Lus sbyin zin bris mdor bsdus kun dga'i skyed tshal

From Shangpa Resource Center
Revision as of 15:24, 20 January 2020 by Sengue (talk | contribs)
(diff) ← Older revision | Latest revision (diff) | Newer revision → (diff)








Resource ID SCv6p1
Title chod sbyin gyi zin bris mdor bsdus kun dga'i skyed tshal
Topics Chö
Sub-Topics Commentary
Author Jamgön Kongtrül Lodrö Thayé
Link BDRC W23922

༄༅། །ཆོད་སྦྱིན་གྱི་ཟིན་བྲིས་མདོར་བསྡུས་ཀུན་དགའི་སྐྱེད་ཚལ་ཅེས་བྱ་བ་བཞུགས་སོ།།

བླ་མ་དང་ཡུམ་ཆེན་མོ་ལ་ཕྱག་འཚལ་ལོ།
།དེའང་གཅོད་ཡུལ་ཕྱག་རྒྱ་ཆེན་པོ་ཞེས་བྱ་བ་འཁོར་ལོ་བར་པའི་ལྟ་དགོངས། སྔགས་ཀྱི་རིག་བརྟུལ་སྤྱོད་པ་དང་རྗེས་སུ་འབྲེལ་བ་མི་འདོད་པ་དང་དུ་བླངས། རྐྱེན་ངན་ལ་ཐོག་བརྗིས་བཏང་། ལྷ་འདྲེ་རང་སེམས་སུ་རྟོགས། བདག་གཞན་མཉམ་ཉིད་དུ་ཤེས་པས་བདག་འཛིན་གྱི་སྙེམས་ཐག་བཙན་ཐབས་སུ་གཅོད་པ་སྟེ། དེ་ལྟར་མ་གོ་བར་འདྲེ་གདོན་ཐུལ་དུ་རེ་བ་དང་། སྙན་གྲགས་ཁྱད་འདོན་ཟ་ཆོག་གི་ཕྱིར་རང་སྣང་འཁྲུལ་པ་དགྲར་ལྟ་བའི་ཧཱུྃ་ཧཱུྃ་ཕཊ་ཕཊ་བགྲངས་ནས་རྩིད་ཐལ་གྱི་སྤྱོད་པ་སྣ་ཚོགས་ལ་ཞུགས་པ་ནི་གཅོད་ལོག་ཏུ་གྲགས་པ་ལམ་འདིའི་ནོར་ས་རྔམ་པོ་ཆེ་ཡིན་པས་ཐོག་མ་ནས་བློ་རྩི་གཏོང་ཕྱོགས་དེ་མ་ནོར་བར་བྱ།
གསར་རྙིང་ཐམས་ཅད་ལ་གྲགས་ཤིང་ལུགས་སྲོལ་ཆེས་མང་ནའང་ཟུར་མང་གི་བཀའ་སྲོལ་འདི་བཀའ་བབ་ཏུ་བརྩི་ཞིང་དོན་ལའང་གདམས་ངག་ཟབ་ལ་རྒྱས་པ་རྒྱུན་མ་ནུབ་ཅིང་རྟོག་གོམས་གདེང་ཁེ་ལ་བྱིན་རླབས་ཀྱི་བཀའ་མ་ཆད་པས་ཁྱད་པར་འཕགས། ལུགས་འདིའི་ཚོགས་ལས་ཀྱི་དམིགས་སྐོར་སོགས་ནི་གཞན་དུ་གསལ་ལ།
རྒྱུན་ཁྱེར་ལུས་སྦྱིན་སྐབས་སྔོན་འགྲོ་ལ། སེམས་བསྐྱེད། སྐྱབས་འགྲོ། ཚོགས་བསགས། སྒྲིབ་སྦྱོང་། མཆོད་འབུལ་བཅས་དོན་ཚན་ལྔ། དངོས་གཞི་ལ། འཕོ་བ། ལུས་མཎྜལ། དཀར་འགྱེད་སྐོར་གསུམ་གཅིག་ཏུ་བསྡོམས། དམར་འགྱེད་རྣམས་གཅིག་ཏུ་བསྡོམས་ཚོགས་ལས་བཅས་དོན་ཚན་ལྔ། རྗེས་བསྔོ་སྨོན། བསྡུ་རིམ། ལམ་ཁྱེར་བཅས་གསུམ་སྟེ་ས་བཅད་བཅུ་གསུམ་དུ་རགས་པར་ཚང་ལ།
དེའང་ཐོག་མར་སེམས་བསྐྱེད་སྐབས་སྡང་བའི་དགྲ་གཟུགས་ཅན། གནོད་པའི་བགེགས་གཟུགས་མེད། བར་གཅོད་ཀྱི་རྐྱེན་བསམ་དོན་ཕྱིན་ཅི་ལོག་ཏུ་གཏོང་མཁན། ལས་ཀྱི་གདོན་ལྷན་སྐྱེས་མ་རིག་པས་བསྐྱེད་པའི་བདུད་བཞི། ཚེ་སྲོག་འཕྲོག་པའི་འཆི་བདག་གི་བདུད། གནས་གདོན་སྡོད་གནས་གཉན་ས་དེར་གནས་པའི་ལྷ་འདྲེ། ལུས་གདོན་ཁུ་རྡུལ་རླུང་གསུམ་གྱི་ཚོགས་པའི་ལུས་འདི་གྲུབ་ནས་བཟུང་། དུག་གསུམ་གྱི་རང་གཟུགས་མཉམ་ཆས་སུ་ཡོད་པ་སྟེ་དེ་རྣམས་ཀྱིས་ཐོག་དྲངས། ནམ་མཁས་ཁྱབ་ཚད་ཀྱི་ཕ་མ་སེམས་ཅན་ཐམས་ཅད་ཆོས་སྐུ་ཡུམ་ཆེན་མོའི་གོ་འཕང་ལ་བདག་ཁོ་ནས་བཀོད་པའི་ཆེད་དུ་གཅོད་ཡུལ་ཕྱག་རྒྱ་ཆེན་པོ་ཉམས་སུ་བླང་སྙམ་པའི་བྱང་ཆུབ་སེམས་ཀྱི་རྩིས་ཐོག་མཐའ་ཀུན་ཏུ་ཟིན་པར་བྱ།
གཉིས་པ་སྐྱབས་འགྲོ་ལ་ཐོག་མར་མགྲོན་བསྡུ་བ་ནི། རྐང་དུང་ཁ་ལན་གསུམ་བརྡབ་པའི་ཚེ།
མ་འཇིགས་ཤིག །མ་སྔངས་ཤིག །ཤིན་ཏུ་མ་སྔངས་ཤིག །ཅེས་པའི་སྒྲ་དང་། ལན་གསུམ་འབུད་པའི་ཚེ།
དང་པོས་ཉོན་ཅིག་དང་། གཉིས་པས་འདུས་ཤིག་དང་། གསུམ་པས་མྱུར་དུ་འདུས་ཤིག་ཅེས་པའི་སྒྲ་སྲིད་རྩེ་ནས་མནར་མེད་བར་ཐོས་པས་རི་ཆེན་པོ་ལ་ན་བུན་གྱིས་གཡོག་པ་ལྟར་ཐིབས་སེ་འདུས་པར་སྒོམས།
སྐྱབས་ཡུལ་སྐབས་འདིར་བསྡུས་པའི་ལུགས་ཏེ། མདུན་གྱི་ནམ་མཁའ་སེང་ཁྲི་པད་ཟླའི་སྟེང་ཡུམ་ཆེན་མོ་ལ་གསེར་མདོག་ཕྱག་བཞིའི་དང་པོ་གཉིས་ས་གནོན་མཉམ་བཞག །འོག་མ་གཡས་རྡོ་རྗེ། གཡོན་གླེགས་བམ་བསྣམས་པ། ལོངས་སྤྱོད་རྫོགས་པའི་རྒྱན་དང་ལྡན་པ་ལ་འཁོར་ཕྱོགས་བཅུའི་རྒྱལ་བ་སྲས་དང་བཅས་པས་བསྐོར་བའི་མདུན་དུ། སྡང་དགྲ་གནོད་བགེགས་ལ་སོགས་པས་ཐོག་དྲངས་སེམས་ཅན་ཐམས་ཅད་ཀྱིས་ལུས་གུས་པས་ཐལ་སྦྱར། ངག་གུས་པས་སྐྱབས་འགྲོ། ཡིད་གུས་པས་དད་མོས་རྩེ་གཅིག་གི་ངང་། འདི་ནས་བཟུང་བྱང་ཆུབ་མ་ཐོབ་ཀྱི་བར་བློ་གཏད་ལིང་བསྐྱུར་ཅི་མཛད་ཁྱེད་ཤེས་ཀྱིས་སྐྱབས་སུ་འགྲོ་བར་མོས་ལ། སྐྱབས་འགྲོ་ལན་གསུམ་སོགས་བཏོན་ཞིང་དགེ་བའི་སྨོན་ལམ་དང་། ཡན་ལག་ལྔ་པ་ཕུལ་ཞིང་སེམས་བསྐྱེད་པའི་སྡོམ་པ་བཟུང་སྟེ། དེའང་སྔར་དམ་བཅས་པ་ཉིད་མོས་པས་སློབ་པའི་ཚུལ་གྱིས། སྔོན་གྱི་རྒྱལ་བ་རྣམས་ཀྱིས་བྱང་ཆུབ་ཏུ་ཐུགས་བསྐྱེད་ཅིང་ཚུལ་ཁྲིམས་རྣམ་པ་གསུམ་ལ་བསླབ་པ་བཞིན་དུ་བདག་གིས་ཀྱང་སེམས་བསྐྱེད་ཅིང་བསླབ་པ་ལ་སློབ་པར་བགྱིའོ་སྙམ་པ་ནན་ཏན་དུ་གསལ་འདེབས།
