'khor lo sdom pa lha lnga'i mngon rtogs

From Shangpa Resource Center
Revision as of 12:41, 1 March 2019 by Sengue (talk | contribs)








Resource ID SCv7p419
Title 'khor lo sdom pa lha lnga'i mngon rtogs
Topics Chakrasamvara
Sub-Topics Canonical description
Author Gyeltsen Bum
Link BDRC W23922

༄༅། །འཁོར་ལོ་སྡོམ་པ་ལྷ་ལྔའི་མངོན་རྟོགས་བཞུགས་སོ།།

བླ་མ་དམ་པའི་ཞབས་བཏུད་ནས། །བཅོམ་ལྡན་བདེ་མཆོག་ལྷ་ལྔ་ཡི། །མངོན་རྟོགས་བླ་མའི་གསུང་བཞིན་དུ། །རང་སེམས་གསལ་འདེབས་དོན་དུ་བྲི།
།དེ་ལ་བདེ་མཆོག་ལྷ་ལྔ་བསྒོམ་པར་འདོད་པས། བླ་མ་དང་དཀོན་མཆོག་གསུམ་ལ་སྐྱབས་སུ་སོང་ནས། སེམས་ཅན་ཐམས་ཅད་ཀྱི་དོན་དུ་སངས་རྒྱས་ཐོབ་པར་བྱ། དེའི་དོན་དུ་ཧེ་རུ་ཀ་བསྒོམ་སྙམ་དུ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ལ། སྐད་ཅིག་གིས་མདུན་གྱི་ནམ་མཁར་རིགས་ལྔའི་ལྷ་ཚོགས་སྤྱན་དྲངས་ལ། བདག་གི་སྡིག་སྒྲིབ་སྦྱོང་དུ་གསོལ། །ཞེས་གསོལ་བ་བཏབ་པས།
རིགས་ལྔའི་ཐུགས་ཀ་ནས་ལྷ་མོ་བདུད་རྩིའི་བུམ་ཆུ་ཐོགས་པས། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲཱི་ཡེ་ཧཱུྃ། ཞེས་པའི་ཁྲུས་བྱས་པས། རང་གི་སྡིག་སྒྲིབ་ཐམས་ཅད་དག་ནས་ལུས་ཤེལ་སྒོང་ལྟ་བུར་གྱུར་པར་བསམ་མོ།
།བདུད་རྩི་རིལ་བུ་ལྕེ་ཐོག་ཏུ་བཞག་ནས། ཨོཾ་ཨ་མྲྀ་ཏ་བཱག་༼ཝཀ༽རཀྵ་ཧཱུྃ་ཕཊ། ཅེས་བརྗོད་དོ། །སེམས་རིག་སྟོང་འཛིན་མེད་དུ་བཞག་པར་བྱའོ།
།དེ་ནས་རང་སྐད་ཅིག་གིས་གཙོ་བོ་བདེ་མཆོག་ཡབ་ཡུམ་གྱི་ཐུགས་ཀར་པདྨ་ཉི་མའི་སྟེང་དུ་ཧཱུྃ་བསམ་ནས། རྡོ་རྗེ་ཐོད་སྦྱོར་གྱི་ཕྱག་རྒྱ་དང་། ཨོཾ་བཛྲ་རཀྵ་རཀྵ་ཧཱུྃ་ཕཊ། །ཅེས་བརྗོད་པས། ཐུགས་ཀའི་ཧཱུྃ་ལས་རཾ་ཅིག་དབུ་མ་ནས་མདུན་དུ་ཆད་པ་ལས། ཉི་མའི་དཀྱིལ་འཁོར་གྱི་སྟོང་གསུམ་ཙམ་དུ་གྱུར། ཡང་ཧཱུྃ་གཅིག་ཉི་མའི་སྟེང་དུ་ཆད་པ་ལས། རྡོ་རྗེ་རྒྱ་གྲམ་ལྟེ་བ་མཐིང་ག །ཤར་གྱི་རྭ་གསུམ་དཀར། ལྷོའི་རྭ་གསུམ་སེར། ནུབ་ཀྱི་རྭ་གསུམ་དམར། བྱང་གི་རྭ་གསུམ་ལྗང་གུའོ།
།དེ་ཉིད་རྒྱ་ཆེ་བས་ས་གཞི། དཕངས་མཐོ་བས་རྩིགས་པ། རྡོ་རྗེའི་རྭ་རྣམས་སྟེང་དུ་འདུག་པས་བླ་རེའོ།
།རྡོ་རྗེའི་སྟེང་དང་ཕྱོགས་བཞི་ནས་ཧཱུྃ་ཁ་དོག་ལྔ་འཕྲོས་པ་ལས། རྡོ་རྗེ་རྩེ་དགུ་པ། བདུན་པ། ལྔ་པ། གསུམ་པ། གཅིག་པ། སྲན་ཙམ། ནས་ཙམ། ཡན་ཆད་ཀྱིས་རྡོ་རྗེའི་བར་རྣམས་གཏམས་པ་དང་། འོག་གི་ཉི་མ་ལས་མེ་འབར་བས། ཕྱི་རྡོ་རྗེའི་རྭ་རྣམས་ཁྲོ་ཆུ་ལྟར་ཞུ་ནས། སྲིད་པའི་རླུང་གིས་ཀྱང་མི་ཐར་བའི་བསྲུང་བའི་འཁོར་ལོ་སྟོང་གསུམ་ཙམ་དུ་གྱུར་པར་བལྟའོ།
