Gu na a ka ra dang a tha na badz+ra gnyis las brgyud pa'i lha bzhi dril sgrub kyi lam rim mkha' spyod ma'i sgrub thabs mngon rtogs
Resource ID | SCv11p191 |
---|---|
Title | gu na a ka ra dang a tha na badz+ra gnyis las brgyud pa'i lha bzhi dril sgrub kyi lam gyi rim pa rje btsun mkha' spyod ma'i sgrub thabs mngon par rtogs pa |
Topics | Various |
Sub-Topics | Various |
Associated Person | Gunakara Atayavajra |
Link | BDRC W23922 BDRC W3CN18508 |
༈ གུ་ན་ཨ་ཀ་ར་དང་ཨ་ཐ་ན་བཛྲ་གཉིས་ལས་བརྒྱུད་པའི་ལྷ་བཞི་དྲིལ་སྒྲུབ་ཀྱི་ལམ་གྱི་རིམ་པ་རྗེ་བཙུན་མཁའ་སྤྱོད་མའི་སྒྲུབ་ཐབས་མངོན་པར་རྟོགས་པ་བཞུགས་སོ།
༈ ༼ཇི༽ ན་མོ་གུ་རུ།
སངས་རྒྱས་ཀུན་གྱིས་བྱིན་རླབས་པའི། །གུ་ན་ཨ་ཀ་ར་དང་ནི། །ཨ་ཏ་ཡ་ན་བཛྲ་ཡི།
།སྒྲུབ་པའི་ལམ་གྱི་རིམ་པ་ནི། །ཅུང་ཟད་ཙམ་ཞིག་བྲི་བར་བྱ།
།རྟེན་གྱི་གང་ཟག་གནས་དང་ནི། །གྲོགས་དང་རྫས་དང་ཐབས་དང་དངོས། །དེ་ལ་རྟེན་གྱི་གང་ཟག་ནི། །དབང་གི་སྨིན་བྱས་དམ་ཚིག་ལྡན། །བླ་མ་ལ་གུས་སྒྲུབ་ལ་བརྩོན། །ཤེས་རབ་ཆེ་ལ་སྙིང་རྗེ་ལྡན། །རྟེན་གྱི་གང་ཟག་མཚན་ཉིད་དོ། །དུར་ཁྲོད་མཚོ་དང་ཤིང་གཅིག་དྲུང་།
།ཡིད་འོང་དབེན་པའི་གནས་དག་ནི། །གྲུབ་ཐོབ་བྱིན་གྱིས་བརླབས་པའི་གནས། །སྒྲུབ་པའི་གནས་ཀྱི་མཚན་ཉིད་དོ། །བཟང་དང་ཐུན་དང་ཤེས་པ་གསུམ། །སྒྲུབ་པ་གྲོགས་ཀྱི་མཚན་ཉིད་དོ། །རྫས་ལ་ཡང་ནི་གསུམ་དུ་ཤེས། །བྲིས་སུ་བྲིས་དང་ལུགས་སུ་བླུགས། །འབུར་དུ་དོད་པ་གང་ཡང་རུང་། །རབ་གནས་ལེགས་པར་བྱས་པ་ཡིན། །སྒྲུབ་པའི་རྟེན་གྱིས་རྫས་ཡིན་ནོ། །ཡོན་ཆབ་ལ་སོགས་ཕྱི་མཆོད་དང་། །ཤ་ལྔ་བདུད་རྩི་ལྔ་ལ་སོགས། །མཆོད་པའི་རྫས་སུ་ཤེས་པར་བྱ། །སྒྲུབ་ལ་ཞུགས་ནས་མ་ཐོན་པར།
།གང་དགོས་རྫས་རྣམས་བསོགས་པ་ནི། །རང་གི་རྫས་སུ་ཤེས་པར་བྱ།