གསུམ་པ་ཚོགས་ཞིང་གསལ་བཏབ་ཅིང་ཚོགས་བསགས་པ་ནི། འདིར་སྐྱབས་ཡུལ་ལྔ་བརྩེགས་འབྲིང་པོའི་ལུགས་སུ་བསྒོམ་སྟེ།
མདུན་གྱི་ནམ་མཁར་ཏྲཱྃ་ལས་རིན་པོ་ཆེའི་གཞལ་ཡས་ཁང་གི་དབུས་སུ་པྃ་ལས་པདྨ། མ་ལས་ཉི་མ། ཨ་ལས་ཟླ་བ་སྟེ་གདན་བཞི་བརྩེགས་ཀྱི་སྟེང་དུ་ཧཱུྃ་དཀར་པོ་འོད་དུ་ཞུ་བ་ལས་མ་གཅིག །དེའི་སྙན་གོང་གཡས་ཕྱོགས་སུ་པད་ཟླའི་གདན་ལ་ཕ་དམ་པ། སྙན་གོང་གཡོན་ཕྱོགས་པད་ཉི་རོ་གདན་སྟེང་དུ་ཕག་མོ་ལྷ་ལྔ། མ་གཅིག་གི་དབུ་ཐོག་ཏུ་སྟོན་པ་ཤཱཀྱ་ཐུབ་པ། དེའི་གཡས་སུ་སངས་རྒྱས། རྒྱབ་ཏུ་དམ་ཆོས། གཡོན་དུ་དགེ་འདུན། དེའི་དབུ་ཐོག་ཏུ་རྣམ་པར་སྣང་མཛད་ལ་ཕྱོགས་བཞིར་རིགས་བཞིའི་སངས་རྒྱས་ཀྱིས་བསྐོར་བའི་མདུན་དུ་སྒྲོལ་ལྗང་། རྒྱབ་ཏུ་རྣམ་སྣང་གངས་ཆེན་མཚོ་བསྒོམ་པ་ཟུར་མང་ལུགས་ཡིན།
རྗེ་གོང་མ་ཀུན་མཁྱེན་ཆེན་པོའི་ཞལ་རྒྱུན་དུ་རྣམ་སྣང་ཚབ་ཏུ་ཡུམ་ཆེན་མོ་བསྒོམ་པར་མཛད།
དེ་རྣམས་སེང་ཁྲི་པད་ཟླའི་གདན་ལ་བཞུགས་ཤིང་ཕ་རྒྱུད་མ་རྒྱུད་གཉིས་མེད་རྒྱུད་སོགས་སོ་སོའི་འཁོར་གྱིས་བསྐོར་བའི་ཕྱི་རོལ་དུ་དཔའ་བོ་དཔའ་མོ། བར་མཚམས་སུ་ཆོས་སྐྱོང་ཕོ་རྒྱུད་མོ་རྒྱུད། མ་གཅིག་གི་གདན་འོག་ཏུ་གཙང་རིས་དཔལ་མགོན་བདུན་ཅུ། འཇིག་རྟེན་སྐྱོང་བ་སོགས་མགོན་པོ་ཡོན་ཏན་མགྲོན། ལྷ་སྲིན་སྡེ་བརྒྱད་བུ་ལོན་ཤ་འཁོན་གྱི་བདག་པོ་སོགས་བགེགས་རིགས་ལན་ཆགས་ཀྱི་མགྲོན། ལྷ་དང་ལྷ་མིན་སོགས་རིགས་དྲུག་སྙིང་རྗེའི་མགྲོན་རྣམས་སྒོ་གསུམ་གུས་པ་ཆེན་པོས་གནས་པར་བསྒོམ།
ལྷ་རྣམས་ཀྱི་གནས་གསུམ་འབྲུ་གསུམ་ལས་འོད་ཟེར་འཕྲོས། མགྲོན་རྣམས་སྐད་ཅིག་གིས་སྤྱན་དྲངས་ཏེ་སོ་སོ་ལ་ཐིམ་པར་བསྒོམ་ལ། བདག་དང་སེམས་ཅན་ཐམས་ཅད་ཀྱིས་ལུས་ཞིང་གི་རྡུལ་སྙེད་དུ་སྤྲུལ་ནས་ཕྱག་འཚལ་བ་སོགས་འདོན་སྒོམ་སྦྲུགས་པའི་ཡན་ལག་བདུན་པ་སྤྱི་ལྟར་ཕུལ།
བཞི་པ་སྒྲིབ་སྦྱོར་ཡེ་ཤེས་ཆུ་རྒྱུན་ནི། མ་གཅིག་གི་ཐུགས་ཀར་པད་ཟླའི་སྟེང་ཧཱུྃ་དཀར་པོའི་མདུན་ནས་བརྩམས་ག་ཏེའི་སྔགས་ཕྲེང་ཡིག་ངོ་ནང་བསྟན་འཁོད་པ་ལས་འོད་འཕྲོས། ཚོགས་ཞིང་རྣམས་ལ་ཕོག་པས་བྱིན་རླབས་ཐུགས་རྗེ་ཆུ་རྒྱུན་གྱི་རྣམ་པར་བསྡུས་ནས་སྔགས་ཕྲེང་ལ་ཐིམ། དེ་ལས་འོད་ཟེར་དང་བདུད་རྩི་དཀར་པོའི་རྒྱུན་བབས། མ་གཅིག་གི་སྐུ་ལུས་གང་ནས་ཞབས་གཡོན་པའི་མཐེ་བོང་ལས་བརྟོལ་ནས་བདག་སོགས་སེམས་ཅན་ཐམས་ཅད་ཀྱི་སྤྱི་བོར་ཞུགས། འཁོར་བ་ཐོག་མེད་ནས་བསགས་པའི་སྡིག་སྒྲིབ་ཉེས་ལྟུང་། གནས་སྐབས་ཀྱི་ནད་གདོན་བར་ཆད་ཐམས་ཅད་བཀྲུས་ཏེ་དུད་ཁུ་སོལ་ཁུའི་རྣམ་པ་བ་སྤུའི་བུ་ག་དང་འོག་སྒོ་ནས་ཐོན་ཏེ་དབང་ཆེན་གསེར་གྱི་ས་གཞིར་ཐིམ་པར་བསམ།
ཡང་གདོན་ཆེན་ལ་དྲག་དམིགས་ཀྱིས་གཅུན་ཚེ་རང་གི་འོག་ན་ཚེ་འཆི་སྲོག་གི་བདག་པོ་ཆུ་སྲིན་གདོང་ཅན་ཁ་གདངས་པའི་ནང་དུ་ཁྲུས་ཁུ་ཁ་དོག་དྲི་རོ་ནུས་མཐུ་ཕུན་སུམ་ཚོགས་པར་གྱུར་ཏེ་སོང་བས་ངོམས་ནས་ལན་ཆགས་བྱང་། འཆི་བ་བསླུས། ཁོ་རང་བྱང་ཆུབ་ཀྱི་སེམས་དང་ལྡན་ནས་གསེར་གྱི་ས་གཞིའི་འོག་ཏུ་སོང་བར་བསྒོམ་པ་ནི་ཧ་ལ་ནག་འགྱེད་དུ་གྲགས།