།དེས་བདུད་བཞི་བཅོམ་སྟེ། ཤར་གྱི་རྭས་ལྷའི་བདུད་བཅོམ། ལྷོའི་ཕུང་པོའི། ནུབ་ཀྱིས་ཉོན་མོངས་པའི། བྱང་གིས་འཆི་བདག་གི་བདུད་བཅོམ་པའོ། །ཡང་དྲྭ་གུར་ཁ་དོག་ལྔ་ཕུང་པོའི། །དི་རིགས་ལྔས་ལྷའི་བུའི། དེས་ཡེ་ཤེས་ལྔ་ཉོན་མོངས་པའི། དྲྭ་གུར་ནང་སྟོང་པས་འཆི་བདག་གི་བདུད་བཅོམ། རང་གི་ས་བོན་གྱི་འོད་ཟེར་གྱིས་བླ་མ་དང་། ཡི་དམ། དྲྭ་གུར་གྱི་ནང་དུ་དཔང་པོར་སྐད་ཅིག་གིས་སྤྱན་དྲངས་ལ་བཞུགས་པས་བལྟས་ལ་སྐྱབས་འགྲོ་ལན་གསུམ་བྱའོ།
།སེམས་ཅན་ཐམས་ཅད་བདེ་བ་དང་ཕྲད་པར་འདོད་པའི་བྱམས་པ། སྡུག་བསྔལ་ལས་སྐྱོབ་པར་འདོད་པའི་བྱམས་པ། སྡུག་བསྔལ་ལས་སྐྱོབ་པར་འདོད་པའི་སྙིང་རྗེ། ཧེ་རུ་ཀའི་གོ་འཕང་ལ་བཀོད་པའི་བྱང་ཆུབ་ཀྱི་སེམས་བསྒོམ་པས། བཅོམ་ལྡན་འདས་ཐུགས་རྗེའི་དབང་གིས་མདུན་དུ་བྱོན་ཏེ། །དེའི་འོད་ཟེར་རང་གི་ལུས་ལ་ཕོག་པས། ཕུང་པོ་ཁམས། སྐྱེ་མཆེད། ནད་གདོན་སྡིག་སྒྲིབ་ཐམས་ཅད་དག་ནས་མེ་ལོང་གསལ་བ་ལ་གཟུགས་བརྙན་ཤར་བ་ལྟར་མདུན་གྱི་ལྷ་དང་རང་ཉིད་དབྱེར་མེད་པའི་བདེ་མཆོག་གི་སྐུར་གྱུར་པའོ།
རང་ཧེ་རུ་ཀརགསལ་བའི་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས་པས། འོག་མིན་ནས་ལྷ་ལྔའི་དཀྱིལ་འཁོར་བླ་མ་དང་བཅས་པ་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དཔག་ཏུ་མེད་པས་བསྐོར་བ་སྤྱན་དྲངས་ལ། རང་གི་གནས་གསུམ་དུ་ཐལ་མོ་སྦྱར་ཏེ། ཨོཾ་ན་མ་ཏེ་ཧཱུྃ། ཨོཾ་ན་མོ་མི་ཧཱུྃ། ཨོཾ་ན་མོ་ན་མ་ཧཱུྃ། ཞེས་པས་ཕྱག་བྱའོ།
།དང་པོ་ནི། སྙིང་གའི་ཧཱུྃ་ལས་མེ་ཏོག་མ་སེར་མོ། དྲི་ཆབ་མ་དཀར་མོ། བདུག་སྤོས་མ་སྔོན་མོ། མར་མེ་མ་དམར་མོ། ཞལ་ཟས་མ་དཀར་སེར་དཔག་ཏུ་མེད་པས་མཆོད་དོ།
།གཉིས་པ་ཧཱུྃ་ལས་ཌཱ་ཀི་མ་མཐིང་ག །ལཱ་མ་ལྗང་གུ། ཁཎྜ་རོ་ཧི་དམར་མོ། རཱུ་པི་ནི་སེར་མོ་དང་བཞི། གཡས་ཤ་ལྔ། གཡོན་བདུད་རྩི་ལྔ། ཐོགས་པ་དཔག་ཏུ་མེད་པས་མཆོད་དོ།
།གསུམ་པ་ནི། བདེ་བ་རྒྱས་པའི་ལྷ་མོ་བཞི་ཡབ་ཡུམ་ལ་ཐིམ་པའི་སྙོམས་འཇུག་གི་བདེ་བས་མཆོད་དོ།
།གཞི་པ་ནི། མཆོད་བྱ་མཆོད་བྱེད་མཆོད་པ་རྣམས་རང་བཞིན་མེད་པར་ཤེས་པར་བྱའོ།
།ལྔ་པ་ནི། སྔར་བྱས་པའི་སྡིག་པ་ལ་བསྐྱེད། ཕྱིས་མི་བྱེད་པར་བསྡོམས། ད་ལྟའི་རང་བཞིན་མེད་པར་བཤགས་སོ།
།སྤྱིར་བསྟན་པ་དང་། སྔགས་ཕྱི་ནང་། ཁྱད་པར་དུ་བདེ་མཆོག་གི་སྒོར་ཞུགས་པ་ལ་ཡིད་རང་བའོ།
