Ri gong pa'i rnam thar
Resource ID | SCv1p297 |
---|---|
Title | bla ma ri gong pa'i rnam par thar pa |
Alt. title | gnyan ston ri gong pa'i rnam thar |
Topics | Biography |
Associated Person | Sangyé Nyentön |
Link | BDRC W23922 BDRC W3CN766 BDRC W20441 BDRC W1KG1286 |
༄༅། །བླ་མ་རི་གོང་པའི་རྣམ་པར་ཐར་པ་བཞུགས་སོ།།
།ལེགས་པའི་ཡོན་ཏན་མ་ལུས་རབ་རྫོགས་པའི། །དྲིན་ཆེན་བླ་མའི་ཞབས་ལ་གུས་པས་འདུད། །ལུམ་བིའི་ཚལ་མཆོག་ཞིང་རབ་ཡོལ་ཕུ་འདིར། །སཱ་ལ་ལྟ་བུའི་རིགས་སུ་སྐྱེས་གྱུར་ནས། །སངས་རྒྱས་བསྟན་ལ་དད་པས་ཆོས་སྒོར་ཞུགས། །ཐོས་པའི་སྒྲོན་མེས་ཕྱི་ཡི་སྒྲོ་འདོགས་བཅད། །བསམ་པའི་ཤེས་རབ་ནན་ཏན་དཔག་མེད་བྱས། །དེས་ཀྱང་སྤྲོས་པ་ཆོད་པར་མ་གྱུར་པས། །སངས་རྒྱས་དངོས་བསྟན་སྙན་བརྒྱུད་ཞུས་ནས་ནི། །ཡེངས་མེད་སྒྲུབ་ལ་བརྩོན་འགྲུས་བྱས་པ་ཡི། །ད་ལྟ་མཐར་ཐུག་འབྲས་བུ་མངོན་གྱུར་ཏེ། །འདི་རྣམས་བདག་གི་རྣམ་ཐར་ཟུར་ཙམ་ཡིན།
དེ་ལ་རྒྱ་གར་ཤར་ནུབ་ལྷོ་བྱང་རྡོ་རྗེ་གདན་དང་ལྔར་བཀའ་སྤྱད་དཔག་མེད་མཛད་པའི་སྟོབས་ཀྱིས། རྟོགས་ལྡན་གྱི་བླ་མ་བརྒྱ་ལྔ་བཅུས་དབང་བཞི་རྫོགས་སུ་བསྐུར་བའི་དུས་སུ་དཔལ་གསང་བ་འདུས་པ་ལ་སོགས་པ་ཕ་རྒྱུད་ཀྱི་ལྷ་ཚོགས་ཐམས་ཅད་དང་། དགྱེས་པ་རྡོ་རྗེ། བདེ་མཆོག་ལ་སོགས་པ་མ་རྒྱུད་ལྷ་ཚོགས་ཞིང་སྐྱོང་དང་བཅས་པ་ཐམས་ཅད་ཞལ་དངོས་སུ་གཟིགས་ཤིང་དབང་བཞིའི་ཁྱད་འཕགས་ཀྱི་རྒྱུན་མ་ཆད་ཅིང་། བླ་མ་རྣམས་ཀྱིས་ཡེ་ཤེས་སེམས་དཔའ་དངོས་སུ་བསྟིམ་ཞིང་། ཁྱད་པར་དུ་རྩ་བའི་བླ་མ་རྣམ་བཞིའི་ཐུགས་བཅུད་ཀྱི་སྙིང་ཁུ་སྙན་བརྒྱུད་ཞལ་གྱི་བདུད་རྩི་ལ་དམ་ཉམས་དང་ཚིག་གི་བརྒྱུད་པས་བར་དུ་མ་ཞུགས་ཤིང་། རང་གཞན་གྱི་དོན་ཕུན་སུམ་ཚོགས་པར་འབྱུང་བའི་ཚེ་གཅིག་ལུས་གཅིག་ཏུ་རྡོ་རྗེ་འཆང་གི་གོ་འཕང་ལ་འགོད་པར་མཛད་པས། སངས་རྒྱས་ཀྱི་བརྒྱུད་པ་ལ་གང་ཟག་གིས་ལྷད་མ་ཞུགས་པའི་བྱིན་རླབས་ཀྱི་བཀའ་བརྒྱུད། རྒྱ་བོད་ཐམས་ཅད་དུ་རྩོད་མེད་དུ་གྲགས་པའི་བླ་མ་ཤངས་པ་དུ་གུ་པས་རིམ་པར་ཆིག་བརྒྱུད་དུ་བྱིན་གྱིས་བརླབས་པའི་ཆོས་རྗེ་རིན་པོ་ཆེ་འགྲན་ཟླ་དང་བྲལ་བའི་དཔལ་སྐྱེར་སྒང་པས་རྗེས་སུ་བཟུང་ཞིང་། ཡི་དམ་གྱི་ལྷ་ཚོགས་དང་། དཔའ་བོ་ཌཱ་ཀི་དང་ཡེ་ཤེས་ཀྱི་ཆོས་སྐྱོང་བའི་སྲུང་མ་དང་བཅས་པ་ཐམས་ཅད་ཀྱིས་དབང་བཞི་རྫོགས་སུ་བསྐུར་ནས། དངོས་སུ་བྱིན་གྱིས་བརླབས་ཤིང་རྣམ་དག་བདེ་བ་ཆེན་པོའི་ལུང་བསྟན་མཐའ་དག་ཐོབ་པའི་ལྡོམ་བུ་བ་བདག་གི་སྐྱེས་ཡོལ་གྱི་མདའ། རུས་ནི་གཉན་ཡིན་ནོ། །དེ་ཡང་དང་པོ་ནས་ཁོ་བོ་མ་བཅོས་ཞེན་བྲལ་གྱི་བློ་དང་ལྡན་པས་ཟས་གོས་དང་ལོངས་སྤྱོད་ཐམས་ཅད་ལ་སེར་སྣའི་མདུད་པས་མ་བཅིངས་བ་ཆགས་ཐོགས་མེད་པའི་སྦྱིན་པ་གཏོང་བ་ལ་ཤིན་ཏུ་སྤྲོ་བ། ཡིད་གཞུངས་ཤིང་ཉེས་དམིགས་ཤེས་པའི་ཤེས་རབ་དང་ལྡན་པས་འཁོར་བ་འདི་སྡུག་བསྔལ་གྱི་རང་བཞིན་ཅན་བདེ་བ་སྐད་ཅིག་ཀྱང་མེད་བའི་གནས་ལྟ་བུར་གོ་བ་གཅིག་བྱུང་། དེ་ལྟར་གོ་བས་འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོ་ཆེན་པོ་འདི་བསྒྲལ་བ་ལ། དལ་འབྱོར་གྱི་གྲུ་གཟིངས་མི་ལུས་རིན་པོ་ཆེ་འདི་ལྟ་བུ་གཅིག་དགོས་པར་འདུག །འདི་ཡང་རྙེད་པར་དཀའ་བ་ལས་རྙེད་འདུག་པས། ད་རེས་བརྒྱ་ལ་ལན་ཅིག་རྙེད་པའི་དུས་འདིར་དོན་ཡོད་པར་བྱས་ལ། རང་གཞན་གྱི་དོན་ཐམས་ཅད་འགྲུབ་པར་བྱེད་དགོས། དེ་བྱེད་པ་ལ་ཡུལ་ཞིང་ཁང་ཁྱིམ་ཉེ་དུ་འབྲེལ་པ་གང་ལ་ཡང་མ་ཆགས་པར་རབ་ཏུ་བྱུང་དགོས་པར་འདུག་སྙམ་ནས་ལོ་བཅུ་གཅིག་ལ་གོང་བུ་མཁར་སློབ་དཔོན་སྟོན་ཡེས་ལ་ཆོས་སྒོར་ཞུགས། བཅུ་བདུན་ལ་མཁན་པོ་བྱང་ཆུབ་སེམས་དཔའ་ཅན་དུ་དགེ་ཚུལ་བྱས། ཉི་ཤུ་པ་ལ་མཁན་པོ་བཟད་པ་ཅན་དུ་བསྙེན་རྫོགས་བྱས་ནས་མཁན་པོ་དང་མགར་འཕྱར་གཉིས་ལ་འདུལ་བ་མདོ་རྩ་ལོ་གསུམ་ཉན། དེ་ནས་མཁན་པོ་ལ་ཉི་ཁྲི་ལེ་བརྒྱད་མ་ནས་ཤེར་སྙིང་ཡན་ཕར་ཕྱིན་རྣམས་ཉན། འབྲེལ་ཆུང་ལ་བཤད་པ་མང་དུ་བྱས། སློབ་དཔོན་ཨེ་པ་ལ་ཚད་མ་རྣམ་ངེས་དང་ཚད་མ་ཆོས་མཆོག །དབུ་མ་ཚར་གསུམ། བསླབ་བཏུས། སྤྱོད་འཇུག་དང་བཅས་པ་མང་དུ་ཉན། བླ་མ་གྲགས་པ་རྒྱལ་མཚན་ལ་རྒྱུད་གདམས་ངག་དང་བཅས་པ་ཞུས། ཞི་བྱེད་དང་ཕག་མོའི་ཆོས་དྲུག་ཁ་རག་སྐོར་གསུམ་དང་། ནཱ་རོའི་ཆོས་དྲུག །སོ་ཆུང་བའི་གདམས་ངག་རྣམས་མང་དུ་ཞུས་ཀྱང་གཞུང་དང་གདམས་པའི་སྤྲོས་པ་ཨན་ཙམ་མ་ཆོད་པར་ད་དུང་ཐོས་པ་ཨན་ཙམ་བྱ་དགོས་སྙམ་ནས་གསེར་དང་དར་ཟབ་མང་པོ་གྲབས་བྱས་ནས་ཆོས་ཉན་དུ་འགྲོ་སྙམ་ཙ་ན། ལ་སྟོད་ འཁྱམས་པོ་བ་བྱ་བ་ཐོས་པ་མང་པོ་སྟབས་ཅིག་ཏུ་བྱས་པའི་མཆེད་གྲོགས་གཅིག་ཡོད་པ་དེ་གུང་བུ་མཁར་དུ་བྱུང་ནས། ནམ་སྲོད་ལ་ཁོ་ཇ་ལྷབ་ཚོས་བྱས་པའི་ཇ་གོར་ལ་ཆོས་ཀྱི་ལོ་རྒྱུས་མང་དུ་བྱས་པས། ཁོ་ན་རེ་ཐོས་པ་ཡང་དེ་ཙམ་ཡིན། ཤེས་བྱ་ལ་མཐའ་ཆོད་དུས་མེད་པས་སྨིག་རྒྱུ་དང་འདྲ། ད་སྒྲུབ་པ་གཅིག་ཉམས་སུ་ལེན་པ་ཁེ་ཆེ། ངས་དབུས་གཙང་ཁམས་གསུམ་དུ་ཕྱིན་ནས་བླ་མ་མང་དུ་བཙལ། ཁྱད་པར་ཆོས་རྗེ་འབྲི་གུང་པ་དང་། དྲིན་ཅན་སྐྱེར་སྒང་པ་དང་། མདོ་པོ་བ་དང་། ས་སྐྱ་པ་རྣམས་བསྟེན་པ་ཡིན་ཏེ། གང་བས་ཀྱང་སྒོམ་བའི་སྟོབས་དང་ཡོན་ཏན་ཀུན་ལས་ཆེ་བ་མཚུར་ཕུ་ན་བླ་མ་སྐྱེར་སྒང་པ་བྱ་བ་སངས་རྒྱས་དངོས་བཞུགས་ཤིང་འདུག་པས་དེར་འདེངས། ངས་ཀྱང་ཨན་ཙམ་ཞིག་བསྡད་པས་སྒྱུ་ལུས་ཀྱི་དགེ་སྦྱོར་བཟང་པོ་བྱུང་ཟེར་ནས་རྣམ་ཐར་ཐོས་པ་ཙམ་གྱིས་མཆི་མ་ཁྲག་ལྟར་འཛག་པའི་མོས་གུས་ཆེན་པོ་ཡང་སྐྱེས། མྱུར་དུ་མཇལ་བའི་སྨོན་ལམ་དང་གསོལ་བ་དྲག་པོ་ཡང་བཏབ། དེ་ནས་སང་འགྲོ་གནང་འགྲོ་ལ་སྟོན་ཐོན་པའི་དཔྱིད་སྐྱེར་སྒང་དུ་མཇལ་མ་ཐག་ཏུ། བླ་མའི་ཞལ་ནས། ཁ་ནིང་སྟོན་ཀ་རི་པོད་སྟི་ཞིག་གི་ཁང་པའི་སྟེང་ན་ནམ་སྲོད་ན་ཇ་གོར་གཅིག་ནར་མ་ལ་མཁར་སྐྱ་ཕྱང་ངེ་བ་ལ་གསོལ་བ་འདེབས་པ་དེ་ཀ་ཁྱོད་དུ་འདུག་པས། སང་འོང་གནང་འོང་ལ་དེ་ལས་མི་ཐོན་པ་ཅི་ཙུག་སོང་ཟེར་བས། དེ་བྲེལ་བ་གཅིག་གིས་མ་ཐོན་པ་ལགས། ད་བླ་མ་ཤངས་པའི་ཆོས་རྣམས་མ་ལུས་པར་ཞུ་དགོས་བྱས་པས། སྤྱིར་བླ་མ་ཤངས་པའི་ཆོས་འདི་དཔའ་བོ་དང་ཌཱ་ཀི་དངོས་སུ་འདུ་བ་ཡིན་པས་བཀའ་དོག་པར་ཡོད་དེ། ཁྱོད་ལ་ཆིག་བརྒྱུད་རྣམས་མ་ལུས་པར་བྱ། ཁྱོད་ཀྱི་སློབ་དཔོན་ཞང་བཙུན་དེ་ལ་ངས་ཕན་བཏགས་ནས་ཡོད། ཁོ་སྐྱེ་བ་སྔ་མ་རྒྱ་གར་དུ་སློབ་དཔོན་སྔགས་པ་གཅིག་གི་ཆུང་མ་ལ་བཤེས་པའི་རྣམ་སྨིན་གྱིས་སྨྱོ་བ་ཡིན་ཏེ། རྐྱེན་ལོ་རོ་རྒྱལ་པོས་བྱས་ནས་ཁོང་ལ་གནོད་པ་སྐྱེལ་ཅིང་མཆོད་རྟེན་གཅིག་གི་འོག་ཏུ་འགྲོ་ཞིང་འདུག །ངས་རྒྱལ་པོ་དེ་བརྟུལ་ནས་ཡོད། མྱུར་དུ་འཆི་བར་འདུག་པ་ལ་ལོ་གསུམ་གྱི་ཚེ་བསྲིང་ནས་ཡོད་གསུངས། དེ་ནས་མཚོན་ཆ་ཅན་གྱི་དབང་བསྐུར་ཞུས། ཕྱག་རྒྱ་ཆེན་པོའི་ཁྲིད་མཛད་ནས་དབྱར་སྐྱེར་སྒང་དུ་བསྡད། དེའི་དུས་སུ་སྒྲོལ་མ་དཀར་མོ་དེ་ཞལ་མཐོང་སྒྲུབ་ཐབས་ལས་ཚོགས་དང་བཅས་པ་གསུངས། དེ་ནས་སྒྱུ་ལུས་ཀྱི་ཁྲིད་བྱས་ནས་ཡེངས་པ་མེད་པར་བསྒོམས་པས་དགེ་སྦྱོར་བཟང་པོ་བྱུང་། མཚུར་གྱི་མདར་རྒྱགས་གྱི་ན་ཙམ་བླངས། འཕྲང་འཇིགས་པ་ཅན་དང་འཁྲུག་པའི་གསེབ་ཏུ་ཉལ་བསྡད་པས། མི་མང་པོ་བྱུང་ནས་བཙུན་པ་ཁྱོད་སྲད་མ་ཅན་གཅིག་སྐྱེལ་མ་མེད་པ་འཕྲང་དང་དམག་གསེབ་ཏུ་མ་སྡོད་དགྲ་འོང་ཟེར་བ་ལ། རང་གཞན་དགྲ་གཉེན་འཐབ་རྩོད་ལ་སོགས་པ་ཐམས་ཅད་མི་བདེན་པའི་རང་བཞིན་དུ་འདུག་སྙམ་ནས་སྒྱུ་མ་རང་ཤར་བཟང་པོ་ཡང་བྱུང་། སྣང་བ་ཐམས་ཅད་བདེན་མེད་དུ་རྟོགས་པའི་སྟོབས་ཀྱི་དགྲ་དང་འཇིགས་པ་ཡང་མ་བྱུང་། མདོར་ན་སྣང་གྲགས་ཀྱི་ཆོས་ཐམས་ཅད་མི་བདེན་པར་འོལ་གྱིས་ཐལ་ཏེ། དེ་ནས་བདག་འཛིན་འདི་གཏིང་ནས་བློ་ཡིས་ཐོང་པ་ཞིག་བྱུང་ཡང་། སྔོན་གྱི་ལས་ངན་གྱི་ཤུགས་ཤིག་གིས་ལན་པ་འདྲ། གསང་བའི་གེགས་ཤིག་བྱུང་ནས། ང་ལ་བླ་མའི་མོས་གུས་དང་དགེ་སྦྱོར་གྱི་སྐྱེ་ཚུལ་འདི་ལྟ་བུ་ཡོད་པ་ལ་གེགས་འོང་མི་ཐད་སྙམ་ཙ་ན། རྨི་ལམ་དུ་མི་ནག་པོ་གཅིག་བྱུང་ནས།
སྐྱེ་བ་མང་པོའི་སྔོན་རོལ་ཏུ། །ལས་ངན་གཅིག་གི་རྣམ་སྨིན་ཡིན།
།ཟེར་ནས་མི་སྣང་བར་ཐལ། དེ་ནས་བླ་མའི་སྤྱན་སྔར་ཕྱིན་ནས་ང་ལ་དགེ་སྦྱོར་གྱི་སྐྱེ་ཚུལ་དང་། བླ་མའི་མོས་གུས་ཐུན་མོང་མ་ཡིན་པ་འདི་ལྟ་བུ་ཡོད་པ་ལ་འོང་མི་ཐོང་བའི་གེགས་ཤིག་བྱུང་ཞུས་པས། བླ་མའི་ཞལ་ནས། མདང་མི་ནག་པོ་གཅིག་བྱུང་བ་དེ་མགོན་པོའི་འཁོར་ཡིན། དེས་ཟེར་བ་བཞིན་དུ་ཁྱོད་ཀྱི་སྐྱེ་བ་མང་པོའི་སྔོན་རོལ་དུ། རྒྱ་གར་དུ་བྲམ་ཟེ་གཅིག་ཏུ་སྐྱེས་བའི་དུས་སུ་རུས་གཅིག་པ་ལ་ཤི་ལ་ནོངས་པའི་ལས་ངན་གྱི་འབྲས་བུས་ད་རེས་དགེ་སྦྱོར་བཟང་པོ་སྐྱེས་པས་འདིར་གསང་བའི་གནས་སུ་སྨིན་པ་ཡིན། ད་ཚེ་འཁོར་བ་ཐོག་མ་མེད་པ་ནས་ལས་ཀྱི་རྣམ་སྨིན་བག་ཆགས་དང་བཅས་པ་ཐམས་ཅད་དག་ནས་འགྲོ་བར་འདུག །གེགས་འདི་སེལ་བའི་བླ་མ་གཅིག་དང་མཇལ་བར་འདུག་གིས། གསུངས་ནས་ངའི་འདས་མ་འོངས་ཀྱི་སྐྱེས་རབས་དང་། བླ་མ་རང་གི་འདས་མ་འོངས་ཀྱི་འཁྲུངས་རབས་གཉིས་པོ་ཐོ་རེ་བ་གཅིག་སྔ་མ་བས་ཀྱང་ནན་ཏན་དང་བཅས་ནས་གསུངས། ཁྱོད་ཀྱི་དགེ་སྦྱོར་གྱི་སྐྱེ་ཚུལ་འདི་ལྟ་བུ་སུ་ལའང་བྱུང་བ་མེད་པས། ལོ་ཟླ་ཙམ་གྱིས་སངས་རྒྱ་བ་ཡིན་པས་ལེ་ལོ་མ་བྱེད། སྤྱིར་བླ་མ་ཤངས་པ་ལ་རྒྱ་གར་ན་བླ་མ་བརྒྱ་དང་ལྔ་བཅུ་ཡོད་པ་ལས། དེ་རྣམས་ཞལ་འཆམ་པར་ཁྱུང་པོ་རྣལ་འབྱོར་ཁྱོད་དགེ་སྦྱོར་སྐྱེ་ཚུལ་བཟང་པོ་ཡིན། ཁྱོད་ཀྱི་འདི་ལྟ་བུ་རྒྱ་གར་ཤར་ནུབ་གར་ཡང་མ་བྱུང་ཟེར་བར་འདུག །བླ་མ་ཤངས་པའི་ཞལ་ནས་རིན་ཆེན་བརྩོན་འགྲུས་ཀྱི་དགེ་སྦྱོར་སྐྱེ་ཚུལ་འདི་ལྟ་བུ་ང་ལ་ཡང་མ་བྱུང་བས་ང་ལས་ཁྱོད་བཟང་འདུག་པས་ང་བ་ཡིན། དབོན་སྟོན་ཁྱོད་མཛོ་ཡིན་པས་བ་ལ་མཛོ་སྐྱེས་བྱ་བ་ཡིན་ནོ་གསུངས་སོ། །ང་ལ་དགེ་བཤེས་ཡོལ་པ་ཁྱོད་ཡོན་ཏན་གྱི་འཆར་ཚུལ་བཟང་བ་ཡིན་པས་རང་གཞན་གྱི་དོན་ཐམས་ཅད་མྱུར་དུ་འགྲུབ་ནས་འོང་བར་འདུག་གོ་གསུངས། དེ་ནས་ཡང་ཅུང་ཞིག་ལོན་ཙ་ན། དགོང་ཞིག་མགོན་པོའི་གཏོར་དབང་མཛད། ཞལ་གདམས་ལྷག་མ་རྣམས་གནང་ནས། ད་མགོན་པོ་འདི་ཁྱོད་ལ་བྲན་བཞིན་དུ་ཉན་ཅིང་། ཞལ་མྱུར་དུ་མཐོང་བར་འདུག་ཅིག་གསུངས་སོ། །དེ་ནས་ཡང་ནང་པར་ནམ་ལངས་ཁར་སོང་ཙ་ན། བླ་མའི་ཞལ་ནས་ཕྱིར་བསེང་པ་ལ་འདོང་གསུངས་ནས་ཕྱིན་པའི་དུས་སུ་ནག་ཧྲང་པ་ཡ་ཀི་ལྟོས་དང་གསུངས་ནས་བལྟས་པས། ཡེ་ཤེས་ཀྱི་མགོན་པོ་མེ་དཔུང་འབར་བའི་ཀློང་ན་ཞབས་གཉིས་འགྲོ་འཕྲོ་ལ་འཆམས་པ་འདྲ་བ། ལྗགས་འདྲིལ་ཞིང་ཞལ་ལ་ཧེ་བྱས་པ་འདྲ་བ་གཅིག་བཞུགས་ཤིང་འདུག་པ་ཞལ་མཐོང་ངོ་།
།དེ་ནས་ཀྵེ་ཏྲ་པ་ལས་མི་སྙིང་དམར་ཙ་རེ་བ་ཞིག་ཁྱེར་ནས་གཙོ་བོ་ལ་སྟོབ་ཅིང་འདུག་པས། བླ་མ་ལ་འདི་ལྟ་བུ་གཅིག་གདའ་ཞུས་པས། ངས་མ་ཚོར་བར་ཀྵཱཻ་ཏྲ་པཱ་ལ་འདིས་མི་བསད་ནས་འོང་བ་མི་ཞིག་ཆུ་བསྐོར་ལ་གནོད་པ་བྱས་པ་མིན་ནམ་ལྟོས་དང་གསུངས་ནས་བལྟས་པས། སྟེ་སྦད་བརྐུས་ནས་ཕྱིན་པས་ཁོ་ཕ་ཚད་ལ་ལྟག་པ་ཆག་སྟེ་ཤི་ནས་འདུག །དེ་ལ་བླ་མས་བདུན་ཚིགས་མཛད་ངས་ཀྱང་གྲོགས་བྱས། དེ་ནས་ཡང་བླ་མའི་ཞལ་ནས་ངས་མར་མེ་གཅིག་ནམ་མཁའ་ལ་ཁྱེར་བའི་འོད་གཅིག་ཁྱོད་ལ་ཕོག་ནས་ཡོད་པས་དམིགས་པ་འདི་བསྒོམ་ལ་གསོལ་བ་ཐོབ་དང་དགེ་སྦྱོར་བཟང་པོ་ཞིག་སྐྱེ་བར་འདུག་གསུངས་ནས། བྲག་ཁ་གཅིག་ཏུ་གསོལ་བ་དྲག་པོ་གདབ་བས་སུ་ཁ་མ་སིདྡྷི་བྱོན་ནས་རིག་པ་རྟེན་མེད་དུ་ཞོག་དང་རྣལ་འབྱོར་པ་ལན་གསུམ་གསུངས་ནས། རྟོག་པའི་ངོ་བོ་ལ་དེ་ལས་བོགས་འདོན་རྒྱུ་མ་བྱུང་། ཡང་ཉིན་གཅིག་སྐར་ཆུང་པའི་བཙུན་ཆུང་གཅིག་གིས་དྲོ་བྱས་ཇ་ཕུད་བསྐོལ་ནས་ཁོ་ཕྱིར་སོང་། དེའི་དུས་སུ་སྒྱུ་ལུས་ལ་འདུན་པ་བཏང་བའི་དུས་སུ་ཁྱིའུ་ཆུང་གཞོན་ནུ་ལང་ཚོ་དར་ལ་བབས་པ་ལོ་བཅུ་དྲུག་ལོན་པ་རིན་པོ་ཆེས་བརྒྱན་པ་གསུམ་བྱུང་ནས། ང་ལ་ཕྱག་དང་བསྐོར་བ་མང་དུ་བྱེད་ཅིང་འདུག་ནས་ཁྱོད་རྣམས་སུ་ཡིན་བྱས་པས། ངེད་རྣམས་ཆུ་བདག་བ་རུ་ཎ་བྱ་བ་ཡིན། ཆར་འབེབས་དང་ནོར་སྒྲུབ་ཀླུ་དང་ས་བདག་འདུལ་བའི་ཐབས་ཚིགས་ཆུང་ལ་དོན་ཆེ་བ་འདི་ཡང་འབུལ། དུས་ད་ནས་བཟུང་སྟེ་རྣམ་པ་ཐམས་ཅད་དུ་བླ་མ་དུས་གསུམ་སངས་རྒྱས་ཁྱེད་ལ་ཅི་དགོས་པ་ཐམས་ཅད་བསྒྲུབ་པ་ཡིན་པས་སྐད་ཅིག་ཀྱང་མི་འབྲལ་ཞིང་ཐུགས་རྗེས་གཟིགས་པ་ཞུ་ཞེས་ཟེར་ནས་སྒྲུབ་ཐབས་ལས་ཚོགས་དང་བཅས་པ་ལན་གསུམ་དུ་དཔོད་ནས་བསྐོར་བ་བདུན་བྱས། མེ་ཏོག་གི་ཆར་ཆེན་པོ་ཕབ་ནས་མི་སྣང་བར་ཐལ། ཚོགས་སུ་ཆོས་ཉན་དུ་ཕྱིན་ཙ་ན་ཐུགས་རྗེ་ཆེན་པོ་ཕྱག་སྟོང་སྤྱན་སྟོང་དེ་ཡང་བླ་མ་དང་དུས་མཉམ་དུ་ཞལ་མཐོང་། དེ་དུས་སུ་བླ་མའི་ཞལ་ནས་མི་དཀར་པོ་ཕུབ་དང་ཞོལ་དུ་བཅས་པ་གཅིག་འདུག་སྟེ་སུས་ངོ་ཤེས་གསུངས་པ་ལ་ཁོ་བོ་མིན་པ་ངོ་ཤེས་པ་མ་བྱུང་ངོ་། །ཕྱག་བཞི་པ་གཙོ་འཁོར་དང་བཅས་པ་དང་། ཁ་སར་པཱ་ཎི་ཡང་ཞལ་མཐོང་ངོ་། །ཆོས་ཀྱང་མང་དུ་གསུངས། དགྱེས་པ་རྡོ་རྗེ་སྐུ་གསུང་ཐུགས་ཀྱི་བདག་ཉིད་དཀར་དམར་མཐིང་གསུམ་ཡང་ཞལ་མཐོང་། ཟླ་བའི་ནང་དུ་རྗེ་བཙུན་མ་ཕག་མོ་བྱོན་ནས་བྱིན་རླབས་འཕེལ་ཐབས་ལ་སོགས་པ་གསུངས། དེ་རྣམས་ཉམས་སྣང་ནི་མ་ལགས། དེ་ནས་རྒྱགས་གཅིག་བླངས་ནས་སྟོན་སྐྱེར་སྒང་དུ་བསྡད་པས་གསང་སྔགས་ཀྱི་རྗེས་སུ་ཡི་རང་ལ་སོགས་པའི་ལྷག་མ་གཅིག་ཀྱང་མ་ལུས་པར་གནང་། དེ་དུས་བླ་མ་རང་གི་སྐྱེས་རབས་དང་། ངའི་འདས་མ་འོངས་ཀྱི་སྐྱེས་རབས་སྔར་བས་ཞིབ་རྒྱས་དང་བཅས་པ་དང་། ཚེ་འདིའི་ཚེ་ཚད་དང་བཅས་པ་ཡང་གསུངས། ཡང་བླ་མའི་ཞལ་ནས། ཐང་སྔོ་ཆམ་པ་གཅིག་གི་དཀྱིལ་ན། རི་པོ་ཏོ་གཅིག་འདུག །དེའི་ཁར་ཁྱོད་ཀྱི་དགོན་པ་འོང་བར་འདུག་པས། དེའི་དུས་སུ་སྦས་པའི་རྣལ་འབྱོར་གྱིས་ལ། ཆང་འཐུང་། དགོང་ལྟོ་ཟོ། འཁོར་སྣ་ཚོགས་སུ་བསྟེན། ཁོང་བཙུན་པ་ལ་མི་བརྩི་བར་འདུག་ཟེར་བ་ཡང་འབྱུང་ངོ་། །གོས་བཟང་པོ་མ་གོན་པར་དུག་པོའི་གསེབ་ན་སྟག་ཏུ་ཉལ་བ་གཅིག་གྱིས་ལ། ཆོས་ཐམས་ཅད་ཀྱི་མགོ་སེམས་བསྐྱེད་དང་། མཇུག་ཏུ་བསྔོ་བ་མ་བྱེད་སྒྲུབ་ཐབས་དང་གདམས་ངག་ལ་ཡང་ཆེ་བརྗོད་མ་བྱེད་པར་མི་ཤེས་པ་བཞིན་གྱིས་ལ་སྟོན། སྤྱིར་ཁྱོད་ལ་ཆོས་འབྲེལ་ཐོབ་པ་མང་དུ་འོངས། ཁྱད་པར་དུ་གྲུབ་ཐོབ་ཀྱི་བརྒྱུད་པ་ཟིན་ངོ་ཤེས་པའི་སློབ་མ་བཅུ་ཐམ་པ་འོང་བར་འདུག །ངའི་རྨི་ལམ་ལ་བླ་མ་ཤངས་པའི་རིང་བསྲེལ་ཨན་གཅིག་འདུག་པ་མི་ལག་དེང་དེང་བྱེད་པ་བཅུ་ཐམ་པ་བྱུང་ནས། དེ་རྣམས་ཀྱིས་རིང་བསྲེལ་རེ་རེ་ཁྱེར་ནས་སོང་། ཁྱེད་རྣམས་སུ་ཡི་འཁོར་ཡིན་བྱས་པས། དེ་རྣམས་ན་རེ། སངས་རྒྱས་གཉན་སྟོན་གྱི་འཁོར་ཡིན་ཟེར་བས། ད་གདོད་ཁྱོད་ལ་སངས་རྒྱས་གཉན་སྟོན་དུ་གྲགས་པ་གཅིག་ཡོང་བར་འདུག །ཚོགས་པ་བརྒྱ་ཚོ་སྟོང་ཚོ་བས་སློབ་མ་རེ་རེས་དགའ་བ་ཡིན། ད་རེས་སྐྱེ་བ་འདི་ལ་འོ་སྐོལ་གཉིས་ལ་ཕུན་སུམ་ཚོགས་པའི་གདུལ་བྱ་མེད། སྐྱེ་བ་འདིའི་ཕྱི་མ་ལ་གདུལ་བྱའི་ཞིང་ཁམས་འཁོར་དང་སྐུ་ཚེའི་ཚད་མཛད་པ་ཕྲིན་ལས་ལྷུན་གྱིས་གྲུབ་པ་ཕུན་སུམ་ཚོགས་པ་རྒྱུན་ཆད་མེད་པར་དཔག་པར་དཀའ་ཞིང་། བརྗོད་པར་མི་ནུས་པ་སེམས་ཅན་དཔག་ཏུ་མེད་པ་སྨིན་ཅིང་གྲོལ་བར་བྱེད་པར་འདུག་པས་ཐེ་ཚོམ་དང་ཡིད་གཉིས་མི་དགོས་པར་འདུག་གོ། །སྐྱེ་བ་འདིར་ཡང་ཁྱོད་མཐོང་བ་དང་། ཐོས་པ་ཐམས་ཅད་ངན་འགྲོ་ལོག་པར་མི་ལྟུང་། ཆོས་འབྲེལ་ཐོགས་པ་དང་། མོས་གུས་ཡོད་པ་ཐམས་ཅད་སྐྱེ་བ་ཕྱི་མ་ལ་ཞིང་ཁམས་རྣམ་པར་དག་པར་འཁོར་གྱི་དང་པོར་གྱུར་ནས་བདུད་རྩི་འཐུང་བར་གདའ། ཉམས་རྟོགས་ཡོང་བ་སྨོས་ཅི་དགོས་གསུངས་ནས་རྣམ་དག་བདེ་བ་ཆེན་པོའི་ལུང་བསྟན་མཐའ་དག་བཀའ་བརྒྱ་དང་བཅས་པ་གསུངས། ད་ལྟ་ཡང་དབུས་གཙང་ཁམས་གསུམ་གྱི་གྲྭ་པ་འདི་རྣམས་ཀྱི་ནང་ནས་ཁྱོད་རང་ཆིག་བརྒྱུད་ཡིན་པས། བླ་མ་ཤངས་པའི་གདམས་ངག་ཁྱད་འཕགས་རྣམས་གཞན་ལ་གཅིག་ཀྱང་མ་བྱིན་པར་ཁྱོད་རང་ལ་སྤུངས་པ་དེ་ཡིན་གསུངས་ནས་དབུ་བསྙུང་ཀྱང་གནང་། གདམས་པའི་གནད་རྣམས་ཟིན་བྲིས་བྱས་ནས་སྤྱན་སྔར་ཞུས་དག་ཀྱང་བྱས། ང་ལས་གདམས་ངག་ཆེ་བ་མེད་སྙམ་པའི་ང་རྒྱལ་ཡང་བྱུང་། སྐྱེར་སྒང་དུ་དབྱར་དགུན་བཅུ་གསུམ་དུ་བསྡད་ནས་སྒྲུབ་པ་ཚུལ་བཞིན་བྱས། བླ་མའི་ཐུགས་དགོངས་ཀྱང་རྫོགས་པར་བྱུང་བ་ལགས། དེ་ནས་འབྲི་གུང་དུ་བླ་མ་གཙང་པ་ཅན་དུ་ཕྱིན་ནས་གདམས་པ་ཞུས་ཀྱང་གེགས་ཨན་ཙམ་དེ་ལ་ཕན་པ་མ་བྱུང་ནས། ཡོལ་དུ་ཡོང་སྟེ་གུང་བུ་མཁར་དུ་ཚོགས་འཁོར་གཅིག་བྱས་པའི་དུས་སུ་ཐོད་པ་རྒྱན་ནེའི་ཞལ་ནས་ཚོགས་འཁོར་ད་བཟང་སྟེ་འདི་རྣམས་ཞིང་མ་དག་གསུངས། དེས་ན་ཞིང་དག་པ་གལ་ཆེ་བར་འདུག །དེ་དུས་སུ་རྗེ་བཙུན་མ་དེས་ཟས་ནོར་འདུ་བ་ལ་སོགས་པའི་གདམས་པ་ཡང་ཞུས། དེ་ནས་ཤུ་ལོ་སྤང་ཁར་ཕྱིན་ནས་ད་ཡང་ན་ཤི་བ་གཅིག་དང་། ཡང་ན་གེགས་འདི་སེལ་ནས་སངས་རྒྱས་པ་གཅིག་ལ་གཏད་དགོས་སྙམ་ནས་ལོ་གསུམ་མཚམས་དམ་པོ་བྱས་ནས་བསྒྲུབས་པས། དེ་དུས་ཉིན་གཅིག་ལྡང་སྙིང་འདོད་ནས་བལྟས་པས། རྣལ་འབྱོར་པ་གཅིག་བྱུང་ནས། ཁྱོད་ག་ནས་འོང་། བླ་མ་སུ་ཡིན་ཅི་ཤེས་བྱས་པས། ང་རྒྱ་གར་ནས་འོང་། བླ་མ་དུར་ཁྲོད་པ་བྱ་བ་ཡིན། འཆི་མེད་ཀྱི་འཁྲུལ་འཁོར་ཤེས་ཟེར། འོ་ན་གདམས་ངག་དེ་ཞུ་དགོས་བྱས་པས། འདི་རྒྱལ་པོའི་ཆོས་ཡིན། ལོངས་སྤྱོད་ཆེན་པོ་དགོས་ཟེར། འཁྲུལ་འཁོར་རེ་ལ་ཚོགས་འཁོར་བཟང་བ་རེ་དང་གསེར་སྲང་རེ། གོས་ཆེན་ཡུག་རེ་དགོས་ཟེར་ནས། ཆོས་དེ་ཆ་རྐྱེན་གྱིས་མི་ལྕོག་པ་འདུག་པས་མི་ཞུ་སྙམ་ཙ་ན། ཁམས་པའི་སློབ་མ་མང་པོ་ཡོད་པས་ཁོང་རྣམས་ན་རེ། སློབ་དཔོན་རང་ཞུས་ཆ་རྐྱེན་གང་དགོས་ངེད་ཀྱིས་བསྒྲུབ་ཀྱིས་ཟེར། འཆི་མེད་འཁྲུལ་འཁོར་ཞུས་པའི་ནུབ་མོ་ནས་སྔར་གྱི་གེགས་རྣམས་རང་དག་ལ་སོང་། དེ་ནས་ཟླ་བ་བདུན་ནས་འཆི་མེད་འཁྲུལ་འཁོར་ཚར་བར་མཛད་ནས། ཁྱོད་རང་ཆ་རྐྱེན་རྣམས་ཚོགས་པར་གྱིས། ངས་ལྷ་ས་བསྐོར་ནས་འོང་གིས་གསུངས་ནས་ལྷ་སར་བཞུད། ཡར་ལ་འཁོར་བ་དང་གསེར་གཡུ་དང་དར་ཟབ་མང་པོ་ཕུལ་བས་ང་ལ་ལོངས་སྤྱོད་ཀྱིས་དགོས་པ་མེད། ཁྱོད་དམ་ཚིག་དང་ལྡན་མི་ལྡན་བལྟས་པ་ཡིན། ངའི་བླ་མ་དུར་ཁྲོད་ནག་པོ་དེས་རྫུ་འཕྲུལ་གྱིས་ནང་ཁོད་རྒྱུད་གསུམ་དུ་ལན་གཅིག་བྱོན་པས་སྣོད་ལྡན་མི་འདུག་གསུངས་ནས་རྒྱ་གར་དུ་ཚུར་བྱོན་པ་ཡིན། ང་ལ་བླ་མའི་ཞལ་ནས་ཁ་རག་ཤར་ཕྱོགས་སུ་ཕྱིན་པ་ན་གདུལ་བྱ་འདི་ལྟ་བུ་ཞིག་ཡོད་པ་དེ་ལ་འཆི་མེད་ཀྱི་གདམས་པ་འདི་རྣམས་སྟོན་ཅིག་གསུངས་ནས། བླ་མ་དུར་ཁྲོད་ནག་པོས་ལུང་བསྟན་བྱུང་བས། རྒྱ་གར་ནས་འདིར་ཁྱོད་ལ་ཆོས་སྒོ་སྐྱེལ་དུ་ཡོང་པ་ཡིན་གསུངས་ནས་འབུལ་བ་གཅིག་ཀྱང་མ་བཞེས་པར་བཞུད་དོ།
།བླ་མ་ལ་སྟོད་མགོན་པོ་དེ་དྲིན་ཤིན་ཏུ་ཆེ། རྒྱ་གར་ནས་ང་ལ་ཆོས་སྒོ་སྐྱེལ་དུ་ཡེ་རེ་བྱོན་པ་ལགས། དེ་དུས་སུ་རྗེ་བཙུན་མ་ཞལ་གཅིག་མས་གདམས་ངག་གི་གནད་མང་དུ་གསུངས། དུས་དེ་ནས་བཟུང་སྟེ་འདུ་འབྲལ་མེད་པར་ཞལ་མཐོང་ངོ་།
།དེ་ནས་སྟོན་ཀ་གཅིག་རི་གོང་དུ་སྐྱོ་སངས་ལ་ཕྱིན་པའི་དུས་སུ། ཤ་དང་། ཇ་འབུལ་བ་བྱུང་ནས་སྤྱིལ་པོ་གཅིག་བརྩིགས་ནས་ཞག་གསུམ་བསྡད། མཛོ་མོ་གཅིག་ཀྱང་ཚག་བྱས་དེར་མི་འགའ་ཟུང་ཀྱང་བྱུང་། རྒྱ་སྒོམ་ན་རེ། བླ་མས་ལུང་བསྟན་པའི་དགོན་པ་དེ་འདིར་འོང་བར་འདུག་ཟེར་བ་ཡིན་ཏེ་ཕྱིས་ཁོས་བྱས་པ་ལྟར་བྱུང་། དེ་ནས་ཕྱུགས་འགའ་ཡང་འཕེལ་བས། སྐབས་སུ་ཀྵཱེ་ཏྲ་པཱ་ལས་འཚོ་སྐྱོང་བྱེད་ཅིང་འདུག་ནས། ཁྱོད་ཀྱིས་ཕྱུགས་འདི་རྣམས་བདག་ཏུ་མ་བཟུང་སྡིག་ཆེ་བྱས་ནས་མ་བཏང་བ་ཡིན་ཏེ། ཚོང་ཉེས་ཚུན་ཆད་ཀྱི་ཕྱིར་འགྲོ་བ་གཅིག་བྱུང་། གཞན་སྨོས་ཅི་དགོས་ཏེ་ངས་རྒྱུན་དུ་ངར་བཅག་པས་ཕྱིས་ཉན་པ་བྱུང་། དེ་ནས་ལོ་གཅིག་ལོན་ནས་བཟད་པས་དགྲ་བྱས་ནས་མཛོ་ཁྱེར་བ་ལ་ངས་རྦད་པ་དང་བསྐུལ་བ་གཅིག་ཀྱང་མེད་དེ། མགོན་པོ་ཕྱག་དྲུག་པ་འཁོར་དང་བཅས་པ་ཡུལ་