོ་ལ་འཁྲུངས། དེ་མ་ཐག་རྒྱ་གར་གྱི་གྲུབ་ཆེན་ཨ་མོ་གྷ་བྱོན་སྟེ། འདི་ནི་སྤྲུལ་པའི་སྐུ་སྟེ་པཎ་གྲུབ་ཐམས་ཅད་ཀྱི་ཐུགས་བཅུད་བསྡུས་ནས་སེམས་ཅན་སྨིན་གྲོལ་དུ་བྱེད་ཅིང་རྒྱུད་སྡེ་བཞིའི་ལྷ་དང་དབྱེར་མེད་པར་སྟོན་ནོ་ཞེས་ལུང་བསྟན། ལོ་བཅུ་ནས་ཡིག་རྩིས་མཁས་པར་ཤེས། བཅུ་གཉིས་ནས་བོན་ལ་སྤྱངས་སྟེ་བན་ཕྱི་ནང་ཐམས་ཅད་མཁས་པར་མཁྱེན་ནས་བོན་གྱི་སློབ་མ་ཀ་བ་ལི་འགྲེམས་བ་བདུན་བརྒྱ་ཙམ་བྱུང་ཞིང་གྲུབ་ཐོབ་རྩོད་མེད་ཏུ་གྲགས། བོན་ལ་མ་མཉེས་ནས་རྫོགས་ཆེན་གསན་སྟེ་མཁས་པར་གྱུར་ནས་སློབ་མ་མཐའ་ཡས་པ་འདུས། །དེ་ལ་ཡང་སྤྱོད་པས་མ་ཟིན་པར་དགོངས་ནས་སྐོར་ནི་རུ་པ་ལས་ཨ་མན་སེའི་མན་ངག་གསན། །ང་ལ་ཡུངས་ཀར་བྲེ་དྲུག་གི་གྲངས་དང་མཉམ་པའི་སློབ་མ་ཡོད་ཀྱང་ཆོས་མ་ལུས་པ་རྫོགས་པ་ཁྱོད་ལས་མེད་ཏོ་གསུང་། ད་ནི་རྒྱ་གར་དུ་འགྲོ་དགོས་དགོངས་ནས་གསེར་མང་པོ་བསྣམས་སྟེ་བླ་མ་རྡོ་རྗེ་གདན་པ་ཆེན་པོ་དང་མཇལ་ནས་བསྙེན་རྫོགས་སོགས་གནང་བར་ཞུས་པས།
བདག་སོགས་རྒྱ་གར་མཁས་རྣམས་ཀྱིས། །ཁྱོད་ཀྱི་མཁན་པོ་བྱེད་མི་ནུས། །བྱང་ཕྱོགས་ཁ་བ་ཅན་ལྗོངས་ན། །གླང་རི་འོད་ལྡན་གསེར་མདོག་ཅན། །སངས་རྒྱས་སྣང་བ་མཐའ་ཡས་ཀྱི། །སྤྲུལ་པ་བཞུགས་ཀྱིས་དེར་སོང་ལ། །བསྙེན་པར་རྫོགས་པའི་མཁན་པོ་ཞུས། །འདུལ་བ་ཕར་ཕྱིན་གསང་སྔགས་རྣམས། །ཇི་ལྟར་འདོད་བཞིན་བསྟན་བར་བྱའོ།
།གསུང་མས་རབ་བྱུང་གི་མཁན་པོ་མཛད། མཚན་ཚུལ་ཁྲིམས་མགོན་དུ་བཏགས་པས་བླ་མ་ཤངས་ཁྲག་བྱུང་སྟེ་ཁྱུང་པོ་རྣལ་འབྱོར་ལས་མཚན་འདོན་མ་ནུས་འདི་དང་བཻ་རོ་ཙ་ན་རཀྵི་ཏ་དང་མངའ་བདག་མེ་ཏྲི་པ་རྣམས་ལས་མདོ་སྔགས་ཀྱི་ཆོས་མཐའ་ཡས་པ་གསན། ཁྱད་པར་མེ་ཏྲི་པས་ཡེ་ཤེས་མགོན་པོ་ཕྱག་དྲུག་པ་ཆེས་སྐྱོང་དུ་གནང་། གྲུབཆེན་རཱ་ཧུ་ལ་གུཔྟ་བཛྲ་བོད་ཏུ་ཆོས་སྐྱེལ་བ་ལ་ལན་གསུམ་བྱོན་སྟེ་སྐྱེད་རྫོགས་མཐའ་ཡས་པ་གནང་བས་འདི་བཞི་ལ་རྩ་བའི་བླ་མ་བཞི་ཟེར། གཞན་ཡང་ཨ་ཐུ་ལ་བཛྲ་སོགས་བཀའ་དྲིན་ཅན་གྱི་བླ་མ་བཅུ་གསུམ། སྤྱིར་མཁས་གྲུབ་ཀྱི་བླ་མ་བརྒྱ་དང་ལྔ་བཅུའི་ཆོས་ཐམས་ཅད་རྫོགས། ཁྱད་པར་དུ་རྡོ་རྗེ་འཆང་ལ་དངོས་སུ་ཆོས་གསན་པའི་ཡེ་ཤེས་ཀྱི་མཁའ་འགྲོ་མ་ནི་གུ་མ་ལས་ནི་གཆོས་དྲུག་གསན་ཞིང་། རྨི་ལམ་ཐུན་གཅིག་གི་ནང་དུ་ཆོས་དྲུག་གི་ཁྲིད་རྫོགས། ཡེ་ཤེས་ཀྱི་མཁའ་འགྲོ་མ་སུ་ཁ་སིདྡྷི་ལ་སུ་ཁ་ཆོས་དྲུག་གསན་སྟེ་ཡེ་ཤེས་ཀྱི་སྐུ་ཐོབ། སྤྱིར་རྒྱ་གར་དུ་ལན་བདུན་བྱོན་ཞིང་། རྡོ་རྗེ་གདན་ལ་སོགས་པའི་གནས་ཆེན་པོ་རྣམས་སུ་མཆོད་ཆེན་མང་དུ་མཛད་པས་ངོ་མཚར་གྱི་ལྟས་ཆེར་བྱུང་། རབ་ཏུ་གསེར་ཚོལ་བའི་དུས་ཀྱང་ཛམ་བུ་ཆུ་བོའི་གསེར་ཁ་དང་གུ་ལང་གི་གསེར་ཁ་སོགས་གསེར་ཁ་བཙོ་བརྒྱད་དུས་གཅིག་དུ་རྡོལ་བ་སོགས་མང་དུ་བྱུང་བས། བླ་མ་རེ་ལ་གསེར་སྲང་ལྔ་བརྒྱ་རེ་སོགས་མང་དུ་ཕུལ། བོད་ཏུ་ཕྱི་མ་བྱོན་ཚེ་ཞང་ཞུང་མཐོ་ལིང་གི་གཙུག་ལག་ཁང་མཇོ་བོ་རྗེ་བཞུགས་པ་དང་མཇལ་བསཆོས་མང་དུ་གསན། ཕྱིས་ལོ་མང་དུ་སོང་ནས་གླང་རི་ཐང་པ་ལ་བསྙེན་རྫོགས་མཛད། ཤངས་ཞོང་ཞོང་གི་གཙུག་ལག་ཁང་སོགས་དགོན་གནས་བརྒྱ་རྩ་བརྒྱད་ལོ་གསུམ་གྱི་ནང་དུ་བཏབ། སྤྲུལ་པའི་དམག་གིས་གཡུལ་ངོ་ཟློག །ཆོས་ཁྲི་བརྒྱ་རྩ་བརྒྱད་ལ་སྐུའི་བཀོད་པ་གཅིག་ཆར་དུ་བསྟན་སྟེ་འབུལ་བ་བཞེས། ཡི་དམ་གྱི་ལྷ་ཐམས་ཅད་དུ་དངོས་སུ་སྟོན། ཁྱད་པར་དུ་གནས་ལྔ་རྒྱུད་སྡེ་ལྔའི་ལྷ་ཚོགས་སུ་དངོས་སུ་གྱུར། ངོ་མཚར་གྱི་མཛད་པ་མཐའ་ཡས། ཚོགས་པའི་མཐར་ཐུག་ཁྲི་ཕྲག་བརྒྱད། ཚེ་ཡི་མཐར་ཐུག་བརྒྱ་ལྔ་བཅུ། སློབ་མའི་མཐའ་ཐུག་ལྔ་དང་གཅིག །ཞེས་ལུང་བསྟན་པ་ལྟར། དགུང་ལོ་བརྒྱ་དང་ལྔ་བཅུ་འགྲོ་བའི་ཚེ་ང་ཡི་གདུང་མ་གཞུ་བར་རིལ་པོར་བཞུགས་ན་ཞོང་ཞོང་འདི་རྡོ་རྗེ་གདན་གཉིས་པར་འགྱུར་ཞིང་། ངའི་ཆོས་རྒྱུད་འདི་ཆུ་བོའི་རྒྱུན་བཞིན་རྒྱས་པར་འགྱུར་ན་ཡང། ཁྱེད་རྣམས་ཀྱིས་གྲོས་ཉེས་ཅིག་མི་བྱེད་ཏམ་ཞེས་གསུང་སྟེ་འཕོ་བ་ཡེ་ཤེས་སྐར་ཁུང་མ་མཛད་ནས་གཤེགས། སློབ་མ་རྣམས་ཁ་མ་འཆམ་པས་གདུང་མི་གཞུ་བའི་མཐུ་མ་བྱུང་ནས་བཞུ་པས་ངོ་མཚར་གྱི་ལྟས་མཐའ་ཡས་པ་བྱུང། དེ་ལ་དབུས་གཙང་ཁམས་གསུམ་གྱི་གྲ་པ་ས་གཞི་ཙམ་བྱུང་ཞིང་། ཁྱད་པར་དུ་དྲི་མེད་ཤེས་རབ་ཀྱི་སྡོང་པོ་འཇམ་དཔལ་དང་འཇིགས་བྱེད་ལ་མངའ་བརྙེས་པའི་