སངས་རྒྱས་གཙོ་བོ་ཡབ་ཡུམ། ཆོས་སྔགས་གྲགས་སྟོང་། དགེ་འདུན་ལྷ་མོ་བཞི་ལ་སྐྱབས་སུ་འགྲོ་བའོ། ལམ་གྱི་དམ་པ་མཆོག །བདེ་བའི་མཆོག་འདི་རང་གི་རྒྱུད་ལ་བརྟེན་པའོ། དགེ་བའི་རྩ་བ་དེ་རྣམས་སེམས་ཅན་གྱི་དོན་བྱང་ཆུབ་ཆེན་པོར་བསྔོ་བར་བྱའོ། ༤༢༦
།དེ་ནས། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །སྡིག་པ་ཐམས་ཅད་སོ་སོར་བཤགས། །འགྲོ་བའི་དགེ་ལ་རྗེས་ཡི་རངས། །སངས་རྒྱས་བྱང་ཆུབ་ཡིད་ཀྱིས་བཟུང་། །སངས་རྒྱས་ཆོས་དང་ཚོགས་མཆོག་ལ། །བྱང་ཆུབ་བར་དུ་སྐྱབས་སུ་མཆི། །བྱང་ཆུབ་སེམས་སུ་འདི་བགྱིད་དེ། །བདག་དང་གཞན་དོན་རབ་བསྒྲུབ་ཕྱིར། །བདག་ནི་བྱང་ཆུབ་སེམས་མཆོག་བསྐྱེད། །ཨེ་མ་ཧོ། །སེམས་ཅན་ཀུན་གྱི་མགྲོན་དུ་གཉེར། །བྱང་ཆུབ་སྤྱོད་མཆོག་མཛད་བཞིན་སྤྱད། །འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག །ཅེས་ལན་གསུམ་བརྗོད་དོ།
།སེམས་༼ཅན་༽ཐམས་ཅད་བདེ་བ་དང་ཕྲད་པར་འདོད་པའི་བྱམས་པ། སྡུག་བསྔལ་ལས་སྐྱོབ་པའི་སྙིང་རྗེ། །བདེ་བ་དམ་པ་དང་མི་འབྲལ་བ་ལ་སྤྲོ་བའི་དགའ་བ། ཀུན་ལ་སེམས་མཉམ་པའི་བཏང་སྙོམས། ཨོཾ་སྭ་བྷཱ་ཝ་ཤུདྡྷོ་སརྦ་དྷརྨཱ་སྭ་བྷཱ་ཝ་ཤུདྡྷོ྅ཧཾ་གིས་ཆོས་ཐམས་ཅད་སྒྱུ་མ་ལྟ་བུར་བསམ། ཨོཾ་ཤཱུ་ནྱཱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ་གིས་ཆོས་ཐམས་ཅད་སྟོང་པ་ཉིད་དུ་བསྒོམ་མོ།
སྟོང་པའི་ངང་ལས་རླུང་གི་དཀྱིལ་འཁོར་ཟླ་གམ། དེའི་སྟེང་དུ་རཾ་ལས་མེའི་དཀྱིལ་འཁོར་གྲུ་གསུམ། དེའི་སྟེང་དུ་བཾ་ལས་ཆུའི་དཀྱིལ་འཁོར་ཟླུམ་པོ། དེའི་སྟེང་དུ་ལཾ་ལས་སའི་དཀྱིལ་འཁོར་གྲུ་བཞི། དེའི་སྟེང་སུམ་ལས་རིའི་རྒྱལ་པོ་རི་རབ་གྲུ་བཞི། རིན་པོ་ཆེ་སྣ་བཞི་ལས་གྲུབ་པ། ལྕོག་བརྒྱད་ཀྱིས་རྣམ་པར་མཛེས་པའོ། རི་རབ་དེའི་སྟེང་དུ་ཧཱུྃ་ལས་བྱུང་བའི་སྣ་ཚོགས་རྡོ་རྗེའོ། དེའི་སྟེང་དུ་པཾ་ལས་སྣ་ཚོགས་པདྨ་འདབ་བརྒྱད། ལྟེ་བ་དང་གེ་སར་དུ་ལྡན་པའོ། །དེའི་དབུས་སུ་པཾ་ལས་པདྨ། རྃ་ལས་ཉི་མ་དང་འཇིགས་བྱེད་དུས་མཚན་ནོ། །དེའི་སྟེང་དུ་རང་སེམས་ཧཱུྃ་དུ་གྱུར་པ་ལས། འོད་ཟེར་སྣ་ཚོགས་འཕྲོས་པས་དོན་གཉིས་བྱས། ཚུར་འདུས་པ་ལས། བདག་ཉིད་དཔལ་ཧེ་རུ་ཀ་སྐུ་མདོག་སྔོན་པོ་ཞལ་གཅིག་ཕྱག་གཉིས། གཡས་རྡོ་རྗེ། གཡོན་དྲིལ་བུ་བསྣམས་པས་ཡུམ་ལ་འཁྱུད་པ། སྟག་གི་ཤམ་ཐབས་ཅན། ཞབས་གཡས་བརྐྱང་པས་བཞུགས་པའོ། །དེའི་ཡུམ་རྗེ་བཙུན་མ་སྐུ་མདོག་དམར་བ། ཞལ་གཅིག་ཕྱག་གཉིས་པ། གཡས་གྲི་གུག་འཕྱར་བ། གཡོན་ཐོད་ཁྲག་སྟོབས་པ། ལང་ཚོ་མཛེས་ཤིང་སྒེག་པ། བདེ་བའི་ཉམས་དང་ལྡན་པས་ཡབ་ལ་འཁྲིལ་བའོ། དེ་ལྟར་ཡབ་ཡུམ་གཉིས་ཀ་སྤྱན་གསུམ་པ། མཆེ་བ་གཅིགས་པ། ཐོར་གཙུག་ལ་ཉི་ཟླས་མཛེས་པའོ། ཐོད་པ་སྐམ་པོ་ལྔས་བརྒྱན་པ། འཁོར་ལོ་དང་། རྣ་རྒྱན་དང་། མགུལ་རྒྱན་དང་། སེ་མོ་དོ་དང་། དཔུང་རྒྱན་དང་། ཕྱག་གདུབ་དང་། དོ་ཤལ་དང་། སྐེ་རགས་དང་། ཕྱག་རྒྱ་དྲུག་གམ་ལྔས་བརྒྱན་པ། མི་མགོ་སྐམ་རློན་ལྔ་བཅུའི་དོ་ཤལ་ཅན། མཚན་དཔེས་བརྒྱན་པ། གར་གྱི་ཉམས་དགུ་དང་ལྡན་ཞིང་། འོད་དང་འོད་ཟེར་གྱི་རང་བཞིན་ཅན། མེ་དཔུང་གི་ཀློང་ན་བཞུགས་པར་བལྟའོ། ཤར་གྱི་པད་འདབ་ལ་མཁའ་འགྲོ་མ་མཐིང་ག །བྱང་དུ་ལཱ་མ་ལྗང་གུ །ནུབ་ཏུ་དུམ་སྐྱེས་མ་དམར་མོ། ལྷོར་གཟུགས་ཅན་མ་སེར་མོ། དེ་རྣམས་ཀྱང་ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་མ། །སྐྲ་གྲོལ་བ། མཆེ་བ་གཙིགས་པ། གཡས་གྲི་གུག །གཡོན་པ་དང་ཁ་ཊྭཱཾ་ག་བསྣམས་པའོ། དེ་ཡང་གཅེར་བུ་རུས་པ་དང་། མི་མགོས་བརྒྱན་པ། རོའི་སྟེང་དུ་ཞབས་གཡས་བརྐྱང་པས་བཞུགས་པའོ། སྙིང་གའི་ཧཱུྃ་གི་འོད་ཟེར་གྱིས་འོག་མིན་ནས། ལྷ་ལྔའི་ཡེ་ཤེས་པ་སྤྱན་དྲངས་ལ་མཆོད་དེ། ཛཿཧཱུྃ་བྃ་ཧོཿས་བསྟིམ་མོ། ཡབ་ཀྱི་དཔྲལ་བར་པད་ཟླའི་སྟེང་དུ་ཨོཾ་དཀར་པོ། མགྲིན་པར་པད་ཟླའི་སྟེང་དུ་ཨཱཿདམར་པོ། སྙིང་གར་པད་ཟླའི་སྟེང་དུ་ཧཱུྃ་སྔོན་པོ་བསམ་མོ། ཡང་ཧཱུྃ་གི་འོད་ཟེར་གྱི་རིགས་ལྔ་སྤྱན་དྲངས་ལ་མཆོད་དེ། བྱང་ཆུབ་རྡོ་རྗེ་སངས་རྒྱས་ལ། །ཅི་ལྟར་མཆོད་ཅིང་གསོལ་བ་ལྟར། །བདག་ཀྱང་རབ་ཏུ་སྐྱོབ་པའི་ཕྱིར། །ནམ་མཁའི་རྡོ་རྗེ་དེང་བདག་སྩོལ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེཉྩ་ཏུ་མཾ། ཞེས་གསོལ་བ་བཏབ་པ་དང་། གཙོ་བོའི་ཐུགས་ཀ་ནས་ཡུམ་ལྔས་བདུད་རྩིའི་བུམ་པ་ཐོགས་ནས། ཧཱུྃ་ཅི་ལྟར་བལྟམས་པ་ཙམ་གྱིས་ནི། ལྷ་རྣམས་ཀྱིས་ནི་ཁྲུས་གསོལ་ལྟར། །ལྷ་ཡི་ཆུ་ནི་དག་པ་ཡིས། །དེ་བཞིན་བདག་གིས་སྐུ་ཁྲུས་གསོལ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ཤྲཱི་ས་མ་ཡེ་ཧཱུྃ། ཞེས་དབང་བསྐུར་བས། ལུས་ངག་ཡིད་གསུམ་གྱི་སྡིག་སྒྲིབ་དག་སྟེ། །དབང་བཞི་ཐོབ་ནས་ཆུ་ལྷག་མ་ཡར་ལུད་པ་ལས། མི་བསྐྱོད་པས་དབུ་བརྒྱན་པར་བསམ་མོ།
རྡོ་རྗེ་ཕག་མོ་དང་མཁའ་འགྲོ་མ་ལ་རྣམ་པར་སྣང་མཛད། ལྔ་མ་ལ་དོན་ཡོད་གྲུབ་པ། དུམ་སྐྱེས་མ་ལ་འོད་དཔག་མེད། གཟུགས་ཅན་མ་ལ་རིན་ཆེན་འབྱུང་ལྡན་གྱིས་དབུ་བརྒྱན་ནོ།
