Dbang bsdud 'khor lo'i bri yig

From Shangpa Resource Center
Revision as of 09:03, 19 March 2020 by Sengue (talk | contribs)








Resource ID SCv11p261
Title dbang bsdud 'khor lo'i bri yig
Topics White protector
Sub-Topics Instructions
Link BDRC W23922

༈ དབང་བསྡུད་འཁོར་ལོའི་བྲི་ཡིག་བཞུགས་སོ།།

༈ ༼ཙི༽ དབང་བསྡུད་ཀྱི་འཁོར་ལོ་ནི།
བྲི་གཞི་རས་དང་དར་དམར་པོའམ། གྲོ་ག་དང་ཤོག་བུ་གང་རུང་བའོ། །དུས་ནི་སྐར་མ་རྒྱལ་དང་འཛོམས་པའི་ཡར་ངོའི་ཚེས་བརྒྱད་དམ། བཅོ་ལྔའི་སྔ་དྲོ་ཁ་ནུབ་ཏུ་བལྟས་ཏེ། རང་ཉིད་མགོན་པོ་ཡིད་བཞིན་གྱི་ནོར་བུའི་ཐུགས་ཀར་དབང་བསྡུད་ཀྱི་མཁའ་འགྲོ་མ་དང་བཅས་པ་བསྒོམས་པ་ལ་ཡེ་ཤེས་པ་སྤྱན་དྲངས་ནས་བཅུག་སྟེ་བཟླས་པ་ཅུང་ཞིག་བྱས་ནས། མགོན་པོའི་ང་རྒྱལ་ལ་གནས་ནས་བྲི་བར་བྱའོ།
།རྫས་ནི། གུར་གུམ། གི་ཝང་། སིནྡྷུ་ར། རང་བྱུང་། རྒྱ་སྐྱེགས། ཙནྡན་དམར་མོ་རྣམས་ཀྱི་ཁུ་བ་བསྲེས་པའི་མཚལ་གྱིས་བྲི་བར་བྱ་སྟེ། དེ་ཡང་འཁོར་ལོ་རྩིབས་བརྒྱད་མུ་ཁྱུད་དང་བཅས་པའི་ལྟེ་བར་ཧྲཱིཿདེའི་མདུན་ནས་བརྩམས་ཏེ་གཡས་སྐོར་དུ། གུ་རུ་མ་ཧཱ་ཀཱ་ལ་ཡ། ཧ་རི་ནིས་སིདྡྷི་ཛཿ ཆྒཻ་མོ་ཝ་ཤཾ་ཀུ་རུ་ཧོཿ ཞེས་པ་བྲི། རྩིབས་བརྒྱད་ལ་ཧྲཱིཿ ཡང་ན་སྔགས་དེ་ཉིད་ཁ་ནང་དུ་བསྟན་པ་བྲི། མུ་ཁྱུད་ལ་ཨཱ་ལི་ཀཱ་ལི་གཡས་སྐོར་དུ་བྲི། མདུན་དུ་བཞག་སྟེ་མཆོད་གཏོར་བཤམས། མགོན་པོའི་ཐུགས་ཀར་དབང་བསྡུད་ཀྱི་མཁའ་འགྲོ་མ་དང་བཅས་པ་གཞུང་བཞིན་བསྐྱེད་པ་ལ། ཡེ་ཤེས་པ་སྤྱན་དྲངས་བཅུག་མཆོད་དོ།
།གཏོར་མ་ཕུལ་ནས་ཐུགས་ཀའི་མཁའ་འགྲོ་མ་མགོན་པོའི་ཤངས་བུག་གཡས་ནས་ཐོན་ཏེ། འཁོར་ལོའི་ཡིག་འབྲུ་རྣམས་དང་དབྱེར་མེད་དུ་འདྲེས་པར་མོས་ནས། སྔགས་སྤེལ་ཚིག་མེད་པ་སྟོང་རྩ་བརྒྱད་དམ། བརྒྱ་རྩ་བརྒྱད་བཟླས་པས་མེ་ཏོག་དོར། བརྟན་བཞུགས་བྱ། བསྒྲུབ་བྱའི་རྣམ་ཤེས་བཀུག་ནས་འཁོར་ལོའི་མིང་ཡིག་ལ་བསྟིམ་པ་ལན་མང་དུ་བྱས་ནས་འཁོར་ལོ་དྲིལ་ཏེ། གཞོན་ནུ་མ་ཉམས་པས་བཀལ་བའི་སྐུད་པ་དམར་པོས་འཁོར་ལོ་མི་མཐོང་བར་དཀྲིས་ནས། རང་གི་ལུས་ལ་བཅང་བའམ། འཛིན་གཏོར་གྱི་མདའ་དར་ལ་བཏགས། ཞག་རེ་བཞིན་སྤེལ་ཚིག་དང་བཅས་པའི་བཟླས་པ་མ་ཆག་པར་བྱའོ། །ཆེས་ཟབ་པའི་མན་ངག་གོ །གསང་ངོ་། །རྒྱ་རྒྱ་རྒྱ། གུ་ཧྱ་སམཡ། །ཨྀཐིཿ གཞན་ཕལ་ཆེ་བར་མི་གདའོ།། །།