Shongshong

From Shangpa Resource Center
Revision as of 10:04, 8 October 2024 by Sengue (talk | contribs)





Resource ID G1
Place Type Monastery
Coordinates 29°40'37"N 89°8'13"E
Links Shangpa Foundation
The treasury of Lives
BDRC G4783

Name Variants

zhong zhong rdo rje gdan
zhong shong
zhang zhong
zhang zhang
gzhong zhong
gzhong gzhong
gzhong pa tshal

Associated Persons

Monastry Founded by

Primary seat

History

  • Established: 1021/1121?

Notes

Original seat of the Shangpa Kagyü and rme'u clan. Founded by Khyungpo Neljor. Recently rebuilt.

In rnam gling gi lo rgyus rig gnas mdor bstan (W3CN7069 p.217): གཞོང་གཞོང་དགོན།
དགོན་དེ་ཡང་རྣམ་གླིང་གྲོང་རྡལ་ཆབ་འོག་གྲོང་ཚོར་གནས་པ་དང་རྣམ་གླིང་ནས་ཤར་ལྷོ་མཚམས་སུ་སྤྱི་ལེ༦ཙམ་བསྐྱོད་ན་དགོན་འདི་མཇལ་རྒྱུ་ཡོད།
མཚན་རྒྱས་པར། གཞོང་གཞོང་རྡོ་རྗེ་གདན་ཡང་ཞུ། གཞོང་གཞོང་དགོན་ནི་བོད་ཀྱི་བཙན་པོ་རྒྱལ་ཐོག་སོ་གཉིས་པ་སྲོང་བཙན་སྒམ་པོའི་སྐུ་དུས་སུ་བོད་ཡུལ་རུ་ཆེན་ལྔར་ཕྱེ་སྟེ། བོད་ཀྱི་ལོ་རྒྱུས་རགས་རིམ་གཡུ་ཡི་ཕྲེང་བ་ཞེས་པ་ལས། དབུ་རུ་དང་། གཡོ་རུ། གཡས་རུ། རུ་ལག །སུམ་པའི་རུ་བཅས་ལས། གཡས་རུ་སྟེ་དབུས་ཚང་ཤངས་ཀྱི་གཞོང་པ་ཚལ་ལ་བྱས་པ་གཡས་རུ་ཞེས་པའི་ནང་གི་ཞོང་པ་ཚལ་ནི་ད་ལྟའི་གཞོང་གཞོང་རྡོ་རྗེ་གདན་གྱི་གནས་དེར་ཡིན་ཞིང་སྐབས་དེ་དུས་གཞོང་གཞོང་ཟེར་བ་མ་ཡིན་པར་གཞོང་པ་ཚལ་ཞེས་བརྗོད་པར་འདུག་གཞོང་པ་ཚལ་ཞེས་བརྗོད་དགོས་དོན་ནི། ས་ཆ་དེའི་མཐའ་མཐོ་ལ་དཀྱིལ་དམའ་བ་ལྟོ་སྣོད་ཀྱི་གཞོང་པ་དང་འདྲ་བ་རྒྱུ་མཚན་དུ་བྱས་ནས་མིང་བཏགས། རིམ་བཞིན་གཞོང་གཞོང་ངམ་ཞང་ཞོང་༼ཞང་ཞང་༽ཞེས་མིང་བསྒྱུར། དགོན་པ་ཕྱག་བཏབ་རྗེས་ལུང་པའི་མིང་ལ་གཞོང་གཞོང་དང་གཞོང་གཞོང་དགོན་ཞེས་ས་མིང་དགོན་པ་ལ་བཏགས་པ་ཡིན།
དགོན་པ་དེ་ནི་རབ་བྱུང་གཉིས་པའི་ལྕགས་གླང་ལོ་སྟེ། སྤྱི་ལོ་༡༡༢༡ལོར་མཁས་གྲུབ་ཁྱུང་པོ་རྣལ་འབྱོར་གྱིས་ཕྱག་བཏབ། གངས་ཅན་བོད་ཀྱི་གནས་བཤད་ལམ་ཡིག་གསར་མའི་ནང་དུ་འཁོད་པ་ལྟར་ན། མཁས་གྲུབ་ཁྱུང་པོ་རྣལ་འབྱོར་ནི་སྒྲུབ་རྒྱུད་ཤིང་རྟ་བརྒྱད་པའི་ནང་ཚན་ཤངས་པ་བཀའ་རྒྱུད་སྲོལ་གཏོད་གནང་མཁན་དང་། ཁོང་ནི་སྙེ་མོ་ར་མངས་ཞེས་པར་སྤྱི་ལོ་༩༠༩ལོར་ཡབ་ཁྱུང་རྒྱལ་སྟག་སྐྱེས་དང༌། ཡུམ་འགོས་བཟའ་བཀྲ་ཤིས་གཉིས་ཀྱི་སྲས་སུ་འཁྲུངས།
ཆོས་འབྱུང་མཁས་པའི་དགའ་སྟོན་ནང་དགོན་དེའི་རྒྱབ་རི་དེར་གླང་རི་འོད་ལྡན་གསེར་མདོག་ཅན་ཞེས་འཁོད། འོན་ཀྱང་རྣམ་ཀུན་ཡུལ་དེ་གའི་མི་དང་ཉེ་འཁོར་གྱི་མི་རྣམས་ཀྱི་དེར་གླང་རི་ཞེས་བརྗོད་པ་ལས། གླང་རི་འོད་ལྡན་གསེར་མདོག་ཅན་ཞེས་འབོད་སྲོལ་མི་འདུག །གླང་རི་ཞེས་བརྗོད་པའི་རྒྱུ་མཚན་རི་འདིའི་སྟེང་རྫ་ཞིག་ཡོད་པ་དེའི་དབྱིབས་གླང་པོ་ཆེ་དང་འདྲ་བ་དང་། འོད་ལྡན་ནི་གླང་པོ་དེའི་སྟེང་དུ་ནོར་བུ་མེ་འབར་བཀལ་བ་དང་འདྲ་པོ་ཡོད་པས་གླང་པོ་རི་འོད་ལྡན་ཟེར་བར་འདུག །གླང་པོ་དེ་རྒྱལ་པོའི་ཆས་སྤྲས་པ་ཞིག་གིས་ལྕགས་ཐག་གི་འཁྲིད་པའི་ཚུལ་གྱི་གཟུགས་བརྙན་མཐོང་ཐུབ། ཡང་སྒོས་སུ་རྟ་བདུན་ནུབ་ཕྱོགས་ཆུ་ལྷའི་འཕང་བར་བྱོན་སྐབས་ཤངས་ཆུའི་ཕ་རོལ་ནས་བལྟས་ཚེ་རི་དེའི་སྟེང་གི་གླང་པོ་ཆེ་དང་ནོར་བུ་མེ་འབར་ལ་སོགས་དེ་བས་གསལ་བར་མཐོང་ཐུབ་ཞེས་དམངས་ཁྲོད་དུ་ཤོད་སྲོལ་འདུག །རྒྱབ་རི་དེའི་ཐོད་ཙམ་ལ་འཕྲེད་ལམ་འདྲ་བ་ཞིག་ཡོད་པས་དེར་རྒྱང་བལྟ་བྱས་པའི་ཚེ་ཁ་བཏགས་གཡོགས་པ་ཞིག་དང་གཉིས་སུ་མ་མཆིས་པས་དེ་ནི་མཁའ་འགྲོའི་དར་ཡིན་ཞེས་གྲགས། དེར་གནས་པའི་སྐྱེ་བོ་རྣམས་ཀྱིས་སྔ་མོ་ནས་བཟུང་དམངས་གཞས་འདི་འདྲ་བཏང་སྲོལ་འདུག
།གཞོང་གཞོང་ཁྱུང་པོའི་གནས་ལ། མཁའ་འགྲོའི་དར་ཞིག་བཏང་ཡོད། རྒྱབ་རི་༼ནས་༽སྐྱེས་མ་གནང་མཁན། མཁས་གྲུབ་ཁྱུང་པོ་རྣལ་འབྱོར། མདུན་རི་༼ནས་༽བསུ་མ་གནང་མཁན། སྲིན་མོའི་མ་དང་མཁའ་འགྲོ། ཆོས་བསྐལ་ཡོད་པའི་མི་རྣམས། དར་གྱི་སྣེ་ནས་བཟུང་ཞིག །ཆོས་བསྐལ་མེད་པའི་མི་རྣམས། དར་ལ་གཟིགས་མོ་གཟིགས་དང༌།
ཞེས་དེ་ལྟ་བུའི་གནས་ཁྱད་པར་ཅན་དེར་དགོན་ཆགས་པ་ནས་རིམ་བཞིན་རྒྱ་སྐྱེད་བཏང༌། མཁས་གྲུབ་ཁོང་གི་སྐུ་དུས་སུ་ད་ལྟ་དགོན་པ་ནས་ཤར་དུ་སྤྱི་ལེ་གསུམ་ཙམ་ཕྱིན་ན་ས་མིང་དུ་གདོང་དཀར་སྒང་ཞེས་པ་དེར་མ་སླེབས་ཙམ་གྱི་སར་དགོན་པའི་རྒྱལ་སྒོ་ཤར་མ་དང་མཁས་གྲུབ་དེ་ཉིད་ཀྱི་ཕོ་བྲང་ཤར་མ་ཡོད་ཅེས་ཤོད་སྲོལ་འདུག་ལ་དེར་གྱང་རོ་ཡང་འདུག །དེ་དུས་དགོན་པའི་ཚོགས་དུང་ཡང་ཤར་ནུབ་གཉིས་སུ་ཕྱེ་སྟེ་ཆིབས་རྟ་ཆིབས་ནས་གཏོང་དགོས་ཡོད་པའི་སྐོར་གསུངས་འདུག །ཁོང་གི་འགྲམ་དུ་རི་ཆུ་ཀླུང་གསུམ་བརྒལ་ནས་གནས་འདིར་སློབ་སྦྱོང་དང་གདམས་པ་ཞུ་བར་ཡོང་མཁན་ཤིན་ཏུ་མང་། གྲྭ་པ་མང་དུས་ཁྲི་ཚོ་བརྒྱད་ཙམ་འདུས་པའི་སྐོར་ཡོད་ལ་དབུས་གཙང་ཁམས་ཀྱི་སློབ་མ་ཕན་ཚུན་མ་འཆམ་པའི་སྐོར། དཔལ་ལྡན་ཤངས་པའི་གསེར་ཆོས་རྣམ་ལྔའི་རྒྱ་གཞུང་ཀ་ཡི་ནང་དུ་གསང་བ་སྤྱི་རྒྱུད་བཤད་པའི་འཚོ་བ་འདྲེན་པ་ལ་དབུས་གཙང་ཁམས་གསུམ་གྱི་སློབ་མ་རྣམས་ཕན་ཚུན་མ་འཆམ་པར་ཞེས་འཁོད། སྐབས་དེར་སློབ་མའི་ཚོགས་པ་དེ་ཙམ་གྱི་མང་པོ་ཡོད་དུས་དེའི་སྐབས་ཀྱི་མཆོད་ཡོན་སྦྱིན་བདག་ཡང་གང་འདྲ་ཡོད་སྙམ་པའི་བློ་སྐྱེས་སྲིད་མོད་སྐབས་དེའི་མཆོད་ཡོན་སྦྱིན་བདག་ནི་དེ་སྔོན་ཁོང་གི་སྲུ་མོ་བཟའ་མི་གཉིས་ལ་བུ་ཕྲུག་མེད་ཅིང་དེར་བཅོས་ཐབས་གནང་བས་བཟའ་མི་གཉིས་ཀྱི་འདོད་པ་བཞིན་བུ་གསུམ་བྱུང་བ་མ་ཟད་དེ་རྣམས་ནི་མཁས་གྲུབ་ཁྱུང་པོ་ཁོང་བླ་མ་ཤངས་པར་གྲགས་པའི་དུས་ཀྱི་མཆོད་ཡོན་སྦྱིན་བདག་ཏུ་གྱུར་བའི་སྐོར་ཤངས་པ་བཀའ་བརྒྱུད་ཀྱི་བླ་རབས་རྣམ་ཐར་ནང་ལྷ་མོ་དཀར་མོར་གྲགས་པ་ཞིག་བྱོན་ནས། བུ་གསུམ་བྱུང་བ་གྱུར་རོ། བུ་ཆེ་བ་ཤངས་པ་དགོན། བུ་འབྲིང་བ་ཤངས་པ་དར། བུ་ཆུང་བ་ཤངས་ཆུང་དུ་ཐོགས་ཤིག་ཁྱོད་བླ་མ་ཤངས་པར་གྲགས་པའི་དུས་སུ་བུ་སྤུན་གསུམ་པོ་དགོན་འདིའི་རྩ་བའི་ཡོན་བདག་ཏུ་གྱུར་ཏེ་ལོ་རེ་བཞིན་དུ་ནས་ཁལ་སྟོང་ཚོ་གསུམ་གསུམ་དང་། གསེར་གཡུ་རྟ་ཁྲབ་ལ་སོགས་པའི་ཞབས་ཏོག་བྱེད་པར་འགྱུར་རོ་གསུངས་ནས། ལྡོང་ཁང་གི་སོགས་སུ་བུ་སྤུན་གསུམ་གྱི་མིང་བྲིས་པས་བུ་གསུམ་བྱུང་ནས་བདག་གི་རྩ་བའི་ཡོན་བདག་ཏུ་འགྱུར་རོ་ཞེས་འཁོད། དེ་ན་རེ་ཞིག་བཏང་སྙོམས་སུ་འཇོག་རྒྱུ་ལས་མཐའ་གཅིག་ཏུ་དེ་དུས་ཀྱི་མཆོད་ཡོན་སྦྱིན་བདག་གོང་བསྟན་གསུམ་པོ་ཁོ་ན་ཡིན་ཞེས་ཁ་ཚོན་གཅོད་དཀའ།
དེ་ཡང་སྐབས་དེ་དུས་དགོན་པ་སྤྱི་ཡོངས་རྒྱ་ཆེན་པོ་ཡོད་ཀྱང་། ཁོང་གི་བཞུགས་གནས་གཙང་ཁང་ཞེས་པ་དེ་དེ་ཙམ་གྱི་ཆེན་པོ་མེད་པར་བརྟེན། ཉེ་གནས་ཀྱིས་གཙང་ཁང་ཆུང་སྐྱོན་བླ་མ་ལ་ཞུས་པས། བླ་མས་སྐྱོན་མེད། ངས་ཕར་འབུད་ཙམ་བྱས་ན་དེ་གས་འགྲིག་གསུངས་ཁོང་གིས་ཕར་འབུད་པ་ཡིན་ཞེས་ངག་རྒྱུན་དུ་ཡོད་བཞིན་རྩིག་ངོས་དེ་གཞན་དང་མི་འདྲ་བར་ཕར་དོན་ནས་བསྡད་པ་དེང་སང་གི་བར་དུ་ཡང་མ་ནུབ་པར་ཀུན་གྱི་མིག་ལམ་དུ་གནས། དེ་ནས་ཁྱུང་པོ་ཁོང་སྐུ་ཚེའི་འདུ་བྱས་མ་བཏང་གོང་སློབ་མའི་འཁོར་ཚོགས་ཁྲི་ཚོ་བརྒྱད་དེབ་ཐེར་དགའ་ཞིག་ཏུ་ཁྲི་ཚོ་བཅོ་བརྒྱད་ཞེས་བླ་མ་ཡི་དམ་གྱི་ལུང་བསྟན་རྣམས་སྒྲུབ་རྗེས་བླ་མའི་ཞལ་ནས། དཔལ་ལྡན་ཤངས་པའི་གསེར་ཆོས་རྣམ་ལྔའི་རྒྱ་གཞུང་ལས། ང་རྒྱ་གར་གྱི་བླ་མ་རྣམས་ཀྱི་དབང་བཞི་རྫོགས་པར་བསྐུར་བའི་རྗེས་སུ། ཡེ་ཤེས་སེམས་དཔལ་དངོས་སུ་བལྟིམས་པ་ཡིན་པས། ཡེ་ཤེས་སེམས་དཔལ་མ་གཤེགས་པར་སྤུར་སྦྱངས་སུ་མི་བཏུབ་སྟེ། ད་ལྟ་ང་ལས་ལྷག་པའང་ནམ་ཡང་མེད་དེ། ང་དང་མཉམ་པ་ཡང་མེད་པས། ངའི་སྤུར་མ་སྦྱངས་བར་རིན་ཆེན་གསེར་དངུ་ལ་དང་། ཟངས་ལྕགས་ཀྱི་གའུ་གྱིས་ལ། དེར་ང་ཡི་སྤུར་བཞུགས་ལ་མཆོད་པ་ཕུལ། དེ་ལྟར་བྱས་ན་གཞོང་གཞོང་གི་གནས་འདི་ནི་རྡོ་རྗེ་གདན་གཉིས་པར་གྲགས་པ་ལྟ་བུ་ལ་ངའི་ཆོས་རྒྱུད་འདི་ཡང་ཆུ་བོའི་རྒྱུན་བཞིན་དུ་འོང་བར་འདུག་སྟེ། ཁྱེད་རྣམས་ཀྱི་གྲོས་ཉེས་ཅིག་བྱེད་དམ་གསུངས། ཞེས་འཁོད། དོན་དངོས་སུ་ཡང་ཁོང་གི་གསུངས་པ་བཞིན་སློབ་མ་ཕན་ཚུན་དབར་ཁོང་གི་སྐུ་གདུང་ཐད་རྩོད་པ་ཤོར་བ་དང་། ལྷག་པར་ཁམས་ནས་ཡོང་བའི་སློབ་མ་རྣམས་ཀྱིས་སྐུ་གདུང་ཁམས་སུ་གདན་འདྲེན་ཞུ་རྩིས་བྱས། མཐར་གདན་འདྲེན་ཞུ་མི་ཐུབ་པར་གཞོང་གཞོང་དགོན་དུ་སྤུར་སྦྱངས་ཞུ་རྒྱུ་ལས་ཐབས་མ་བྱུང་བར་གྲགས། སྐབས་དེར་སློབ་མ་རྣམས་ཀྱི་བླ་མའི་བཀའ་གསུངས་ཅི་སྒྲུབ་ཞུས་ན་གཞོང་གཞོང་དགོན་རྡོ་རྗེ་གདན་གཉིས་པ་ལྟ་བུར་ཡོང་བ་ཞེས་གསུངས། འགའ་ཞིག་གིས་གཞོངགཞོང་དགོན་གྱི་མཚན་ཆ་ཚང་ལ་གཞོང་གཞོང་རྡོ་རྗེ་གདན་ཞེས་བརྗོད་ལ་བོད་ཀྱི་གནས་ཡིག་བདམས་སྒྲིག་ནང་དུ་ཡང་ཤངས་པ་གཞུང་དུ་གྲུབ་ཆེན་ཁྱུང་པོ་རྣམ་འབྱོར་གྱི་གདན་ས་ཤངས་གཞོང་གཞོང་རྡོ་རྗེ་གདན་ཞེས་འཁོད། འོན་ཀྱང་མང་ཆེ་བས་གཞོང་གཞོང་དགོན་ཟེར། སློབ་མ་རྣམས་ཀྱི་བླ་མའི་བཀའ་བཞིན་སྒྲུབ་མེད་པའི་རྟེན་འབྲེལ་གནད་དང་པོ་དེ་ནས་འཆུགས་པ་ཡིན་ནམ་སྙམ། གང་ལགས་ཞེས་ན་སངས་རྒྱས་ཆོས་ལུགས་པའི་ཆོས་པ་ཞིག་གི་ངོས་ནས་བཤད་ན། བླ་མའི་བཀའ་ནི་རང་གི་སྲོག་ལས་ཀྱང་རྩ་ཆེ་བ་རྩིས་དགོས་པར་རྒྱ་བོད་ཀྱི་བླ་མ་ཕལ་ཆེ་བའི་དགོངས་པ་དང་དབྱངས་གཅིག་ཡིན་པ་སྨོས་མི་དགོས། འཇིག་རྟེན་གྱི་ཁ་དཔེར། ཚེས་གཅིག་ཉེས་ན། གནམ་གང་ཉེས་ཞེས་པ་ལྟར། བླ་མའི་བཀའ་བཅག་པའི་དབང་གིས་གྲུབ་མཐའ་དེ་ཡང་མིང་གི་ལྷག་མ་ཙམ་ལས་མ་འདས་པའི་ཁར་དགོན་པ་ཡང་ཡུལ་དུས་སོ་སོའི་རྐྱེན་གྱིས་མཐར་འཐོར་བཤིགས་སུ་ཕྱིན་པར་བསམ།
