Mgon po snying zhugs kyi rjes gnang zur 'debs
Resource ID | SCv11p81 |
---|---|
Title | mgon po snying zhugs kyi rjes gnang zur 'debs, phyag mtshan rjes gnang gi tshigs bcad ma |
Topics | Initiation |
Sub-Topics | Chadrupa |
Link | BDRC W23922 BDRC W23922 |
༈ མགོན་པོ་སྙིང་ཞུགས་ཀྱི་རྗེས་གནང་ཟུར་འདེབས་བཞུགས་སོ།།
༈ ༼ཚ༽ སློབ་མའི་སྙིང་ག་ཆོས་ཀྱི་འཁོར་ལོའི་པདྨ་དཀར་པོ་འདབ་མ་བརྒྱད་པའི་ལྟེ་བར་ཉི་མའི་དཀྱིལ་འཁོར་བསམ་སྟེ། མགོན་པོ་སློབ་མའི་སྤྱི་བཙུག་ནས་ཐིམ་པ་ཨ་ཝ་དྷཱུ་ཏིའི་ནང་ནས་གར་མཛད་ཅིང་བྱོན་ཏེ། སྙིང་གའི་ཉི་མའི་དཀྱིལ་འཁོར་གྱི་སྟེང་ན་གར་མཛད་ཅིང་། བར་ཆད་ཐམས་ཅད་ངས་བསྲུང་། མཐུན་རྐྱེན་ཐམས་ཅད་ངས་སྒྲུབ། ཅེས་གསུང་ལྷང་ལྷང་བཞུགས་ནས་ཌཱ་མ་རུ་དང་དྲིལ་བུ་གཡེར་ཁའི་སྒྲ་སིལ་སིལ་ཆོམ་ཆོམ་སྒྲོག་པའི་ཐུགས་ཀར་ཉི་མའི་དཀྱིལ་འཁོར་ལ་ཧཱུྃ་བསྒོམས་པ་ལ་ཅུང་ཟད་སེམས་བཟུང་། ལྷ་སྐུ་ཕྱག་རྒྱ་ཆེན་པོ་རང་ཤར་ལ་མཉམ་པར་བཞག་གོ
།དེ་ནས་བླ་མའི་ཐུགས་ཀའི་ཧཱུྃ་ལས་འོད་འཕྲོས། སློབ་མའི་སྙིང་གའི་མགོན་པོ་པདྨ་དང་བཅས་པ་ལ་ཕོག་པས། པདྨ་བུམ་སྐུར་ལྷར་འུབ་ཀྱིས་འདུས་པའི་ཏོག་རྡོ་རྗེ་ནག་པོ་རྩེ་ལྔ་པ་ལྟེ་བ་ལ་ཧཱུྃ་གིས་མཚན་པས་རྒྱས་བཏབ་པར་གྱུར་པའི་ཕྱི་ནས་སྙིང་པོའི་སྔགས་ཀྱི་ཡིག་འབྲུའི་འོད་ཟེར་འཕྲོ་བའི་ཐག་པས་གྲུ་གུ་ལྟར་དཀྲིས་པར་བསམ་ལ། བླ་མས་སློབ་མའི་སྙིང་གར་རྡོ་རྗེ་བཞག་སྟེ། བཛྲ་མ་ཧཱ་ཀཱ་ལ་ཏིཥྛ་བཛྲ་ཞེས་བརྗོད་པར་བྱའོ།
།འདི་ཐུན་མོང་མ་ཡིན་པའི་ཞལ་ཤེས། སྙན་ནས་སྙན་དུ་བརྒྱུད་པ་མ་གཏོགས་སྔོན་ཆད་ཡི་གེ་འབྲུ་གཅིག་ཀྱང་མེད་པ་ལ། བདག་གི་བླ་མ་རྗེ་བཙུན་ནམ་མཁའི་རྣལ་འབྱོར་པ་ཆེན་པོའི་ཕྱག་དཔེ་ན། གང་དང་ཡང་མ་འབྲེལ་བའི་སྐབས་ཤིག་ན་མཆན་བུར་བྲིས་ནས། འདི་གང་གི་སྐབས་སུ་སྦྱར་དགོས་པའི་ཆ་ལག་ཡིན་མི་ཤེས་པར་ཕྱག་རིས་སུ་བྲིས་གདའ་འོ།
།བླ་མ་གཞན་ཕལ་མོ་ཆེ་ལ་མེད། སློབ་མ་སྐལ་ལྡན་དམ་ཚིག་དང་ལྡན་པ་ལ། ལན་རེ་ཙམ་མིན་པ་གཏན་ནས་བྱར་མི་རུང་། བྱས་ན་མགོན་པོ་མི་དགྱེས་ཤིང་རང་ལ་གནོད། རང་གི་ནུས་པ་ཆུང་དུ་འགྲོ་བ་ཡིན་ནོ། །ཞེས་གསུངས་ཤིང་། བཀའ་རྒྱ་ཆེས་དམ་པར་མཛད་དོ།