ལྔ་པ་འདོད་ཡོན་གྱི་མཆོད་པ་ནི། འཇིག་རྟེན་ཁམས་ཀྱི་གཟུགས་སུ་སྣང་ཚད་ཐམས་ཅད་སྣང་སྟོང་སྐུ་ལས་ཀྱི་ཕྱག་རྒྱ། སྒྲ་རུ་གྲགས་ཚད་གྲགས་སྟོང་གསུང་ཆོས་ཀྱི་ཕྱག་རྒྱ། ཡིད་ཀྱི་དྲན་རྟོག་ཐམས་ཅད་རིག་སྟོང་ཐུགས་ཕྱག་རྒྱ་ཆེན་པོ། བདེ་སྡུག་ཐམས་ཅད་བཀྲ་ཤིས་རྫས་རྟགས་ཀྱི་ཕྱག་རྒྱར་གདོད་ནས་གྲུབ་པ་དེ་གསལ་འདེབས་པའི་ཚུལ་གྱིས་ཚོགས་ཞིང་རྣམས་ལ་འབུལ་ཞིང་མཚོན་བྱེད་དུ། རང་ལུས་ཤེལ་ལྟར་དྭངས་པའི་གནས་གསུམ་ནས་གཟུགས་ཀྱི་ལྷ་མོ་དཀར་མོ་མེ་ལོང་། སྒྲའི་ལྷ་མོ་དམར་མོ་པི་ཝཾ། ཡིད་ཀྱི་ལྷ་མོ་སྔོན་མོ་ཆོས་འབྱུང་། ཁ་དོག་མ་ངེས་པའི་ལྷ་མོ་འདོད་ཡོན་ལྔ་དང་བཀྲ་ཤིས་རྟགས་ཀྱི་ཕྱག་རྒྱ་ཐོགས་པ་མང་པོ་སྤྲུལ་ནས་ཕུལ་བས་ཤིན་ཏུ་མཉེས་ཤིང་ཚིམས་པར་བསམ་ལ། མཐར་འཁོར་གསུམ་ཡོངས་དག་ངང་ལ་མཉམ་པར་བཞག །རང་གི་བདེ་དགེ་མཁའ་ཁྱབ་ཀྱི་སེམས་ཅན་ལ་བསྔོ་ཞིང་། དེ་རྣམས་ཀྱི་སྡིག་སྒྲིབ་སྡུག་བསྔལ་བདག་ཁོ་ནའི་སྟེང་དུ་ལེན་པའི་གཏོང་ལེན་དམིགས་པ་སྙིང་ཐག་པ་ནས་བྱ་བའང་མགྲོན་བཞི་དགྱེས་པའི་མཆོད་པའི་མཆོག་དམ་པ་དང་ཚོགས་བསགས་ཀྱི་ཕུལ་དུ་གྱུར་པ་སྟེ། དེ་དག་གིས་ནི་ཐེག་པ་ཐུན་མོང་བའི་ལམ་དང་མཐུན་པའི་བསགས་སྦྱོང་གི་རིམ་པ་གྲུབ་པའོ།
།དངོས་གཞིའི་ཐོག་མ་འཕོ་བ་ནམ་མཁའ་སྒོ་འབྱེད་ལ།
དབང་པོ་ཐ་མ་མཚན་བཅས་རྟེན་ལ་འཕོ་བ།
དབང་འབྲིང་མཚན་བཅས་རྟེན་མེད་དུ་འཕོ་བ། དབང་རབ་མཚན་མེད་རྟེན་མེད་དུ་འཕོ་བ་གསུམ་གྱི་དང་པོ་ལ་རབ་འབྲིང་བསྡུས་གསུམ་ཡོད་པའི་རྒྱས་པ་ནི།
རང་ལུས་ཀྱི་དབུས་སུ་རྩ་དབུ་མ་དཀར་གསལ་མཚན་ཉིད་བཞི་ལྡན་ཡར་སྣེ་ཚངས་བུག་དང་མར་སྣེ་གསང་གནས་སུ་ཟུག་པའི་སྣེ་གཉིས་ཧད་པོར་ཡོད་པ། རང་གི་རྐང་མཐིལ་གཡས་སུ་ཕ་ལས་ཐོབ་པའི་ཐིག་ལེ་དཀར་པོ། གཡོན་དུ་མ་ལས་ཐོབ་པའི་ཐིག་ལེ་དམར་པོ་སྲན་མ་ཙམ་རེ། དོ་གཉིས་ཀྱི་སྟེང་དུ་དུ་ནག་པོ་དམྱལ་བའི་ས་བོན། གསང་གནས་སུ་པྲེ་སེར་པོ་ཡི་དྭགས། ལྟེ་བར་དྭ་སྐྱ་བོ་དུད་འགྲོ། སྙིང་གར་ནྲྀ་ལྗང་གུ་མི། མགྲིན་པར་ཨཱཿདམར་པོ་ལྷ་མ་ཡིན། སྤྱི་བོར་ཨོཾ་དཀར་པོ་ལྷའི་ས་བོན། དེ་རྣམས་ལས་འོད་འཕྲོས་རིགས་དྲུག་སོ་སོར་སྐྱེ་བའི་ལས་ཀྱི་ས་བོན་རང་གཞན་གྱི་ཤེས་རྒྱུད་ལ་ཡོད་པ་ཐམས་ཅད་བསྡུས་ཏེ་སོ་སོར་ཐིམ། ཕཊ་བརྗོད་པས་རྐང་ཞབས་ཀྱི་ཐིག་ལེ་དཀར་དམར་དུ་ལ་ཐིམ། ཐིག་ལེ་ནག་པོ་གཉིས་སུ་གྱུར། དམྱལ་བའི་རྒྱུ་འབྲས་གནས་ཡུལ་སྡུག་བསྔལ་བཅས་འུབ་ཀྱིས་བསྡུས་ནས་ཐིམ། ཕཊ་ཐིག་ལེ་དེ་གཉིས་ཡར་འགྲིལ་གསང་གནས་ཀྱི་པྲེ་ལ་ཐིམ། བྱ་གསར་གྱི་སྒོ་ང་ཙམ་དུ་གྱུར། ཕཊ་ལྟེ་བ། ཕཊ་སྙིང་ཁ། ཕཊ་མགྲིན་པ། ཕཊ་སྤྱི་བོ་རྣམས་སུ། ཕཊ་རེ་རེས་ཡར་སྦར་ཞིང་དུད་འགྲོ། མི། ལྷ་མ་ཡིན། ལྷ་རྣམས་ཀྱི་སྡུག་བསྔལ་རྒྱུ་འབྲས་གནས་ཡུལ་བསྟིམ། ཡར་སྤར་རིམ་བཞིན་ཐིག་ལེ་ཁ་དོག་ཇེ་གསལ་ཇེ་ཆེར་གྱུར་ནས་མཐར་འོད་ལྔའི་རང་བཞིན་ཅན་གྱི་ཐིག་ལེ་བྱ་ཆེན་གྱི་སྒོ་ང་ཙམ་མ་གཅིག་གི་ཐུགས་ཀར་བསྟིམ་སྟེ་མཉམ་པར་བཞག་གོ།
འབྲིང་པོ་ནི། སྟོང་ར་དབུ་མ་རྐང་མཐིལ་ཐིག་ལེ་བཅས་སྔར་ལྟར་གསལ་ཐེབས་ནས། ཕཊ་བརྗོད་པས་ཐིག་ལེ་གཉིས་གསང་གནས་སུ་འདྲེས་ཏེ་རླུང་ཐིག་སེམས་གསུམ་འདྲེས་པའི་ངོ་བོ་འཕར་ལ་ཁད་པ་དེ་ཕཊ་རེ་རེས་ལྟེ་བ་སོགས་གནས་རེ་རེ་བཞིན་སྔར་ལྟར་སྤར་ནས་མཐར་མ་གཅིག་གི་ཐུགས་ཀར་བསྟིམ། འདི་རྒྱུན་ཁྱེར་ལུས་སྦྱིན་སྐབས་མཛད།
བསྡུས་པ་ནི། དབུ་མའི་མར་སྣ་སྙིང་པདྨ་འདབ་བརྒྱད་ལ་ཟུག་པའི་དབུས་སུ་རྣམ་ཤེས་ཀྱི་ངོ་བོ་ཐིག་ལེ་དཀར་དམར་མདངས་ལྡན་ཡོད་པ་ཕཊ་བརྗོད་པས་མ་གཅིག་ཐུགས་ཀར་མདའ་འཕངས་པ་བཞིན་བསྟིམ། འདི་འགྱེད་ཕྱི་མ་རྣམས་ཀྱི་སྐབས་སུ་མཛད་དོ།
།གཉིས་པ་ནི་དབྱིངས་རིག་མོས་པས་བསྲེ་བ་སྟེ། ཕཊ་ཅེས་པས་རྣམ་ཤེས་ནམ་མཁར་སྤར། ནམ་མཁས་གར་ཁྱབ་རིག་པས་ཁྱབ། རིག་པས་གར་ཁྱབ་ཆོས་སྐུས་ཁྱབ། དོན་དམ་མ་གཅིག་ཆོས་ཀྱི་སྐུའི་དགོངས་པ་དང་མཉམ་ཉིད་ཆེན་པོར་བཞག་པ་སྟེ་རྒྱུན་གྱི་ཉམས་ལེན་ཞལ་ཁྲེད་དང་ལྡན་པའི་རྒྱུན་ནོ།
།གསུམ་པ་ནི། འཁོར་འདས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་རང་རིག་བྱང་ཆུབ་སེམས་ལས་གཞན་དུ་མེད་ཅིང་། དེའང་གདོད་ནས་སྨྲ་བསམ་བརྗོད་བྲལ་ཡུམ་གྱི་ཀློང་ལས་གཞན་དུ་མ་འདས་མི་འདའ་འདའ་བར་མི་འགྱུར་བར་ཐག་ཆོད་པ་དག་གིས་སྟོང་གསལ་རིག་པའི་སྙིང་པོ་ཅན་གྱི་དགོངས་པ་འཕོ་འགྱུར་མེད་པ་ལ་དུས་རྟག་ཏུ་མཉམ་པར་བཞག་པ་ནི་འཕོ་བ་ཀུན་གྱི་རྒྱལ་པོ་ནམ་མཁའ་སྒོ་འབྱེད་ཆེན་མོ་ཡུམ་གྱི་དགོངས་དོན་དངོས་གཞི་དམ་ཆོས་བདུད་ཀྱི་གཅོད་ཡུལ་གྱི་བསྟན་དོན་མཐར་ཐུག་པ་སྟེ་ཐུན་མིན་གྱི་ཐེག་པ་དང་མཐུན་པའི་མཉམ་བཞག་ཆོས་ཀྱི་དབྱིངས་སུ་ལ་ཟླ་བའོ།