དེ་ཡང་དགོན་པ་མཐར་ཉམས་ཆག་ཆེན་པོ་བྱུང་ནས་སྐབས་ཤིག་རིང་གནས་འཛིན་ཡང་མེད་པའི་གནས་སུ་ལྷུང་བར་གྲགས། དེ་ལྟ་བུར་ཉམས་ཆག་ཤོར་བའི་ཐད་དུས་ད་ལྟ་ཡང་ཤོད་རྒྱུན་འདྲ་མིན་སྣ་ཚོགས་ཡོད་པ་ལས་ལོ་རྒྱུས་ཀྱི་དུས་ཚིགས་སོགས་གསལ་པོ་བཀོད་པ་ཞིག་མིག་ལམ་དུ་མ་གྱུར་སྟབས་ཇི་བཞིན་ཤོད་པའི་ནུས་པ་དང་བྲལ་ཡང་། རྒན་རབས་ཀྱི་ངག་རྒྱུན་ནས་ཐོས་པ་དང་དེབ་ཐེར་ཐོག་འཁོད་པའི་གནད་དོན་འགའ་ཞིག་ལ་ཞིབ་བསྡུར་བྱེད་སྐབས་དེ་ལྟར་ཉམས་ཆག་ཏུ་ཤོར་བའི་ཐད་རང་ཉིད་ཀྱི་བསམ་གཞིགས་ཐན་ཐུན་ཞིག་གླེང་ཡོད། དེ་ཡང་རྒན་རབས་ཀྱི་ངག་རྒྱུན་ལྟར་ན། དེ་ནི་བྱེ་འུག་བཤད་གྲྭ་ཆེན་མོ། དེབ་ཐེར་མང་ཆེ་བར་བཤད་གྲྭ་ཆེན་མོ་ཞེས་འཁོད་པ་ལས་ས་ཆ་གང་གི་བཤད་གྲྭ་ཡིན་མིན་གསལ་པོ་མེད། ཡིན་ན་ཡང་བྱི་འུག་ཞེས་པའི་ལུང་པ་ཞིག་རྣམ་གླིང་རྫོང་ཁོངས་པད་མ་སྟང་གྲོང་ཚོར་ཡོད་ཅིང་། དེ་ཡིན་ཚེ་ཤངས་ཆུའི་བྱང་ངོས་ནས་སྤྱི་ལེ་ལྔ་ཙམ་ས་ན་གནས་ཡོད་པས། དེ་ནི་གཞོང་གཞོང་དགོན་དང་ཁ་སྤྲོད་ཡིན། མཁས་གྲུབ་དེ་ཉིད་རྫུ་འཕྲུལ་འགྲན་རེས་བྱས་ནས་ཁོང་གིས་བཤད་གྲྭའི་གྲྭ་པ་མང་པོ་བསད་པས་དེང་བྱི་འུག་ཞེས་པའི་ས་ཆ་དེར་རྡོ་ཁོམ་མང་པོ་ཡོད་སྲོལ་འདུག །དེ་རྣམས་གྲྭ་པའི་ཕུང་པོ་ཡིན་ཞེས་བཤད་སྲོལ་འདུག །མཐར་གཞུང་ནས་གཞུང་བཞེས་བཏང་བར་གྲགས། མཁས་གྲུབ་ཁོང་གིས་མི་བསད་ཟེར་བ་ནི་ཁུངས་མེད་ཀྱི་གཏམ་འཆལ་ཞིག་དང་ཉེས་མེད་རྫུན་བཟོ་ཞིག་རང་རེད་བསམ་གྱི་འདུག །གང་ལགས་ཞེ་ན། མ་གཞི་བཤད་གྲྭ་དེ་དང་འཐབ་པ་ནི་དོན་དངོས་ཡིན་ཡང་། དཔལ་ལྡན་ཤངས་པའི་གསེར་ཆོས་རྣམ་ལྔའི་རྒྱ་གཞུང་ནང་དེ་ནས་ཚོགས་པ་ཁྲི་ཚོ་བཅོ་བརྒྱད་འཚོགས་པའི་དུས་སུ། བཤད་གྲྭ་ཆེན་མོ་བ་རྣམས་ཕྲག་དོག་སྐྱེས་ཏེ་ཡང་ན་གཞོང་གཞོང་པའི་ཞབས་ལ་འདུད། ཡང་ན་གྲྭ་པ་ཉུང་དུས་སུ་བླ་མ་བཀྲོངས་ལ་གྲྭ་ས་མེད་པར་བྱའོ་ཞེས་བྱས་པས། གྲྭ་པ་གཞོན་པ་ཚོས་ཆོས་ཞུས་ནས་སློབ་མ་བྱེད་པ་རང་འཐད་ཟེར་བ་ལ། རྒན་གསུམ་པོ་གྲོས་འཆམ་སྟེ་ཞེས་པ་ནས་སྟོན་ཁ་གྲྭ་པ་ཉུང་དུས་དམག་སྟོང་ཚོ་ལྔ་གཞོང་གཞོང་དུ་འོང་། ཞེས་པ་ནས། དེ་ནས་བླ་མ་ལ་ཉེ་གནས་རིན་ཆེན་རྡོ་རྗེ་ཁོང་ཚོས་དམག་བྱེད་པར་འདུག །ཡང་ན་ཕར་ལ་དམག་བརྒྱབ་པས་བཤད་གྲྭ་ཆེན་མོ་མེད་པར་བྱ། ཡང་ན་བྲོས་པ་འཐད་ཟེར་བ་ལ། ངས་ཆོས་བྱས་པས་གནོད་འཚེའི་དམག་མི་བྱེད། གནས་དགོན་འདི་རྣམས་ང་རང་གིས་གསར་དུ་བཏབ་པས་བྲོས་དོན་མེད་ཞེས་པ་ནས། ཏིང་ངེ་འཛིན་གྱི་སྤྲུལ་པའི་དམག་གིས་དམག་སྟོང་ཚོ་ལྔ་པོ་དེ་རི་ཀླུང་མེད་པར་དེད་ནས་རྨ་དང་ཤི་བ་མེད་པར་གཡུལ་ངོ་རྒྱལ་བར་བྱས་པས་ཁོང་རྣམས་སློབ་མར་ཚུད་ནས་རྩ་བའི་བླ་མར་བཟུང་སྟེ་ཅི་ཡོད་ཐམས་ཅད་བླ་མར་འབུལ་ལོ། །ཞེས་འཁོད། དེ་ལྟར་བཤད་གྲྭ་ཆེན་མོ་དང་འཐབ་སྐབས་དགོན་པ་ཅུང་ཟད་ཀྱང་ཉམས་མེད་པར་འདུག །ཡང་འགའ་ཞིག་གིས་སོག་པོ་ཇུན་གར་བའི་སྐབས་ལ་ཉམས་ཆག་ཆེན་པོ་བྱུང་ཞེས་བརྗོད་པ་སྟེ། གངས་ཅན་བོད་ཀྱི་གནས་བཤད་ལམ་ཡིག་གསར་མ་ཞེས་པའི་ནང་དུ། དགེ་འདུན་བརྒྱད་ཁྲི་འདུས་ཞེས་གསུངས་སྲོལ་ཡོད་ཀྱང་ཇུན་གར་སྡེ་གཟར་སྐབས་གཏོར་སྐྱོན་ཆེན་པོ་བྱུང་ཞེས་འཁོད། དེ་རྗེས་རིག་གནས་གསར་བརྗེའི་སྐབས་ཉམས་ཆག་བྱུངཟེར། དེ་ཡང་སོག་པོ་ཇུན་གར་བ་ནི་དགའ་ལྡན་ཕོ་བྲང་གི་དུས་སྐབས་ཏེ་སྤྱི་ལོ་༡༧༡༧ལོར་བོད་དུ་སླེབས་ནས་ལོ་གསུམ་ཙམ་རིང་བོད་དུ་བསྡད་ཅིང་། རྙིང་མ་དང་བཀའ་བརྒྱུད་པའི་དགོན་སྡེ་སོགས་ལ་གཏོར་སྐྱོན་ཤུགས་ཆེན་བྱུང་ཡོད། སྐབས་དེའི་གཞོང་གཞོང་དགོན་པ་ནི་དེའི་སྔོན་ནས་ཉམས་འགོ་ཚུགས་པའི་ཁར་གྲུབ་མཐའ་དེ་ཉིད་ཀྱང་དུས་རབས་བཅུ་བཞི་ཙམ་ནས་ཉམས་འགོ་ཚུགས་པའི་སྐོར་བོད་ཀྱི་རིག་གནས་རྣམ་བཤད་ནང་ཡུལ་དུས་སོ་སོའི་ཕྱི་ནང་གི་རྒྱུ་རྐྱེན་དབང་གི་ཤངས་པ་བཀའ་རྒྱུད་ནི་དུས་རབས་བཅུ་བཞི་ཙམ་ནས་རིམ་བཞིན་ཉམས་རྒུད་དུ་སོང་ཞེས་འཁོད་པ་དང་། ཀྲུང་གོའི་བོད་ལྗོངས་༢༠༠༩ལོའི་དུས་དེབ་དང་པོའི་ནང་ཕྱག་བཏབ་ནས་ལོ་ངོ་བརྒྱ་ལྷག་རིང་གྲུབ་མཐའ་དེ་ཉིད་དར་རྒྱས་ཧ་ཅང་ཆེན་པོ་བྱུང་ཡོད། དེ་དར་རྒྱས་ཆེ་ཤོས་ཀྱི་སྐབས་སུ་གྲྭ་གྲངས་ཁྲི་ཚོ་ལས་བརྒལ་བར་བཤད། འོན་ཀྱང་དུས་རབས་གཉིས་ཀྱི་རྗེས་ནས་ཤངས་པ་བཀའ་རྒྱུད་ཀྱི་གྲུབ་མཐའ་དེ་ཉིད་རིམ་བཞིན་ཉམས་རྒུད་དུ་སོང་བ་ལོ་རྒྱུས་ལས་གསལ་ཐུབ་ལ་མ་དགོན་ཡང་འཐོར་བཤིགས་སུ་སོང་ཡོད། ཞེས་འཁོད། དེར་གཞིགས་ན་ཇུན་གར་སྡེ་གཟར་སྔོན་ནས་སྣུམ་ཟད་མར་མེའི་ཚུལ་གྱི་ཉམས་པ་སྨྲོས་མི་དགོས། འོན་ཀྱང་སྐབས་དེར་ཆ་ཤས་ཅུང་ལྷག་ཡོད་པར་བཏང་ཡང་། ལུང་པ་ཆུ་ཡིས་ཁེངས་པ་ན། རྡོ་ལེབ་སྐམ་པོར་སྡོད་མི་སྲིད་ཞེས་པའི་དཔེ་ལྟར་དེ་དུས་གཏོར་སྐྱོན་ཅུང་བྱུང་བར་སེམས། དེ་ནས་རིག་གསར་སྐབས་གཏོར་སྐྱོན་བྱུང་བ་ཡིན་ཞེས་པ་དེ་ཁུངས་ལུང་མེད་པ་རང་མིན་ཏེ། རིག་གསར་གོང་དུ་དགོན་པ་དེ་ཉིད་སྔོན་མ་ནང་བཞིན་མེད་ཀྱང་། གཞི་ཁྱོན་དེ་ཙམ་མེད་པའི་དགོན་ཆུང་ཞིག་ཡོད་པ་རྒན་རབས་རྣམས་ཀྱི་མིག་མཐོང་ལག་ཟིན་བྱུང་འདུག །རིག་གནས་གསར་བརྗེའི་སྐབས་དགོན་པའི་གཙང་ཁང་སོགས་དང་གྲྭ་ཤག་ཁག་རྣམས་གྱང་རོར་གྱུར་ཞེས་དང་། ཐ་ན་ཕྱིས་དེའི་སྔོན་གྱི་དགོན་པའི་གྲྭ་ཤག་སོགས་ཀྱི་གྱང་རོ་ཡང་སྤྱིར་བཏང་མ་མཐོང་བའི་རྒྱུ་རྐྱེན་ནི་ཁུལ་དེའི་གྲོང་ཚོའི་མི་རྣམས་དང་ཉེ་འཁོར་གྱི་གྲོང་སྡེ་རྣམས་ཀྱིས་སྡོད་ཁང་གསར་རྒྱག་བྱེད་སྐབས་ས་རྡོ་རྣམས་དབོར་འདྲེན་བྱས་ཞེས་རྒན་རབས་རྣམས་ཀྱི་གསུངས། དེ་ནས་ཉམས་ཆག་ཆེན་པོ་བྱུང་བའི་རྒྱུ་རྐྱེན་གཙོ་བོ་གསུམ་ཡོད་པར་སེམས་ཏེ།