ལྷ་ཀླུ་སྨན་དང་བཅས་པའི་དམག་ཚོགས་ཆེན་པོ་བྲག་ལྷ་ནས་ཕར་ལ་མི་ཤོང་བ་ཙམ་སོང་བ་ཡིན། དགྲ་ལ་ཉེས་པ་ཆེན་པོ་བྱུང་ཟེར་ནས་བབས་བྱས། དེ་ནས་ཅུང་ཟད་ཞིག་ལོན་པའི་དུས་སུ་ཉིན་མ་ཕྱེད་ཀྱི་དུས་སུ་སྟེང་ན་ཡོད་པ་ལ་ལུག་རྫིས་འབར་བ་འདྲ། ནངས་པར་ནམ་ལངས་པ་དང་ཏྲཀྴད་རེ་མ་ཏི་འདི་སེང་གེ་ལ་ཆིབས་ནས་ཕྱག་བཞི་མཚོན་ཆ་སྣ་ཚོགས་ཐོགས་ནས་བྱུང་སྟེ། མི་སྙིང་དམར་ཙ་རེ་བ་གཅིག་ངའི་ལག་ཏུ་བསྐྱུར་བྱུང་ནས། ཁར་སང་ལུག་རྫི་དེས་སློབ་དཔོན་ལ་འབར་ཞིང་འདུག་པས། དེ་བསད་པ་ཡིན་ཟེར་གྱི་འདུག་ནས། ཁྱོད་སྤྱིར་ཡང་མི་མ་བསོད། ཁྱད་པར་དུ་ཡང་ལུག་རྫི་མ་གསོད་ཅིག་བྱས་ནས་བཅུན་པ་ཡིན་ཏེ་སང་ཉི་མ་དྲོས་པ་དང་ཁྲག་སྐྱུགས་ནས་ཤི་འདུག །དེ་ལ་ངས་བདུན་ཚིག་བྱས་སྙིང་རྗེ་དྲག་པོ་ཡང་སྐྱེ་བར་བྱུང་། ཡང་བཟད་པ་མང་ཚན་དང་ཉུང་ཚན་གཉིས་འདུམ་བྱེད་པས་དཔོན་གནས་དང་ཁྱོད་གཉིས་ཤོག་ཟེར་བས་བློན་ཟུར་དུ་ཆར་པ་བྱུང་ནས་དེར་གབ་པས། སྔགས་པའི་ཆ་བྱད་རྟ་ནག་རྟིང་དཀར་ལ་ཆིབས་པ། ལག་ན་ཐོད་པ་དང་ལྕགས་ཀྱི་ཐོ་ལུམ་ཐོགས་པ་གཅིག་བྱུང་ནས། ཡར་གཤེགས་དང་ངས་བཟད་ཀྱི་མཚམས་དེ་བསྐྱེལ་ནས་ཡོད་ཟེར། དེ་ཙུག་ཡིན་བྱས་པས། སློབ་དཔོན་ཡོལ་ལ་ཞེན་ཨན་རེ་འདུག་པས་མཚམས་དེ་མ་བསྒྱེལ་ན་ཡོལ་བརླག་ནས་འགྲོ་བར་གདའ་ཟེར་ནས་བྱུང་། དེ་ནས་ཡར་འགྲོགས་ནས་ཕྱིན་ན་བོ་ཆེར་སླེབ་ཙ་ན། ཁོ་ན་རེ་གཏོར་མ་རེ་ཙམ་ཡང་བྱིན། ངེད་ཀྱང་སྙིང་ཉེ་བ་ཡིན་པས་ལས་བྱས་ནས་ཡོང་ཙ་ན་ལྟོག་པར་ཡང་འདུག་ཟེར། དེ་ནས་ཕན་ཆད་དུ་གཏོར་མ་རེ་ཡང་མ་ཆད་པར་བྱས། དེར་སྔར་སྒྱུ་མ་རང་ཤར་གྱི་སྟོབས་ཀྱིས་ཆོས་སྐྱོང་ལ་མཆོད་པ་ཡེ་མ་བྱས་སོ། །དེ་དུས་ནས་བཟུང་སྟེ་ཏྲཀྴད་ཀྱི་འཁོར་དེ་བྲན་བཞིན་དུ་ཉན་པས་སྙིང་ཤིན་ཏུ་ཉེ་བར་བྱུང་བ་ལགས། དུས་ཕྱིས་ཇག་པ་ནས་ཕྱུགས་ཁྱེར་བའི་དུས་སུ་ཆོས་སྐྱོང་རྣམས་འཚུབས་ཤིང་འདུག་པས་ཁྱེད་རྣམས་ཀྱིས་མི་མ་བསོད་ཅིག །ང་ཕྱུགས་ལ་ཞེན་པ་མེད་དོ་བྱས་ནས་གཏན་དུ་འབར་བས། ཆོས་སྐྱོང་གཞན་རྣམས་ཀྱིས་ཉན་ནས་ཇག་པར་ཡེ་མ་སོང་བ་ཡིན་ཏེ། ནང་གཅིག་དྲོ་བར་ཙམ་ན་ཀྵཱེ་ཏྲ་པཱ་ལ་གྲི་གུག་གཅིག་ཁྱེར་ནས་བྱུང་། ཁུང་ཡུག་ལ་ཁར་ཉིན་རི་ཕན་གྱིས་སྣ་དྲངས་པའི་ཇག་པ་བཞི་བསད་ནས་ཡོད་ཟེར་བས། ངས་ཁ་ནིང་ནས་མི་མ་བསད་སྡིག་ཆེའོ་བྱས་པས་ཁྱེད་རྣམས་མི་ཉན་པར་འདུག་བྱས་ནས་དེད་པས། ཁོ་ན་རེ། ངའི་ཕྱུགས་མ་ཁྱེར་བས་སྙིང་ན་བར་བྱུང་། སློབ་དཔོན་ལ་ཉན་པ་ཀས་མི་བཞི་ལས་བསད་པ་མིན་ཟེར་མོད་ཤར་ངོས་ནས་ཕར་ལ་མི་སྣང་བར་ཐལ། སྤྱིར་ཀྵཱེ་ཏྲ་པཱ་ལ་འདི་མི་སྲུན་པ་སྡིག་ཤིན་ཏུ་ཆེ་བ་ཡིན་ཀྱང་། གྲྭ་པ་རྣམས་ཀྱི་བར་ཆད་བསྲུང་ཞིང་མཐུན་རྐྱེན་བསྒྲུབ། ངའི་སར་འོངས་པ་ཐམས་ཅད་ལ་སྐྱེལ་བསུ་བྱེད་པར་འདུག །ཐང་གཅིག་ཉི་མ་དགོང་ཁར་ལྷོ་ངོས་ཀྱི་ལྡུམ་རའི་ཁ་ན་ཡར་བྱུང་བས་ཁྱོད་གར་ཕྱིན་བྱས་པས། ངས་དབོན་རྒྱལ་ལ་དགྲ་ཡོང་བར་འདུག་པས་བསུར་ཕྱིན་པ་ཡིན་ཟེར་ནས་བྱུང་། དེ་སྐད་བྱ་བ་སུ་ཡིན་བྱས་པས། བེར་རེ་ཡིན། མི་རྟ་མང་ཚད་གཅིག་འདིར་ཡོང་བར་ཡོད་ཟེར་ཙ་ན་མྱུར་དུ་བྱུང་། ཡང་དབྱར་ཀ་གཅིག་ཆུ་སྐོར་གྱི་འགྲམ་རྡོ་འགའ་བསྐྱུར་ནས་འདུག་པ་སུ་ཡིན་མ་ཤེས་ཙ་ན། ལྷ་མོ་རེ་མ་ཏི་དྲེའུ་ཚོ་ཆེ་ལྡན་པ་གཅིག་ལ་ཆིབས། ཕྱག་བཞི་ན་གྲི་གུག་རཱུ་མཚོན་ཐོགས་ནས་ང་ཡིས་དགྲ་བསད་ནས་ཡོད་ཅིང་ཟེར་ཙ་ན། ཁྱོད་ཀྱིས་མི་མ་བསད་དེར་མ་འགྲོ་བྱས་པས། ལྷ་མོ་ན་རེ་ངེད་རྣམས་ལ་མི་བསད་དབང་དང་གར་ཡང་འགྲོ་དབང་མེད་པ་འདི་སྡུག་པར་འདུག །ངའི་ཆུ་སྐོར་བསྒྱེལ་བ་ལ་བཟོད་ཐབས་མེད་ཀྱང་། བླ་མ་ཆེན་པོ་ལ་ཉན་པ་ཡིན་གྱི་ཟེར་ཀྱང་། དགྲ་དེ་རྣམས་ལ་ཤི་ཆད་དང་ཡུལ་དོན་བབས་ནས་འདུག །ངས་ངར་བཅོག་པ་དང་ཁ་གནོན་པ་གཉིས་ཀ་བྱས་ཀྱང་མ་ཉན་པ་འདྲ། ཡང་ལྷ་མོ་འདི་ངའི་མདུན་དུ་བྱུང་ནས་དཔའ་བོ་དང་ཌཱ་ཀིས་ཞུ་བ་འབུལ་བ་བྱུང་ཀྱང་ལོ་ཤས་བཞུགས་དགོས་ཟེར་ནས་ཞུ་བ་ཡང་ཡང་འབུལ་ཞིང་། སྙིང་ཉེ་ལ་ལུང་བསྟན་དང་མངོན་ཤེས་མང་པོ་སྟོན་པ་གཅིག་གདའོ།
།ཡང་དགུན་སྨད་གཅིག་ལྷ་མོ་དང་ཀྵཱེ་ཏྲ་པཱ་ལ་གཉིས་བྱུང་ནས། མགོན་པོའི་སྐུ་གཅིག་བཞེངས་པར་ཞུ་ཟེར་ནས་བྱུང་བས། ཁྱེད་ཀྱིས་མི་མ་བསོད་དང་ངས་མགོན་པོའི་སྐུ་གཅིག་བཞེངས་ཀྱི་བྱས་ནས་གནད་ལ་ཕབ་པས་ཨན་ཙམ་ཕན་པ་བྱུང་། མགོན་པོ་ཐམས་ཅད་གནད་ལ་བསྐུལ་བའི་དཔའ་བོ། ཌཱ་མ་རུ་དང་གཡེར་ཁ་ཐོགས་པ་གཅིག་ཐོ་རངས་བྱོན་ནས་མགོན་པོའི་གཡས་སུ་བཞུགས། དཔའ་མོ་གཡོན་དུ་བཞུགས་འཛུམ་གྱིས་བསུ་བར་གདའ། དེ་ལྟར་དཔའ་བོ་དང་དཔའ་མོ་གཉིས་ཀྱིས་གནད་ནས་བསྐུལ་ཞིང་། འཛུམ་གྱིས་བསུ་བ་ནུས་པ་ཆེ་ལ་བཀྲ་ཤིས་མྱུར་བའི་གནད་ཀྱང་དེ་ལས་འབྱུང་བ་ལགས། སྤྱིར་མགོན་པོ་ཕྱག་དྲུག་པ་འདི་ཡིད་བཞིན་གྱི་ནོར་བུ་ཡིན་པས་གསོལ་བ་གང་བཏབ་དང་བསམ་པ་ཐམས་ཅད་འདིས་འགྲུབ་པ་གཅིག་བྱུང་། འདི་བྱིན་རླབས་ཀྱི་མགོན་པོ་ཡིན་པས་བྱིན་རླབས་མྱུར་ཞིང་ནུས་པ་ཆེ་ལ་སྙིང་ཉེ་བ་གཅིག་འདུག་སྟེ། འདི་ལ་ཡིད་ཆེས་པ་གང་གིས་གསོལ་བ་བཏབ་ཀྱང་དེའི་མདུན་དུ་བྱོན་ནས་ཁྱོད་ཀྱི་བར་ཆད་ཐམས་ཅད་ངས་བསྲུང་ངོ་ཟེར་ནས་གསུང་ལྷང་ལྷང་བཞུགས་པར་འདུག་སྟེ། སྡིག་སྒྲིབ་ཀྱིས་མི་མཐོང་ཞིང་ཡིད་མི་ཆེས་པར་གདའ། འདི་འགྲུབ་ཐག་ཉེ་བས་ཤ་བ་རི་པ་ནས་ང་ཡན་ཆད་དུ་བྲན་བཞིན་དུ་ཉན་པར་བྱུང་བ་ཡིན་ཅིང་། ངའི་སློབ་མ་བཅུ་དྲུག་གིས་ཀྱང་ཞལ་མཐོང་ནས་མི་བཞིན་དུ་ལབ་པར་འདུག་སྟེ། དེ་ལྟར་སྙིང་ཉེ་ཞིང་ནུས་པ་ཆེ་བའི་སྟོབས་ཀྱིས། འདིའི་འཁོར་མི་སྲུན་པ་ཤ་ལ་དགའ་ཞིང་ཁྲག་ལ་རོལ་པའི་གནོད་སྦྱིན་བཞི། ཕྱོགས་སྐྱོང་བཅུ། གཙང་རིགས་ཀྱི་མགོན་པོ་དང་བཅས་པ། ལྷ་མོ་རེ་མ་ཏི་བསྟན་མ་དང་བཅས་པ་རྣམས་ཀྱིས་མི་བསད་ཀྱིས་དོགས་པས་དགྲ་ཡི་ཕྱོགས་སུ་སྐད་ཅིག་ཙམ་ཡང་རྦད་པའི་གཏོར་མ་གཅིག་ཀྱང་གཏོང་མ་མྱོང་དགོང་མོ་རྒྱུན་གཏོར་གྱི་དུས་སུ་ཡང་མི་མ་བསད་ཅིག་བྱས་ནས་ངར་གཏན་དུ་བཅག་པ་ཡིན་ཏེ། ངས་མ་བཅུན་ན་ཕྱེ་ཕུད་ཆང་ཕུད་དང་ཟློག་པ་བྱས་ཀྱིན་ཐུ་རཱུ་འགྲོ་བར་འདུག །མདོར་ན་སྡིག་བྱས་ཀྱི་དོགས་ནས་ཡེངས་མེད་དུ་བཅུན་པ་ཡིན་ལགས། དང་པོ་གཉན་མཁར་དུ་མི་བསད་ཡུལ་འཕྲོག་པའི་དུས་སུ་ཡང་སྣང་བ་བདེན་མེད་དུ་རྟོགས་པའི་སྟོབས་ཀྱིས་མི་དགའ་བ་གཅིག་ཀྱང་ཡོང་མ་མྱོང་དགྲ་གཉེན་ཐམས་ཅད་ལ་ཉེ་རིང་ཆགས་སྡང་གི་རྟོག་པ་སྐད་ཅིག་ཀྱང་མ་སྐྱེས། དེའི་སྟོབས་ཀྱིས་ཆོས་སྐྱོང་རྣམས་གར་ཡང་མི་གཏོང་བའི་རྒྱུ་མཚན་ཡང་དེ་ལྟར་ཡིན། ཡང་འཁོར་བར་ལྡོག་པར་བྱུང་བའི་ཚེ་སྣང་བ་ཐམས་ཅད་བདེན་མེད་དུ་རྟོགས་པ་གཅིག་དགོས་པར་འདུག་སྟེ། འཁྲུལ་པ་གཞི་མེད་དུ་མ་རྟོགས་པའི་རིང་ལ་སྒྲུབ་པ་གལ་ཆེ་བར་འདུག ཁྲུས་ཕུར་ཁ་སྨྲས་གཅིག་བཤོལ་རོགས་ལ་ཕྱིན་པའི་ནུབ་མོ་གཅིག་རྨི་ལམ་དུ་མ་ཤེས་ནས་འཁྲུལ་པས་ངའི་རྟོག་པ་ལ་བར་དོ་མི་ཟིན་པར་འདུག་སྙམ་ནས་གཉིད་གུང་དུ་སྔངས་སྐྲག་གཅིག་བྱུང་ནས། ཁ་ནས་ཨ་ངས་བར་དོ་མི་ཟིན་པར་འདུག་བྱ་བ་གཅིག་ཤོར་བས་གཞན་རྣམས་ཀྱང་གཉིད་སད་ནས། བླ་མ་སྐྱེར་སྒང་པའི་སྤྱན་སྔར་ཕྱིན་ནས་འཁྲུལ་པའི་རྨི་ལམ་དེ་ཀ་ལས་རྨི་མ་མྱོང་བར་གདའ། ལོ་བདུན་ཅུ་དོན་གསུམ་ལ་འབྱུང་བ་འཁྲུག་པའི་ཐོག་ཆེན་པོ་དེ་བབས་པ་ཡིན་ཏེ། ཐོག་མདའ་བཅུ་གསུམ་ལྷན་ཅིག་ངའི་སྟེང་དུ་བབས་པ་དང་། དེའི་དུས་སུ་ངའི་ལུས་འདི་སྣང་སྟོང་ཞེན་པའི་དྲི་མ་དང་བྲལ་བའི་ལྷ་སྐུ་ཕྱག་རྒྱ་ཆེན་པོར་རང་ཤར་དུ་འདུག་པས། དུས་དེར་མགོན་པོ་དེ་ཉིད་ཀྱང་ཡེར་གྱིས་སླེབ་བྱུང་། མདོར་ན་སྣང་ཞིང་སྲིད་པའི་ཆོས་ཐམས་ཅད་སྐྱེ་བ་མེད་པར་རྟོགས་པས། གནམ་ལྕགས་འབར་བ་དེ་ཡང་མེ་ཏོག་གི་རྒྱན་བཞིན་གོས་ཀྱི་སྟེང་ན་གསལ་ལ་འཚེར་བ་མེ་དཔུང་གི་རང་བཞིན་དུ་འདུག་པ་ལགས། དེ་ནས་ཨན་གཅིག་ནས་ཡེ་ཤེས་ཀྱི་ཌཱ་ཀི་མ་སྐུ་མདོག་སྨུག་ནག་ཏུ་ཡོད་པ་རུས་པའི་རྒྱན་གྱིས་བརྒྱན་པ་ལྔ་བྱུང་ནས། མེ་ཏོག་སྨུག་ནག་དང་། ལྷའི་པཉྩ་ལི་ཀ་ཡིན་ཟེར་བའི་སྟེང་དུ་བཞག་ནས། འདི་བས་གཞན་ན་འགྲོ་དོན་དཔག་མེད་ཡོད་པས་གཤེགས་འཚལ། ངེད་རྣམས་གདན་འདྲེན་ཡིན་ཟེར་ནས་བྱུང་བ་ལ་ང་ད་རུང་ཨན་གཅིག་སྡོད་པ་ཡིན་བྱས་པས། ཁོང་རྣམས་མགྲིན་གཅིག་ཏུ་བསྡེབས་ནས་འདི་སྐད་ཟེར་རོ།
།བླ་མ་དུས་གསུམ་སངས་རྒྱས་ཁྱོད། །གདུལ་བྱ་གཞན་ན་ཆེ་མོད་ཀྱང་།།ཕྱིས་འོངས་བུ་སློབ་དད་ལྡན་ལ། །ཐུགས་རྗེས་གཟིགས་ནས་ལོ་ཤས་བཞུགས། །ཁྱེད་ནི་མཐོང་ཐོས་དྲན་གྱུར་པ། །ངན་སོང་གནས་སུ་ལྟུང་མི་སྲིད། །མོས་གུས་མཆོག་ཐོབ་རྫོགས་སངས་རྒྱས། །འབྲེལ་བར་གྱུར་པ་ཐམས་ཅད་ཀུན། །ཞིང་ཁམས་རྣམ་དག་ས་ཕྱོགས་སུ། །ཐེག་ཆེན་འཁོར་གྱི་དང་པོར་འགྱུར།
།ད་ངེད་རྣམས་ལོ་འགའ་ནས་གདན་འདྲེན་དུ་འོངས་པ་ཡིན། ཕྱིས་ཡོང་གི་སློབ་མ་རྣམས་ལ་ཡང་ཉམས་རྟོགས་ཁྱད་པར་ཅན་སྐྱེ་བར་འདུག་ཅིག་ཟེར་ནས་མེ་ཏོག་གི་ཆར་ཆེན་པོ་ཕབ་ནས་མི་སྣང་བར་ཐལ། ཁྱེད་བུ་སློབ་ཕྱིས་ཡོངས་པ་རྣམས་ལ་ཕན་ཐོགས་པར་འདུག་པས་ད་རུང་སྡོད་པའི་རྒྱུ་མཚན་དེ་ལྟར་ཡིན།
།ཁོ་བོ་ལན་གཅིག་འཆི་ཙ་ན། །ཌཱ་ཀི་སྡེ་ལྔའི་བསུ་མ་ཡོད། །རྒྱལ་མཚན་རོལ་མོའི་སྒྲ་དང་བཅས། །བདེ་ཆེན་གནས་སུ་འགྲོ་བར་བྱེད། །ཐེ་ཚོམ་ཡིད་གཉིས་བདག་ལ་མེད། །རྣལ་འབྱོར་དབང་ཕྱུག་ཆེན་པོར་འགྱུར།