།གཉིས་པ་ནི། ལུས་མཎྜལ་འབུལ་བ་མན་ཆད་ནི་རྗེས་ཐོབ་བོགས་འདོན་སྤྱོད་པའི་ཡན་ལག་སྔགས་ཀྱི་རིག་པ་བརྟུལ་ཞུགས་སོགས་དང་རྗེས་སུ་འབྲེལ་བ་སྟེ། དེའང་མ་གཅིག་གི་ཐུགས་ཀ་ནས་རང་སེམས་ཧྲཱིཿཡིག་དམར་པོའི་རྣམ་པར་ཕྱིར་ཐོན་པ་རྡོ་རྗེ་ཕག་མོར་གྱུར། ཕྱག་གཡས་པའི་གྲི་གུག་གིས་རང་གི་བེམ་པོ་ལ་ཚད། པགས་པ་ཕྱལ་གྱིས་བཤུས་ནས་བཏིང་པའི་སྟེང་བེམ་པོ་སྤུངས་པས་པགས་པ་གསེར་གྱི་ས་གཞི། ཁྲག་དང་ཆུ་སེར་སྤོས་ཆུའི་རྒྱ་མཚོ། སོར་མཛུབ་མཐའི་ལྕགས་རི། བྱང་ཁོག་རི་རབ་ལྷུན་པོ། ཡན་ལག་བཞི་གླིང་བཞི་གླིང་ཕྲན། མགོ་བོ་ལྷ་གནས། མིག་ཉི་ཟླ། སྙིང་ཡིད་བཞིན་ནོར་བུ། ནང་ཁྲོལ་རྣམས་བཀྲ་ཤིས་རྟགས་བརྒྱད། རྒྱལ་སྲིད་སྣ་བདུན། རིན་པོ་ཆེའི་གཏེར། འདོད་ཡོན་ལྔ་སོགས་ཕུན་སུམ་ཚོགས་པའི་བཀོད་པ་མ་ཚང་བ་མེད་པ་ཀུན་ཏུ་བཟང་པོའི་མཆོད་སྤྲིན་ལྟ་བུ་ནམ་མཁའི་མཐའ་ཀླས། དུས་འཁོར་བ་ཇི་སྲིད། གྲངས་དང་ཚད་ལས་འདས་པར་ཕུལ་བས་བདག་གཞན་སེམས་ཅན་ཐམས་ཅད་ཚོགས་རྫོགས་སྒྲིབ་པ་བྱང་བར་བསྒོམ། རྗེས་འཁོར་གསུམ་ཡངས་དག་ངང་ལ་བཞག
།གསུམ་པ། དཀར་འགྱེད་རིགས་ལས་སྐབས་འདིར་དཀར་ཚོགས་ལམ་ཁྱེར་སྐོར་གསུམ་མམ་མགྲོན་བཞི་མར་གྲགས་པ་འདི་བྱ་སྟེ། ནམ་མཁའ་སྒོ་འབྱེད་རྒྱས་བསྡུས་གང་རུང་སོང་མཚམས་རིག་པ་རྡོ་རྗེ་རྣལ་འབྱོར་མ་ཕྱིར་སྤྲོས་པ་ཡན་གོང་ལྟར་ལ། མདུན་དུ་རང་གི་ཐུགས་ཀ་ནས་སྤྲོས་པའི་ཡཾ་ལས་རླུང་། རཾ་ལས་མེ་དཀྱིལ་གྱི་སྟེང་མི་མགོའི་སྒྱེད་བུ་རི་རབ་ཙམ་གསུམ་རང་འབྱུང་དུ་གྲུབ་པའི་ཁར། བེམ་པོ་ལ་གྲི་གུག་ཚད་ཙམ་གྱིས་ཐོད་པ་སྒར་གྱིས་འཕར་བ་སྟོང་གསུམ་དང་མཉམ་པར་གྱུར་པ་དེ་བཙུགས་པའི་ནང་དུ་གྲི་གུག་རྩེ་མོས་བེམ་པོ་འཕང་ཞིང་ཚད་ཙམ་གྱིས་ཤ་རུས་སིལ་བུར་བཏུབ། ཐུགས་ལས་ཁཾ་དང་ཨོཾ་ཨཱཿཧཱུྃ་སྤྲོས་ནས་ཐོད་པའི་ཁར་བརྩེགས། ཡང་འོད་འཕྲོས་པས་རླུང་གཡོས་མེ་སྤར། ཐོད་པའི་ཤ་རུས་བདུད་རྩིར་ཞུ་ཞིང་ཁོལ། ཁཾ་ལས་ཆུ་རྒྱུན་འབབ་ཉིས་སྐྱོན་བཀྲུས། འབྲུ་གསུམ་ལས་འོད་འཕྲོས་རྒྱལ་བའི་སྐུ་གསུང་ཐུགས་ཀྱི་བྱིན་རླབས་ཡེ་ཤེས་ཀྱི་བདུད་རྩི་བཀུག་སྟེ་ཐིམ། འབྲུ་གསུམ་འོད་དུ་ཞུ་ནས་ཐིམ་པས་དཀར་དམར་མཐིང་གསུམ་འདྲེས་པའི་བདུད་རྩིའི་རྒྱ་མཚོར་གྱུར། རླངས་པ་ལས་མཆོད་རྫས་སྣ་ཚོགས་སུ་གྲུབ་པས་ནམ་མཁའི་ཁམས་ཁེངས། ཁུ་བ་རོ་བརྒྱ་ལྡན་པའི་བདུད་རྩི། སྙིགས་མ་འདོད་པའི་ཡོན་ཏན་མཁོ་དགུའི་ལོངས་སྤྱོད་བསམ་གྱིས་མི་ཁྱབ་པར་གྱུར་པ་དེ། རང་ལས་སྤྲུལ་པའི་མཆོད་པའི་ལྷ་མོ་སྣ་ཚོགས་པ་ནམ་མཁའ་གང་བས། རྩ་བརྒྱུད་བླ་མ་རྣམས་ལ་དགྱེས་དགུའི་མཆོད་སྤྲིན། ཡི་དམ་རྒྱུད་སྡེ་བཞི་ལ་ཕྱི་ནང་གསང་མཆོད། དཔའ་བོ་མཁའ་འགྲོ་རྣམས་ལ་ཚོགས་ཀྱི་ཡོ་བྱད། དམ་ཅན་སྲུང་མ་རྣམས་ལ་རྟེན་བསྐང་སྒྲུབ་རྫས། གཙང་རིགས་དཔལ་མགོན་རྣམས་ལ་དགྱེས་པའི་ཡོ་བྱད། བགེགས་རིགས་ལན་ཆགས་རྣམས་ལ་འདོད་པའི་ཡོན་ཏན། སྟོང་གསུམ་གཞི་བདག་རྣམས་ལ་གསང་མཆོད་བརྔན་རྫས། ཀླུ་རིགས་དཀར་ཕྱོགས་རྣམས་ལ་ཀླུ་སྨན་དཀར་གསུམ། ཀླུ་གདོན་ནག་ཕྱོགས་རྣམས་ལ་ཤ་ཁྲག་རྒྱ་མཚོ། འགྲོ་བ་རིགས་དྲུག་རྣམས་ལ་སོ་སོའི་ཡིད་ལ་གང་འདོད་ཕུལ་ཞིང་བྱིན་པས་མགྲོན་བཞི་ཤིན་ཏུ་དགྱེས་ཤིང་ཚིམས། ལན་ཆགས་བུ་ལོན་འཁོར་ནས་རྒྱུད་ལ་བྱང་ཆུབ་སེམས་སྐྱེས། རིགས་དྲུག་སོ་སོའི་སྡུག་བསྔལ་ཞི་ནས་ཐར་པ་དམ་པའི་ཆོས་ལ་སྤྱོད་པའི་མོས་པ་བྱ་ལ་ཕཊ་བགྲང་།