དང་པོ། མཁས་གྲུབ་དེ་ཉིད་ལ་སྔ་ཕྱི་བསྡོམས་པའི་སློབ་མ་ཧ་ཅང་མང་པོ་ཡོད་ཀྱང་སློབ་མ་ཁ་ཅིག་ནི་གྲྭ་པ་མ་ཡིན་པར་ཆོས་ཞུས་རྗེས་རང་རང་གི་གནས་སུ་ལོག་ཕྱིན་པ་དང་། གྲྭ་པ་ཡིན་ཀྱང་ཚང་མ་དགོན་པ་དེར་གཏན་སྡོད་བྱེད་མཁན་མ་ཡིན་པར་གདམས་པ་ཞུས་རྗེས་རང་དགོན་དུ་ལོག་འགྲོ་གི་ཡོད་པ་དང་། དགོན་པ་དེ་གའི་གྲྭ་པ་ཡིན་ཀྱང་མཐའ་གཅིག་ཏུ་བླ་མའི་གདན་ས་བསྐྱངས་མཁན་མེད་པས་ཤངས་པ་བཀའ་བརྒྱུད་ཀྱི་མ་དགོན་དུ་གྲགས་པའི་དགོན་པ་དེ་ཉིད་ཉམས་ཆག་ཏུ་ཕྱིན་པ་མིན་ནམ་སྙམ། གང་ལགས་ཞེས་ན། ཁོང་གི་སློབ་མ་གཙོ་བོ་རྨོག་ལྕོག་པ་རིན་ཆེན་བརྩོན་འགྲུས་མཆོག་ཀྱང་མཁས་གྲུབ་དེ་ཉིད་སྐུ་འདས་རྗེས་ལོ་གཉིས་ཙམ་ལས་གཞོང་གཞོང་དགོན་དུ་མ་བཞུགས་པར་བླ་མ་དེ་ཉིད་ཀྱི་ཆོས་རྒྱུད་འཛིན་སྐྱོང་སྤེལ་གསུམ་བྱེད་པ་ལས་བླ་མའི་གདན་ས་བསྐྱངས་ནས་མ་བཞུགས་པར་ཁོང་རང་གིས་གསར་དུ་རྨོག་ལྕོག་སྒྲུབ་ཁང་༼རྣམ་གླིང་རྫོང་ར་ཐང་ཡུལ་ཤོག་ཁོངས་༽དང་ལྐུག་ལུང་རཐང་ཡུལ་ཤོག་ཁོངས་ཕྱག་བཏབ་ནས་དེར་བཞུགས་པ་སྟེ། བོད་ཀྱི་གནས་ཡིག་བདམས་སྒྲིག་ནང་གྲུབ་ཆེན་རྨོག་ལྕོག་པའི་གདན་ས་རྨོག་ལྕོག་ཞེས་འཁོད། དེ་རྗེས་ཁོང་གཞོང་གཞོང་དགོན་དུ་ཕེབས་པའི་སྐོར་དང་། དེ་མིན་གྱི་ཁམས་སོགས་ཀྱི་སློབ་མ་རྣམས་ཀྱང་རང་རང་གི་གནས་གཞི་བཟུང་བ་ལས་གཞོང་གཞོང་དུ་ཕེབས་ནས་བླ་མའི་གདན་ས་སྐྱོང་བའི་སྐོར་སྤྱིར་བཏང་གསལ་བར་མ་གྲགས། གང་ལྟར་ཁྱུང་པོ་རྣལ་འབྱོར་གྱི་སྔ་ཕྱི་བསྡོམས་པའི་སློབ་མ་ཁྲི་ཕྲག་གསོ་སྐྱོང་གནང་བ་དོན་དངོས་ཡིན་པ་ང་ཚོས་ཤངས་པ་བཀའ་རྒྱུད་ཀྱི་བླ་རབས་རྣམ་ཐར་དང་། མྱང་ཆོས་འབྱུང་སོགས་ལས་ཤེས་ཐུབ་ཡིན་ནའང་ཁོང་གི་སློབ་མ་སོ་སོར་ཆོས་གནང་བ་ཙམ་ལས་གདན་ས་བསྐྱངས་མཁན་གྱི་སྒྲིག་འཛུགས་གཏན་འཁེལ་ཞིག་གསོ་སྐྱོང་བྱས་མེད་པར་བསམས། དེས་ན་གཞི་ཁྱོན་ཤིན་ཏུ་ཆེ་བའི་དགོན་པ་འདི་དེ་ནས་བཟུང་སྣུམ་ཟད་མར་མེའི་ཚུལ་ལས་རྨོག་ལྕོག་པ་རིན་ཆེན་བརྩོན་གྲུས་ཀྱི་སྐབས་ནས་བྱ་སྤུ་རླུང་ཁྱེར་བཞིན་མ་ཡིན་པར་རིམ་བཞིན་ཉམས་པ་མ་ཡིན་ནམ་སྙམ་པ་ལས། དེ་མིན་ཆོས་ལུགས་གྲུབ་མཐའ་སོགས་ཀྱི་རྐྱེན་པས་དམག་འཐབ་བྱུང་བའི་སྐོར་སྤྱིར་བཏང་མ་གྲགས་པས་དེས་ན་དེ་ནི་ཉམས་ཆག་ཏུ་ཤོར་བའི་གཙོ་བོའི་རྒྱུ་རྐྱེན་ནམ་ནང་རྐྱེན་དེ་ཡིན།
གཉིས་པ། དེ་ལྟར་ཟེ་རྩྭས་བཟུང་བའི་ཁང་ཧྲུལ་ལྟ་བུའི་དགོན་ཆེན་དེ་ཡང་མུ་གེའི་སྟེང་ལ་ཟླ་ལྷག་ཞེས་པའི་དཔེ་ལྟར་ཉམས་རྒུད་དུ་ཕྱིན་པའི་སྐབས་དེར་སོག་པོ་ཇུན་གར་བའི་གཏོར་སྐྱོན་ཅུང་ཟད་བྱུང་བ་ནི་ཕྱི་རྐྱེན་ཡིན་པར་བསམ།
གསུམ་པ། ས་ཡོམ་ཁྲོད་དུ་གནས་པ་ལྟ་བུའི་དགོན་པ་དེར་རིག་གསར་སྐབས་ཅུང་ཟད་གནས་པ་རྣམས་ཀྱང་རྩ་གཏོར་དུ་ཕྱིན་ནས་གནས་སྐབས་ཤིག་རིང་གནས་གཞི་གནས་འཛིན་ཡང་མེད་པའི་ཐབས་ཀྱི་གནས་སུ་གྱར་བ་ཡང་ཕྱི་རྐྱེན་ཡིན་ནམ་སྙམ་པ་བཅས་ཕྱི་རྐྱེན་གཉིས་དང་ནང་རྐྱེན་གཅིག་གི་སྒོ་ནས་དགོན་དེ་ཉམས་ཆག་ཏུ་ཕྱིན་པར་བསམས་པ་ལས་བློ་དམན་བདག་གི་མཐའ་གཅིག་ཏུ་ཁ་ཚོན་གཅོད་དཀའ་ལ་ཆོས་འབྱུང་དེབ་ཐེར་སོགས་སུ་བཀོད་པ་དང་མཁས་དབང་རིམ་བྱོན་རྣམས་ཀྱིས་གསུངས་པ་ཡང་ཁ་གསལ་མེད་པས་དེར་ཞིབ་འཇུག་ཏུ་སྤྲོ་བ་རྣམས་ཀྱིས་ད་དུང་དཔྱད་པར་འཚལ།
།དེ་རྗེས་ཏང་གི་སྲིད་ཇུས་བཟང་པོ་བོད་ལྗོངས་ཡོངས་ལ་ཁྱབ་པའི་སྐབས་དང་བསྟུན་ནས་དགོན་པ་དེ་ཉིད་ཀྱི་རྒྱུད་འཛིན་བླ་མ་ཁྱུང་པོ་ཚུལ་ཁྲིམས་མགོན་པོས་རང་མི་རིགས་ཀྱི་ཤུལ་བཞག་ཡིན་པའི་དགོན་དེ་ཕལ་ཆེར་སྤྱི་ལོ་༡༩༨༢ཙམ་ནས་ཉམས་གསོ་བྱེད་འགོ་བརྩམས། སྐབས་ཤིག་རིང་བླ་མ་དེ་ཉིད་དགོན་པ་ཉམས་གསོ་བྱེད་ཆེད་དུ་སྦྲ་གུར་བསྐྱོན་ནས་བཞུགས་དགོས་བྱུང་བ་དང་། དེ་རྗེས་རྒྱལ་ཁབ་ཀྱི་སྲིད་ཇུས་དོན་འཁྱོལ་དང་ཉེ་འཁོར་གྱི་གྲོང་ཚོའི་དད་ལྡན་མི་སྣའི་རྒྱབ་སྐྱོར་འོག །སྔོན་མང་ཚོགས་ཁྲོད་དུ་གྱར་བའི་རིག་དངོས་བསྡུ་རུབ་དང་དགེ་འདུན་གྱི་སྡེ་བཙུགས་ནས་རིམ་བཞིན་ད་ལྟའི་དགོན་པའི་གཞི་ཁྱོན་དེ་གྲུབ། དེ་ཡང་སྔར་ཡོད་དགོན་པའི་གྱང་རོའི་སྟེང་བསྐྱར་བཟོ་དང་གསར་རྒྱག་བྱས་མཐར་ཐོག་བརྩེགས་གསུམ་ལས་གྲུབ་པའི་གཙུག་ལག་ཁང་དང་གྲྭ་ཤག་སོགས་རིམ་བཞིན་ཉམས་གསོ་ཞུས། དེ་རྗེས་ཆོས་རྒྱུད་འཛིན་མཁན་གྲྭ་པ་བཅུ་ཕྲག་ལས་བརྒལ་བ་གསོ་སྐྱོང་མཛད། སྤྱི་ལོ་༡༩༨༢ཙམ་ནས་སྤྱི་ལོ་༢༠༠༦ལོའི་བར་དད་ལྡན་སེར་སྐྱ་མི་སྣའི་ཆོས་ཕྱོགས་ཀྱི་འདོད་བློ་སྐོང་གང་ཐུབ་གནང་སྟེ་མཐར་སྤྱི་ལོ་༢༠༠༦ལོར་སྐུ་གཤེགས། དེ་དུས་དགོན་དེར་དགེ་འདུན་ཞལ་གྲངས་བདུན་ཙམ་ཡོད་པ་དེ་དག་གིས་ཆོས་དད་མི་སྣ་བལྟ་བསྐོར་དུ་ཕེབས་མཁན་ལ་སྣེ་ལེན་གང་ལེགས་ཞུ་བ་དང་མངཚོགས་ཀྱི་ཆོས་ཕྱོགས་བྱེད་སྒོ་སྤེལ་བཞིན་འདུག །གཞན་ཡང་དགོན་པ་དེར་གནས་གཟིགས་སམ་བལྟ་བསྐོར་དུ་ཕེབས་ཚེ་དེར་ཐོག་བརྩེགས་གསུམ་ལས་གྲུབ་པའི་གཙུག་ལག་ཁང་གི་ཐོག་བརྩེགས་དང་པོ་གཙོ་བོ་འདུ་ཁང་དང་དེའི་ནང་གི་གཙང་ཁང་དུ་རྟེན་རྒྱུ་གསེར་ཟངས་ལས་གྲུབ་པའི་རྒྱལ་བ་རྡོ་རྗེ་འཆང་དང་། རྒྱལ་བ་བྱམས་པ། མཁས་གྲུབ་ཁྱུང་པོ་རྣལ་འབྱོར་སྣང་བརྙན། ད་དུང་ཁྱུང་པོ་རྣལ་འབྱོར་གྱི་ཞབས་རྗེས་སོགས་ཡོད་པ་དང༌། ཤོད་སྲོལ་ལ་ཞབས་རྗེས་དེ་བུད་མེད་ཕྲུ་གུ་མ་བཙས་ན་ཞབས་རྗེས་ཡོད་པའི་རྡོ་དེ་སྒལ་པར་འཁྱེར་ནས་དགོན་པར་བསྐོར་བ་ཐེངས་གསུམ་བརྒྱབ་ན་བུ་འདོད་པ་ལ་བུ་ཐོབ་པ་དང་། དུས་རྒྱུན་དུ་དེར་གསོལ་བ་སྨོན་ལམ་རྩེ་གཅིག་ཏུ་བཏབ་ན་ཚེ་ཡི་གེགས་བར་སེལ་བ་དང་ནོར་འདོད་པ་རྣམས་ལ་ནོར་སོགས་ཅི་སྨོན་པ་སྒྲུབ་ཐུབ་པའི་གསུང་རྒྱུན་འདུག །དེ་ནས་བཀའ་རྒྱུད་ལྷ་ཁང་དང་། སྐུ་རྒྱུ་གསེར་ཟངས་སྟོང་སྐུ་སོགས་དང་། ཐོག་བརྩེགས་གསུམ་པར་དགོན་དེའི་བླ་མའི་གཟིམ་ཆུང་དང་། དགེ་འདུན་རྣམས་ཀྱི་སྒྲུབ་ཁང་སོགས་གནས་གཟིགས་གནང་ས་མང་པོ་ཡོད། དགོན་པའི་བསྐོར་དུ་ཕེབས་པ་ན་ཡ་མཚན་པའི་ཨི་ཁུང་ཞིག་ཡོད་པ་སྟེ། དེའི་མིང་ལ་སྡིག་པ་འཛུལ་ཁུང་འབོད། ཆོས་ཕྱོགས་ནས་དེར་སྐྱེ་འགྲོ་སུ་ཡིན་རུང་སྡིག་པ་ཆེན་པོ་བསགས་པ་ཡིན་ཚེ་ཧ་ཅང་གི་བགྲོད་དཀའ་བ་ཡིན་ཟེར། དེ་ནས་འབུམ་ཆུང་ཞེས་པའི་མཆོད་རྟེན་ཞིག་ཡོད་པ་དེར་ནད་པ་སྤྱི་དང་ལྷག་པར་ཕོ་བའི་ནད་ཀྱི་ཟིན་པའི་མི་ཡིན་ཚེ་དེར་རང་གི་ལོ་གྲངས་དང་མཉམ་པའི་རྐྱང་ཕྱག་འཚལ་ན་ལུས་ཀྱི་ན་ཚ་སེམས་ཀྱི་སྡུག་བསྔལ་ཐམས་ཅད་སངས་དྲག་ཏུ་ཕྱིན་པའི་སྐོར་གྲགས་པ་དེར་ནམ་རྒྱུན་ནས་ཕྱག་འཚལ་མཁན་དང་བསྐོར་བ་བྱེད་མཁན་མང་པོས་མཐོང་ཆོས་སུ་ཡོད། མཆོད་རྟེན་དེའི་གཟུངས་ལ་མཁས་གྲུབ་ཁྱུང་པོ་རྣལ་འབྱོར་གྱི་སྐུ་རུས་དང་། ཚེམས། འཕེལ་གདུང་། རིང་བསྲེལ་སོགས་དམ་པ་གོང་མའི་བྱིན་རླབས་མང་པོ་དང་། གཞན་ཡང་རིན་ཆེན་གྱི་རིགས་སོགས་ཧ་ཅང་མང་པོ་བཞུགས་པར་གྲགས། དགོན་པའི་ཉེ་འཁོར་དུ་ཆུ་མིག་ཁ་ཤས་ཡོད་པ་དང་ལྷག་པར་སྒྲུབ་ཆུ་དམིགས་བསལ་ཅན་ཞིག་ཡོད་པ་དེ་ནི་དགུན་གྲང་ངར་ཆེ་བའི་སྐབས་འཁྱགས་རོམ་གྱི་གཡའ་ཙམ་མེད་པར་ཆུ་ཤེལ་ལྟར་དྭངས་བ་དང་། དབྱར་དུས་སུ་སྒྲུབ་ཆུ་དེ་ནི་མི་རྣམས་ཀྱི་འདྲེན་བྱེད་ཡུལ་དུ་འཆར་མི་ཐུབ། ཧ་ལམ་བོད་ཟླ་དགུ་པ་ནས་དང་པོའི་བར་མཐོང་ཆོས་སུ་གྱུར་བ་ལས་དེ་འཕྲོས་ཀྱི་ཟླ་བ་རྣམས་ལ་སྐམ་པ་དང་གཉིས་སུ་མེད། ཤོད་རྒྱུན་ལ་སྒྲུབ་ཆུ་དེ་རྣམས་ཀུན་དང་མི་འདྲ་བར་སྔོན་ལ་ཐོན་ཚེ་ལོ་ཆུ་ལེགས་པའི་རྟགས་མཚན་དང་རྣམ་ཀུན་ལས་འགོར་བར་ཐོན་ན་ལོ་དེར་ཐན་སྐྱོན་སོགས་བྱུང་བའི་ལྟས་ངན་པའི་མཚན་མ་ཡིན་ཞེས་གསུངས་སྲོལ་འདུག དེ་ནས་ནུབ་ཏུ་སྤྱི་ལེ་གཅིག་ཙམ་ཕྱིན་པའི་སར་རྡོ་སྟེང་དུ་མཁས་གྲུབ་ཁོང་གི་ཤངས་ཁྲག་ལས་བྲིས་པར་གྲགས་པའི་མ་ཎི་ཡིག་དྲུག་བཀོད་པ་ཁྱད་འཕགས་ཅན་ཞིག་དང་། དགོན་པའི་ཕྱིའི་ལྕགས་རིའི་རྩིག་པ་མང་ཆེ་བ་ནི་རྡོ་བསྐོས་ཡི་གེ་ཡིན་པ་དང་། དེ་རྣམས་མཁས་གྲུབ་ཁོང་གི་རྣམ་ཐར་ཡིན་པར་གྲགས་ལ་དེ་དག་ལས་མང་ཆེ་བ་ད་ལྟ་ཡང་དངོས་སུ་མཐོང་ཆོས་སུ་སྣང་། དགོན་པའི་ཆོས་ལུགས་བྱེད་སྒོ་གཙོ་ཆེ་བ་ནི་བོད་ཟླ་དང་པོའི་ཚེས་བཅོ་ལྔར་དར་ཆེན་སྐུ་བཞེངས། བོད་ཟླ་གཉིས་པའི་ནང་བཀའ་འགྱུར་ལྗགས་ཀློག །ཟླ་བ་ལྔ་པའི་གནམ་གང་གི་ཉིན་མོ་ཁྱུང་པོ་ཚུལ་ཁྲིམས་མགོན་པོའི་དུས་མཆོད། བོད་ཟླ་དྲུག་པའི་ཚེས་བཞིར་མཁས་གྲུབ་རིམ་བྱོན་གྱིས་བཀའ་དབང་གནང་སྲོལ་ཡོད་པ་དང་། བོད་ཟླ་བཅུ་གཅིག་པའི་ཚེས་བཅུ་བཞིར་མཁས་གྲུབ་ཁྱུང་པོ་རྣལ་འབྱོར་གྱི་དུས་མཆོད། ཟླ་བ་གཉིས་པའི་ཚེས་ཉི་ཤུ་བརྒྱད་ནས་དང་པོའི་ཚེས་གཅིག་བར་མགོན་པོའི་གཏོར་བསྒྲུབ། དེའི་སྐབས་མགོན་པོའི་བསྐང་གསོ་སོགས་ཉིན་མོར་ལན་གསུམ་དང་མཚན་མོར་ལན་གསུམ་གཏོང་གི་ཡོད།
དེ་ནས་སླར་ཡང་སྤྱི་ལོ་༢༠༠༨ལོར་ཁམས་ལྷ་རྩེ་སྐྱབས་མགོན་རིན་པོ་ཆེ་མཆོག་ནས་མ་དངུལ་སྒོར་དུང་ཕྱུར་ལ་ཉེ་བ་བཏང་གནང་སྟེ། ཕྱི་གཙུག་ལག་ཁང་ཕོ་བྲང་ཕིབས་རྟོག་དང་བཅས་པ་ནང་སྐུ་གསུང་ཐུགས་རྟེན་དང་བཅས་པ་ཕུན་སུམ་ཚོགས་པ། གྲུབ་མཐའ་རིས་མེད་ཀྱིས་བླ་རྒྱུད་སོགས་བླ་མ་ཡིད་དམ་སངས་རྒྱས་བྱམས་སེམས་ཆོས་སྐྱོང་སྲུང་མའི་རྟེན་བཅས་ཆེ་ཆུང་བསྡོམས་སྟོང་ཕྲག་བདུན་བརྒྱད་ཙམ་དང་ས་རྟེན་བརྒྱ་བའི་བཀའ་འགྱུར་ཆེ་ཆུང་གཉིས་དང་བསྟན་འགྱུར་གཅིག་བཅས་དང་ཐུགས་གི་རྟེན་གསེར་ཟངས་ལས་གྲུབ་པའི་དཔལ་ལྡན་འབྲས་སྤུངས་མཆོད་རྟེན་དང་གཞོང་གཞོང་འཁྱུང་སྤྲུལ་ཚུལ་མགོན་པོ་མཆོག་གིས་མདུངབརྟེན་བྱང་ཆུབ་བརྟེན་གསེར་ཟངས་ལས་གྲུབ་པ་སོགས་མདོར་ན་སྐུ་གསུང་ཐུགས་ཀྱི་རྟེན་མ་ཚང་བ་མེད་པ་རྣམས་སྐུ་གཉེར་རྣམས་ཀྱི་ཕྱག་མཆོད་ཀྱི་བཀོད་པ་དང་བཅས་དད་ལྡན་གནས་མཇལ་བ་རྣམས་ཀྱི་དང་བ་འདྲེན་པའི་བསོད་ནམས་ཀྱི་ཞིང་མཆོག་བླ་ན་མེད་པ་བཞུགས་བཞིན་ཡོད། ད་ཆ་དགོན་པ་དེའི་ཆོ་ག་ཕྱག་ལེན་ཤངས་པ་བཀའ་རྒྱུད་ཀྱི་གཙོ་བོ་བྱས་པའི་བཀའ་རྙིང་ཟུང་སྦྲེལ་བྱེད་སྲོལ་འདུག།


In dpal ldan shangs pa bka' brgyud kyi chos 'byung gser chos zhing gi sa bon (W1KG26279 p.509): ཤངས་པ་བཀའ་བརྒྱུད་ཀྱི་མ་དགོན་དང་བོད་རང་སྐྱོང་ལྗོངས་ཁུལ་གྱི་ད་ཡོད་ཤངས་པའི་དགོན་སྡེ་གཅིག་པུ་ཞོང་ཞོང་དགོན་དུ་ཤངས་པ་བཀའ་བརྒྱུད་ཀྱི་ཆོས་སྤྱོད་ཕྱག་ལེན་རྣམས་རང་རང་གི་ལུགས་ལྟར་ཐབས་བརྒྱ་ཇུས་སྟོང་གིས་ཉམས་སུ་བསྟར་བཞིན་པ་ལགས་ཀྱང་། དེང་ཕྱི་ནང་གི་བར་དུ་གཅོད་པའི་ཚོགས་དང་རྒྱ་རྐྱེན་དུ་མའི་གཞན་དབང་དུ་སོང་སྟབས། ནི་གུའི་གསེར་ཆོས་ལྔ་ལ་སོགས་པའི་ཤངས་པའི་གདམས་ངག་གི་སྙིང་པོ་རྣམས་གྲྭ་སློབ་ཐུན་མོང་ཐོག་སྒྲུབ་པ་ཉམས་ལེན་གྱི་རྣམ་ཐར་སྐྱོང་བའི་སྐལ་པ་མ་མཆིས། འོན་ཏེ་དེ་ཁོ་ན་ཙམ་རྒྱུ་མཚན་བྱས་ནས་ཤངས་པ་བཀའ་བརྒྱུད་མིང་གི་ལྷག་མ་ཙམ་དུ་གྱུར་ཞེས་བརྗོད་ན་ཤིན་ཏུ་མི་འཐད་དེ། བསྟན་པ་ལ་འཕེལ་འགྲིབ་ཡོང་བ་རྒྱལ་བའི་བཀའ་ཡིན་པས་སངས་རྒྱས་ཀྱི་བསྟན་པ་སྤྱི་ཉམས་རྒུད་དུ་འགྲོ་བ་དང་། སྐྱེ་འགྲོ་ཕལ་ཆེར་ཚོགས་གཉིས་ཀྱི་རྒྱགས་ཕྱེས་དབུལ་ཞིང་། མ་རྟོགས། ལོག་རྟོགས། ཐེ་ཚོམ་དང་བཅས་པའི་བློ་ངན་གསུམ་གྱིས་དབང་དུ་བསྒྱུར་བའི་དུས་མཐའ་འདིར་སྒྲུབ་བརྒྱུད་ཀྱི་བསྟན་པ་ཉམས་དམས་སུ་འགྲོ་བ་ནི་དེ་བས་སྨོས་ཅི་དགོས།
སྤྱི་ལོ2006ལོར་ཁྱུང་པོ་གསུམ་པ་ཚུལ་ཁྲིམས་མགོན་པོ་སྐུ་མ་གཤེགས་གོང་། སྤྱན་སྔར་འདུས་པའི་སྣོད་ལྡན་གྱི་བུ་སློབ་རྣམས་ལ་སྐྱབས་རྗེ་ཀ་ལུ་རིན་པོ་ཆེ་སྐུ་གོང་མ་ནས་བརྒྱུད་པའི་ཤངས་པའི་ཆོས་ཀྱི་དབང་ལུང་ཁྲིད་གསུམ་གང་ལྕོགས་ཅི་ནུས་ཀྱིས་བསྩལ་འདུག་པ་ལ། གཙོ་བོར་ཟབ་ཆོས་རྣམས་ཀྱི་སྔོན་འགྲོ་བསགས་སྦྱངས་ཆད་ལུས་མེད་པ་དང་། དེ་རྗེས་ཟབ་ལམ་ལྷ་བཞི་དྲིལ་སྒྲུབ་ཀྱི་དབང་། དེའི་གཞུང་ལས་འཕྲོས་ཏེ་རླུང་བུམ་ཅན་སྒོམ་ལུགས་ཅུང་ཙམ། ཡང་རྒྱུད་སྡེ་ལྔ་དང་། རྡོ་རྗེའི་ཚིག་རྐང་། མགུར་མཚོའི་ལུང་། འཕོ་བ་ཡེ་ཤེས་སྐར་ཁུང་མ། ཕྱག་ཆེན་གའུ་མ་སོགས་ཀྱི་དབང་ལུང་འགའ་རེ་ཡང་བསྩལ། འོན་ཀྱང་འཇིག་རྟེན་གྱི་ཁ་དཔེར་ཆོས་ཟབ་སར་བདུད་སྡང་”ཞེས་སུ་གྲགས་པ་ལྟར་སྐབས་དེའི་དུས་སུ་གཅིག་ནས་དགོན་པ་གཞུང་གི་འབྱོར་མཁོས་ཞན་པ་དང་། སྙིགས་དུས་ཀྱི་བློ་དམན་རྣམས་རྡོ་རྗེ་སློབ་དཔོན་དང་རབ་ཏུ་བྱུང་བའི་མཛད་པ་འགའ་ཞིག་བློར་མི་ཤོང་བར་རྟེན་ངན་སྨྲས་བྱེད་པའི་ངན་སོང་གི་ས་བོན་ཁོ་ན་སྒྲུབ་རྒྱུར་མོས་སྟབས་དགེ་འདུན་གྱི་འཚོ་བ་སྦྱོར་བ་དང་། གདམས་ངག་གི་བརྒྱུད་རྐང་འཛིན་པའི་ཁུར་ཆེན་ཕྲག་པར་བཞེས་པའི་སློབ་དཔོན་རྣམས་ལ་ཕྱི་ནང་གསང་བའི་བར་ཆད་མཐའ་དག་གིས་ཆེས་ཟབ་པའི་གདམས་པ་འགའ་ཞིག་གཞན་ལ་སྦྱིན་འདོད་ཀྱི་རེ་བ་སྐོམ་པ་ཆུ་འདོད་ལྟར་བཅངས་ན་ཡང་། གདམས་ངག་གི་ཆུ་ཐིགས་ཆགས་པའི་སྐལ་པ་བཞི་ལྡན་གྱི་གདུལ་བྱ་མ་རྙེད་པས། ཀུན་སློང་བཟང་པོས་ཡོངས་སུ་བསྐུལ་བའི་གདམས་ངག་གི་གྲུ་ཆར་དེ་དག་མི་མཇེད་འཇིག་རྟེན་ཁམས་ཀྱི་ལོ་ཏོག་འབྲས་བཟང་སྨིན་པའི་རྒྱུར་སོང་མེད་པ་ནི་རང་གཞན་ཀུན་གྱི་བསོད་ནམས་ཀྱི་འབྲས་བུ་ཟད་པའི་རྒྱུ་ཁོ་ནར་མཐོང་། ཡང་ཤངས་པའི་ཟབ་གསང་ཆོས་ཀྱི་མངའ་བདག་ཀརྨ་ངེས་དོན་ཆོས་ཀྱི་བློ་གྲོས་མཆོག་གིས་རྒྱལ་དབང་ཀརྨ་པ་སྐུ་ཕྲེང་བཅུ་བདུན་པའི་ཁྲི་འདོན་སྐབས་ཞོང་ཞོང་དགོན་དུ་ཞབས་ཟུང་བཅགས་ནས་སྒྲུབ་ཁང་གདབ་རྒྱུའི་བཀའ་དང་མཐུན་རྐྱེན་ཅི་རིགས་བསྩལ་ཡང་། མཆོག་འགྱུར་གྱི་ཐུགས་བཞེད་དེ་གདུལ་བྱའི་སྨོན་ལམ་གྱིས་མཚམས་སྦྱར་ཐུབ་མེད། སྐབས་དེར་ཁོང་ཉིད་སྟག་སྣ་དགོན་དུ་བཞུགས་ཞག་གཅིག་གནང་བ་ལས་ཤངས་ཆོས་ཀྱི་གདམས་པ་བསྩལ་ཁོམས་བྱུང་མེད། དེ་རྗེས་སླར་སྤྱི་ལོ1985ལོར་ཀརྨ་ངེས་དོན་ཆོས་ཀྱི་བློ་གྲོས་མཆོག་གིས་གཞིས་རྩེ་བསམ་གྲུབ་རྩེ་གསོལ་མགྲོན་ཁང་དུ་ཞོང་ཞོང་དགོན་གྱི་སྐྱབས་རྗེ་ཚུལ་ཁྲིམས་མགོན་པོ་འཁོར་དང་བཅས་པའི་གྲྭ་སློབ་བཅུ་ཙམ་ལ་རྟ་མགྲིན་གསང་སྒྲུབ་ཀྱི་རྗེས་གནང་དང་། སྨན་བླའི་རྗེས་གནང་། རྒྱུད་སྡེ་ལྔ་དང་མགོན་པོའི་རྗེས་གནང་། ལྷ་བཞི་དྲིལ་སྒྲུབ་ཀྱི་རྗེས་གནང་། ནི་གུ་མ་དང་སུ་ཁ་སིདྡྷིའི་ཚེ་སྒྲུབ་སོགས་ཀྱི་གདམས་པ་ཕྲན་བུ་འགའ་བསྩལ་བས། ཞབས་ལ་བརྡབས་ཆག་བྱུང་སྟེ་རྟེན་འབྲེལ་གྱི་མཚན་མ་ཅུང་ཟད་ལོག་པའི་གནས་ཚུལ་ཐོན་འདུག་པ་སོགས། རྒྱལ་སྲས་ཞི་བ་ལྷས་ཤི་བའི་སྦྲུལ་དང་ཕྲད་གྱུར་ན། །ཁཱ་ཡང་མཁའ་ལྡིང་ལྟ་བུར་སྤྱོད་ཅེས་གསུངས་པ་བཞིན་ཤངས་པའི་ཆོས་བརྒྱུད་ཀྱི་མེ་ཏོག་སྐམ་ལ་ཉེ་སྐབས་བར་ཆད་ཀྱི་ཐོག་སེར་དྲག་པོ་རྒྱུན་མི་ཆད་པར་བབས་པ་ནི་ཤངས་པ་བཀའ་བརྒྱུད་ཀྱི་ལོ་རྒྱུས་ཐོག་ཡིད་སྐྱོ་བའི་སྣང་ཚུལ་ཉག་གཅིག་གོ
།དེ་མིན་ཤངས་པ་བཀའ་བརྒྱུད་ཀྱི་བླ་རབས་སུམ་ཅུ་སོ་དྲུག་པར་གྲགས་པ་ལྷ་རྩེ་སྐྱབས་མགོན་རིན་པོ་ཆེའམ་ཤངས་སྟོན་སྐྱབས་མགོན་སངས་རྒྱས་དཔལ་གྱིས་མཁས་གྲུབ་ཁྱུང་པོའི་གདན་ས་ཞོང་ཞོང་དུ་སྔ་ཕྱིར་ཐེངས་གཉིས་ཕེབས་པ་སྟེ། ཐེངས་དང་པོ་ནི་སྤྱི་ལོ་2000ལོར་གྲུབ་ཆེན་ཨ་མོ་གྷ་མཁས་གྲུབ་ཁྱུང་པོར་གདམས་པ་སྒོ་སྐྱེལ་དུ་ཕེབས་པའི་མཛད་པ་དང་མཐུན་པའི་རྟེན་འབྲེལ་ལ་དགོངས་ཏེ་ཁྱུང་པོ་ཚུལ་ཁྲིམས་མགོན་པོ་དང་གང་དེའི་བུ་སློབ་འཁོར་དང་བཅས་པ་རྣམས་དང་། ཞོང་ཞོང་གྲོང་ཚོའི་སྐྱ་མི་སོགས་ཁྱོན་མི་གྲངས་བརྒྱ་ཙམ་ཟིན་པའི་གདུལ་བྱ་རྣམས་ལ་སྔར་ཚོགས་པའི་མཐར་ཐུག་ཁྲི་ཚོ་བརྒྱད་ཡོད་ཤུལ་གྱི་ཀ་གཉིས་མར་ནི་གུ་མ་དང་སུ་ཁ་སིདྡྷིའི་ཚེ་སྒྲུབ་གནང་། ཐེངས་གཉིས་པ་ནི་སྤྱི་ལོ་2006ལོར་སྐྱབས་རྗེ་ཚུལ་ཁྲིམས་མགོན་པོ་སྐུ་གཤེགས་རྗེས་གདུང་རྟེན་ཕུལ་བར་ཕེབས་པ་ཙམ་ལས་གདམས་པ་གནང་མེད། དགོན་འདིའི་གཞི་གསུམ་གྱི་ཕྱག་ལེན་མི་ཉམས་པ་དང་། ལོ་རེའི་ཤངས་ལུགས་ཀྱི་དམིགས་བསལ་སྒྲུབ་མཆོད། དུས་མཆོད་སོགས་སྔར་ཞོང་ཞོང་དགོན་གྱི་སྐབས་སུ་བཤད་ཟིན། གང་ལྟར་ན་ཡང་ཀརྨ་ངེས་དོན་ཆོས་ཀྱི་བློ་གྲོས་དང༌། ཁྱུང་པོ་གསུམ་པ་ཚུལ་ཁྲིམས་མགོན་པོཤངས་སྟོན་སྐྱབས་མགོན་སངས་རྒྱས་དཔལ་གསུམ་གྱི་སྐུ་དྲིན་ལ་བརྟེན་ནས་ཤངས་པ་བཀའ་བརྒྱུད་པའི་གདམས་ངག་ཐན་ཐུན་ཉམས་སུ་ལེན་བཞིན་པའི་སྐལ་ལྡན་གྱི་གྲྭ་སློབ་འགའ་ཞིག་བཞུགས་མུས་སོ།།