དཱེ་ནས་ཀ་པཱ་ལར་མ་ད་ན་བླུགས་ལ་ཤ་ལྔ་བདུད་རྩི་ལྔར་སྦྱང་ངོ་། ཡང་ན་ཀ་པཱ་ལར་ལྷ་ལྔ་བསྐྱེད་ལ་བཟླས་པ་བྱས་པས། ཡབ་ཡུམ་གྱི་སྦྱོར་མཚམས་ནས་བདུད་རྩི་བབས་པས། ཐོད་པ་ཁེངས་ནས་ཡབ་ཡུམ་ཀྱང་ཞུ་སྟེ་ཐིམ་པས་དེས་ལྷ་ཚོགས། ༼རྡོ་རྗེ་འཆང་། ནི་གུ་མ། བླ་མ་ཤངས་པ། རྨོག་ལྕོག་པ། སྐྱེར་སྒང་པ། སངས་རྒྱས་གཉན་སྟོན། སངས་རྒྱས་སྟོན་པ། མཁས་གྲུབ་ཤངས་སྟོན། མཁས་གྲུབ་ཚུལ་ཁྲིམས་མགོན་པོ། ཆོས་རྗེ་ཁམས་པའོ།༽ རྣམས་མཆོད་ནས་ལྕེ་ཐོག་ཏུ་བཞག་པས། བདེ་སྟོང་གཉིས་སུ་མེད་པར་བསྒོམ་མོ།
བསྐྱེད་པའི་རིམ་པའོ། དེ་ནས་ལུས་གནད་ཙོག་པུར་བྱས་ལ། ལུས་ཡི་དམ་དུ་བསྐྱེད་པའི་རྩ་དབུ་མ་ཕྱི་དཀར་ལ་ནང་དམར་བ། ཡར་སྣེ་ཚངས་བུག །མར་སྣ་གསང་གནས་སོ། རྩ་རོ་རྐྱང་གཉིས་ཡར་སྣེ་སྣ་སྒོ་གཉིས། མར་སྣ་ལྟེ་འོག་སོར་བཞིར་ཟུག་པའོ། སྤྱི་བོ་བདེ་ཆེན་གྱི་འཁོར་ལོ་རྩ་འདབ་སུམ་ཅུ་རྩ་གཉིས་ཀྱི་ལྟེ་བར་ཧཾ་དཀར་པོའོ། མགྲིན་པ་ལོངས་སྤྱོད་ཀྱི་འཁོར་ལོ་རྩ་འདབ་བཅུ་དྲུག་གི་ལྟེ་བར་ཨོཾ་སེར་པོ། སྙིང་ག་ཆོད་ཀྱི་འཁོར་ལོ་རྩ་འདབ་བརྒྱད་ཀྱི་ལྟེ་བར་ཧཱུྃ་སྔོན་པོ། ལྟེ་བ་སྤྲུལ་པའི་འཁོར་ལོ་རྩ་འདབ་དྲུག་ཅུ་རྩ་བཞིའི་ལྟེ་བར་ཨཱཿདཀར་པོ། དེས་དབུ་མའི་ནང་ལྟེ་འོག་སོར་བཞིར་ཨཱཿདམར་པོ་མཚལ་ཤད་ལྟ་བུ་ཅིག་བསམ་ནས་སྲོག་རྩོལ་གྱི་སྦྱོར་བས། རླུང་གཉིས་ཁ་སྦྱར་བས། ཨཱཿལས་ཡེ་ཤེས་ཀྱི་མེ་འབར་ཏེ། དབུ་མ་ན་ཡར་སོང་བས། ལྟེ་བ་ལ་སོགས་པའི་ཡི་གེ་རྣམས་རིམ་གྱི་བསྲེགས་ཏེ། སྤྱི་བོའི་ཧཾ་ལ་མེ་ཕོག་པས་བདུད་རྩི་བབས་ནས། སྤྱི་བོ། མགྲིན་པ། སྙིང་ག །ལྟེ་བའི་རྩ་འདབ་རྣམས་ཁེངས་པས། ཡི་གེ་རྣམས་གསོས་ནས་འབར་འཛག་ལ་རྩེ་གཅིག་ཏུ་འབད་པས། དྲོད། བདེ་བ། གསལ་བ། མི་རྟོག་པ་དང་གསུམ་འཆར་བར་འགྱུར་རོ། རྫོགས་པའི་རིམ་པའོ།
།དེས་ན་དབུགས་ཕྱིར་འགྲོ་དེ་ཧཱུྃ་མང་པོའི་ཐུགས་རྡོ་རྗེ་དཔག་ཏུ་མེད་པར་གྱུར་ནས། རང་དང་སེམས་ཅན་གྱི་དོན་བྱས་པ་ནི་ཐུགས་ཀྱི་གསང་བའོ། རླུང་ནང་དུ་འཇུག་པ་ནི། ཨོཾ་མང་པོའི་སྐུ་རྡོ་རྗེར་གྱུར་ནས་རང་དང་སེམས་ཅན་གྱི་དོན་བྱས་པ་ནི་སྐུའི་གསང་བ་བསམ་གྱིས་མི་ཁྱབ་པའོ། །རླུང་ནང་དུ་གནས་པ་ཨར་རྒྱུར་པའམ། གསུང་རྡོ་རྗེ་དཔག་ཏུ་མེད་པས་རང་གཞན་གྱི་དོན་བྱས་པ་ནི་གསུང་གི་གསང་བ་བསམ་གྱིས་མི་ཁྱབ་པའོ། དེ་ལྟར་རླུང་འགྲོ་འོང་གནས་གསུམ་རྡོ་རྗེའི་བཟླས་པ་ཡི་གེ་ཨར་འདུས་པ་ནས་ཨཱ་གསལ་ལ་རྟོག་མེད་བདེ་བ་ཆེན་པོའི་རང་བཞིན་ལ་སེམས་རྩེ་གཅིག་ཏུ་གནས་པར་བྱའོ། རྡོ་རྗེའི་བཟླས་པའོ།