བདུད་རྩི་ལྷག་མ་དེ་སྐད་ཅིག་གིས་ཤ་རི་ཁྲག་མཚོ་རུས་པའི་གྲམ་ཁྲོད། སྨུག་ཤིག་གེ། ཞག་གི་ལེ། རླངས་པ་ཕ་ལེ། ངོ་བོ་ཟག་མེད་ཀྱི་བདུད་རྩི། རྣམ་པ་བྲམ་ཟེ་སྐྱེ་བ་བདུན་པའི་སྐུ་ཤ་ལྟར་མཐོང་ཐོས་མྱོང་བ་ཐམས་ཅད་ལུས་སེམས་ཀྱི་ཉོན་མོངས་པ་ཞི་ནུས་པ་གྱུར་པར་བསམས་ནས་རྐང་གླིང་ལན་གསུམ་བཏང་། ཚེ་བསོད་མངའ་ཐང་ལ་བུ་ལོན་ཆགས་པའི་གནས་གདོན་ལུས་གདོན་སོགས་གདོན་བརྒྱད་ཀྱིས་གཙོར་བྱས་བགེགས་རིགས་ཐམས་ཅད་འདུས་པར་བསམ། ན་མོ་གནས་གཉན་ས་འདིར་གནས་སོགས་ཀྱི་ཚིག་དོན་ལྟར་དེ་རྣམས་ཀྱིས་སྐད་ཅིག་ལ་བསྐལ་པར་འདུ་ཤེས་པས་ཤ་ཁྲག་ལ་ལོངས་སྤྱོད་ཅིང་རོལ་བས་ཚིམས་ནས་ཤ་འཁོན་དག །ལན་ཆགས་བྱང་། རྣམ་སྨིན་གྱི་རྒྱུན་ཆད་པར་བསམས་ཏེ་དཀར་འགྱེད་དམར་འགྱེད་འདི་གཉིས་ནི་ཐམས་ཅད་ཀྱི་རྩ་བའོ།
།འདི་ཕྱིན་གྱི་དཀར་བགྱེད་དམར་འགྱེད་ཟུང་རེ་གོ་རིམ་ངེས་པ་མེད་པར་རང་གིས་གང་འདོད་སྦྱར་དུ་བཏུབ་པས་རྒྱུན་ཁྱེར་ལུས་སྦྱིན་སྐབས་ལྟ་བུར་རེས་མོས་བྱས་ནས་ནུབ་ཁ་ཤས་ལ་ཚར་བར་བྱའོ། །དེའང་རྣམ་ཤེས་སྤར། རིག་པ་རྣལ་འབྱོར་མར་བསྒྱུར་བ་ཡན་འདི་ཕྱིན་ཆད་ཐམས་ཅད་ལ་རིགས་འགྲེ། བེམ་པོའི་པགས་པ་བཤུས་ནས་བཏིང་བའི་སྟེང་དུ་རྐང་ལག་གསུམ་བཅད་དེ་བཙུགས་པ། མི་མགོའི་སྒྱེད་བུ་གསུམ་དུ་གྱུར་པའི་ཁར་ཐོད་པ་བཙུགས་པའི་ནང་རང་ལུས་གཏུབ། གྲི་གུག་གིས་ལན་གསུམ་དཀྲུགས་པས་དག་པའི་བདུད་རྩིར་གྱུར། ཕྱོགས་བཅུའི་སངས་རྒྱས་བྱང་སེམས་ཀྱི་བྱིན་རླབས་ཕྱག་གཡོན་པའི་ཐོད་པར་བསྡུས་པའི་བདུད་རྩི་ཚངས་བུག་ནས་ལུད་མདུན་གྱི་ཐོད་པར་ཐིམ། དམ་ཡེ་དབྱེར་མེད་བདུད་རྩིའི་རྒྱ་མཚོར་གྱུར་པ་དེ་རང་ལས་སྤྲུལ་པའི་མཁའ་འགྲོ་དཀར་མོ་ཐོད་པ་ཐོགས་པ་མང་པོས་བཅུས་ནས་མགྲོན་བཞི་ལ་བཀྱེས་པས་དགྱེས་པར་བསམ་པ་ནི་དཀར་འགྱེད་ཐོད་ཞལ་མའོ།
།གྲི་གུག་གིས་བེམ་པོའི་ཡན་ལག་བཞི་བཅད་ཕྱོགས་བཞིར་བཙུགས་པའི་སྟེང་དུ་ལྤགས་པ་བཤུས་ནས་བསྐྱོན། དེ་ནང་ཤ་ཁྲག་མཚོ་ལྟར་བསྐྱིལ་བ་རང་གི་ཐུགས་ཀ་ནས་སྤྲོས་པའི་མཁའ་འགྲོ་དཀར་སེར་དམར་ལྗང་བཞིས་གཡང་གཞིའི་རྩ་བཞི་ནས་འཇུས་ཏེ་བཀྱེས་པར་བསམ་པ་ནི་དམར་འགྱེད་མཆོག་ཕུར་མའོ།
།ཡང་། མ་གཅིག་གི་ཐུགས་ཀ་ནས་རང་གི་རྣམ་ཤེས་ཧ་ཡིག་ཕྱིར་སྤྲོས་པ་མཁའ་འགྲོ་དཀར་ནོར་གཡས་གྲི་གུག་དང་གཡོན་བུམ་པ་བདུད་རྩིའི་གང་བ་ཐོགས་པར་གྱུར། བུམ་པའི་བདུད་རྩི་བེམ་པོའི་སྤྱི་བོར་བླུགས་པས་རྐྱལ་གྲོད་འོ་མས་གང་བ་ལྟ་བུར་གྱུར། གྲི་གུག་ཚད་པས་ཤག་གིས་རལ། ས་གཞི་ཤེལ་ལྟར་དག་པའི་སྟེང་དུ་བདུད་རྩིའི་རྒྱ་མཚོ་སྲིད་རྩེ་ནས་མནར་མེད་བར་ཁྱབ། ཡེ་ཤེས་བདུད་རྩི་བཀུག་སྟེ་བསྟིམས། རང་ལས་སྤྲུལ་པའི་ལྷ་མོ་དཀར་མོ་བུམ་པ་ཐོགས་པ་མང་པོས་མགྲོན་བཞི་ལ་བཀྱེས། ཆོས་སྐྱོང་རྣམས་ལ་ཐོད་རློན་ཤས་གང་བས་མཆོད་པར་བསམ་སྟེ་བདུད་རྩི་བུམ་བགྱེད་མའོ།
།ཡང་རང་རིག་རྣལ་འབྱོར་མས་ལྤགས་པ་ས་གཞིར་བཏིང་བ་ལ་ཤ་ཁྲག་རུས་གསུམ་སྤུངས། ལས་བྱེད་མཁའ་འགྲོ་བཞི་པོས་མགྲོན་རྣམས་ལ་བསྟབ་པ་ནི་བསྟབས་པ་གཡང་གཞི་མའོ།
།ཡང་དམིགས་པའི་གཞི་ཐོད་ཞལ་མ་ལྟར་ལ་ལས་བྱེད་ཁ་དོག་སྣ་ཚོགས་པས་མཆོད་པའི་ཡོ་བྱད་རྣམ་པ་སྣ་ཚོགས་ཐོགས་ཏེ་མགྲོན་རྣམས་ལ་འབུལ་བ་ནི་འདོད་ཡོན་ལྔ་མཆོད་མའོ།
།ཡང་རྣལ་འབྱོར་མས་བེམ་པོ་གཏུབ། ཀ་པཱ་ལ་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་ཤ་ཁྲག་གི་རྒྱ་མཚོ་ཆེན་པོར་གྱུར། སྐུ་ལས་སྤྲུལ་པའི་མཁའ་འགྲོ་རི་རབ་ཀྱི་རྡུལ་དང་མཉམ་པས་གདོན་ཆེན་པོ་བརྒྱད་ལ་སོགས་པ་ལ་བྱིན་པས་དགྱེས་པའི་གད་མོ་དང་མགུ་བའི་གླུ་དང་བཅས་ཏེ་ཚིམས་པར་བསམ་པ་ནི་གཟན་འགྱེད་མའོ།
།ཡང་བུམ་འགྱེད་མ་ལྟར་ལ་མཆོད་ལྷ་རྣམས་རིགས་དྲུག་རང་རང་གི་གནས་སུ་སོང་ནས་བཀྱེས་པས་སོ་སོའི་སྡུག་བསྔལ་ཞི། འོད་ཟེར་ཕོག་པས་རིགས་དྲུག་གནས་སྟོང་། དམྱལ་བ་མངོན་དགའ། ཡི་དྭགས་བདེ་བ་ཅན། བྱོལ་སོང་སྟུག་པོ་བཀོད། མི་དཔལ་དང་ལྡན་པ། ལྷ་མིན་ལས་རབ་རྫོགས། ལྷའི་གནས་འོག་མིན་ཆོས་ཀྱི་དབྱིངས་ཀྱི་ཞིང་ཁམས་སུ་བསྒྱུར་བར་བསྒོམ་པ་ནི་རིགས་དྲུག་གནས་སྟོང་མའོ།
།ཡང་བེམ་པོ་དེ་ཆེ་ཚོ་བཀྲག་སྣུམ་ལྟ་ན་སྡུག་ཅིང་ཡིད་དུ་འོང་བ་ཁ་དོག་དྲི་རོ་ནུས་མཐུ་ཕུན་སུམ་ཚོགས་པ་སྟོང་གསུམ་གང་བ་ཅན་དུ་གྱུར་པ་ལྷ་འདྲེ་རྣམས་ཀྱིས་ཧ་སྒྲ་དི་རི་རི་ཟོས་པར་བསམ་པ་ནི་བེམ་བསྐྱུར་མའོ།