In gtsang rnam gling khul gyi dgon sde'i gnas bshad dad pa'i dmigs bu (W3KG116 p.93): དང་པོ། གཞོང་གཞོང་རྡོ་རྗེ་གདན།
དེ་ཡང་སྔར་མཁས་གྲུབ་ཁྱུང་པོ་རྣལ་འབྱོར་(སྤྱི་ལོ་978-1128)གྱིས་བླ་མ་རྡོ་རྗེ་གདན་པ་ཆེན་མོར་རི་མ་ལ་ཡའི་རྩེར་གསེར་སྲང་བཅུ་གསུམ་ཕུལ་ནས་ཚེས་བཅུའི་མཆོད་པ་མཛད་པའི་ཚེ་རྩོད་ལྡན་གདུལ་དཀའི་སེམས་ཅན་ལ། །སྐྱོ་བ་མ་བྱེད་བྱང་སེམས་སྦྱོངས། །བདེ་མཆོག་རང་བྱོན་དཀྱིལ་འཁོར་གྱི། །ས་རུ་གདུལ་བྱ་ཁྲི་ཕྲག་འབྱུང༌། །ཞེས་ལུང་བསྟན་མཛད་པ་ལྟར་རྒྱབ་རི་བདེ་མཆོག་ཡབ་ཡུམ་གྱི་དཀྱིལ་འཁོར་རང་བྱོན་གྱི་གནས་གཞོང་གཞོང་དུ་ཚོགས་པའི་མཐར་ཐུག་ཁྲི་ཚོ་བརྒྱད་སོགས་བྱུང་བ་དང༌། ཡང་ཐེངས་ཤིག་རྡོ་རྗེ་གདན་དུ་གསེར་སྲང་བརྒྱད་ཅུས་ཚོགས་མཆོད་ཅིག་ཕུལ་ནས་གསོལ་བ་བཏབ་པའི་ཐོ་རངས་བླ་མ་ཨ་ཏ་ཡ་བཛྲ་དང་། ཌཱ་ཀི་མ་སུ་ཁ་སིདྡྷི། རྗེ་བཙུན་སྒྲོལ་མ་བཅས་བྱོན་ནས་ཕྱི་རོལ་དབང་ཕྱུག་ཆེན་པོ་དང་། །བདེ་མཆོག་ཁ་སར་པ་ཎི་རྣམས། །རང་བྱོན་གཟུགས་སུ་ཡོད་པ་ཡི། །གནས་སུ་གདུལ་བྱ་འདྲེན་པར་འགྱུར། །ཞེས་པ་ལྟར་ཕྱི་རོལ་པའི་ལྷ་ཆེན་པོ་དབང་ཕྱུག་དང་། དེ་བཞིན་འཁོར་ལོ་བདེ་མཆོག་དང་། སྤྱན་རས་གཟིགས་ཁ་སར་པཱ་ཎི་སོགས་ཀྱི་རང་བྱོན་ངོ་མཚར་ཅན་ཡོད་པའི་གནས་ཏེ་གཞོང་གཞོང་དུ་གདུལ་བྱ་དཔག་མེད་འདྲེན་པར་ལུང་བསྟན་པ་བཞིན། མཁས་གྲུབ་ཁྱུང་པོ་རྣལ་འབྱོར་གྱིས་རབ་བྱུང་གཉིས་པའི་ལྕགས་གླང་(སྤྱི་ལོ་1121)ལོ་ཙམ་དུ་ཕྱག་བཏབ། དེ་ནི་ཁོང་གིས་ཕྱག་བཏབ་པའི་དགོན་གནས་བརྒྱ་རྩ་བརྒྱད་ཀྱི་གཙོ་བོ་དང་ཤངས་པ་བཀའ་བརྒྱུད་ཀྱི་མ་དགོན་ཡང་ཡིན།
སྔར་དགོན་འདིའི་ནང་རྟེན་ལ་མཁས་གྲུབ་ཁྱུང་པོའི་སྐུ་དུས་སུ་མཁའ་འགྲོ་ནི་གུ་མའི་ཐུགས་དམ་རྗེ་བཙུན་མ་དང༌། གཤིན་རྗེ་གཤེད་དང་དགྱེས་རྡོར་གྱི་རྡོ་སྐུ། བླ་མ་ཨ་ཏ་ཡ་བཛྲ་ཡི་ཐུགས་དམ་རྡོ་རྗེ་དྲིལ་བུ། ཐང་སྐུ་ཤངས་ལོ་མ་སོགས་མང་དུ་བཞུགས་པ་ལས། འགའ་ཞིག་འགྲོ་མགོན་སངས་རྒྱས་སྟོན་པའི་(སྤྱི་ལོ་1213-1285)ཕྱག་ཏུ་འབྱོར། སྤྱི་ལོའི་དུས་རབས་བཅུ་བཞི་པར་ཆོས་རྗེ་བྱམས་པ་དཔལ་(སྤྱི་ལོ་1310-1391)གྱིས་མཁའ་འགྲོ་ཆོས་སྐྱོང་གི་གྲོགས་དན་འོག་གཞོང་གཞོང་སྐུ་འབུམ་ཞིག་གསོ་མཛད། དེ་སྐབས་ཀྱི་རྫའི་ཆོས་འཁོར་བཅུ་གསུམ་སོགས་ཀྱི་ལྷག་རོ་རེ་ཟུང་ད་ལྟ་དངོས་སུ་མཇལ་རྒྱུ་ཡོད་ཅིང་། སྐབས་དེར་སྐུ་འབུམ་ཙམ་ལས་དགོན་གནས་སྤྱི་ཕལ་ཆེར་ཐོར་ཞིག་ཏུ་སོང་བ་འདྲ། སླར་རྣམ་ཐར་ངོ་མཚར་སྙེ་མ། རུ་ཟབ་བུ་ལུང་མཇལ་དུ་ཕྱིན་སྐབས། ཡར་ལམ་གཞོང་གཞོང་དུ་གནས་སྐོར་ལ་ཕྱིན། གནས་མཇལ་ཞུས་པས། བཙུན་མ་འདྲེ་ཁ་མ་ཞིག་གིས་ཁང་ཐོག་ནས་བསྒྱུར་སྦྱང་དང་བཅས་སྒོ་འབྱེད་དུ་མ་ཉན། ནན་ཏན་དུ་ཞུས་པས་སྒོ་ཕྱེ་ཙམ་བྱུང༌། རིན་པོ་ཆེ་གདན་ས་བ་བྱ་བ་ཡིན་ཟེར་བའི་བཙུན་རྒན་ཞིག་གིས་རྟེན་བཤད་བྱས་ཞེས་འཁོད་པ་ལྟར། ལམ་འབྲས་སློབ་བཤད་ཀྱི་བརྒྱུད་པ་འཛིན་པ་འཇམ་དབྱངས་མཁྱེན་བརྩེའི་དབང་ཕྱུག་(སྤྱི་ལོ་1524-1567)རབ་བྱུང་དགུ་པའི་ས་བྱ་(སྤྱི་ལོ་1549)ལོར་གཞོང་གཞོང་དགོན་དུ་གནས་གཟིགས་ལ་ཕེབས་སྐབས་བཙུན་དགོན་ཞིག་གནས་ཡོད་པ་མཚོན།
ལྷག་པར་སྤྱི་ལོའི་དུས་རབས་བཅོ་བརྒྱད་པའི་ནང་སོག་པོ་ཇུན་གར་བའི་དམག་དཔུང་ཤངས་སུ་འབྱོར་རྗེས་གཞོང་གཞོང་སྐུ་འབུམ་སོགས་ལ་གཏོར་སྐྱོན་བཏང་ཚུལ་དམངས་ཁྲོད་དུ་གྲགས་པ་དེར་རགས་ཙམ་དཔྱད་ན། རྡོ་རིང་བསྟན་འཛིན་དཔལ་འབྱོར་དགུང་གྲངས་བཅུ་གསུམ་ལ་ཕེབས་པ་རབ་བྱུང་བཅུ་གསུམ་པའི་ཆུ་འབྲུག་(སྤྱི་ལོ་1772)ལོར་གཞོང་གཞོང་དུ་ལྷ་ཁང་དངོས་སུ་མཇལ་བའི་རྣམ་པ་བཞིན། ཕྱིས་གང་ཉིད་ཀྱི་ཞལ་ལས་ཞོང་ཞོང་ལྷ་ཁང་ནི་བྱིན་ཆགས་པ་ཙམ་མ་གཏོགས་ཁང་རྙིང་གཅོང་ཟོམ་ཆེ་ཁར་གཞུང་གི་གཞིས་ཀ་དང་ལྷ་ཁང་གཉིས་གོ་གཅིག་ཆོད་ལྟ་བུས་ཐལ་རྡུལ་མང་ཞིང་། རྟེན་རྣམས་ལ་མཆོད་པ་དང་བཀུར་བསྟི་སོགས་ཀྱང་མེད་པ་འོ་བརྒྱལ་བའི་རྣམ་པ་ཅན་དུ་འདུག་ཅེས་གསུངས་པ་ལྟར། གཞུང་གཞིས་དང་ལྷ་ཁང་གཉིས་འདྲེས་སུ་གྱུར་རྐྱེན་ཉམས་རྒུད་ཅུང་ཆེ་བ་དང་། རྣམ་ཐར་ཉི་མའི་འོད་ཟེར། ལས་གཞོང་གཞོང་ལྷ་ཁང་དུ་སྣ་ལྔའི་བརྒྱ་མཆོད་ཐོག་མཁས་གྲུབ་ཁྱུང་པོ་རྣལ་འབྱོར་གྱི་སྐུ་བརྙན་རིན་པོ་ཆེར་གོས་སེར་གྱི་སྣམ་སྦྱར། སྙན་ཤལ་སོགས་དང༌། གཞན་ཡང་དེར་བཞུགས་པའི་སྤྱན་རས་གཟིགས། མཁའ་འགྲོ་ནི་གུ་མ་དང༌། སུ་ཁ་སིདྡྷི། བླ་མ་རྨོག་ལྕོག་པའི་སྐུ་བརྙན་བཅས་ལ་སྙན་ཤལ་དང༌། ཕྱག་དྲུག་ཡིད་བཞིན་མགོན་པོའི་སྣང་བརྙན་ལ་སྙན་ཤལ་དང་སྤྱན་གཟིགས་བཅས་ཕུལ་ཞིང་སྒྲུབ་སྡེར་མང་འགྱེད་ཀྱང་བསྩལ་ཞེས་གསལ་བར་གཞིགས་ན། རབ་བྱུང་བཅུ་གསུམ་པའི་ཆུ་འབྲུག་(སྤྱི་ལོ་1772)ལོ་དང༌། ཆུ་སྦྲུལ་(སྤྱི་ལོ་1773)ལོ་ནས་ཡར་བརྩིས་པའི་མི་ལོ་ལྔ་བཅུ་ང་ལྔ་དང་ང་དྲུག་གི་གོང་སྟེ་རབ་བྱུང་བཅུ་གཉིས་པའི་མེ་བྱ་(སྤྱི་ལོ་1717)ལོར་ཇུན་གར་ཚེ་དབང་རབ་བརྟན་གྱིས་བཏང་བའི་སོག་དམག་རྣམས་ཇུན་གར་ཚེ་རིང་དོན་གྲུབ་ཀྱིས་སྣེ་ཁྲིད་ནས་བོད་དུ་ལྷགས་པས། སོག་པོ་ཇུན་གར་བས་བོད་ལ་དབང་བསྒྱུར་བྱེད་རིང་གི་ལོ་གསུམ་སྟེ་མེ་བྱ་(སྤྱི་ལོ་1717)ལོ་ནས་ལྕགས་བྱི་(སྤྱི་ལོ་1720)ལོའི་བར་གྱི་དུས་གང་རུང་ཞིག་ཏུ། བོད་ཀྱི་སྔ་འགྱུར་རྙིང་མ་དང་བཀའ་བརྒྱུད་པའི་དགོན་སྡེ་འགར་གཏོར་སྐྱོན་གཏོང་བའི་སྐབས་དང་བསྟུན་ནས་དགོན་འདིར་ཉམས་ཆག་གང་ཙམ་བྱུང་སྲིད་ཀྱང་། རྩ་ཐོར་དུ་སོང་མེད་པ་ནི་གསལ་བར་དཔོག་ནུས་སོ།