དེ་ནས་གཙོ་བོའི་ཐུགས་ཀར་པད་ཉིའི་སྟེང་དུ་ཧཱུྃ་ལས་ཡི་གེ་བདུན་པས་བསྐོར་བའོ། ཡུམ་གྱི་ཐུགས་ཀར་པད་ཉིའི་སྟེང་དུ་བྃ་ལས་བཻ་རོ་ཙ་ནས་བསྐོར་བར་བསམ། དེ་ལྟར་ས་བོན་དང་ཡི་གེ་མི་འཁོར་བ་ལ་གསལ་བར་བལྟས་ནས། ཡིད་ཀྱིས་བཟླས་པ་བྱས་པའི་རྐྱེན་གྱིས་ཡིག་འབྲུ་ལས་འོད་བྱུང་ནས་ཁོང་པའི་ནང་ཁེངས་པས་སྡིག་སྒྲིབ་ཐམས་ཅད་སངས་ཀྱིས་དག་པར་བསམ། བསམ་གཏན་གྱིས་བཟླས་པའོ།
དེ་ནས་རང་ཉིད་ཡུམ་གྱི་ཐུགས་ཀའི་ས་བོན་ལ་སྙིང་པོ་དང་ཉེ་བའི་སྙིང་པོས་བསྐོར་བ་ལ་དམིགས་ནས། བཟླས་པ་བྱས་པས། ཡབ་ཀྱི་ཐུགས་ཀའི་སྔགས་རྣམས་དབུ་མར་བརྒྱུད། རྡོ་རྗེ་ནས་ཡུམ་གྱི་པདྨ་དབུ་མ་ནས་ཡར་སོང་། ཡུམ་གྱི་ཐུགས་ཀའི་སྔགས་དང་བཅས་ཏེ་ཞལ་ནས་གསང་གནས་སུ་འཁོར་བར་བསམ་མོ། ༤༣༥
དེ་ལྟར་སྔགས་འཁོར་བ་དང་དེའི་འོད་ཟེར་རྣམས་བདེ་བའི་རང་བཞིན་དུ་བསམ་ལ་བཟླས་པ་བྱའོ། །ཨོཾ་ཤྲཱི་བཛྲ་ཧེ་ཧེ་རུ་རུ་ཀཾ་ཧཱུྃ་ཧཱུྃ་ཕཊ། །ཌཱ་ཀི་ནི་ཛྭ་ལ་སཾ་བ་ར་སྭཱ་ཧཱ། །སྙིང་པོའོ། །ཨོཾ་ཧྲཱིཿཧ་ཧ་ཧཱུྃ་ཧཱུྃ་ཕཊ། །ཉེ་སྙིང་ངོ་། ཨོཾ་བཛྲ་བཻ་རོ་ཙ་ན་ཡཻ་ཧཱུྃ་ཧཱུྃ་ཕཊ་སྭཱ་ཧཱ། །སྙིང་པོའོ། །ཨོཾ་སརྦ་བུདྷ་ཌཱ་ཀི་ནཱི་ཡཻ། བཛྲ་ཝརྞ་ནི་ཡེ་ཧཱུྃ་ཧཱུྃ་ཕཊ་སྭཱ་ཧཱ། །ཉེ་སྙིང་ངོ་། ཨོཾ་ཌཱ་ཀི་ནི་ཡེ་ཧཱུྃ་ཧཱུྃ་ཕཊ། །ཨོཾ་ལ་མ་ཡཻ་ཧཱུྃ་ཧཱུྃ་ཕཊ། །ཨོཾ་ཁཎྜ་རོ་ཧི་ཡཻ་ཧཱུྃ་ཧཱུྃ་ཕཊ། ཨོཾ་རཱུ་པ་ནི་ཡེ་ཧཱུྃ་ཧཱུྃ་ཕཊ། །ལྷ་མོ་བཞིའོ། ཕྲེང་བའི་བཟླས་པའོ།
།དེ་ནས་ཐུན་མཚམས་སུ་གཏོར་མ་གཏང་བར་འདོད་པས། སུམ་བྷ་ནིས་བསང་། སྭཱ་བྷཱ་ཝས་སྟོང་པར་སྦྱངས། སྟོང་པའི་ངང་ལས་ཡྃ་ལས་རླུང་གི་དཀྱིལ་འཁོར། རཾ་ལས་མེའི་དཀྱིལ་འཁོར། ཀཾ་ལས་མི་མགོ །ཨཱ་ལས་ཐོད་པའི་ནང་དུ་པདྨ་འདབ་མ་བརྒྱད་པའི་དབུས་དང་ཕྱོགས་བཞིར། གོ་ ཀུ་ ད་ ཧ་ ན་སྟེ་ཤ་ལྔ་རི་རབ་ཙམ་མོ། །དབུས་དང་ཕྱོགས་བཞིར། བི་ མུ་ ཤུ མ་ ར་སྟེ་བདུད་རྩི་ལྔའི་རྒྱ་མཚོའོ། །ཨོཾ་ཧཱུྃ་ཏྲཱཾ་ཧྲཱིཿཨཱ་སྟེ་རིགས་ལྔའི་ས་བོན་ལྔའོ། །དེའི་སྟེང་དུ་ཟླ་བའི་ཡི་གེ་གསུམ་དང་བཅས་པ་དང་། དེའི་སྟེང་དུ་ཧཱུྃ་ལས་བྱུང་བའི་ཁ་ཊྭཱཾ་ག་དཀར་པོ་མགོ་བོ་ཐུར་དུ་བལྟ་བ་བདུད་རྩིའི་རང་བཞིན་ཧཱུྃ་གིས་མཚན་པར་བལྟའོ། །དེ་ནས་ཡྃ་ལས་རླུང་གཡོས། རྃ་ལས་མེ་འབར་ཏེ། རྫས་རྣམས་ཁོམ་བ་དང་། ཡི་གེ་གསུམ་བརྗོད་པ་དང་། ཧཱུྃ་གིས་སྦྱངས། ཨཱཿས་དག་པར་བྱས། ཨོཾ་གྱིས་སྤེལ་ནས། ཁ་ཊྭཱཾ་ག་ཧཱུྃ་གི་འོད་ཟེར་གྱིས་ཡེ་ཤེས་བདུད་རྩི་བཀུག་ནས། ཁ་ཊྭཱཾ་ག་ལ་ཐིམ་པ་དང་། དེས་ཉིད་ཀྱིས་དཀྲུགས་པས། ཟླ་བ་དང་བཅས་པ་ཞུ་ནས་གཉིས་སུ་མེད་པར་བསམ་མོ།