།ཡང་རྣལ་འབྱོར་མས་བེམ་པོའི་པགས་པ་བཤུས་ནས་བཏིང་། གྲི་གུག་གི་རེའུ་མིག་གྲུ་ཆོད་ཀྱི་རྣམ་པར་བྲིས། སོ་སོའི་ནང་དུ་ཤ་ལྔ་བདུད་རྩི་ལྔ། འདོད་ཡོན་ལྔ། བཀྲ་ཤིས་རྫས་རྟགས། བརྟེན་བསྐང་སྒྲུབ་རྫས། དཀར་གསུམ་མངར་གསུམ། བདུད་རྩི་ཤ་ཁྲག་མི་ནོར་ཡུལ་མཁར་ལ་སོགས་མགྲོན་བཞི་གང་ལ་གང་དགྱེས་སུ་གྱུར་པ་དེ་ཉིད་སོ་སོས་ལོངས་སྤྱོད་པས་ཐུགས་མཉེས་པར་བསམ་པ་ནི་ཁྲ་འགྱེད་དུ་གྲགས།
ཡང་བེམ་པོ་དེ་ཉིད་རང་རྗེ་བཙུན་མས་གྲི་གུག་གིས་གཏུབ། ཁྲག་རྒྱ་མཚོ་ཆེན་པོར་འཁྱིལ་བའི་ནང་དུ་རུས་པ་རྣམས་རྩངས་ཐུར་ལྟར་བཙུག་པའི་རྩེར། ཤ་རྣམས་འཕན་དར་འཕྱར་བ་ལྟར་གྱུར་པ་ལས་ཤ་ཁྲག་རུས་གསུམ་གྱི་རྒྱུན་ཆད་པ་མེད་པར་བབ་པས་གདོན་བགེགས་རྣམས་ཀྱིས་བསྐལ་པའི་བར་ལོངས་སྤྱོད་པར་བསམ་པ་ནི་བ་དན་མ་སྟེ། དེ་དག་ནི་དཀར་འགྱེད་དམར་འགྱེད་ཟུང་དུ་བསྡེབས་པ་རྣམས་ཚར།
༼བཞི་པ་ནི།༽ དམར་འགྱེད་གཞན་ཡང་རྡོ་རྗེ་ཕག་མོའི་གྲི་གུག་གིས་བེམ་པོའི་ཡན་ལག་བཅད། ཕྱོགས་བཞིར་འཕངས་པ་དྲི་ཟ་གཤིན་རྗེ་ཀླུ་དབང་གནོད་སྦྱིན་གཙོ་བོར་གྱུར་པའི་གདོན་རྣམས་ཀྱིས་ཧབ་ཐོབ་ཏུ་ཟོས་པར་བསམ་པ་ནི་གླིང་བཞི་མའོ།
།ཡང་བེམ་པོ་དེ་བྱིས་པ་རྒན་པོ་དར་མ་སོགས་ཀྱི་རོ་སྐམ་རློན་རྙིང་གསུམ་རྡུལ་གྱི་གྲངས་དང་མཉམ་པར་གྱུར་པ་ལྷ་འདྲེ་རྣམས་ཀྱིས་རང་གིས་ཇི་ལྟར་འདོད་པ་ལྟར་ལོངས་སྤྱོད་པར་བསམ་པ་རོ་འགྱེད་མ་སྟེ། འདི་གཉིས་གོང་གི་དཀར་འགྱེད་ཇི་ལྟར་རིགས་པའི་གཤམ་དུ་སྦྲེལ་ཆོག
།ཡང་རང་སེམས་ཁྲོས་མར་གསལ་བའི་བེམ་པོའི་རྐང་པར་བཟུང་སྟེ་གཡུག་པས་ཤ་ཁྲག་རུས་གསུམ་སིལ་བུར་འཐོར་ཏེ་གདོན་རྣམས་ཀྱི་ཁར་རྒྱ་ཆེ་ལ་རྒྱུན་མི་འཆད་པར་སོང་བས་ཚིམས་པར་བསམ་པ་ནི་རུས་སྤྲུགས་མ་སྟེ་ཅུང་ཟད་དྲག་དམིགས་སོ།
།ཡང་ཁྲོས་མའི་ཕྱག་གིས་བེམ་པོའི་རྐང་པ་གཉིས་ནས་བཟུང་ནམ་མཁར་ཁྱེར། ལྷ་འདྲེ་རྣམས་འོག་ནས་ཡར་ཁ་དམར་དེང་དེང་ཟེད་པ་ལ་བརྡབས་ནས་བྱིན་པར་བསམ་པ་དང་། ཡང་ན་མདུན་དུ་བེམ་པོའི་མགོ་བོ་ཚད་པ་ཁྲོ་ཆུའི་ཕ་ཝཾ་ཆེན་པོར་གྱུར་པའི་སྟེང་དུ་བེམ་པོ་བརྡབས་པས་ཤ་ཁྲག་དམར་ཐར་ཐར་སོང་བ་ལྷ་འདྲེ་རྣམས་ཀྱིས་ཟོས་པར་དམིགས་པ་རྡེབ་པ་མ་སྟེ། འདི་གཉིས་དྲག་དམིགས་རྩུབ་པས་གདོན་ཚོགས་དགུ་མ་གཏོང་བའི་སྐབས་སུ་མཛད་པ་ཕྱག་བཞེས་སོ།
།བར་མཚམས་སུ་བརྒྱུད་པའི་བླ་མ་རྣམས་ལ་མོས་གུས་གདུང་ཤུགས་དྲག་པོས་སྙིང་ཐག་པ་ནས་གསོལ་བ་བཏབ་ཅིང་བདག་འཛིན་དང་རེ་དོགས་འགོག་པའི་སྨོན་ལམ་བྱ། འཁོར་གསུམ་མི་རྟོག་པར་ཡུད་ཙམ་རེ་བཞག་གོ
།ལྔ་པ་རང་གཞན་ཕུང་པོ་ཚོགས་སུ་འབུལ་བའི་ལས་རིམ་ནི། ཐོག་མར་བསྲེ་བ་སྐོར་གསུམ་ཞེས་པ་བདག་རིག་དང་གཞན་རིག་བསྲེ། རིག་པ་ཆོས་དབྱིངས་སུ་བསྲེ། རང་གཞན་བེམ་པོ་ཚོགས་སུ་བསྲེས་ཏེ། སྣོད་པདྨ་བྷཉྫ་ཕྱི་དཀར་བ་ཟླ་བའི་རང་བཞིན། ནང་དམར་བ་ཉི་མའི་རང་བཞིན་གྱི་དབུས་སུ་ངོ་བོ་བེམ་པོའི་ཚོགས་རྫས། རྣམ་པ་གསེར་གྱི་རྡོ་རྗེ་གྱེན་འགྲེང་ལྟེ་བར་ཨཱཿ རྩེ་མོར་ཨོཾ། མར་སྣེ་ཧཱུྃ་གིས་མཚན་པའི་སྟེང་ཟླ་བའི་ཁ་ཆོད། འོག་ཉི་མའི་གདན་དར་བཅས་པར་གསལ། རང་གི་དཔྲལ་བའི་ཨོཾ་ལས་འོད་འཕྲོས། མ་གཅིག་གི་དཔྲལ་བའི་ཨོཾ་ལ་ཕོག །དེ་ལས་འོད་ཟེར་འཕྲོས་ཕྱོགས་དུས་རྒྱལ་བ་སྲས་བཅས་ཀྱི་སྐུའི་བྱིན་རླབས་ཐམས་ཅད་འོད་ཟེར་དཀར་པོའི་རྣམ་པར་བསྡུས་ནས་དཔྲལ་བར་ཐིམ་མ་ཐག་ཨོཾ་འོད་ཟེར་དཀར་པོས་མཚན་པ་བྱུང་། རྡོ་རྗེའི་ཨོཾ་ལ་ཕོག་པས་ཟླ་བའི་ཁ་ཆོད་རྡོ་རྗེའི་སྟོད་ཆ་ཨོཾ་བཅས་འོད་དུ་ཞུ་བས་ཀ་པཱ་ལ་བདུད་རྩི་དཀར་པོས་གང་། དེས་རིགས་འགྲེ་བས་ཨཱཿདམར་པོ་དང་གསུང་གི་བྱིན་རླབས་བསྡུ། རྡོ་རྗེའི་སྐེ་ཆ་ཞུ་བས་བདུད་རྩི་དམར་པོས་གང་། ཧཱུྃ་མཐིང་ག་དང་ཐུགས་ཀྱི་བྱིན་རླབས་བསྡུ། རྡོ་རྗེའི་སྨད་ཆ་ཉི་མ་བཅས་ཞུ། བདུད་རྩི་སྔོན་པོར་འཁྱིལ། དཀར་དམར་མཐིང་གསུམ་འདྲེས་པའི་ཁ་དོག་དྲི་རོ་ནུས་མཐུ་ཕུན་སུམ་ཚོགས་པ་ངོ་བོ་ཡེ་ཤེས་ཀྱི་བདུད་རྩི། རྣམ་པ་ཕྱི་ནང་གསང་བའི་ཚོགས་མཆོད་དཔག་ཏུ་མེད་ཅིང་ཟད་མི་ཤེས་པར་གྱུར་པ་དེ་ཉིད། རང་རྡོ་རྗེ་རྣལ་འབྱོར་མའི་ཐུགས་ལས་སྤྲུལ་པའི་མཆོད་པའི་ལྷ་མོ་བསམ་གྱིས་མི་ཁྱབ་པས། དྲིན་ཅན་རྩ་བརྒྱུད་བླ་མ་མན་ཆད་ནས་འགྲོ་བ་རིགས་དྲུག་གི་སེམས་ཅན་ཡན་ཆད་མགྲོན་བཞིས་བསྡུས་པ་ཐམས་ཅད་ལ། བདག་ཏུ་མ་བཟུང་བའི་སྲིད་པའི་དཔལ་འབྱོར་ཇི་སྙེད་པ་ཕྱིའི་ཚོགས། བདག་ཏུ་བཟུང་བའི་ཚེ་བསོད་ཁ་རྗེ་དབང་ཐང་ནང་གི་ཚོགས། ཕོ་མོ་སྙོམས་འཇུག་གི་དགའ་བ་གསང་བའི་ཚོགས། འཁོར་གསུམ་མི་དམིགས་འོད་གསལ་ཕྱག་རྒྱ་ཆེན་པོ་དེ་ཁོ་ན་ཉིད་ཀྱི་ཚོགས་སུ་ཕུལ་བས་ཤིན་ཏུ་དགྱེས་པའི་ཕུལ་དུ་གྱུར་ནས་རང་རང་དང་མཐུན་པའི་དངོས་གྲུབ་སྩོལ་བར་བསྒོམ། སྐབས་འདིར་གདོན་དམིགས་བསལ་དང་ནད་པ་སོགས་ལ་གདོན་ཚོགས་དགུ་མ་སྦྱར་ཞིང་། རྒྱུན་ཁྱེར་དུ་མཛད་པའི་ཕྱག་སྲོལ་འགའ་ཞིག་ལ་འདུག་མོད་དམར་འགྱེད་ཀྱི་བྱེ་བྲག་དྲག་དམིགས་ཙམ་ཡིན་པས་ས་བཅད་ཟུར་དུ་མི་དགོས་ཤིང་དམིགས་རིམ་གྱི་ཁྱད་པར་འདྲ་མིན་ཁ་ཤས་ཡོད་པ་ཟིན་བྲིས་ཆེ་བ་རྣམས་སུ་བལྟ་བར་བྱའོ།
།ཚོགས་ལས་ཀྱི་ཡན་ལག་ལྷག་མ་ནི། དེ་ལྟར་ལུས་མཆོད་སྦྱིན་བྱས་པའི་ལྷག་རོལ་ཐམས་ཅད་ཀ་པཱ་ལ་སྲིད་གསུམ་ཁྱབ་པ་ཙམ་གྱི་ནང་དུ་ཤ་རི་ཁྲག་མཚོ་རུས་པའི་གྲམ་ཁྲོད་དུ་གྱུར་པ་དེ་རང་ལས་སྤྲུལ་པའི་ཀེང་རུས་ཀྱི་མཁའ་འགྲོ་མ་ཞིག་གིས་ལྷག་མ་གསོལ་བར་ཞལ་གྱིས་བཞེས་པའི་མཁའ་འགྲོ་ཤུགས་འགྲོའི་རིགས་དང་། ལྷ་སྲིན་སྡེ་བརྒྱད་ལྷག་མ་ལ་དབང་བ་རྣམས་དང་། སྔོན་ཆད་མ་བསླེབས་གློ་བུར་དུ་ལྷགས་ཤིང་ལྷག་མ་མ་གཏོགས་མི་དབང་བའི་ཁས་ཉན་དབང་ཆུང་རྣམས་ལ་བཀྱེས་པས་ཚིམས་ནས་ཐམས་ཅད་དགའ་མགུ་ཡི་རངས་ཏེ་ཕྲིན་ལས་བསྒྲུབ་པར་ཁས་བླངས་པར་བསྒོམ།
རྗེས་ཀྱི་ལས་རིམ་དང་པོར་བསྔོ་སྨོན་ནི། བདག་གཞན་དུས་གསུམ་བསགས་ཡོད་ཀྱི་དགེ་བ་ཀུན་དང་། ཁྱད་པར་ད་སྐབས་ལུས་སྦྱིན་བྱས་པའི་དགེ་རྩ་བཅས་བདག་འཛིན་གྱི་སྙེམས་ཐག་ཆོད་ནས་སྐྱེ་བ་མེད་པ་ཡུམ་གྱི་དགོངས་པ་སེམས་ཅན་ཐམས་ཅད་ཀྱིས་རྟོགས་པའི་ཕྱིར་དུ་སྔོན་གྱི་རྒྱལ་བ་སྲས་བཅས་ཀྱིས་བསྔོས་པར་མཛད་པའི་རྗེས་སུ་སློབ་ནས་བསྔོ།
གཉིས་པ་བསྡུ་རིམ་ནི། སྐྱབས་ཡུལ་ཐམས་ཅད་གཡས་བསྐོར་དང་མས་རིམ་གྱིས་འོད་དུ་ཞུ་ནས་མ་གཅིག་ལ་ཐིམ། དེ་ཉིད་སྐུ་ཚད་ཚོན་གང་ཙམ་ལ་འོད་ཟེར་ལྔ་འཕྲོ་བ་ཞིག་ཏུ་གྱུར་ཏེ་རང་གི་ཚངས་བུག་ནས་མར་བྱོན། སྙིང་པདྨ་འདབ་བརྒྱད་དབུས་སུ་སྐྱིལ་ཀྲུང་གིས་བཞུགས། སྙིང་གི་པདྨ་ཁ་ཟུམ་པར་མོས། འོན་ཀྱང་རྒྱུན་གྱི་ལུས་སྦྱིན་ཚེ་མ་གཅིག་ཀྱང་འོད་ཟེར་ྔང་པའི་སྒོ་ང་ཙམ་དུ་གྱུར་ཏེ་སྤྱི་བོ་ནས་ཐིམ་པར་བསྒོམ་པ་ཕྱག་ལེན་ཡིན།
གསུམ་པ་ལམ་ཁྱེར་ནི། སྐད་ཅིག་གིས་རང་སྤྱན་རས་གཟིགས་འགྲོ་འདུལ་ཕྱག་བཞི་པ་གསལ་བ་ལ་ལྷ་འདྲེ་རིགས་དྲུག་རྣམས་ཀྱིས་ཕྱག་བསྐོར་གུས་འདུད་བྱེད། རང་གི་ཐུགས་ཀ་ནས་སྤྲོས་པའི་འོད་ཟེར་གྱིས་ཕོ་ཐམས་ཅད་སྤྱན་རས་གཟིགས། མོ་ཐམས་ཅད་རྗེ་བཙུན་སྒྲོལ་མར་གྱུར། ཡིག་དྲུག་འུར་དིར་འདོན་པར་བསྒོམ་ལ་ཡིག་དྲུག་བགྲང་། མཐར་མགྲོན་རྣམས་དགའ་མགུ་དང་ལྡན་པས་རང་གནས་སུ་སོང་བར་བསྒོམ་ལ་མ་བཅོས་གཉུག་མ་ཕྱག་རྒྱ་ཆེན་པོའི་ལྟ་དགོངས་སྐྱོང་པར་བྱའོ།
།འདི་ནི་ལུས་སྦྱིན་ཁོ་ནའི་དབང་དུ་བྱས་པའི་སྔོན་དངོས་རྗེས་ཀྱི་རྣམ་བཞག་རགས་པ་ཡིན་ཞིང་། དམ་ཆོས་བདུད་ཀྱི་གཅོད་ཡུལ་སྤྱིའི་དབང་དུ་བྱས་ན། སྔོན་འགྲོ་ནི་འཁོར་བ་ལ་ངེས་འབྱུང་སྐྱེས། མི་རྟག་པ་སྙིང་ལ་གཟེར། ལས་རྒྱུ་འབྲས་བསླུ་མེད་ལ་འཕྲིག་ཚུད། ལོང་མེད་བློ་སྣ་ཐུང་བ་ཞིག་གིས་སྐྱབས་སེམས། སྒྲིབ་སྦྱོང་། ཚོགས་བསགས། བླ་མའི་རྣལ་འབྱོར་རྣམས་སྤྱི་ལྟར་སོང་ནས། དངོས་གཞི་ཡུམ་དོན་ངོ་སྤྲོད། བདུད་བཞི་དབྱིངས་སུ་བསྡུ། རྗེས་ཉམས་སྐྱོང་བའི་ཕྱིར་ཞི་གཅོད་དྲག་གཅོད་ཞི་དྲག་ཕྱེད་མའི་གཅོད་ཀྱིས་བརྟུལ་ཞུགས་ལམ་དུ་སློང་བ་ཡིན་པས། མདོར་ན་ལུས་སྦྱིན་དང་ཚོགས་ལས་གཉིས་ནི་སྔོན་རྗེས་ཀྱི་གདམས་ངག་རྒྱས་ཤིང་དངོས་གཞི་ཞར་བྱུང་གི་ཚུལ་དུ་རྟོགས་དགོས་པ་ཡིན་ཀྱང་ད་ལྟའི་གཅོད་མཁན་དུ་གྲགས་པ་ཕལ་མོ་ཆེ་ཞིག་ནི་རྩ་བ་མ་ཟིན་པའི་ཡན་ལག་འདེད་པ་ཁོ་ནར་སྣང་ངོ་།