སྨེའུ་སྟོན་པ། ཕན་སེམས་ཀྱི་ཡལ་ག་བྱམས་པ་ལ་ཆོས་གསན་པའི་བྱང་ཆུབ་སེམས་དཔའ་གཡོར་པོ་རྒྱ་མོ་ཆེ། སྙིང་རྗེ་ཆེན་པོའི་ལོ་མདབ་སྤྱན་རས་གཟིགས་དང་དབྱེར་མེད་པའི་རྟལ་སྟོན་རིན་དབང། བྱམས་པའི་མེ་ཏོག་ཕྱོགས་མེད་དུ་ཤར་བ་བདེ་མཆོག་དང་མགོན་པོའི་བདག་ཉིད་ལ་སྟོད་པ་དཀོན་མཆོག་མཁར། ལྷ་སྐུ་འོད་གསལ་དབྱེར་མེད་ཀྱི་སྙིང་པོ་མངོན་དུ་གྱུར་པ་རྟོགས་ལྡན་ཞང་སྒོམ་ཆོས་སེང་སྟེ་སྔ་བུ་ལྔ། སྒྱུ་ལུས་རྨི་ལམ་གྱི་འབྲས་བུ་སྨིན་བའ་ིརིན་ཆེན་བརྩོན་འགྲུས་ནི་ཕྱི་བུ་གཅིག་གོ། འདིའི་གཡོར་པོ་བ་ནི་མཁས་པ་ཕྱ་གཡོར་གཉིས་ཅེས་འདོན་པ་དེ་ཡིན་ལ། ལ་སྟོད་པ་དཀོན་མཆོག་མཁར་གྱིས་གནས་རྙིང་དུ་བཤད་པ་མཛད་པས་འདིའི་དབོན་རྒྱུད་ཀྱིས་འཇོན་ཞིང་། ཁྱུང་པོའི་འབུར་ཐང་ཡང་དེ་ན་བཞུགས་སོ།
།ཆིག་རྒྱུད་ཀྱི་བཀའ་བབས་པ་ནི་མཉམ་མེད་རིན་ཆེན་བརྩོན་འགྲུས་སྟེ། ཤངས་ཀྱི་ལྷ་ཕུ་སྤང་རྩ་ར་ཡབ་ཤེ་རྒན་སྩ་ན་ཆུང་དང་། ཡུམ་པདྨ་སྒྲོན་ལས་འཁྲུངས། བཅུ་བདུན་ལ་ཞོང་ཞིང་དུ་ཆོས་མཛད། བླ་མས་ཁྱོད་ཀྱིས་འགྲོ་དོན་ཡོང་བས་ཐོག་མར་ཐོས་པ་གྱིས་ཅེས་ཐོས་པ་ལ་སྦྱར་ཡང་ཐོས་པས་སྐྱོ་བའི་རྐྱེན་མང་པོ་མཐོང་བས། །དབུས་སུ་ཁམས་པ་ཨ་སེང་དང་བུར་སྒོམ་སོགས་ལ་མན་ངགེ་ཞུས་ནས་བསྒོམས་པས་རྨི་ལམ་ཟིན་ཞིང་ཕག་མོའི་ཞལ་མཐོང་། ཕྱིས་བླ་མའི་གསུང་ནས་སངས་རྒྱས་སྣང་བ་མཐའ་ཡས་དང་ཡི་དམ་དང་མཁའ་འགྲོ་རྣམས་ཀྱིས་གདམས་ངག་ཐམས་ཅད་ཁྱེད་ལ་བྱིན་གསུང་བས་ཉོན་ཞིག་གསུང་ནས། ཡུལ་གཞིས་ཐམས་ཅད་གསེར་དུ་བསྒྱུར་ནས་གསེར་ཆོས་རྣམས་ཞུས། ཡེ་ཤེས་ཀྱི་མཁའ་འགྲོ་གཉིས་དང་རྩ་བའི་བླ་མ་བཞིའི་མན་ངག་སོགས་ཆོས་ཐམས་ཅད་ལྷག་མ་ལུས་བར་གནང་། སྒྲུབ་པ་རྩེ་གཅིག་དུ་གྱིས་ཅིག་གསུངས་ནས་གཤེགས། དེ་ནས་ལོ་གཉིས་སུ་རྩ་གཅིག་དུ་བསྒོམས་པས་སྒྱུ་ལུས་རྨི་ལམ་དང་འོད་གསལ་གྱི་མྱོང་བ་བཟང་པོ་བྱུང་སྟེ། བླ་མ་ནི་སྐུ་འདས་དགས་པོ་སྙི་སྒོམ་དེ་བྱ་རྒོད་ལ་སྒོམ་ཐེབས་པར་གྲགས་འདུག་པས་དེ་ལ་ཞུ་དགོས་སྙམ་སྟེ་དབུས་སུ་བྱོན། བུར་ངུ་བསྙུང་གཞི་སེལ་བ་ལ་བྱོན་པས་ཕག་མོ་གྲུ་བ་བུར་ན་བཞུགས་པ་