།དེས་ནས་མདུན་དུ་དམ་ཚིག་གི་ཙཀྲ་དང་། འགོ་དྲུག་གི་སེམས་ཅན་ཐམས་ཅད་དཔའ་བོ་དང་། དཔའ་མོར་བསྐྱེད་ནས། རྐང་པ་གཡས་པས་གཡོན་པའི་མཐེ་བོང་མནན་ཏེ། འབར་བའི་ཕྱག་རྒྱ་ཕཻཾ་གྱི་སྒྲ་དང་། ཧཱུྃ་འོད་ཟེར་དང་ལྡན་པ། ངག་ཏུ། ཨོཾ་བཛྲ་ཨ་ར་ལི་ཧོ། ཛཿཧཱུྃ་བྃ་ཧོཿ བཛྲ་ཌཱ་ཀི་ནི་ས་མ་ཡ་སྟྭཾ། ཏྲི་ཤྱ་ཧོཿ ཡེ་ཤེས་པ་བསྟིམ་ལ་མཆོད་དོ།
།དེ་ནས་ལྷ་ཚོགས་རྡོ་རྗེའི་སྦུ་གུ་ཅན་རྣམས་ཀྱིས་གསོལ་བར་བསམ་ལ། ཨོཾ་བཛྲ་ཌཱ་ཀི་ནི་ཨི་དཾ་བྷ་ལིང་གྲྀཧྣ་གྲྀཧྣ་ཧཱུྃ་ཧཱུྃ་ཕཊ། ཨོཾ་ཧྲཱིཿཧ་ཧ་ཧཱུྃ་ཧཱུྃ་ཕཊ། ཨོཾ་བཛྲ་བཻ་རོ་ཙ་ནི་ཡེ་ཧཱུྃ་ཧཱུྃ་ཕཊ་སྭཱ་ཧཱ། ཨོཾ་ཌཱ་ཀི་ནི་ཡེ་ཧཱུྃ་ཧཱུྃ་ཕཊ། །ཨོཾ་ལཱ་མ་ཡེ་ཧཱུྃ་ཧཱུྃ་ཕཊ། །ཨོཾ་ཁཎྜ་རོ་ཧི་ནི་ཡེ་ཧཱུྃ་ཧཱུྃ་ཕཊ། །ཨོཾ་རཱུ་པ་ནི་ཡེ་ཧཱུྃ་ཧཱུྃ་ཕཊ། །ཨི་དཾ་བྷ་ལིང་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཞེས་ལན་གསུམ་མམ་ལྔས་དབུལ་ལོ།
།དེ་ནས་དུར་ཁྲོད་ན་གནས་པ་དང་། །འབྱུང་པོའི་ཚོགས་ཐམས་ཅད་ལ་འབུལ་ཏེ། ཨོཾ་ཁ་ཁ་ཁཱ་ཧི་ཁཱ་ཧི། སརྦ། ཡཀྵ། རཀྵ། བྷུ་ཏ། པྲེ་ཏ། བི་ཤཉྩ། ཨུད་མ་ཏ། ཨུ་པ་སྨ་ར། ཌཱ་ཀ་ཌཱ་ཀི་ནྱ་དྷ་ཡ། ཨི་མཾ་བྷ་ལིཾ། གྲིཧྣ་ཏུ། ས་མ་ཡ་རཀྵནྟུ། མ་མ་སརྦ་སིདྷི། མེ་པྲ་ཡཙྪན་དུ། ཡ་ཐེ་བཾ། ཡ་ཐེཥྚན། པུཉྩ་ཐཱ། པི་པཱ་ཐཱ། ཛཱི་ག་ཐཱ། མ་ཏི་ཀྲ་མ་ཐཱ། མ་མ་སརྦ་ཀ་ར་ཏ་ཡ་སད་སུ་ཁཾ། བི་ཤུདྷ་ཡེ་སྭཱ་ཧཱ། ཡི་ཀ་བྷ་ཝན་ཏུ་ཧཱུྃ་ཧཱུྃ་ཕཊ་སྭཱ་ཧཱ། ༼ཟོ་ཟོ་ཟོ་ཅིག་ཟོ་ཅིག་ཐམས་ཅད་གནོད་སྦྱིན་སྲིན་པོ་འབྱུང་པོ་ཡི་དྭགས་ཤ་ཟ་སྨྱོ་བྱེད་བརྗེད་བྱེད་མཁའ་འགྲོ་མ་ལ་སོགས་པ་བདེ་ལེགས་ཐམས་ཅད་བཞེས་སུ་གསོལ། དམ་ཚིག་བསྲུང་དུ་གསོལ། དངོས་གྲུབ་བདག་ལ་སྩོལ་དུ་གསོལ། ཅི་ལྟ་བ་བཞི་དུ་ཅི་ལྟར་འདོད་པ་གསོལ་ཅིག །འཐུགས་ཤིག །དགོངས་ཤིག །མ་འདའ་བར་བདག་གི་དགོས་འདོད་ཐམས་ཅད་རྣམ་པར་དག་པའི་གྲོགས་མཛད་དུ་གསོལ།༽ །གསུམ་ཕུལ་བས་མཉེས་པར་བསམ་མོ།
།བཅོམ་ལྡན་མགོན་པོ་དཔའ་བོ་དབང་ཕྱུག་ནི། །བསྐལ་པའི་མེ་དཔུང་ལྟ་བུ་རབ་ཏུ་འབར། །རལ་པའི་ཅོད་པན་དབུ་ཡི་རྒྱན་དུ་བྱས། །མཆེ་བ་རབ་གཙིགས་དྲག་ཤུལ་འཇིགས་པའི་ཞལ། །སྐུ་ལ་གཟི་བརྗིད་སྤྱན་སྟོང་ལྡན་པ་པོ། །དགྲ་སྟྭ་ཞགས་པ་ཁ་ཊྭཱཾ་མདུང་བསྣམས་ཤིང་། །རབ་འཇིགས་སྟག་གི་པགས་པ་སྐུ་ལ་གསོལ། །སྐུ་ཆེན་དུད་ཀས་བགེགས་འདུལ་མཛད་ལ་འདུད།