།དེའང་ཡུམ་དོན་ངོ་སྤྲད་པ་ལ་ཐོག་མར་སེམས་འཛིན་གྱི་གདམས་ངག་གིས་རྟོག་པའི་རྙོགས་པ་དྭངས་སུ་བཅུག་དགོས་པས། ལུས་རྣམ་སྣང་ཆོས་བདུན། ངག་རླུང་རང་བབ། སེམས་དུས་གསུམ་གྱི་སྤྲོས་པ་བཅད་ནས་ཤེས་པ་སོ་མའི་སྟེང་དུ་ཧད་དེ་བཞག །དེས་གནས་སུ་མ་བཏུབ་ན་རང་མདུན་ཡུམ་གྱི་ངོ་བོ་གསེར་གྱི་རྡོ་རྗེ་ནས་འབྲུ་ཙམ་ལ་སེམས་གཏད། དེས་ཀྱང་མ་གནས་ཚེ་ཤཱཀྱ་ཐུབ་ཀྱི་སྐུ་ལ་སེམས་འཛིན། བྱིང་རྒོད་བྱུང་བ་བཅོས་པས་སྐྱོན་མེད་ཀྱི་བསམ་གཏན་རྒྱུད་ལ་སྐྱེ་བ་ན། ཁ་ནང་ལོག་གི་ཤེས་པས་གནས་མཁན་འགྱུ་མཁན་གྱི་ངོ་བོ་ལ་བལྟས་པས་ཡུལ་སྣང་དང་རྣམ་རྟོག་གི་འགྱུ་བ་དང་རིག་མཁན་ངོ་བོ་གསུམ་ཀ་ཐ་དད་དུ་མ་གྲུབ་པ་ངོས་བཟུང་མེད་ལ་ཅི་ཡང་འཆར་དུ་བཏུབ་པ། གསལ་སྟོང་གི་མྱོང་བ་མ་འགགས་ལ་སྨྲ་བརྗོད་ལས་འདས་པ་སྤྲོས་པ་ཐམས་ཅད་དང་བྲལ་བ་ནམ་མཁའི་མཚན་ཉིད་ཅན་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ། དུས་གསུམ་རྒྱལ་བའི་དགོངས་པ་ཡིན་པས་རྟག་ཏུ་ཏིང་ངེ་འཛིན་དེ་ལས་མ་གཡོས་པར་བྱའོ།
།གཉིས་པ་བདུད་བཞི་དབྱིངས་སུ་བཅད་པ་ལ། གཟུགས་སོགས་ཕྱིའི་དངོས་པོ་ལ་རྟེན་ཚད་ཐོགས་བཅས་ཡིན། དེ་ལ་ཆགས་སྡང་གི་རྣམ་རྟོག་སྐྱེས་ན་བདུད་ཡིན། དེའི་དབང་དུ་ཤོར་ན་བར་དུ་ཆོད་པ་ཡིན། དེས་ན་ཆགས་སྡང་སྤང་བླང་ནམ་སྐྱེས་ནའང་སྐད་ཅིག་དེ་ལ་ཕཊ་ཅེས་བརྗོད་ནས་དབྱིངས་སུ་བསྐྱལ་བ་ནི་ཐོགས་བཅས་ཀྱི་བདུད་ལ་གཅོད་པ་ཡིན། རྟོག་པ་དེའི་དབང་དུ་མ་ཤོར་བ་བསྒོམ་ལ་བོགས་ཐོན་ན་ཚར་ཚད་དང་སློང་ཚད་འགྲིགས་པ་ཡིན་ནོ།
།དེས་གཞན་ལའང་རིགས་འགྲེ་སྟེ། རང་སེམས་རང་དབང་མ་འདུས་པའི་དོན་གྱིས་ཕྱི་རོལ་རྐྱེན་མེད་པར་དུག་ལྔ་དང་དགའ་སྡུག་འཇིགས་སྐྲག་གི་རྟོག་པ་སྐྱེ་བ་ཐོགས་མེད་བདུད་ཡིན། རང་ལ་བཟང་འཛིན་དང་ང་རྒྱལ་ལམ་རྟགས་རློམ་སེམས་སོགས་དགའ་བྲོད་བདུད་ཡིན། བདག་འཛིན་གྱི་འཛིན་པ་ཀ་རེ་བ་འདི་སྙེམས་བྱེད་བདུད་ཡིན་པས་དྲན་པའི་སོ་བ་མ་ཉམས། ཤེས་རིག་རང་ཚུགས་མ་ཤོར་བར་གང་ཤར་ཐམས་ཅད་ལ་ཕཊ་ཀྱིས་དབྱིངས་སུ་བསྐྱལ་བས་བདག་འཛིན་དང་རྣམ་རྟོག་གི་སྙེམས་ཐག་གཏད་མེད་དུ་གཅོད་ཐུབ་ན་གཅོད་མཁན་རབ་མཆོག་ཕུལ་དུ་གྱུར་པ་སྟེ།
དེ་ལྟ་བུའི་ལྟ་སྒོམ་ལ་བོགས་ཐོན་པའི་ཆེད་དུ་རྗེས་སྤྱོད་ཞེ་གཅོད་ནི་དཀར་འགྱེད། དྲག་གཅོད་ནི་དམར་འགྱེད། ཞི་དྲག་ཕྱེད་མ་ནི་ཁྲ་འགྱེད་ལ་སོགས་པ་སྟེ་དེ་དག་ལ་སྤྲོས་བཅས་ཀྱི་གཅོད་དུ་གྲགས་ཤིང་། བྱམས་སྙིང་རྗེ་དང་དབྱིངས་རིག་བསྲེ་བ་སྤེལ་མར་བསྒོམ་པ་ནི་སྤྲོས་མེད་ཀྱི་གཅོད། ཡུམ་གྱི་དོན་ཁོ་ན་ལ་མཉམ་པར་འཇོག་པ་ནི་ཤིན་ཏུ་སྤྲོས་མེད། དེ་གསུམ་ཀ་ཉམས་སུ་བླང་བར་བྱས་ན་མགོ་རྐང་ཆ་ཚང་བར་འགྱུར་རོ།
།སློང་ཚད་ཀྱང་ལྷ་འདྲེའི་མཐོང་སྣང་དང་རྨི་ལམ་སྐྲག་སྔངས་སོགས་ལ་ཞེན་ནས་གསང་སློང་སེམས་ལ་བྱུང་བ་མ་ཚོར་ཏེ་གཉན་ཐོག་སྟན་ཐོག་ཏུ་ཆོད་དགོས་པ་ལ་མ་ཆོད་པ་མང་བས། ལུས་མི་བསྐྱོད། ངག་མི་སྨྲ། སེམས་ལ་འཆར་སྒོ་ཅི་བྱུང་ཡང་དེའི་དབང་དུ་མི་བཏང་བར་ཕཊ་ཀྱིས་དབྱིངས་སུ་བསྐྱེལ་བ་གནད་ཆེའོ། །དེའང་དུག་གསུམ་སོགས་ངན་རྟོག་དབྱིངས་སུ་གཅོད་དགོས་པར་གོ་ཡང་། བཟང་རྟོག་ལ་བཟང་འཛིན་གྱི་མདུད་པས་བཅིངས་ནས་ལྷ་བདུད་དུ་བབ་པ་ནི་ཤིན་ཏུ་མང་བས་མོས་གུས་སྙིང་རྗེ་བསྐྱེད་རིམ་མཚན་བཅས་རྫོགས་རིམ་སོགས་ཀྱང་ཕཊ་ཀྱིས་དབྱིངས་སུ་བསྐྱལ་ན་དགེ་སྦྱོར་གོང་དུ་འཕེལ་ཞིང་མཆོག་གི་དངོས་གྲུབ་ལ་ཤིན་ཏུ་ཉེར་འགྲོ་སྟེ་མདོར་ན་གཅོད་ཀྱི་རྩ་བ་ནི་རེ་དོགས་མེད་པ་ཡིན་ནོ།
།རྣམ་རྟོག་གཞན་དབང་གྱུར་པས་ན། །བདུད་བཞིའི་འཆིང་བས་བཅིངས་པ་རྣམས། །དབྱིངས་སུ་གཅོད་པ་ཡུམ་གྱི་དོན། །ལྟ་སྤྱོད་ཟུང་དུ་འབྲེལ་ན་མཆོག །འདིས་ཐོབ་དགེ་བའི་སྣང་བ་ཡིས། །རྟོག་པའི་དྲ་བ་ཀུན་བཅོམ་ནས། །སྐྱེ་མེད་སྙེམས་པ་དང་བྲལ་བ། །ཡུམ་གྱི་གོ་འཕང་མྱུར་ཐོབ་ཤོག
།ཅེས་པའང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་བདག་ཉིད་འཇམ་དབྱངས་མཁྱེན་བརྩེས་བཀའ་ཕེབས་མ་བཅོག་ཙམ་དུ་ཡོན་ཏན་རྒྱ་མཚོས་དཔལ་སྤུངས་ཀྱི་གདན་སར་བྲིས་པ་དགེ་ལེགས་འཕེལ།། །།