Ni gu'i mgur
Resource ID | SCv5p371 |
---|---|
Title | ni gu'i mgur |
Topics | Chant |
Author | Jetsün Taranatha |
Link | BDRC W1KG5786 |
Notes | corriger à partir de ni gu'i chos drug grub pa'i dgongs rgyan p 184 |
ན་མོ་གུ་རུ་བེ།
།དབྱིངས་སྐྱེ་བ་མེད་པའི་ནམ་མཁའ་ལ། གདངས་འགགས་པ་མེད་པའི་དཀྱིལ་འཁོར་རྒྱས། །ཐུགས་རྗེའི་འོད་བརྒྱ་འགྱེད་པ་ཡི། །ཕ་བླ་མ་རྡོ་རྗེ་འཆང་ལ་འདུད། །རྗེ་དེ་ཉིད་ཀྱི་ཐུགས་རྗེའི་ཆར་སྤྲིན་ལས། །ཆོས་གདམས་ངག་གི་ཆར་རྒྱུན་ཕབ་པ་དེ། །མི་ཁོ་བོའི་སེམས་ཀྱི་ཞིང་སར་བབས། །འབྲས་བུ་ཉམས་རྟོགས་ཀྱི་ལོ་ཏོག་རྒྱས། །ཁྱེད་སྐལ་ལྡན་ཡོད་ན་འདི་ལས་ལོང་། །དཔལ་རྡོ་རྗེ་འཆང་ཆེན་སྐད་པ་དེས། །རྒྱུད་མཐའ་ཡས་གསུངས་པའི་སྙིང་པོ་ལྔ། །ཟབ་དགུ་བསྡུས་པའི་ཉེ་ལམ་ཞིག །མིང་ནི་གུ་ཆོས་དྲུག་ཞེས་བྱ་བ། །མ་མཁའ་འགྲོ་ཀུན་གྱི་གསང་ཚིག་དེ། །ངེས་གསང་བདུད་རྩིའི་སྙིང་པོ་དེ། །ཕ་བླ་མའི་ཞལ་གྱི་བདུད་རྩི་དེ། །དུས་དེ་རིང་རྒྱལ་ཁམས་ཀྱི་རྣལ་འབྱོར་པ། །ཕྱོགས་མེད་ཀྱི་ལྡུམ་བུར་སྤྱོད་པ་ཞིག །ངེས་མེད་ཀྱི་ཚུལ་ལ་སྤྱོད་བཞིན་དུ། །གནས་རི་གོང་དཔལ་གྱི་གཞལ་ཡས་འདིར། །དོན་སྙིང་པོ་རྡོ་རྗེའི་གླུ་རུ་ལེན། །གནས་སྤྱི་བོ་བདེ་ཆེན་གྱི་འཁོར་ལོ་ལས། །བརྡ་སྐྱེ་མེད་མཚོན་པ་ཨ་ཡི་བརྡ། །འཕྲུལ་བདུད་རྩི་འབབ་པ་དམིགས་པའི་གནད། །ཉམས་སྡིག་སྒྲིབ་དག་པའི་ངེས་ཤེས་ཅན། །མིང་ཡང་དག་བྱེད་སྟོང་ར་ཟེར། །འདི་སྔོན་འགྲོ་ལ་གནད་དུ་ཆེ་བ་ཞིག་གདའ། །རྟེན་རྡོ་རྗེའི་ལུས་ལ་རྩ་ཐིག་གི་འགྲོས། །གཞི་གནད་དུ་ཆེ་བ་འཁོར་ལོ་བཞི། །འཕྲལ་འབར་འཛག་རང་ལུས་དགའ་བཞིའི་འགྲོས། །འདི་རྒྱུད་སྡེའི་ངེས་གསང་གནད་དུ་ཆེ། །རྐྱེན་ཐབས་དང་ཤེས་རབ་འཛོམ་པ་ལས། །གཞི་རང་སེམས་གཉུག་མར་ངོ་སྤྲོད་པ། །རྟེན་ཐིག་ལེ་དབབ་ལྡོག་དགའ་བཞིའི་འགྲོས། །དེ་ཡིན་ནི་ལས་ཀྱི་གཏུམ་མོ་ཡིན། །ཟེར་ནི་གཞན་ལུས་ཀྱི་གདམས་པ་