ལ་ཡང་འཇལ་སྟེ་ཆོས་གསན། རྗེ་སྒམ་པོ་བས་དར་ཡུག་གཅིག་གནང་སྟེ་གསུ་བ་མཛད། སྐྱེ་བ་མང་པོའི་དཔོན་སློབ་ཡིན་པ་ལ་སྐྱེ་བ་འདི་ལ་ད་རེས་ལས་མ་ཕྲད་གསུང་ནས་སྤྱན་ཆབ་ཕྱུང་ནས་མགུར་གསུངས། ཉམས་མྱོང་རྣམས་ཕུལ་བས་ཐབས་ལམ་གྱི་ཡོན་ཏན་བཟང་པོ་སྐྱེས་འདུག་སྟེ། ལྟ་བ་ལ་ཐག་ཆོད་ཅིག་དགོས་བར་འདུག་གསུང་སྟེ་ཕྱག་རྒྱ་ཆེན་པོ་གནང་ནས་ལྟ་བའི་སྒྲོ་འདོགས་ཆོད། རྨི་ལམ་ཐུན་གཅིག་གི་ནང་དུ་ཆོས་དྲུག་གི་ཁྲིད་གསུངས་ཅིང་ཕྱིས་དངོས་སུ་འང་གསུངས། གདམས་ངག་ཐམས་ཅད་རྫོགས་པར་མཛད་སྟེ་གནས་གཞི་མ་བྱེད་དགེ་བདུན་གྱི་བྱ་བ་མ་བྱེད་དགྲ་དགའ་བའི་འདུན་མ་གྱིས། རྒྱན་དུརིའི་བུ་གྱིས། ང་རང་གིས་བྱིན་གྱིས་རློབ་པས་འབྲལ་བ་མེད་ཏོ་གསུང་ནས་ཡར་བྱོན། རྣལ་འབྱོར་ཆོས་གཡུང་དང་གཉིས་ཀྱིས་གཉན་མཁར་ནག་བཏུལ། ཤངས་རྨོག་ཅོག་གི་བྲག་ལ་བཞུགས་སྟེ། ཉུང་གཞི་འདྲ་བྲག་མགོར་བཏབ་བཅུང་ཟད་སྐྱེས་པའི་ཚོད་མ་དང་ཐལ་བའི་ཐུག་ཐུལ་གྱིས་བསྒྱུར་སྟེ་ཅུང་ཟད་རེ་གསོལ་ནས་རྩེ་གཅིག་དུ་བསྒོམས་པས། ལོ་ཕྱེད་དང་བཞི་སོང་དུས་མཁའ་འགྲོ་མ་སུ་ཁ་སིདྡྷི་བྱོན་སྟེ་ཚིགས་བཅད་གཅིག་གསུངས་པ་ཕྱིན་ཁམ་གྱི་ཟས་ལ་ལྟོས་མ་དགོས། སྤྱིར་ལོ་བཅུ་གཉིས་སུ་ཟས་ལ་མ་ལྟོས་པར་བྲག་དེར་གཅིག་བུར་བཞུགས། ཉིན་མཚན་དབྱེར་མེད་ཀྱི་མྱོང་བ་བྱུང། གཞན་སྐལ་བ་དང་ལྡན་པ་དུ་མས་ཀྱང་སྒྱ་མའི་རྣམ་འཕྲུལ་མཐོང་སྟེ་སྙན་གྲགས་དང་ཕྲིན་ལས་མཐའ་ཡས། ཐུགས་སྣ་ཐུང་བས་ཚོགས་པ་ཐམས་ཅད་ཚེ་བློས་བཏང་འབའ་ཞིག་དུ་བྱུང་ཞིང་གཞན་ཕན་མཐའ་ཡས་ཕྱིས་སྒྲེས་པོར་གྱུར་ནས་མི་མ་ཡིན་དཔག་མེད་ལ་ཆོས་གསུང་བ་སོགས་བསྟན་སྟེ་མྱ་ངན་ལས་འདའ་བའི་ཚུལ་བསྟན་ནོ།
།རྒྱུད་པ་བཏད་པའི་སློབ་མའི་གཙོ་བོ་ནི་དབོན་སྟོན་སྐྱེར་སྒང་བ་སྟེ། གནམ་གྱི་ནང་ཁོང་དུ་འབལ་ཚད་མ་པའི་དབོན་པོར་འཁྲུངས། ལོ་བཅུ་གཉིས་ནས་གཤིན་རྗེའི་གཤེདབསྒྲུབས་ཅིང་བཅུ་བདུན་ལ་རབ་དུ་བྱུང་ནས་གཞུང་དུ་མ་གསན། ལྷ་སར་ཆོས་འཁོར་ལ་བྱོན་པས་བྲག་ལྷ་ཀླུ་ཕུག་ན་སྤྱན་རས་གཟིགས་ཞལ་གཟིགས་པའི་འཕགས་པ་ལྕེ་སྒོམ་སྒྲུབ་པ་ལ་བཞུགས་པ་མཇལ། ཉིད་ཀྱིས་