།རབ་བྱུང་བཅོ་ལྔ་པའི་ས་བྱ་(སྤྱི་ལོ་1909)ལོར་པཎ་ཆེན་ཆོས་ཀྱི་ཉི་མ་(སྤྱི་ལོ་1883-1937)དབུས་འགྱུར་ལྷ་ལྡན་དུ་ཆིབས་བསྒྱུར་མཛད་པའི་ཕེབས་ལམ་ཤངས་སུ་བཞུགས་ཞག་གནང་སྐབས་གཞོང་གཞོང་ལྷ་ཁང་གི་མགོན་པོའི་སྐུ་མདུན་དུ་དགེ་སློང་ཆོ་ག་ཕྱག་ལེན་ཡོད་པ་བཞི་གྲྭ་ནས་ཟླ་བ་དྲུག་པའི་ཚེས་ཉེར་གཅིག་ནས་བཟུང་ཟླ་བ་གཅིག་གི་རིང་ཡི་དམ་བདག་བསྐྱེད་སྔོན་འགྲོའི་མགོན་པོ་ཕྱག་དྲུག་པའི་བསྐང་བསྐུལ། འཕྲིན་བཅོལ། བསྟོད་པ་བཅས་བསྒྲུབས་ཞེས་འཁོད་པ་ལྟར། སྐབས་དེར་མ་མཐར་ཡང་དགེ་སློང་རྣམ་དག་ཞལ་གྲངས་བཞི་བཞུགས། ཀཿཐོག་སི་ཏུའི་དབུས་གཙང་གནས་ཡིག་ལས་དེང་སང་རྟོགས་ལྡན་རྒས་གཞོན་ལྔ་སྣང༌། སྤྱིར་རྨོག་ལྕོག་ནས་བདག་ཏུ་འཛིན་པ་ཡིན་འདུག་ཅེས་འཁོད་པ་ལྟར་དུས་རབས་ཉི་ཤུ་པའི་སྟོད་ཆ་སྟེ་ས་ལུག་(སྤྱི་ལོ་1919)ལོར་ཀཿཐོག་སི་ཏུ་ཆོས་ཀྱི་རྒྱ་མཚོ་དགོན་འདིར་ཕེབས་སྐབས་རྟོགས་ལྡན་རྒན་གཞོན་ལྔ་ལས་མེད་ལ། དགོན་བདག་ཀྱང་རྨོག་ལྕོག་ནས་འཛིན་གྱི་ཡོད་པ་སོགས་ཉམས་དམས་ཤུགས་ཆེ་བྱུང༌། དེ་སྐབས་དགོན་འདིར་མཁས་གྲུབ་ཁྱུང་པོའི་ཕྱག་མཛུབ་ཀྱིས་རྫུ་འཕྲུལ་གྱིས་བྲིས་པའི་མ་ཎི་ཡིག་དྲུག ལྷ་ཁང་དམར་པོ་གཅིག སྔར་ཚོགས་པའི་མཐར་ཐུག་ཁྲི་ཚོ་བརྒྱད་ཡོད་ཤུལ་ད་ལྟ་ཀ་གཉིས་མར་མཁས་གྲུབ་ཁྱུང་པོ་རྣལ་འབྱོར་གྱི་འདྲ་སྐུ་མི་ཚད་ཁྱུང་པོ་གདུ་གུ་མ་རང་གི་ཕྱག་ནས་མ་སོགས་ཡོད། ཕྱིས་ཀྱི་བར་སྐབས་ཤིག་ནང་རྩ་ཐོར་དུ་སོང་བ་རབ་བྱུང་བཅུ་དྲུག་པའི་ཤིང་གླང་(སྤྱི་ལོ་1985)ལོར་ཁྱུང་པོ་གསུམ་པ་ཚུལ་ཁྲིམས་མགོན་པོས་(སྤྱི་ལོ་1937-2006)བསྐྱར་བཞེངས་མཛད།
སླར་རབ་བྱུང་བཅུ་བདུན་པའི་ལྕགས་སྦྲུལ་(སྤྱི་ལོ་2001)ལོར་ལྷ་རྩེ་སྐྱབས་མགོན་ཤངས་སྟོན་སངས་རྒྱས་དཔལ་བཟང་གཞོང་གཞོང་དགོན་དུ་ཕེབས་སྐབས་ཡི་དམ་ཆོས་སྐྱོང་གིས་ལུང་བསྟན་པ་ལྟར་དགོན་གནས་འདི་ཉིད་ཉམས་གསོ་རྒྱ་བསྐྱེད་གནང་རྒྱུའི་དམ་བཅས་པ་བཞིན། ས་བྱི་(སྤྱི་ལོ་2008)ལོའི་ཟླ་བ་དྲུག་པ་ནས་བཟུང་བསྐྱར་བཞེངས་ཀྱི་དབུ་བཙུགས། རིན་པོ་ཆེ་ཉིད་ཀྱིས་གཙོ་འགན་བཞེས་དབུས་ནང་སའི་བུ་སློབ་མང་པོས་སྦྱིན་བདག་གནང་སྟེ་ཁྱོན་གསེར་རྒྱ་མ་བརྒྱ་དང༌། ནི་གུ་མའི་སྐུ་འདྲ་ཆུང་བ་ཆིག་སྟོང་། མཐོ་ཚད་ལ་སྨི་དྲུག་ཡོད་པའི་མཁས་གྲུབ་ཁྱུང་པོའི་སྐུ་འདྲ། སྐུ་འདྲ་གཞན་ཆིག་སྟོང་ལྷག་ཙམ་སོགས་ཀྱི་ནང་རྟེན་མང་དུ་བཞེངས་པ་དང༌། དབུས་ཀྱི་འདུ་ཁང་ཆེན་མོའི་མཐོ་ཚད་ལ་སྨི་15དང་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ་625ཡོད། དགོན་པའི་ཕྱི་རོལ་དུ་མ་ཎི་འཁོར་ལོ་ཆེ་བ་བརྒྱ་དང་བཞི་བཅུ་ཞེ་གཅིག་བཞེངས་པ་སོགས་སྔར་གྱི་དགོན་ཤུལ་དེ་གར་གནས་གཞི་རྒྱ་ཆེན་གསར་དུ་བཞེངས། ལྕགས་སྟག་(སྤྱི་ལོ་2010)ལོའི་ཟླ་བ་དགུ་པའི་ཚེས་བཅུ་དགུ་ཉིན་དགོན་གནས་བསྐྱར་བཞེངས་ཀྱི་ལས་གྲྭ་ཡོངས་སུ་མཇུག་བསྒྲིལ་བས་ལྷ་རྩེ་སྐྱབས་མགོན་ཉིད་ཀྱི་ལྗགས་བཀོད་འོག་གཞོང་གཞོང་དགོན་པར་ཆེད་དོན་མི་སྣ་མངགས་གཏོང་དང་། རྒྱ་ཡུལ་གྱི་བུ་སློབ་གཞན་རྣམས་གནའ་མཁར་ཟི་ལིང་དུ་ལྷན་འཛོམས་ཐོག་རབ་ཏུ་གནས་པའི་ཆོ་ག་རྒྱས་པར་མཛད།
དེང་གི་རྟེན་གྲལ་དུ་མཁས་གྲུབ་ཁྱུང་པོའི་ཞབས་རྗེས་གསལ་ཞིང་ཕྲུ་གུ་མི་སྦྲུམ་པའི་བུད་མེད་ལ་མཆོག་ཏུ་ཕན་པའི་བུ་རྡོ་ཞེས་པ། འདུ་ཁང་ཕྱི་རྩིག་གི་ལྡེབས་ངོས་འགར་མཁས་གྲུབ་ཁྱུང་པོའི་རྣམ་ཐར་རྡོ་བརྐོས་མ་ཁ་ཤས། མཁས་གྲུབ་ཁྱུང་པོའི་ཕྱག་བཟོ་རྫ་དུང་གཅིག འཇག་ཆེན་གྱི་ལི་སྐུ་ཞིག སྔར་གྱི་གཞོང་གཞོང་སྐུ་འབུམ་ཆེན་མོ་ནས་ཐོན་པའི་མཁས་གྲུབ་ཁྱུང་པོའི་ཚེམས་གསུམ་དང་ཚ་ཚ་བཅུ་ལྷག་ཙམ་བཞུགས་ཡོད་པའི་བྱང་ཆུབ་མཆོད་རྟེན། དེའི་གཡས་གཡོན་དུ་ཁང་བུ་བརྩེགས་པའི་མཆོད་རྟེན་རེ་དང་མདུན་དུ་ཉེ་དུས་གསར་དུ་བཞེངས་པའི་རྒྱ་ལུགས་ཀྱི་མཆོད་རྟེན་གཅིག་སོགས་བཞུགས།
མིག་སྔར་དགེ་འདུན་ཞལ་གྲངས་བཅུ་ཡོད་པ་རྣམས་ཀྱིས་ལོ་རེའི་བོད་ཟླ་དང་པོའི་ཚེས་བཅོ་ལྔ་ཉིན་དར་ཆེན་སྐུ་བཞེངས་དང༌། བོད་ཟླ་གཉིས་པ་ཙམ་དུ་བཀའ་འགྱུར་གསུང་སྒྲོག བོད་ཟླ་ལྔ་པའི་ཚེས་བཅུ་ཉིན་ཀརྨ་རང་བྱུང་ཀུན་ཁྱབ་(སྤྱི་ལོ་1904-1989)ཀྱི་དགོངས་རྫོགས་དུས་མཆོད། བོད་ཟླ་ལྔ་པའི་ཚེས་སུམ་ཅུ་ཉིན་སྐྱབས་རྗེ་ཁྱུང་པོ་ཚུལ་ཁྲིམས་མགོན་པོའི་དགོངས་རྫོགས་དུས་མཆོད། བོད་ཟླ་བཅུ་གཅིག་པའི་ཚེས་བཅུ་བཞི་ཉིན་མཁས་གྲུབ་ཁྱུང་པོའི་དགོངས་རྫོགས་དུས་མཆོད། བོད་ཟླ་བཅུ་གཉིས་པའི་ཚེས་ཉེར་བརྒྱད་ཉིན་གྱི་ཐོ་རངས་ནས་བོད་ཟླ་དང་པོའི་ཚེས་གཅིག་གི་ཐོ་རངས་བར་ཉིན་ལན་གསུམ་དང་མཚན་ལན་གསུམ་དུ་ཡེ་ཤེས་མགོན་པོའི་གཏོར་སྒྲུབ་སོགས་ཀྱི་བྱེད་སྒོ་ཁག་ཆད་ཆག་མེད་པར་སྒྲུབ་མུས་སོ། །དགོན་འདིའི་སྐོར་ཅུང་ཞིབ་པ་ཁོ་བོས་བྲིས་པའི་དཔལ་ལྡན་ཤངས་པ་བཀའ་བརྒྱུད་ཀྱི་ཆོས་འབྱུང་གསེར་ཆོས་ཞིང་གི་ས་བོན། དང་ཚུལ་ཁྲིམས་དཔལ་ལྡན་གྱིས་རྩོམ་སྒྲིག་གནང་བའི་གཞོང་གཞོང་རྡོ་རྗེ་གདན་གྱི་གནས་ཡིག་དད་པའི་ལམ་སྟོན། དུ་གཟིགས།


Loading map...