།བཅོམ་ལྡན་རྣམ་ཀུན་རྡོ་རྗེ་ཕག་མོ་ནི། །འཇིག་རྟེན་གསུམ་སོགས་ཕྱོགས་གཞན་རྒོལ་བས་མི་ཐུབ་ཅིང་། །འབྱུང་པོའི་འཇིགས་པ་མ་ལུས་རྡོ་རྗེ་ཆེན་པོས་འཇོམས། །རྡོ་རྗེ་གདན་བཞུགས་ཚངས་སོགས་དབང་བྱེད་ལས་རྒྱལ་ཞིང་། །རྡོ་རྗེ་ཕག་མོ་ཁྲོ་མོའི་གཟུགས་ཅན་དྲག་སྙོམས་མ། །རྨུགས་བྱེད་རེངས་བྱེད་རྨོངས་བྱེད་ལས་འདི་རྣམ་རྒྱལ་ཞིང་། །བདུད་ཀྱི་འཇིགས་པ་ལ་སོགས་སྐེམས་ཤིང་ཕམ་པར་མཛད་པ་མོ། །རྣལ་འབྱོར་ཆེན་མོ་འདོད་པའི་དབང་ཕྱུག་མ་ལ་འདུད། །ཅེས་པས་བསྟོད་དོ།
།བཅོམ་ལྡན་བདེ་མཆོག་འཁོར་དང་བཅས། །ཁྱེད་ལ་མཆོད་ཅིང་བསྟོད་པ་འདིས། །རྣལ་འབྱོར་བདག་ཅག་འཁོར་བཅས་ལ། །ནད་མེད་ཚེ་དང་དབང་ཕྱུག་དང་། །དཔལ་དང་གྲགས་དང་སྐལ་བ་བཟང་། །ལོངས་སྤྱོད་རྒྱ་ཆེ་ཀུན་ཐོབ་ཅིང་། །ཞི་དང་རྒྱས་ལ་སོགས་པ་ཡི། །ལས་ཀྱི་དངོས་གྲུབ་བདག་ལ་སྩོལ། །དམ་ཚིག་ཅན་གྱིས་བདག་ལ་བསྲུང་། །དངོས་གྲུབ་ཅན་གྱིས་སྟོང་གྲོགས་མཛོད། །དུས་མིན་འཆི་དང་ནད་རྣམས་དང་། །གདོན་དང་བགེགས་རྣམས་མེད་པར་མཛོད། རྨི་ལམ་ངན་དང་མཚན་མ་ངན། །བྱ་བྱེད་ངན་པ་མེད་པར་མཛོད། །འཇིག་རྟེན་བདེ་ཞིང་ལོ་ལེགས་དང་། །འབྲུ་དང་ཆོས་རྣམས་འཕེལ་བར་ཤོག །བདེ་ལེགས་ཐམས་ཅད་འབྱུང་བ་དང་། །ཡིད་ལ་འདོད་པ་ཀུན་འགྲུབ་ཤོག །ཅེས་པས་འཕྲིན་ལས་གཞོལ་ལོ།
།གང་ཡང་བདག་བློ་གཏི་མུག་པས། །ལེགས་བྱས་འདི་ལ་ཉམས་གྱུར་གང་། །གང་ཕྱིར་ལུས་ཅན་སྐྱབས་གྱུར་པ། །དེ་ཀུན་མགོན་ཁྱོད་བཟོད་པར་གསོལ། །ཅེས་པས་བཟོད་པར་གསོལ།
།ཨོཾ། ཁྱེད་ཀྱིས་སེམས་ཅན་དོན་ཀུན་མཛད། །རྗེས་སུ་མཐུན་པའི་དངོས་གྲུབ་སྩོལ། །སངས་རྒྱས་ཡུལ་དུ་གཤེགས་ནས་ཀྱང་། །སླར་ཡང་འབྱོན་པར་མཛད་དུ་གསོལ། །ཨོཾ་བཛྲ་མུཾཿ །ཅེས་པས་གཤེགས་སུ་གསོལ།
།དགེ་བའི་ཚོགས་རྣམས་བསགས་པ་ཀུན། །བདག་གི་ཡོངས་སུ་བཟུང་མེད་པར། །སེམས་ཅན་མ་ལུས་ཀུན་དོན་དུ། །ཆོས་དབྱིངས་བླ་ན་མེར་པར་བསྔོ། །ཅེས་པས་བསྔོ་བ་བྱའོ།
ལེགས་པའི་ཡོན་ཏན་རབ་རྫོགས་པ། །བླ་མ་ཡི་དམ་བཀྲ་ཤིས་ཤོག །འཕྲིན་ལས་ཐམས་ཅད་བསྒྲུབ་མཛད་པའི། །ཆོས་སྐྱོང་རྣམས་ཀྱི་བཀྲ་ཤིས་ཤོག །ཅེས་པས་བཀྲ་ཤིས་བརྗོད་དོ།
།མངོན་རྟོགས་མུ་ཏིག་ཕྲེང་བ་འདི། །བློ་དམན་བདེ་བླག་རྟོགས་བྱའི་ཕྱིར། །བླ་མའི་གསུང་བཞིན་གནང་བར་ཞུས། །བློ་ལ་འཛིན་རྒྱུ་གུད་དུ་བཀོད། །བཤད་པ་གོང་མའི་མངོན་རྟོགས་ལྟ། །དགེ་བས་འགྲོ་དོན་འབྱུང་བར་ཤོག
།ལྷ་ལྔའི་མངོན་པར་རྟོགས་པ། སྔགས་འཆང་རྒྱལ་མཚན་འབུམ་གྱིས་ཡི་གེར་བཀོད་པའོ། །རྫོགས་སོ།
།འདི་ཇིས་དགེ་བ་དྲི་མེད་དཀར་བ་དེས། །ནམ་མཁའི་མཐའ་ཁྱབ་གྱུར་པའི་སེམས་ཅན་རྣམས། །འཁོར་ལོ་སྡོམ་པའི་གོ་འཕང་མྱུར་ཐོབ་ཤོག །