ཐུགས་རྗེ་ཆེན་པོ་ཞེལ་གཟིགས་པ་ལགས་སམ་ཞུས་པས་ཐུགས་རྗེ་ཆེན་པོ་ཡིན་མིན་ཆ་མེད་གྲིབ་ཀྱི་ཐང་འདི་ན་ཚུར་སྐྱ་ཤར་ཤར་བ་ཞིག་གཏན་དུ་ཡོང་གི་འདུག་གསུང་། དེ་ལ་སྤྱན་རས་གཟིགས་གཙོ་འཁོར་གསུམ་པའི་རིག་གཏད་དང་གདམས་པ་ཞུས་སྟེ་སྐྱེར་སྒང་དུ་བྱོན་ནས་བྲང་ཁང་དུ་སྒྲུབ་པ་མཛད་པས་འབལཚང་མ་པའི་གྲ་པ་རྣམས་ཀྱིས་དཔོན་པོས་སློབ་གཉེར་མ་བྱས་ན་རབས་འཆད་ཟེར་ནས་ཁྲིམས་བྱས་སྟེ་སུས་ཀྱང་རྒྱགས་མ་བྱིན་ལམ་ཞོར་ཀུན་ལ་སྒོ་ལ་རྡོ་བརྒྱབ་སྟེ་འབལ་ཚང་མ་པའི་དབོན་པོ་བྱས་ནས་བཀའ་ཆེན་བཞི་ཤར་ཤར་མི་བྱེད་པར་སྔགས་ཀྱི་འཁོསཀའམ་མ༌ཎི་ཧཱུྃ་པ་ཅིག་ག་འོད་ཟེར་ཞིང་དམད། དེར་སྐྱོ་ཚ་ཙམ་དང་དེ་ཡང་མ་འབྱོར་བ་ན་ཐལ་བས་མདོག་བསྒྱུར་སྟེ་ཕོར་པ་རེ་གསོལ་ནས་བཟླས་པ་རྩེ་གཅིག་དུ་མཛད། ལོ་ཕྱེད་དང་བཞིན་རྒྱབ་ཀྱི་བྲག་སེབ་ཅིག་དུ་སྐྱོ་སེང་ལ་བྱོན་པས་ཐུགས་རྗེ་ཆེན་པོ་གཙོ་འཁོར་གསུམ་པ་དང་གཤིན་རྗེའི་གཤེད་ཞལ་མཐོང་། ཁུ་བོའི་ཞལནས་ཁྱོད་ཀྱིས་ལྷ་ཞལ་མཐོང་འདུག་པས། ལ་སྟོད་ན་ཅཱ་རི་སྒོམ་ཆུང་བྱ་བ་རས་ཆུང་བའི་སློབ་མ་གྲུབ་ཐོབ་ཅིག་ཡོད་པར་འདུག་པས་དེར་སོང་གསུང་ནས་གསེར་ཞོ་གང་དང་། དར་ཡུག་དྲུག་གནང་སྟེ་བྱོན། ལ་ཁ་ཞིག་དུ་ཉིན་གུང་ལ་ཉི་མ་དྲོ་ཞིང་སེར་བུ་དྲག་པ་ཅིག་བྱུང་བས་འདི་གཉིས་མཉམ་དུ་འོང་བ་སྙམ་པ་ཅིག་བྱུང་སྟེ། དེ་ཉིད་ཏུ་གནས་ལུགས་ཀྱི་རྟོགས་པ་ལྷག་གིས་ཤར། ཕྱིས་ཀྱང་རྟོགས་པ་ལ་སྐྱེད་འདོན་རྒྱུ་མ་བྱུང། བླ་མའི་དྲུང་དུ་སླེབ་ལ་ཁེད་ཙ་ན། ཉེ་གནས་དེ་སྔུན་གསུང་བྱུང་སྟེ་ཕྱག་འཚལ་ཞིང་འདུག །དྲིས་པས་བླ་མའི་ཞལ་ནས་དབུས་ནས་གྲུབ་ཐོབ་གཅིག་འབྱོན་གྱིན་འདུག་གསུང་ཟེར་བས། ཐུགས་རྒྱལ་ཅུད་ཟད་བྱུང་བླ་མ་དང་མཇལ་མ་ཐག་དུ་དར་ཁ་གང་ཕྱག་རྟེན་དུ་ཕུལ་ནས་ང་ལ་རྒྱགས་ཙམ་མེད་པས་རས་ཆུར་པའི་གདམས་ངག་མྱུར་དུ་ཚར་བ་ཞིག་ཞུ་བྱས་པས། སྐ་རགས་ཀྱི་གསེར་དང་དར་ཡུག་དྲུག་པོ་ཟད་ཙ་ན་གདམས་ངག་ཚར་བར་བྱའོ་ཞེས་གསུང་པས་སྐྱེངས་པ་ཅིག་བྱུང་ལོ་གཉིས་སུ་གདམས་ངག་ཐམས་ཅད་རྫོགས་པར་གསན། བླ་མ་སྤེན་ཕུག་པ་ལ་ཇོ་བོའི་གདམས་ངག་ཐམས་ཅད་རྫོགས་པར་ཞུས། རྨོགཅོག་པའི་སྙན་པ་གསན་ནས་ལམ་དུ་ཆས་པས་ཆོས་སྐྱོང་གིས་ལམ་གྲོགས་དང་གསུ་བ་བྱས། ཆོས་དྲུག་སོགས་གདམས་ངག་ཐམས་ཅད་གནང་སྟེ། སྒྱུ་ལུས་རྨི་ལམ་གྱི་ཉམས་མྱོང་བཟང་དུ་བྱུང་། ཕྱིས་དབྱར་ཞིག་བླ་མའི་བཀའ་མ་ཆོགས་པར་མཚོན་ཆ་ཅན་གྱིས་ཆོས་སྒོ་འབྱེད་པ་དང་ཆོས་བཤད་པས་ཉམས་མྱོང་འགྲིབས་སྟེ་སླར་རྩེ་གཅིག་དུ་སྒོམས་པས་སོར་ཆུད། ཕྱུག་པོ་ཅིག་བསྙེན་བཀུར་བ་ལ་མ་ཕྱིན་རུང་དེས་བླ་མ་ལ་ཞུས་ནས་འགྲོ། དགོས་པ་བྱུང་སྟེ་དེའི་ཟས་ཟོས་པ་བརྒྱད་སྟོང་པ་བཙོངས་བའི་རིན་ཡིན་པ་འདུག་པས་དགེ་སྦྱོར་འགྲིབས། ན་ཚ་སྡུག་སྔལ་མི་བཟོད་པ་བྱུང་། ཡི་དམ་གྱི་ཞལ་མཐོང་བ་རྒྱུན་ཆད། ཐུགས་རྗེ་ཆེན་པོ་ལ་གསོལ་བ་དྲག་དུ་བཏབ་པས། ཞལ་རི་ཙམ་མཐོང་ནས་འདི་དཀོར་བླུད་ཟོས་པ་མནར་མེད་ཏུ་སྐྱེ་བའི་ལས་ཡིན། ཁྱོད་སྒྲིབ་པ་སྲབ་པསཚེ་འདིར་སྨིན་པ་ཡིན། ད་བྲུལ་གཏོར་ཁོ་ན་ཐོད་གསུང་ནས་བྲུལ་གཏོར་བཏང་བས་ཅི་ཞིག་ནས་སྡིག་སྒྲིབ་དག་པའི་རྟགས་ཅུང་ཟད་བྱུང་ཞིང་ལོ། །གཉིས་ཙམ་ནས་ཉམས་མྱོང་སོར་ཆུད་ཕྱིས་འབལ་ཚང་མ་བ་གྲོངས་ནས་གདན་སར་གདན་འདྲེན་བྱུང་བ་ལ་མི་འབྱོན་དགོངས་ཀྱང་བླ་མས་དམ་ཚིག་ལ་བཀར་སྟེ་འབྱོན་དགོས་པར་བྱུང་ནས་བྱོན། སྐྱེར་སྒང་གི་ལྕགས་རི་དང་སྐུ་འབུམ་མཛད། ཕྱག་དུ་ཡོ་བྱད་བྱུང་བ་རྣམས་བླ་མ་ལ་འབུལ་བར་བསྔོས་ཀྱང་སྐྱེར་སྒང་བ་རྣམས་ཀྱིས་འབལ་ཚང་མ་བའི་གདེན་ས་ནས་དགོན་པ་གཞན་དུ་འབུལ་བ་སྐྱེལ་བ་མི་འཐད་པས། སུས་ཀྱང་གྲོགས་མ་བྱེད་ཟེར་བའི་ཁྲིམས་བྱས་ཚེ་མི་ནག་པོ་རྟ་ནག་ལ་ཞོན་པ་མཛོ་ཕོ་མང་པོ་རོལ་དུ་ཁྲིད་པ་མང་དུ་བྱུང་སྟེ་དེ་རྣམས་ཀྱིས་ཡོ་བྱད་ཐམས་ཅད་བཀལ། ཆིབས་པ་བཏང་བར་ཞག་གཅིག་ལ་རྨོག་ཅོག་མཐོང་བའི་སར་སླེབ། ཁ་སང་ཁྱེད་ལ་འབུལ་བསྐྱེལ་མི་མི་འདུག་ཟེར་ནས་ངེད་རྣམས་ཡོངས་བ་ཡིན། དོ་ནུབ་དུར་ཁྲོད་མུན་པ་མི་ཟད་བར་སློབ་དཔོན་དྷུ་ན་སངྐྀ་ཏའི་ཚོགས་ཀྱི་འཁོར་ལོ་ལ་འགྲོ། འབུལ་བ་གསུ་མི་ཤོག་གྱིས་ཟེར་ནས་རྔུལ་ཚུབ་ཏུ་སོང་། ཕྱིས་བླ་མའི་ཞལ་ནས་ཁ་སང་རི་རབ་ཀྱི་ཟོམ་ལ་གནས་པའི་འཁོར་རྣམས་དབོན་སྟོན་གྱི་༌འབུལ་བ་གསུར་འགྲོ་ཟེར་ནས་སོང་བ་བྱུང་ངམ་གསུང་། ཕྱིས་སྒེར་སྒང་དུ་བླ་མ་གདན་དྲངས་ནས་ཡོ་བྱད་ཐམས་ཅད་ཕུལ། མངོན་པར་མཁྱེན་པ་མི་གསང་བར་ཐོགས་མེད་ཏུ་ཐམས་ཅད་ལ་གསུང་བས་ཀུན་གྱིས་ལུང་བསྟན་ཞུ། སློབ་མ་ཐུགས་རྗེ་ཆེན་པོའི་ཞལ་མཐོང་བ་དཔག་མེད་བྱུང་། དགུང་ལོ་དོན་གསུམ་ལ་ཐུགས་རྗེ་ཆེན་པོའི་ཞལ་ནས། ང་དང་ཁྱོད་གཉིས་ཁྱད་པར་མེད། སྐྱེར་བ་སྒང་འདི་པོ་ཌ་ལ། ཞེས་གསུང་བས་ངའི་བྱིན་རླུབས་མ་ཉམས་ཀྱི་བར་དུ་ཐུགས་རྗེ་ཆེན་པོའི་ཞལ་མཐོང་བ་མང་དུ་འབྱུང་ཞིང་ཕྱིས་འབུམ་ཐང་འདི་ཁྱི་ལུང་ཐོ་རེ་བ་བྱུང་དུས་བྱིན་རླབས་ཉམས་པ་ཡིན་གསུང་ནས་སྐུ་གཤེགས།
དེའི་སློབ་མ་གདམས་ངག་རྫོགས་པ་ནི་སངས་རྒྱས་གཉན་སྟོན་སྟེ་ཡོལ་དུ་འཁྲུངས་གདུང་གཉན། ཆུང་དུ་ནས་རབ་ཏུ་བྱུང་སྟེ་གཞུང་ལུགས་མཐའ་དག་ལ་སྦྱངས། དབོན་སྟོན་གྱི་སྙན་པོ་གསན་སྟེ་དབྱར་དགུན་བཅུ་གསུམ་བསྟེན་སྟེ་གདམས་ངག་ཐམས་ཅད་རྫོགས་པར་མཛད། སྒྱུ་ལུས་རྨི་ལམ་གྱི་ཉམས་མྱོང་ཐམས་ཅད་མཐར་ཕྱིན། བླ་མའི་ཞལ་ནས་ཐང་སྔ་ཆམ་པ་ཅིག་གི་དཀྱིལ་ན་རི་བོ་ཏོ་རི་བོང་གྱེན་ལ་རྒྱུག་པ་འདྲ་བ་ཞིག་དུ་ཁྱོད་ཀྱི་དགོན་པ་ཡོད། ཁྱོད་ལ་སངས་རྒྱས་གཉན་སྟོན་དུ་གྲགས་པའི་དུས་སུ་གོས་བཟུང་པོ་མི་གོན། དྲུག་པོའི་སེབ་ན་སྟག་ཉལ་བ་གྱིས། ཁྱོད་ཀྱིས་ཚོས་གཤོད་པའི་སྔོན་དུ་སེམས་སྐྱེད་མ་ཤོད། མཇུག་དུ་སྔོ་བ་མ་བྱེད། མི་ཤེས་པའི་ཚུལ་དུ་སྟོན། སྦས་པའི་རྣལ་འབྱོར་གྱི་ཚུལ་གྱིས་འགྲོ་དོན་གྱིས་གསུང་སྟེ། ཕྱིས་ཡོལ་རི་གོང་དུ་དེ་བཞིན་མཛད། རྒྱ་གར་གྱི་གྲུབ་ཐོབ་དུར་ཁྲོད་ནག་པོས་བླ་མ་ལ་སྟོད་མགོན་པོ་བྱ་བ། ལུས་འཆི་མེད་ཀྱི་མན་ངག་སྐྱེལ་དུ་བཏང་སྟེ་བསྙུང་གེགས་བསལ། དགུང་ལོ་དོན་གསུམ་གྱི་དུས་འབྱུང་བ་བཞིའི་ཐོག་བབས་པ་གོས་ཀྱི་ཐུ་བར་བཟེད། དེའི་ཚེ་མགོན་པོ་བྱོན་སྟེ་སེམས་ཅན་ལ་མི་གནོད་པར་བྱ་ཡི་དེ་ན་མར་བྱོ་ཞིག་གསུང་བས་དངོས་གྲུབ་ཀུན་འབྱུང་མའི་བསྟོད་པ་མཛད་སྟེ་ཐོག་བྱོ་བའི་ཤུལ་ཡོད། སློབ་མ་གྲུབ་ཐོབ་བཅུ་ལ་སོགས་པ་བྱོན་ཞིང་། ཁྱད་པར་སངས་རྒྱས་སྟོན་པ་ནི་ཁ་རག་གི་སིལ་མར་འཁྲུངས། ཆོས་གདམས་ངག་མང་དུ་གསན་པ་ཅིག་གིས་སངས་རྒྱས་གཉན་སྟོན་གྱི་སྙན་པ་ཐོས་སྟེ་མཇལ། ཆོས་གདམས་ངག་ཐམས་ཅད་གནང་། སྤྱིར་མཁའ་འགྲོ་མ་ནི་གུ་མ་ནས་འདིའི་བར་རྨི་ལམ་འོད་གསལ་ལ་སོགས་པའི་ཉམས་མྱོང་སྐྱེ་ཚུལ་སྔ་མ་ལས་ཕྱི་མ་ཁྱད་དུ་འཕགས་པ་ཁོ་ན་བྱུང་། རི་གོང་དུ་གདན་ས་བཏད་སྟེ་ཁྱོད་ཀྱི་སློབ་མའི་གཏོར་ཆུ་ཕོ་བས་མི་འཁྱེར་ཐུབ་པ་ཡོང་གསུང་ཡང་མི་མང་པོའི་མགོ་འདྲེན་མི་བྱེད་པར་ཞུས་པས་འོ་ན་ཆོས་སྐྱོང་ལ་འགྱེད་གཏོར་གཏོང་དགོས་གསུང་ནས་གཏོར་མ་མཛད་སྟེ་དམ་སྟོངས་ཙམ་ལས་མི་ཡོང་གསུང་། ཁྱོད་ཀྱི་རིང་ལ་ཆིག་རྒྱུད་ཀྱི་བཀའ་རྒྱ་གྲོལ་བས་ཛཱ་ལནྡྷ་ར་ནས་རྒྱ་ནག་གི་བར་བླ་མ་ཤངས་པའི་གདམས་པས་ཁྱབ་འགྲོ་བ་འདུག་གསུང་། དེ་ལ་སློབ་མའི་གཙོ་བོ་མཁས་གྲུབ་ཤངས་སྟོན་ཆེན་པོ་དང་གྲུབ་ཐོབ་ཨའི་སེང་གེ་སོགས་སེང་གེའི་མིང་ཅན་བརྒྱ་རྩ་བརྒྱད་སོགས་བྱོན་ནས་གདམས་ངག་ཕྱོགས་མཐར་ཁྱབ་ཅིང་མཁས་གྲུབཤངས་སྟོན་གྱི་སློབ་མ་རྨོག་ཅོག་བའི་སྐུའི་སྐྱེ་བ་མཁས་བཙུན་རྒྱལ་མཚན་འབུམ་ཡིན་ལ། དེ་ལ་མཁས་བཙུན་གཞོན་ནུ་གྲུབ་དང་སྐུའི་དབོན་པོ་འཇག་ཆེན་བྱམས་པ་དཔལ་ལ་སོགས་པ་མཁས་གྲུབ་མང་དུ་བྱོན་ཞིང་། ཕྱིས་ཤངས་པ་ཁོ་ནའི་ཆོས་རྒྱུད་འཛིན་པ་ཅུང་ཉུང་ནའང་ཤངས་པའི་གདམས་ངག་གིས་ཆོས་རྒྱུད་ཐམས་ཅད་ལ་ཁྱབ་པར་དར་རོ།
།དེ་ལྟར་བོད་ཡུལ་ལ་གྲགས་ཆེ་བའི་ཆོས་ཀྱི་བསྟན་པ་ནི་དེ་རྣམས་ཡིན་ལ། གཞན་གདུལ་བྱ་གྲངས་ཀྱིས་ཆོད་པ་སྨིན་གྲོལ་དུ་མཛད་པའི་སྐྱེས་བུ་དམ་པ་དང་། ཆོས་ཀྱི་རྣམ་གྲངས་ནི་བསམ་གྱིས་མི་ཁྱབ་པས་དེ་མཐའ་དག་བརྗོད་པར་ནི་མི་སྤོབས་སོ།
།ཆོས་བྱུང་མཁས་པའི་དགའ་སྟོན་གྱི་གསུམ་པ་བོད་ཡུལ་གྱི་སྐབས་ལས་བོད་ཡུལ་དུ་ཆོས་རྒྱུད་སྣ་ཚོགས་པ་ཇི་ལྟར་བྱུང་བའི་ཚུལ་སྟེ་སྐབས་བཅུ་པའོ།
།ས་སྐྱ་བ་དང་ཞི་བྱེད་ཤངས་པ་སོགས། །ཇིལྟར་བྱུང་ཚུལ་འདི་ནི་ལྷོ་སྟོད་པས། །དབོན་ས་དཔལ་མི་འབྱོར་བཟང་མོའི་གོངས་རྫོགས་ཕྱིར། །གཞིས་ཁ་གནས་སུ་པར་དུ་བསྒྲུབས་པ་ཡི། །ཡིག་རྐོས་གཉིས་ཀྱི་བྱེད་པོ་གཡེ་བ་སྟེ། །ཀུན་ཡང་བླ་མེད་བྱང་ཆུབ་མྱུར་ཐོབ་ཤོག། མངྒ་ལཾ།