།རྗེས་གནང་གི་སྐབས་སུ་གཏོར་མ་སྤྱི་བོར་བཞག་ནས་དམ་བཞག་བྱས་པའི་མཇུག་ཏུ་བྱེད་པ་ལགས། གསེར་དང་ཚོགས་འཁོར་དགོས་གསུངས་སོ།།
༈ མགོན་པོ་རིགས་ལྔའི་རྗེས་གནང་བྱེད་ཟེར་ནས་དུས་གཅིག་ཏུ་བྱེད་པའི་ལུགས་ཕྱིས་སྟོད་ལུགས་འགའ་རེ་ཡོད་དེ། དང་པོ་ནས་དེ་འདྲ་མེད་ཅེས་གསུངས། སྨད་ལུགས་རྣམས་ལའང་དེ་འདྲ་མེད་དེ། མགོན་པོ་ལ་གཏོར་མ་འབུལ་བའི་ཚེ་གཏོར་སྣོད་པཾ་དམར་སེར་ཞུ་བ་ལས་པདྨའི་སྣོད་སྟོང་གསུམ་ཙམ་དུ་བསྐྱེད། །དེའི་ནང་དུ་ཨོཾ་ཨཱཿཧཱུྃ་ལན་གསུམ་བརྗོད་པས་རྫས་རྣམས་བདུད་རྩིར་གྱུར་པར་བསམ། འདི་ཉིད་གཏོར་མའི་བསྐྱེད་ཆོག་ཟབ་པར་བྱེད་པ་ཡོད་དོ། །འདི་ནི་པདྨའི་སྣོད་ཅེས་པ་རྒྱུད་སྡེ་དག་ལས་ཐོད་པ་ལ་གསུངས་པ་ཆེས་མང་བའི་བརྡའ་ཆད་མ་ཆགས་པར། མེ་ཏོག་པདྨ་ལས་འཁྲུངས་པའི་ནོར་ས་ཆེན་པོ་ལ་མན་ངག་ཟབ་མོ་འཛིན་པ་སྟེ། མི་མཁས་པ་དག་ལ་མི་འདྲ་མང་པོར་བྱུང་སྣང་ངོ་།། །།
༈ ཕྱག་མཚན་རྗེས་གནང་གི་ཚིགས་བཅད་མ་བཞུགས་སོ།།
༈ སྐལ་ལྡན་རིགས་ཀྱི་བུ་ཁྱོད་ལ། །ཕྱག་མཚན་གྲི་གུག་དབང་བསྐུར་བས། །དགྲ་བགེགས་ལུས་ནི་ཁ་འབྱེད་ཅིག བསད་པའི་ལས་རྣམས་ཐོགས་མེད་ཤོག །སྐལ་ལྡན་རིགས་ཀྱི་བུ་ཁྱོད་ལ། །མགོ་ཕྲེང་ཁྲག་འཛག་འདི་བྱིན་པས། །དགྲ་བགེགས་དོན་སྙིང་འབྱིན་པ་ཡི། །ལས་ཀྱི་བསྲུང་མ་ཚིམ་བྱེད་ཤོག །སྐལ་ལྡན་རིགས་ཀྱི་བུ་ཁྱོད་ལ། །ཐོད་པའི་ཅང་ཏེའུ་བྱིན་པ་ཡིས། །དཔའ་བོ་མཁའ་འགྲོ་དབང་བསྡུད་ཅིང་། །དགྲ་བགེགས་མྱོས་པའི་ལས་གྲུབ་ཤོག །སྐལ་ལྡན་རིགས་ཀྱི་བུ་ཁྱོད་ལ། །ཕྱག་མཚན་ཐོད་པའི་དབང་བསྐུར་བས། །དགྲ་བགེགས་སྙིང་ཁྲག་རོལ་བྱེད་ཅིང་། །རེངས་པའི་ལས་ལ་ཐོགས་མེད་ཤོག །སྐལ་ལྡན་རིགས་ཀྱི་བུ་ཁྱོད་ལ། །ཁ་ཊྭཱཾ་རྩེ་གསུམ་འདི་བྱིན་པས། །དགྲ་བགེགས་གནས་གསུམ་བསྣུན་བྱེད་ཅིང་། །སྒྲོལ་དང་བསྐྲོད་པའི་ལས་རྫོགས་ཤོག །སྐལ་ལྡན་རིགས་ཀྱི་བུ་ཁྱོད་ལ། །རྡོ་རྗེ་ཞགས་པ་འདི་བྱིན་པས། །དགྲ་བགེགས་མ་ལུས་འདྲེན་བྱེད་ཅིང་། །འཆིང་བའི་ལས་རྣམས་རྫོགས་པར་ཤོག
།ཅེས་པ་རྗེས་གནང་རྒྱས་པ་བྱེད་ན་འདིའི་མཐའ་རྟེན་དུ་བྱེད་པའི་ཕྱག་མཚན་གྱིས་དབང་བསྐུར་རོ། །འདི་བྲིས་དགེ་བས་འགྲོ་བ་ཀུན། །འགལ་རྐྱེན་བར་ཆད་ཞི་བ་དང་། །དགོས་འདོད་ཆར་བཞིན་འབབ་པ་དང་། །འགྲོ་དོན་སངས་རྒྱས་མྱུར་ཐོབ་ཤོག། །།