Mgon dkar gyi bla ma brgyud pa'i gsol 'debs

From Shangpa Resource Center
Revision as of 13:11, 4 April 2020 by Sengue (talk | contribs)








Resource ID Gönkar22
Title mgon dkar gyi bla ma brgyud pa'i gsol 'debs
Topics White protector
Author Sangyé Püntsok

༄༅། །མགོན་དཀར་གྱི་བླ་མ་བརྒྱུད་པའི་གསོལ་འདེབས་བཞུགས་སོ།

།ན་མོ་གུ་རུ་ཝེ།
གསང་བ་རྒྱ་མཚོའི་མངའ་བདག་རྡོ་རྗེ་འཆང༌། །བྱམས་དང་སྙིང་རྗེའི་མངའ་བདག་ཤ་ཝ་རི། །མཁས་ཤིང་གྲུབ་པའི་མངའ་བདག་མཻ་ཏྲི་པ། །གསང་བའི་མངའ་བདག་གསུམ་ལ་གསོལ་བ་འདེབས།
།མཐུ་སྟོབས་དབང་ཕྱུག་གྲུབ་ཆེན་རཱ་ཧུ་ལ། །གྲུབ་པའི་དབང་ཕྱུག་ཁྱུང་པོ་རྣལ་འབྱོར་ཞབས། །མཁས་པའི་དབང་ཕྱུག་རིན་ཆེན་བརྩོན་འགྲུས་ཏེ། །མཁྱེན་པའི་དབང་ཕྱུག་གསུམ་ལ༴
སྤྱན་རས་གཟིགས་གྲུབ་དབོན་སྟོན་སྐྱེར་སྒང་བ། །གྲུབ་བརྙེས་གཉན་སྟོན་སྦས་པའི་རྣལ་འབྱོར་ཞབས། །འགྲོ་མགོན་ཆེན་པོ་སངས་རྒྱས་སྟོན་པ་སྟེ། །འགྲོ་བའི་འདྲེན་པ་གསུམ་ལ༴
མཁས་གྲུབ་ཆེན་པོ་གཙང་མ་ཤངས་སྟོན་དང༌། །མུས་པ་ཆེན་པོ་རྒྱལ་མཚན་དཔལ་བཟང་པོ། །བླ་མ་ཆེན་པོ་རྡོ་རྗེ་གཞོན་ནུ་སྟེ། །ཆོས་རྗེ་བླ་མ་གསུམ་ལ༴
འཁྲུལ་ཞིག་མུས་ཆེན་ནམ་མཁའི་རྣལ་འབྱོར་པ། །བྱང་སེམས་ཆེན་པོ་སྦྱིན་པ་བཟང་པོའི་ཞབས། །གྲུབ་ཐོབ་ཆེན་པོ་ཐང་སྟོང་རྒྱལ་པོ་སྟེ། །གྲུབ་པའི་མཆོག་གྱུར་གསུམ་ལ༴
བློ་གྲོས་རྒྱལ་མཚན་མཚན་ཅན་མང་མཁར་བ། །དཔལ་ལྡན་དར་པོའི་མཚན་ཅན་པུ་རོང་བ། །ཞེ་དགོན་ཆོས་རྗེ་བསོད་ནམས་རྩེ་མོ་སྟེ། །སྐྱེ་རྒུའི་འདྲེན་པ་གསུམ་ལ༴
ལོ་ཆེན་དམ་པ་འགྱུར་མེད་བདེ་ཆེན་དང༌། །རྗེ་བཙུན་ངག་དབང་ཆོས་ཀྱི་གྲགས་པའི་ཞབས། །བདག་པོ་ངག་དབང་བསོད་ནམས་རྒྱལ་མཚན་ཏེ། །མཁྱེན་བརྩེ་གཏེར་ཆེན་གསུམ་ལ༴