ཟེར། །འདོད་ཡོན་ལམ་འཁྱེར་ལ་གནད་དུ་ཆེ། །མི་ཁོ་བོས་བདེ་སྟོང་དབྱེར་མེད་དུ་བསྒོམས། །ཁྱེད་འདིར་འདུས་ཀྱང་བདེ་སྟོང་དབྱེར་མེད་སྒྲུབས། །ཚེ་གཅིག་གིས་སངས་རྒྱས་སྒྲུབ་འདོད་ན། །ལམ་གཞན་ལ་མེད་དོ་སྐལ་ལྡན་ཀུན། །བདེ་དྲོད་རང་འབར་གཅིག་མཛད་དེ་འཚལ། །ཕྱི་སྣང་བ་སྒྱུ་མའི་ལམ་ཁྱེར་དེ། ལུས་བྱས་ཀྱང་སེམས་ཀྱི་རང་སྣང་ཙམ། །རང་སྣང་ལྷ་སྐུ་རང་ཤར་ལ། །སྒྱུ་མ་ལྟར་རང་བཞིན་མེད་པ་ཞིག །སྒྱུ་ལུས་ཀྱི་གདམས་པའི་སྙིང་པོའི་དོན། །མི་ངས་ཀྱང་འདི་ལ་ཉམས་ལེན་བྱས། །ཆགས་སྡང་གི་སྣང་བ་རང་སར་དག །ཨ་འཐས་སྦྲུལ་གྱི་མདུད་པ་ཞིག །ཁྱེད་འདིར་འདུས་ཀྱང་ཨ་འཐས་བཤིག་པ་གཅིག་འཚལ། །འཕྲལ་འདུན་པ་སྒྱུར་བའི་གནད་ཀ་ལས། །རིག་པའི་རང་རྩལ་ཕྱོགས་མེད་ཀྱི་གདངས། །དངོས་འཛིན་གྱི་འཆིང་བ་འགྲོལ་བ་ལ། །ངེས་མེད་དུ་སྦྱོང་བ་གནད་དུ་ཆེ། །མིང་ཡང་རྨི་ལམ་གྱི་གདམས་ངག་ཟེར། །སྒྱུ་ལུས་པ་རྣམས་ལ་མཁོ་བ་ལགས། །གཞི་གདོད་མའི་རང་ཞལ་ལྟ་བ་དང་། །རྐྱེན་མོས་གུས་གདུང་བའི་ཤུགས་དྲག་དང་། །གནད་རླུང་སེམས་འདུས་པའི་རྟེན་འབྲེལ་ལས། །སེམས་རྡོ་རྗེའི་རང་བཞིན་འོད་གསལ་ཆེ། །དུས་ཉིན་པར་རྩོལ་བ་བསྐྱེད་བསྐྱེད་ནས། །མཚན་མོ་རང་ཤར་གྱི་གསལ་སྣང་ཅན། །གསལ་ཙམ་ཉིད་ནས་སྟོང་པར་ཤར། །གསལ་སྟོང་དབྱེར་མེད་ཀྱི་འོད་གསལ་ཟེར། །ཞུ་བདེ་དང་གཉུག་མ་འདྲེས་པ་ལས། །ཉམས་བདེ་ཙམ་ཉིད་ནས་རང་དག་གཅིག །བདེ་སྟོང་དབྱེར་མེད་ཀྱི་འོད་གསལ་ཡིན། །སེམས་རང་བཞིན་གདོད་ནས་དག་པ་ལ། །སྒྲིབ་གཉིས་བརྫུན་གྱི་སྟོང་ཟོབ་ཡལ། །དག་པ་གཉིས་ལྡན་གྱི་འོད་གསལ་ཡིན། །འོད་གསལ་ལམ་གྱི་འབྲས་བུ་དེ། །རྗེ་རྡོ་རྗེ་འཆང་ཆེན་གྱི་སྤྱན་སྔ་རུ། །གདམས་ངག་རྣམས་ཕུ་ཐག་ཆོད་པར་ཞུས། །ཞུས་པ་ཙམ་ལ་ཡང་མ་བཞག་པར། །རང་སེམས་དང་འདྲེས་པའི་ཉམས་ལེན་བྱས། །བན་བུན་ཉམས་ཀྱི་འཆར་སྒོ་དག །འགྱུར་མེད་རྟོགས་པའི་གཏན་ཡུལ་ཟིན། །ཁྱེད་འདིར་འདུས་ཀྱང་འོད་གསལ་རྩེ་གཅིག་ཏུ་སྒོམས། །ངོ་མཚར་རླུང་སེམས་འཕྲུལ་གྱི་གནད། །སེམས་རྩེ་གཅིག་གྱེན་དུ་འཕང་བ་དང་། །ཅིར་སྣང་ལ་བར་དོའི་འདུན་པ་སྦྱོངས། །གང་ཤར་ལ་དག་སྣང་ལམ་ཁྱེར་བྱ། །འཕོ་བ་དང་བར་དོའི་གདམས་ངག་ཟེར། །ལས་དང་པོ་པ་ལ་གནད་དུ་ཆེ། །སེམས་མ་བཅོས་གཉུག་མའི་རང་ངོ་ལ། །གང་ཤར་རྗེན་ཆེར་གྱི་ངང་ལ་ཞོག །སྒོ་གསུམ་མ་བཅོས་སོ་མའི་ངང་། །རང་བབས་ལྷུག་པའི་གདམས་པ་ཟེར། །སལ་ལེ་དང་སིང་ངེའི་ངང་དུ་སྒོམས། །ལྷོད་དེ་དང་ཤིགས་སེའི་རྒྱ་ཡན་གྱི་ངང་། །སེམས་གང་ཤར་ངོ་ཤེས་ཀྱི་རྣལ་འབྱོར་པ། །ཤར་ཙམ་ཉིད་ནས་རང་སར་གྲོལ། །མིང་ཡང་རང་གྲོལ་གྱི་གདམས་ངག་ཟེར། །གསལ་བ་དང་སྟོང་པ་ཟུང་འཇུག་གསུམ། །སེམས་གནས་སམ་འགྱུའམ་ཅི་ལྟར་རུང་། །གདོད་ནས་རང་གནས་ཀྱི་ངོ་ཤེས་ལ། །སྐུ་གསུམ་རང་ཤར་གྱི་གདམས་ངག་ཟེར། །འགྱུ་བ་འགྱུ་སྟོང་གི་ངང་དུ་ཐིམ། །མཉམ་རྗེས་ཀྱི་ས་མཚམས་ཞིག་ནས་ཐལ། །མདོ་རྒྱུད་ཀྱི་མཁྱེན་རྒྱ་ཅན་མང་ལགས་ཤིང་། །གདམས་ངག་གི་བདག་པོ་མང་མོད་ཀྱང་། །དོན་འདི་ལས་མེད་ཅེས་བྱ་བ་ཉུང་། །རང་གྲོལ་ཕྱག་ཆེན་གྱི་རྣལ་འབྱོར་འདི། །མདོ་རྒྱུད་ཀྱི་སྙིང་པོར་ལགས་པར་འཁུམས། །མི་ཁོ་བོས་དེ་ལྟར་ཉམས་སུ་བླངས། །ཁྱེད་འདིར་འདུས་ཀྱང་དེ་ལྟར་ཉམས་ལེན་མཛོད། །རང་ཤར་ཕྱོགས་མེད་ཀྱི་དག་སྣང་གཅིག །གང་སྣང་མོས་གུས་ཀྱི་ལམ་ཁྱེར་ལ། །མོས་གུས་ཀྱི་རྩ་བ་བླ་མར་ཤར། །བླ་མ་ཡི་དམ་དབྱེར་མེད་ཀྱི་ངང་། །ཡི་དམ་དེ་སྒྱུ་མར་རང་ཤར་གཅིག །རང་ཤར་མ་བཅོས་ལྷུག་པའི་གདངས། །ཡིན་ནི་དག་སྣང་ཕྱོགས་མེད་ཀྱི་ཁྲིད། །ཟེར་ནི་ལམ་ཁྱེར་རྣམ་གསུམ་ཟེར། །མི་ཁོ་བོས་ཀྱང་དག་སྣང་ཕྱོགས་མེད་དུ་སྦྱངས། །ཁྱེད་འདིར་འདུས་ཀྱང་དག་སྣང་ཕྱོགས་མེད་དུ་སྦྱོངས། །ཐབས་འགགས་མེད་ཀྱི་གནད་དེ་དག་སྣང་ལ་གདའ། །སེམས་གསལ་སྟོང་ལྷ་སྐུའི་སྣང་ཆ་དང་། །རང་རིག་པ་འགྱུར་མེད་བདེ་བའི་ངང་། །དེ་དང་པོ་ཉིད་ནས་སྐྱེ་བ་མེད། །གང་མ་སྐྱེས་པ་ལ་འགག་པ་མེད། །སེམས་སྐྱེ་འཆི་མེད་པའི་རང་བཞིན་དེ། །འཕྲལ་དྲིན་ཅན་གྱི་བླ་མས་ངོ་སྤྲོད་པ། །མིང་ཡང་རང་སེམས་འཆི་མེད་ཟེར། །བསྐྱེད་རྫོགས་སྙིང་པོར་དྲིལ་བ་གཅིག་ན་གདའ། །རླུང་དང་རྣམ་རྟོག་སེམས་གསུམ་པོ། །དབྱིངས་སུ་བསྡོམས་པ་ཉམས་ལེན་གྱི་གནད། །འཁྲུལ་འཁོར་གྱི་ཁ་བསྒྱུར་ཉམས་ལེན་གྱི་རྩལ། །གཞན་ལུས་ལ་ཐོགས་པ་མེད་པ་ཡི། །ཐིག་ལེ་འཛག་མེད་ཀྱི་རང་གྲོལ་ལས། །དགའ་བཞི་དབྱིངས་སུ་ངོ་སྤྲོད་པ། །མིང་ནི་རང་ལུས་འཆི་མེད་ཟེར། །རླུང་སེམས་རང་དབང་དུ་ཆུབ་ཅིག་རྣལ་འབྱོར་པ། །འཕྲལ་ཕྲིན་ལས་རྣམ་བཞིའི་སྒྲུབ་པའི་གནད། །ཕ་དྲིན་ཅན་རྩ་བའི་བླ་མ་དང་། །མྱུར་མཛད་ཡེ་ཤེས་མགོན་པོ་གཉིས། །མཚན་ཐ་དད་དོན་ལ་ཁྱད་པར་མེད། །མོས་གུས་ཉག་གཅིག་གི་རྣལ་འབྱོར་ལས། །དངོས་གྲུབ་རྣམ་གཉིས་ཀྱི་ཀློང་བརྡོལ་ནས། །འགྲོ་དོན་ལྷུན་གྲུབ་དུ་འཆར་བ་ལགས། །དབྱངས་མཆོད་པ་འབུལ་ལོ་མཚན་ལྡན་རྗེ། །དཔལ་རྡོ་རྗེ་འཆང་ཆེན་ནས་བརྩམས་ཏེ། །ཕ་རྩ་བའི་བླ་མ་ཐམས་ཅད་ལ། །ཉམས་དབྱངས་ཀྱི་གླུ་འདི་མཆོད་པ་འབུལ། །ཁྱེད་འདིར་འདུས་ཀྱི་སྐལ་ལྡན་ཕོ་མོ་ལ། །ངེས་གསང་བདུད་རྩིའི་རོ་མཆོག་འདི། །དགའ་སྟོན་གྱི་ཚུལ་དུ་བྱིན་པ་ལགས། །བདག་ཕྱོགས་རིས་མེད་པའི་རྒྱལ་ཁམས་པ། །རོ་སྙོམས་ཀྱི་རྣལ་འབྱོར་གུ་ཡངས་པོར། །ཆོས་བརྒྱད་ཀྱི་དགྲ་མཁར་ཞིག་པ་ཞིག །གཉུག་མའི་གཏན་ས་ཟིན་པ་ཞིག །དངོས་ཀུན་གྱི་རང་ཞལ་ལྟ་བ་པོ། །ཆོས་ཐ་སྙད་ཚིག་ལ་མ་རྨོངས་ཀྱང་། །མཁས་འདོད་ཀྱི་བཟང་འཛིན་དབྱིངས་སུ་གྲོལ། །འཕྲལ་ལུས་སེམས་ཐ་མལ་དུ་སྣང་བ་ཙམ། །དྲིན་ཅན་གྱི་མཁན་པོས་གནང་བའི་མིང་། །ཀུན་དགའ་སྙིང་པོ་ཞེས་བྱ་ཡིན། །རང་སེམས་ཀྱི་རང་བཞིན་ངོ་སྤྲོད་པ། །མི་སངས་རྒྱས་སུ་གཏོང་བའི་བཀའ་དྲིན་ཅན། །ཕ་བླ་མས་བཀའ་དྲིན་སྩལ་བ་ནི། མིང་ཏཱ་ར་ནཱ་ཐ་ཞེས་བྱ་ཡིན། །དེང་སྙིང་གཏམ་གྱི་ཚུལ་དུ་སྨྲས་པ་ཡིན། །ཅེས་པའང་རང་ལོ་ཉེར་ལྔ་པ་ལ་རི་གོང་དཔལ་གྱི་མགོན་པོའི་གནས་རང་བྱུང་མགོན་པོའི་དྲུང་དུ་ཚོགས་ཀྱི་འཁོར་ལོའི་ཚེ་གླུར་བླངས་པ་ཨྀཐི།