།སྒྲུབ་པ་ཐབས་ཀྱི་རིམ་པ་ནི། །རང་ཉིད་ཡི་དམ་ལྷར་བསྐྱེད་ལ། །མདུན་དུ་སྒྲུབ་པའི་མཎྜལ་ལ། །ཆང་མང་བདུད་རྩི་ལྔ་ཡིས་བྱུགས། །རང་རང་སྔགས་ཀྱི་མེ་ཏོག་འདི། །བྱམས་པའི་ངོ་བོར་བརྩེ་བར་ལྡན། །སྙིང་རྗེའི་ངོ་བོ་སྐྱོབས་པར་ལྡན། །དགའ་བའི་ངོ་བོ་སྤྲོ་བར་ལྡན། །བཏང་སྙོམས་ངོ་བོ་མི་འབྱེད་པ། །ཚངས་པའི་གནས་བཞི་དེ་ལྟར་བསྒོམས། །དེ་རྗེས་སྔགས་རྣམས་བརྗོད་ནས་ནི། །མཎྜལ་སྟོང་པ་ཉིད་དུ་བསྒོམ། །སྟོང་པའི་རྒྱུ་ནི་ཡི་གེ་ཨེ། །ཆོས་འབྱུང་གྲུ་གསུམ་བསྐྱེད་པར་བྱ།
།ཆོས་འབྱུང་ནང་དུ་པཾ་ལས་ནི། །རྒྱལ་མཚོའི་རང་བཞིན་བསྒོམ་པར་བྱ། །དེ་ནང་ཧྲཱིཿལས་པདྨ་ཡིས། །སྡོང་པོ་འདབ་མར་ལྡན་པར་བསྐྱེད། །དེ་སྟེང་པཾ་ལས་པདྨར་ལྡན། །ཨ་ལས་ཟླ་བའི་དཀྱིལ་འཁོར་བསམ། །དེ་སྟེང་ཧྲཱིཿལས་འོད་འཕྲོས་པས། །འོག་ཏུ་ཨ་ལི་ཉིས་འགྱུར་ལས། །མཉམ་པ་ཉིད་ཀྱི་ཡེ་ཤེས་སོ། །བར་གྱི་ཧྲཱིཿལས་གྲི་གུག་སྟེང་། །ཧྲཱིཿཡིས་མཚན་པ་བསམ་པར་བྱ། །ཧྲཱིཿལས་འོད་ཟེར་རྣམས་འཕྲོས་པས། །སངས་རྒྱས་རྣམས་ཀྱིས་ཐུགས་བསྐུལ་ནས། །སེམས་ཅན་རྣམས་ཀྱི་སྒྲིབ་པ་སྦྱངས། །ཇོ་མོར་གྱུར་ཏེ་ཧྲཱིཿལ་བསྡུ། །སོ་སོར་རྟོག་པའི་ཡེ་ཤེས་སོ། །དེ་རྣམས་གཅིག་ཏུ་གྱུར་པ་སྟེ། །བྱ་བ་གྲུབ་པའི་ཡེ་ཤེས་ཡིན། །སྐུ་མདོག་དམར་ལ་འོད་ཟེར་ཅན། །སེམས་ཅན་དོན་ལ་ཆགས་པ་ཡིན།
།སྤྱན་གསུམ་གྱེན་ལ་གཟིགས་པ་ནི། །ཆོས་ཉིད་རྒྱུན་ལ་གནས་པ་ཡིན། །དབུ་སྐྲ་སིལ་སྟོད་ནོན་པ་ནི། །རྣམ་རྟོག་མཐུར་དུ་སྙིལ་བ་ཡིན། །ཐོད་སྐམ་ལྔ་ཡི་དབུ་རྒྱན་པ། །ཡེ་ཤེས་ལྔ་ཡི་རང་བཞིན་ཡིན། །མི་མགོ་རློན་པའི་དོ་ཤལ་ནི། །ཐབས་ཀྱི་ཟིན་པའི་ཤེས་རབ་ཡིན།
།དུར་ཁྲོད་ཆས་ཀྱིས་བརྒྱན་པ་ནི། །མི་རྟག་རང་བཞིན་སྟོན་པ་ཡིན། །བརྐྱང་བསྐུམ་ཞབས་ཀྱི་བདུད་གསུམ་མནན། །ཆགས་སྡང་མཐའ་ལས་གྲོལ་བ་ཡིན། །ཕྱག་གཡོན་ཐོད་པ་བདུད་རྩིས་བཀང་། །ཞལ་དུ་ཁྲག་རྒྱུན་འདྲེན་པ་ནི། །ཟག་མེད་ལུས་ལ་རྒྱས་པ་ཡིན། །ཕྱག་གཡས་གྲི་གུག་མཐུར་དུ་འཕྱར། །དུག་ལྔ་རྩད་ནས་གཅོད་པ་ཡིན། །མདུན་དུ་ཧཱུྃ་ལས་བླ་མ་བསྐྱེད།
།གཡས་སུ་པད་ཟླའི་སྟེང་དུ་ནི། །ཧྲཱིཿལས་པདྨ་ལས་སྐྱེས་པ། །སྤྱན་རས་གཟིགས་ནི་བསྒོམ་པར་བྱ།