བྱ་བ་ཡང་གསུངས་སོ། །དེ་ཡང་བར་སྐབས་སུ་རྨི་ལམ་བཟུང་ཞིང་སྲིད་པའི་ལྷ་འདྲེ་དུ་རའི་བཙན་དང་། ཡུལ་ལྷ་ལྡེའུ་སྤང་མཁར་ལ་སོགས་པ་བཏུལ་ནས་སྲོགས་སྔགས་ཕུལ། དབང་ཞུ་བྱས་ནས་ཆོས་ལ་བཙུད། ཁྱད་པར་དུ་ཆུ་བོ་རིའི་སྒོ་བཞི་དང་། གཉན་མཁར་ནག་གི་ལྷ་འདྲེ་རྣམས་གདུག་པ་ཆེ་བར་འདུག་ནས། ཁྱུང་དང་ཁྲོ་བོའི་ཚོགས་དཔག་ཏུ་མེད་པ་བྱས་ནས་བཏུལ་བས། ཁོ་རང་གི་ཕོ་བྲང་རིན་པོ་ཆེ་སྣ་ལྔ་ལས་བྱས་པར་གདན་དྲངས་ནས། དབང་བསྐུར་ཞུས་སྲོག་སྔགས་ཕུལ་ནས་བྲན་བཞིན་དུ་ཉན་ཅིང་ཆོས་ལ་གུས་པར་བྱུང་། ལོ་རེ་བཞིན་དུ་དབང་བསྐུར་དང་ཁྲུས་ཆབ་ཞུ་ཡིན་འདུག །ཡང་རྨི་ལམ་བཟུང་ནས་ཤར་ཕྱོགས་མངོན་དགའ་དང་། ལྷོ་རིན་ཆེན་བཀྲམ་པ་ནས་ནུབ་བདེ་བ་ཅན། བྱང་འབྲུག་སྒྲ་སྒྲོགས་པ་ལ་སོགས་པ་སངས་རྒྱས་ཀྱི་ཞིང་ཁམས་རྣམས་སུ་ལུས་ཀྱི་བཀོད་པ་མང་པོས་མཆོད་པ་འབུལ་བ་དང་། ཆོས་ཞུ་བ་ལ་སོགས་པ་ཡང་བྱས། རི་བོ་པོ་ཏ་ལ་དང་། རྒྱ་ནག་རི་བོ་རྩེ་ལྔ་དང་། ལྕང་ལོ་ཅན་དུའང་ཕྱིན། ཡང་སྐད་ཅིག་གིས་རྨི་ལམ་བཟུང་ནས་དྲེས་མ་རིར་ཕྱིན་ཙ་ན། བླ་མ་ཆུ་བཟང་བ་འོད་དང་འོད་ཟེར་གྱི་རང་བཞིན་དུ་བཞུགས་ཤིང་འདི་སྐད་གསུངས། སྐྱེ་བ་སྔ་མ་ཁྱེད་ཀྱིས་ངའི་སློབ་དཔོན་མཛད། འདིར་ཡང་ཁྱེད་ཀྱི་ཆོས་ཀྱིས་ང་ལ་ཕན་ཐོགས་ཆེན་པོ་བྱུང་བས་སྨོན་ལམ་དག་པ་ཡིན། ད་ལྟ་ཨོ་རྒྱན་ན་ལུས་ཀྱི་བཀོད་པ་མང་པོས་སེམས་ཅན་གྱི་སྨིན་གྲོལ་བྱེད་ཅིང་ཡོད། ད་བླ་མ་ཆེན་པོ་ཡང་ཤར་ཕྱོགས་ཀྱི་སངས་རྒྱས་ཀྱི་ཞིང་ཁམས་འདི་ཞེས་བྱ་བར་སངས་རྒྱ་བར་འདུག་གསུངས་ནས་གདུལ་བྱའི་ཞིང་འཁོར་དང་སྐུ་ཚེའི་ཚད་ལ་སོགས་པ་ལུང་བསྟན་མཛད། ཡང་དཔྱིད་ཀ་ཉེའུ་འདོན་དུས་ཀྱི་ཚེས་དྲུག་གི་དགོང་མོ་མི་སུམ་ཅུ་སོ་དྲུག་ལ་དབང་བསྐུར་བྱས་པའི་དུས་སུ། བླ་མ་སྐྱེར་སྒང་པ་དང་ཐུགས་རྗེ་ཆེན་པོ་བྱོན་ནས་དབང་བསྐུར་གྱི་རྗེས་འདི་ལ་གསང་སྒྲུབ་དང་བདུད་རྩི་བསྡེབ་ལ་བྱིན། སྨོན་ལམ་ཡང་ཐོབ། དེ་ལྟར་བྱས་པས་མི་སུམ་ཅུ་སོ་དྲུག་པོ་འདི་མེ་ཏོག་བཀྲམ་པའི་ཞིང་ཁམས་སུ་སྐྱེ་བར་འགྱུར་བྱ་བའི་ལུང་བསྟན་ཡང་བྱུང་། དེའི་སོས་ཀ་ན་ཆར་ཕབ་པའི་དུས་སུ་གྲུབ་ཐོབ་བརྒྱད་ཅུ་ལ་སོགས་པ་རྣལ་འབྱོར་གྱི་དབང་ཕྱུག་བྱོན་ནས། ཞག་གསུམ་བཞུགས་ནས་ཤར་གྱི་ཞིང་ཁམས་འདི་ཞེས་བྱ་བར་གདུལ་བྱ་དང་ཚེའི་ཚད་ལ་སོགས་པ་ཞིབ་རྒྱས་སུ་གསུངས། ཆོས་ཀྱི་གསུང་གླེང་ཀྱང་མང་དུ་མཛད། དབང་བཞི་རྫོགས་སུ་བསྐུར་བ་ལགས། ཡང་ནམ་ཟླ་སྟོན་ཀའི་ཚེས་བཅུའི་ཐོ་རངས་ཁར། ཌཱ་ཀི་མ་གཡུ་གྲུ་དམར་གྱི་མདོག་ཅན་གཅིག་བྱོན་ནས། མཚན་ཇི་སྐད་བྱ་བ་ཡིན་བྱས་པས་ང་བདེ་བའི་དངོས་གྲུབ་བྱ་བ་ཡིན་ཟེར། དེའི་རྒྱུ་མཚན་ཅི་ཡིན་བྱས་པས། བདེ་བ་ཟག་མེད་ཀྱི་ཡེ་ཤེས་ཀྱིས་རྒྱུད་གང་བ་ཡིན། དངོས་གྲུབ་ནི་ང་ལ་གསོལ་བ་བཏབ་པས་མཆོག་ཐུན་མོང་ཐམས་ཅད་ལོ་ཟླ་ཙམ་གྱིས་འགྲུབ་པ་ཡིན་གསུངས། དབང་བཞི་རྫོགས་སུ་བསྐུར། གསང་སྒྲུབ་ཀྱི་གནད་སྔར་བས་ཟབ་པ་མང་པོ་གསུངས། བདེ་སྟོང་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་གནད་ཀྱང་ཁྱད་འཕགས་གཅིག་གསུངས། ཁྱེད་རྣམ་ཐར་སྒོ་གསུམ་ལ་དབང་བའི་རྣལ་འབྱོར་པ་ཡིན་པས་བདུད་རྩི་རིལ་བུ་སེམས་ཅན་ལ་བྱིན། ཁྱོད་མཐོང་ངམ་ཐོས་པ་ཙམ་གྱིས་ངན་འགྲོ་ལོག་པར་མི་ལྟུང་ཁྱོད་ལ་དབང་བསྐུར་ཞུས་ནས་ཉམས་ལེན་བྱས་ཏེ་དགེ་སྦྱོར་ལ་ཨན་ཙམ་ཆུད་པ་ཐམས་ཅད་ཀྱང་། ཤར་ཕྱོགས་མངོན་དགའི་ཞིང་ཁམས་སུ་གདུལ་བྱ་དག་པའི་འཁོར་དུ་སྐྱེ་ན་གཞན་རྣམས་སྨོས་ཅི་དགོས།
རྡོ་རྗེ་འཆང་ཆེན་ཁྱོད་ཉིད་ལ། །ཚད་མེད་མོས་གུས་སྐྱེ་གྱུར་ན། །སྐྱེས་བུ་དེ་ནི་མངོན་སངས་རྒྱས། །བདག་ཀྱང་ཕྱི་བཞིན་བྱིན་གྱིས་རློབས།
།གསུངས་ནས་སུ་ཁ་སིདྡྷི་ལུང་བསྟན་མཛད། གསང་སྒྲུབ་བསྐྱེད་རྫོགས་དབང་བཀའ་དང་བཅས་པ་འདི་རྣམས་ཉམས་སུ་བླངས་ན་མཆོག་ཐུན་མོང་གི་དངོས་གྲུབ་ལོ་ཟླ་ཙམ་གྱིས་འབྱུང་ངེས་པས་ཤིན་ཏུ་ཟབ་པར་གདའ། ཡང་བླ་མ་སྐྱེར་སྒང་པའི་མཆོད་ཟླའི་ཚེས་བདུན་གྱི་དགོང་མོ་ངའི་མདུན་ན་ཡེ་ཤེས་ཀྱི་བདུད་རྩིས་གང་བའི་ཟངས་ཆེན་པོ་གཅིག་འདུག །ཌཱ་ཀི་དང་དཔའ་བོའི་རིགས་མང་པོ་འདུ་ཞིང་འདུག་ནས། ཁྱེད་ཚོ་ཅི་བྱེད་པ་ཡིན་བྱས་པས་བཟང་འདུན་བྱེད་པ་ཡིན་ཟེར། ཁྱེད་རྣམས་ཅི་ཡིས་བཟང་འདུན་བྱེད་པ་ཡིན་བྱས་པས། འཚང་རྒྱ་བའི་བཟང་འདུན་བྱེད་པ་ཡིན་ཟེར། དེ་ལས་ཀྱང་གྲུབ་ཐོབ་བརྒྱད་ཅུ་དང་། ཀྵེ་ཏྲ་པཱ་ལ་ཡིན་ཟེར་བའི་སྔགས་པའི་ཆ་བྱད་ཅན་འོད་དང་འོད་ཟེར་གྱི་རང་བཞིན་གཟི་བརྗིད་ཕུན་སུམ་ཚོགས་པ་ཡང་གྲལ་ལ་འཁོད་ནས་འདུག །དེ་ནས་ཌཱ་ཀི་མ་རུས་པའི་རྒྱན་གྱིས་བརྒྱན་པ་ཕྱག་ནས་ཡེ་ཤེས་ཀྱི་བདུད་རྩི་ཁ་དོག་ཕུན་སུམ་ཚོགས་པ་ཐོད་པ་གང་དྲངས་པས། ངའི་ལག་ཏུ་སླེབ་པ་དང་པོ་བ་དང་ཟག་པ་མེད་པར་ཁྲུ་གང་ཙམ་དུ་ཁོལ་ཞིང་ཕྱུར་ནས་བྱུང་། དེ་འཐུང་པས་རོ་མཆོག་བརྒྱ་དང་ལྡན་པའི་བྲོ་བ་བྱུང་། བདེ་སྟོང་གཉིས་སུ་མེད་པའི་ཡེ་ཤེས་རྒྱུད་ལ་གཤའ་མར་སྐྱེ་བ་གཅིག་གདའ། ངའི་སློབ་མ་མི་ལྔས་འཐུང་ནས་ཡོད། དེ་ནས་གྲུབ་ཐོབ་དེ་རྣམས་ལ་ཡང་སྣོད་རེ་རེ་འདྲེན་ཅིང་འདུག་ནས་འདི་ཅི་ཡིན་བྱས་པས། གྲུབ་ཐོབ་དེ་རྣམས་ན་རེ། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་ཐུགས་གཉིས་སུ་མེད་པའི་ཡེ་ཤེས་དཔའ་བོ་དང་ཌཱ་ཀིའི་ཐབས་ཤེས་ལས་བྱུང་བ་ཡིན་ཟེར། འོ་ན་འདི་འཐུང་པ་ལ་ཕན་ཡོན་ཅི་ཡོད་བྱས་པས། འདིའི་ཡོན་ཏན་ཡང་བསམ་གྱིས་མི་ཁྱབ་སྟེ། ཡེ་ཤེས་ཀྱི་བདུད་རྩི་ཁ་དོག་ཕུན་སུམ་ཚོགས་པ་རོ་མཆོག་དང་། རེག་བྱ་ཕུན་སུམ་ཚོགས་པ་འདི་འཐུང་པའམ་རེག་པ་ཙམ་གྱིས་མཆོག་ཐུན་མོང་གི་དངོས་གྲུབ་ཐམས་ཅད་འབྱུང་བ་ལ་ཐེ་ཚོམ་མེད་པར་ཉེས་པའི་སྐྱོན་ཐམས་ཅད་དང་བྲལ་ཞིང་ལེགས་པའི་ཡོན་ཏན་མ་ལུས་པ་ཡོངས་སུ་རྫོགས་པ་འདི་སུས་འཐུང་ཀྱང་ལོ་ཟླ་ཙམ་གྱིས་སངས་རྒྱ་བ་ཡིན་ཟེར་བས། འོ་ན་སློབ་མ་ལྔ་པོ་དེ་ལྟར་ཡིན་ན་ངའི་འཁོར་གཞན་འདི་རྣམས་ཇི་ལྟར་བྱ་བ་ཡིན་བྱས་པས། གྲུབ་ཐོབ་དེ་རྣམས་མགྲིན་གཅིག་ཏུ་བསྡེབས་ནས་འདི་སྐད་ཟེར་རོ།
།སྤྱིར་ཡང་བླ་མ་དམ་པ་ཁྱེད། །གང་གིས་མཐོང་ཐོས་དྲན་གྱུར་པ། །ལོག་པའི་གནས་སུ་མི་ལྟུང་ཞིང་། །གདུལ་བྱའི་སྲས་སུ་སྐྱེ་བར་འགྱུར།
།དེ་ལས་ཀྱང་ཁྱད་པར་སློབ་མ་ཉིན་པར་ལྷ་སྐུ་བསྒོམ་པའི་སྟོབས་ཀྱིས་བག་ཆགས་སྐབས་སུ་རྨི་ལམ་ལ་རྨི་ལམ་དུ་ཤེས་པའི་དུས་སུ་ལྷ་སྐུ་རང་ཤར་དུ་བྱུང་བ་དེ་བློས་བྱས་པ་དགག་སྒྲུབ་སྐྱེ་འཆི་ཡོད་མེད་ཀྱི་མཐའ་ཐམས་ཅད་དང་བྲལ་བའི་བདེ་སྟོང་གཉིས་སུ་མེད་པའི་ཡེ་ཤེས་དེ་ཀ་མཐར་ཐུག་ལོངས་སྤྱོད་རྫོགས་པའི་སྐུ་ཡིན་པས་སྲིད་པ་བར་དོར་འཚང་མི་རྒྱ་མི་སྲིད་པ་ཡིན་གསུངས། བླ་མའི་གསུང་དང་རྒྱུད་སྡེའི་དགོངས་པ་དང་རང་གི་ཉམས་མྱོང་དང་། གྲུབ་ཐོབ་དེ་རྣམས་ཀྱི་དགོངས་པ་གཅིག་པར་གྱུར་བས་ཡིད་ཆེས་ཤིང་ངེས་ཤེས་སྐྱེ་བར་གདའ། བདག་གི་སློབ་མ་མི་ལྔ་པོ་དེ་ངོ་མཚར་ཆེ་བར་གདའ། ཡང་མིང་ནི་བརྗོད་པར་དཀའ་བར་འདུག་པས་བཀའ་རྒྱས་བཏབ་པ་ལགས། གྲུབ་ཐོབ་དེ་རྣམས་དང་ཞུས་ལན་ཞིབ་རྒྱས་མང་དུ་བྱས་པས་ཤིན་ཏུ་ངོ་མཚར་ཆེ་བར་གདའ། མདོར་ན་སུ་ཁ་སིདྡྷི་ནི་གུ་མ། བླ་མ་ཤངས་པ་རྨོག་ལྕོག་པ་དང་སྐྱེར་སྒང་པ། ཡི་དམ་ལྷ་ཚོགས་ཐམས་ཅད་ཀྱིས་ལུང་བསྟན་ཡང་མཐུན་པར་བྱུང་། ང་རང་གི་ཤེས་པ་དང་དེ་རྣམས་ཐམས་ཅད་མཐུན་པར་འདུག་པས་ཐེ་ཚོམ་དང་ཡིད་གཉིས་མེད་པ་ཡིན། ང་རང་གི་སློབ་མ་ཐམས་ཅད་དང་མཇལ་པ་འབྲེལ་པ་ཡོད་མེད་དང་། ལས་དག་མ་དག་དང་། སྐྱེ་བ་ཕྱི་མ་གར་སྐྱེ་ཤེས་པར་འདུག་སྟེ། སྐལ་མེད་སྒྲོ་སྐུར་རེམ་པས་བརྗོད་པར་དཀའ་བར་གདའ། ད་ལྟར་ཡང་སྐྱེ་བ་མང་པོར་འགྲོགས་པའི་སློབ་མ་མང་དུ་གདའ། སྐྱེ་བ་སྔ་མ་ལ་ཞབས་ཏོག་ཨན་ཙམ་བྱས་པའི་འབྲེལ་པས་ཞབས་ཏོག་མང་དུ་བྱས་པ་ཡང་འདུག །དེ་ལ་རང་གི་བླ་མ་རྣམས་འདི་ན་བཞུགས་མི་བཞུགས་དང་། སློབ་མ་འབྲེལ་པ་ཆེ་ཆུང་གང་ཡོད་པ་ཐམས་ཅད་དང་། མདོར་ན་དུས་མཚུངས་མི་མཚུངས་དང་། སློབ་དཔོན་ཡོན་མཆོད་ཐམས་ཅད་གར་སྐྱེ་བ་དང་། དགེ་སྦྱོར་བཟང་མི་བཟང་དང་། བཙུན་མི་བཙུན་དང་། བསམ་པ་བཟང་ངན་དང་། ཡིད་ལ་ཅི་བསམ་ཐམས་ཅད་ཤེས་པར་གདའ། ཡང་འགའ་ཞིག་ནི་ལོག་རྟོག་སུ་གྱུར་པ་ཁ་གཅིག་གིས་ཚད་གཞལ་ནས་རྩར་འོང་མི་ནུས་པ་དང་། བླ་མའི་བཀའ་རྒྱ་ཡོད་པའི་སྟོབས་དང་། སྙིགས་མའི་སེམས་ཅན་ཕྲག་དོག་ཆེ་བས་སྡིག་ཏུ་འགྱུར་སྙམ་ནས་ཕ་རོལ་དང་བསྟུན་ནས་མི་ཤེས་པ་བཞིན་བྱས་ཏེ་ལེགས་ཉེས་གང་ཡང་བརྗོད་མ་མྱོང་བ་ལགས། ངའི་རྣམ་ཐར་དེ་རྣམས་སོ་སོའི་སྐྱེ་བོ་ཚུ་རོལ་མཐོང་བའི་བསམ་པ་དང་བསྟུན་ནས་ཟུར་ཙམ་བཤད་པ་ལགས། དེ་མ་གཏོགས་པ་མདོར་བསྡུས་ནས་བསྟན་ཡང་བུ་སློབ་རྣམས་ཀྱི་བློར་མི་ཤོང་ན་འབྲེལ་མེད་དང་། ལོག་རྟོག་ཆེ་བ་རྣམས་སྨོས་ཅི་དགོས། དེས་ན་ཐམས་ཅད་གསང་ཞིང་སྦས་པའི་རྣལ་འབྱོར་པ་བྱ་བའི་རྒྱུ་མཚན་ཡང་དེ་ལྟར་ལགས།
བདག་གི་སློབ་མ་ཡང་སློབ་དང་། །འབྲེལ་པར་གྱུར་པ་ཐམས་ཅད་ཀུན། །ལོག་པའི་བསམ་པ་སྤངས་བྱས་ནས། །འབྲལ་བ་མེད་པའི་མོས་གུས་གྱིས། །ང་ཡི་ལུས་དང་རྒྱལ་བའི་སྐུ། །ཐ་དད་མ་ཡིན་རྣལ་འབྱོར་པ། །བདག་གི་ངག་དང་རྒྱལ་བའི་གསུངས། །དབྱེ་བ་མེད་དོ་རྣལ་འབྱོར་པ། །ཁོ་བོའི་སེམས་དང་རྒྱལ་བའི་ཐུགས། །གཉིས་མེད་གཅིག་ཏུ་རྟོགས་པར་གྱིས། །འབྲས་བུ་རང་ཤར་ལྷ་སྐུ་དང་། །སྐུ་གསུམ་དབྱེར་མེད་བདེ་ཆེན་ཡིན། །ལར་ཚད་མེད་མོས་གུས་མ་སྐྱེས་ན། །བླ་མའི་ཡོན་ཏན་མཐོང་མི་འགྱུར། །མོས་གུས་མཐར་ཐུག་སྐྱེས་གྱུར་ན། །བླ་མ་དུས་གསུམ་སངས་རྒྱས་ཀྱི། །སྐུ་གསུང་ཐུགས་ཉིད་མི་བཟད་པ། །རྒྱན་གྱི་འཁོར་ལོས་སེམས་ཅན་རྣམས། །སྨིན་ཅིང་གྲོལ་བར་བྱེད་པ་ཡིན། །ཕྲིན་ལས་ཕུན་སུམ་ཚོགས་པར་རྟོགས། །བླ་མ་དམ་པ་དེ་ཉིད་ཀྱི། །རྣམ་པར་ཐར་པ་གང་ལ་ཡང་། །དག་པའི་སྣང་བ་མ་གཏོགས་པ། །ལོག་རྟོག་སྐད་ཅིག་སྐྱེ་མི་འགྱུར། །བླ་མ་ཆོས་སྐུར་མ་རྟོགས་ཚེ། །སྒྲུབ་པ་མཆོག་ལ་འབད་པར་གྱིས། །དེ་ཡིས་ཡོན་ཏན་རྫོགས་པར་འཆར། །རྣམ་ཐར་མཐར་ཐུག་མོས་གུས་ཡིན། །དག་སྣང་བསྐྱེད་ཅིག་བུ་སློབ་ཀུན།
།དེ་ལྟར་དགོངས་ཤིག་རྣལ་འབྱོར་པ། །བདག་གི་རྣམ་ཐར་ཟུར་ཙམ་འདི། །དགེ་སློང་གཞོན་ནུ་སེང་གེ་ཡིས། །གསོལ་བ་བཏབ་ནས་ཞུས་པའི་ངོར། །ཚེས་བརྒྱད་ཉིན་པར་ཡི་གེར་བཀོད།
།བླ་མ་གཉན་སྟོན་གྱི་རྣམ་པར་ཐར་པ་ཟུར་ཙམ་ཡི་གེར་བཀོད་པ་རེ་ཞིག་རྫོགས་སོ།། །།སརྦ་དཱ་ཀ་ལྱཱ་ཎི་བྷ་ཝནྟུ། དགེའོ།། །།