Blo sbyong brgyud pa'i gsol 'debs dad pa'i gdung sel

From Shangpa Resource Center
Revision as of 14:52, 2 November 2019 by Sengue (talk | contribs)








Resource ID SCv4p703
Title blo sbyong brgyud pa'i gsol 'debs dad pa'i gdung sel
Topics Lineage prayer
Author Jamgön Kongtrül Lodrö Thayé
Link BDRC W23922
Traductions (PDF files) French

༄༅། །བློ་སྦྱོང་བརྒྱུད་པའི་གསོལ་འདེབས་དད་པའི་གདུང་སེལ་ཞེས་བྱ་བ་བཞུགས་སོ།།

ཐུབ་པའི་དབང་པོ་རྒྱལ་ཚབ་བྱམས་པ་དང་། །འཕགས་པ་ཐོགས་མེད་མཁས་མཆོག་དབྱིག་གི་གཉེན། །གྲོལ་སྡེ་རྣམ་གཉིས་གུ་ཎ་མི་ཏྲ་དང་། །སེངྒེ་བཟང་པོའི་ཞབས་ལ་གསོལ་བ་འདེབས། །བྱམས་དང་སྙིང་རྗེ་བྱང་ཆུབ་སེམས་འབྱོངས་ཤིང་། །བློས་བཏང་ཟློག་སྒོམ་ནུས་པར་བྱིན་གྱིས་རློབས།
།གང་སྤེལ་ཀུ་སཱ་ལི་པ་ཆེ་ཆུང་དང་། །གསེར་གླིང་པ་དང་མགོན་པོ་ཨ་ཏི་ཤ། །འབྲོམ་སྟོན་པོ་ཏོ་བ་དང་ཤ་ར་བ། །རྣལ་འབྱོར་འཆད་ཁ་བ་ལ༴ །བྱམས་དང་༴ །བློས་བཏང་༴
སྤྱིལ་བུ་པ་དང་འོད་ཟེར་བླ་མ་དང་། །ལྷ་སྡིངས་བྱང་ཆུབ་འབུམ་པ་ཀུན་རྒྱལ་མཚན། །ཡོན་ཏན་དཔལ་བ་མཁན་ཆེན་བདེ་བ་དཔལ། །བཀའ་བཞི་གྲགས་པ་གཞོན་ནུར་གསོལ་བ༴ །བྱམས་དང་༴ །བློས་བཏང་༴
བྱང་སེམས་བསོད་གྲགས་ཐོགས་མེད་བཟང་པོ་དཔལ། །ཡོན་ཏན་བློ་གྲོས་གཞོན་ནུ་བློ་གྲོས་དང་། །པཎ་ཆེན་ཤཱཀ་མཆོག་ཀུན་དགའ་མཆོག་གྲུབ་མཚན། །རྗེ་བཙུན་གྲོལ་མཆོག་ཞབས་ལ༴ །བྱམས་དང་༴ །བློས་བཏང་༴
ལུང་རིགས་རྒྱ་མཚོ་ཀུན་མཁྱེན་སྒྲོལ་བའི་མགོན། །རྒྱལ་ཚབ་རྣམ་གཉིས་རྣལ་འབྱོར་ཡོན་ཏན་མགོན། །མགོན་པོ་དཔལ་འབྱོར་མགོན་པོ་གྲགས་པའི་མཚན། །མགོན་པོ་རྣམ་པར་རྒྱལ་ལ༴ །བྱམས་དང་༴ །བློས་བཏང་༴
ཚེ་དབང་ནོར་བུ་ཕྲིན་ལས་ཤིང་རྟའི་ཞབས། །བསྟན་པའི་ཉིན་བྱེད་གྲུབ་བརྙེས་བློ་གྲོས་མཚན། །ཀརྨ་ལྷག་མཐོང་གཞན་ཕན་འོད་ཟེར་རྗེ། །བློ་གྲོས་མཐའ་ཡས་ཞབས་ལ༴། །བྱམས་དང་༴ །བློས་བཏང་༴
མཁའ་ཁྱབ་རྡོ་རྗེ་ཞི་བའི་སྙིང་པོའི་ཞབས། །པདྨ་དབང་མཆོག་མཁྱེན་རྩེའི་འོད་ཟེར་སྡེ། །ཉམས་རྟོགས་མཐར་ཕྱིན་ནོར་བུ་དོན་ཀུན་གྲུབ། །རྩ་བརྒྱུད་བླ་མ་རྣམས་ལ༴ །བྱམས་དང་༴ །བློས་བཏང་༴
།སྲས་བཅས་རྒྱལ་བའི་ཐུགས་རྗེ་གཅིག་བསྡུས་སྐུ། །འབྲེལ་ཚད་དོན་ལྡན་མཚུངས་མེད་ཆོས་ཀྱི་རྗེ། །བརྒྱུད་སྲོལ་ཀུན་འདུས་རྩ་བའི་བླ་མ་ལ། །སྙིང་ཁོང་རུས་པའི་གཏིང་ནས་གསོལ་བ་འདེབས། །བྱམས་དང་༴ །བློས་བཏང་༴
།ཞེན་ལོག་ངེས་འབྱུང་གཉིས་པོས་གཞི་བཟུང་ནས། །ཐེག་ཆེན་ལམ་ལས་ཕྱིར་མི་ལྡོག་པའི་གསང་། །ཡང་དག་བྱང་ཆུབ་སེམས་མཆོག་རྣམ་པ་གཉིས། །སྐྱེས་བརྟན་གོང་དུ་འཕེལ་བར་བྱིན་གྱིས་རློབས།
།ཆོས་བརྒྱད་རྨང་སྒྱེལ་བདག་འཛིན་རྩད་ནས་བཅད། །གཞན་གཅེས་གཏིང་ནས་འབྱོངས་ཏེ་ཅི་སྣང་ཀུན། །བྱང་ཆུབ་ལམ་གྱི་གྲོགས་སུ་ཁྱེར་ནུས་པའི། །བློ་སྦྱོང་མཐའ་རུ་ཕྱིན་པར་བྱིན་གྱིས་རློབས།
།དོན་དམ་སྐྱེ་འགགས་གནས་བྲལ་སྟོང་ཉིད་དང་། །ཀུན་རྫོབ་རྟེན་འབྲེལ་སྒྱུ་མའི་ཚུལ་རྟོགས་ནས། །སྲིད་པ་ཇི་སྲིད་མཁའ་ཁྱབ་འགྲོ་བའི་དོན། །ལྷུན་གྲུབ་ཐམས་ཅད་གཟིགས་པར་བདག་གྱུར་ཅིག
།ཅེས་པ་འདིའང་བློ་སྦྱོང་ཁྲིད་ཡིག་གི་ཡན་ལག་ཏུ་བློ་གྲོས་མཐའ་ཡས་ཀྱིས་སྤེལ་བ་ཤུ་བྷཾ།། །།