།གཡོན་དུ་པད་ཟླའི་སྟེང་དུ་ནི། །ཏཾ་ལས་ཨུཏྤལ་ལས་སྐྱེས་པའི། །སྒྲོལ་མ་ཡང་ནི་བསྒོམ་པར་བྱ། །རྒྱབ་ཏུ་པདྨ་ཉི་མའི་གདན། །ཧཱུྃ་ལས་མགོན་པོ་བསྒོམ་པར་བྱ། །རང་རང་ཐུགས་ཀར་པད་ཟླའི་སྟེང་། །ས་བོན་ཡི་གེ་བསམ་པར་བྱ། །དེ་ནི་མངོན་བྱང་བཞི་ཡི་ལུགས། །ཆོ་ག་གསུམ་ནི་འདི་ལྟར་བསྐྱེད། །པད་ཟླའི་སྟེང་དུ་ཧྲཱིཿབསམ་ལ། །ཧྲཱིཿལས་འོད་ཟེར་སྤྲོ་བསྡུ་བྱས། །དེ་ལས་གྲི་གུག་ཧྲཱིཿཡིས་མཚན། །ཧྲཱིཿལས་འོད་ཟེར་རྣམས་སྤྲོས་ནས། །བསྐུལ་སྦྱངས་བྱས་ནས་ཧྲཱིཿལ་ཐིམ། ཧྲཱིཿདང་གྲི་གུག་གྱུར་པ་ལས། །མཁའ་སྤྱོད་མ་ནི་བསྐྱེད་པར་བྱ། །གསུང་ནི་ཡིག་འབྲུ་སྔགས་ཀྱི་སྒྲ། །ཐུགས་ནི་གྲི་གུག་རྡོ་རྗེས་མཚན། །ཡོངས་སུ་རྫོགས་པ་སྐུ་གསུང་ཐུགས། །དེ་ནི་ཆོ་ག་གསུམ་གྱི་ལུགས།
།སྐད་ཅིག་གཅིག་ལས་བསྐྱེད་པ་ནི། །པད་ཟླའི་སྟེང་དུ་ཧྲཱིཿལས་ནི། །སྐད་ཅིག་མ་ལས་བསྐྱེད་པར་བྱ། །འཁོར་རྣམས་ཀུན་ཡང་དེ་བཞིན་ཏེ། །དེ་ནི་སྐད་ཅིག་མ་ཡི་ ཐུགས། །རང་རང་ཐུགས་ཀའི་ས་བོན་ལས། །འོད་ཟེར་སྤྲོས་ཏེ་སྤྱན་དྲངས་ལ། །ཕྱི་ནང་གསང་བ་གསུམ་གྱིས་མཆོད། །ཕྱི་མཆོད་ཡོན་ཆབ་ལ་སོགས་པའི། །ས་བོན་འོད་ཟེར་འཕྲོས་པ་ལས།
།ཌཱ་ཀི་མ་ཡི་ཕྱག་ན་ནི། །གླང་ཆེན་ཤ་དང་དྲི་ཆེན་གྱིས།
།བཀང་བའི་ཐོད་པ་བཟུང་ནས་ནི། ཁ་དོག་དཀར་ལ་རོ་མཆོག་མངར། །རྒྱལ་བ་རྣམས་ལ་མཆོད་པར་བསམ། །དཀར་དང་རྟ་ཤ་འོ་མས་མཆོད། །དམར་དང་བ་གླང་ཤ་ཡི་མཆོད། ཁཎྜ་རོ་ཧིས་མཆོད་པར་བསམ། །མི་ཤ་དཀར་དམར་རྣམ་གསུམ་གྱིས། །ཇོ་མོ་དངོས་ལ་མཆོད་པར་བསམ། །དེ་ནི་ནང་གི་མཆོད་པའོ།
ཁ་ཊྭཱཾ་ལྟེ་བའི་ཧཱུྃ་ལས་ནི། །འོད་ཟེར་འཕྲོས་པས་སངས་རྒྱས་ཀྱི། །ཐུགས་ཀ་ནས་ནི་ཧཱུྃ་རྣམས་བབས། །ཁ་ཊྭཾ་ལྟེ་བའི་ཧཱུྃ་ལ་ཐིམ། མི་ཤ་ཧཱུྃ་དང་ཁ་ཊྭཱཾ་གྱུར་པ་ལས།
།ཧེ་རུ་ཀར་ནི་བསྐྱེད་ནས་ནི། །སྙོམས་འཇུག་མཆོད་པ་ཕུལ་བར་བསམ། །དེ་རྣམས་སེམས་སུ་ཤེས་པ་ན། །རྒྱ་ཡིས་བཏབ་པའི་མཆོད་པའོ།
།ཡེ་ཤེས་སེམས་དཔའ་གཞུག་པ་ནི། །ཛཿཧཱུྃ་བཾ་ཧོཿས་བསྟིམ་པར་བྱ། །སྐུ་གསུང་ཐུགས་ཀྱི་ས་བོན་གྱིས། །སྐྱོན་མེད་དག་པར་བྱིན་གྱིས་བརླབས། །འཁོར་འདས་ཡོངས་ལ་ཁྱབ་པར་བསྔོ། །གང་འདོད་དངོས་གྲུབ་གསོལ་བ་གདབ། །རེ་བ་བཅས་པར་བསྔོ་བ་བྱ། །རྗེ་བཙུན་མ་མཁའ་སྤྱོད་མའི་སྒྲུབ་ཐབས་མངོན་པར་རྟོགས་པ་རྫོགས་སོ།། །།