བཀྲ་ཤིས་སྙན་པར་གྲགས་པའི་དཔལ་ལྡན་དང༌། །མཁྱེན་པའི་སྤྱན་ལྡན་སངས་རྒྱས་དཔལ་བཟང་པ། །མགོན་དང་དབྱེར་མེད་རྩ་བའི་བླ་མ་སྟེ། །བཀའ་དྲིན་ཆེ་ལྡན་གསུམ་ལ་གསོལ་བ་འདེབས།
།དངོས་བརྒྱུད་བླ་མའི་ཚོགས་དང་བཅོམ་ལྡན་འདས། །ཡིད་བཞིན་ནོར་བུ་མཁའ་འགྲོའི་ཚོགས་བཅས་དང༌། །གཞན་ཡང་ཕྱག་བྱར་འོས་པ་ཐམས་ཅད་ལ། །ཟོལ་མེད་སྙིང་ནས་ཕྱག་འཚལ་སྐྱབས་སུ་མཆི།
།དངོས་འབྱོར་ཡིད་སྤྲུལ་མཆོད་པ་ཀུན་གྱིས་མཆོད། །སྡིག་པ་ཀུན་བཤགས་དགེ་ལ་རྗེས་ཡི་རང༌། །ཆོས་འཁོར་བསྐོར་ཞིང་རྟག་པར་བཞུགས་སུ་གསོལ། །དགེ་རྣམས་བླ་མེད་བྱང་ཆུབ་ཐོབ་ཕྱིར་བསྔོ།
།ཁྱེད་ལ་གུས་པས་འདོད་དོན་ཞུ་བ་ནི། །གནས་སྐབས་སུ་ཡང་ཆོས་དང་མཐུན་པའི་དོན། །ཚེ་རིང་ནད་མེད་ལང་ཚོའི་དཔལ་ཐོབ་ནས། །མཐུན་རྐྱེན་གོང་འཕེལ་ཉིད་དུ་མཛད་དུ་གསོལ།
།ཁྱད་པར་མཛད་མེད་ལོངས་སྤྱོད་དཔལ་ཐོབ་ནས། །དེ་ཉིད་ལོག་པའི་འཚོ་བར་མི་འགྱུར་བར། །ཡར་མཆོད་སྦྱིན་གཏོང་ལ་སོགས་བསོད་ནམས་ཀྱི། །ཚོགས་ཆེན་མྱུར་དུ་རྫོགས་པར་མཛད་དུ་གསོལ།
།ཐབས་ཤེས་ཟུང་དུ་འཇུག་པའི་ས་ལམ་གྱི། །ཐེག་ཆེན་ལམ་གྱི་རིམ་པ་ལེགས་བགྲོད་དེ། །ཀུན་མཁྱེན་སངས་རྒྱས་གོ་འཕང་མཐོན་པོ་ནས། །སྡུག་བསྔལ་ལྡན་པའི་འགྲོ་ལ་གཟིགས་པར་ཤོག
།ཅེས་ཚིག་དོན་ཡིད་ལ་བསམ་ཞིང༌། མ་ཡེངས་པར་གསོལ་བ་དྲག་ཏུ་གདབ་བོ། །ཞེས་མགོན་དཀར་ཡིད་བཞིན་ནོར་བུའི་བླ་མ་བརྒྱུད་པའི་གསོལ་འདེབས་འདི་ནི་དོན་གཉེར་གྱི་བཞེད་པ་བཞིན་བིཀྵུ་བུདྡྷ་ལཀྵྨཱིཾས་བྲིས་པ་འདིས་རང་གཞན་གྱི་ཆོས་དང་མཐུན་པའི་དོན་ཐམས་ཅད་ཡིད་བཞིན་དུ་འགྲུབ་པར་གྱུར་ཅིག།

༈ །མུས་ཆེན་ནམ་མཁའི་རྣལ་འབྱོར་མན་གྱི་བརྒྱུད་པ་དེ་གསོལ་འདེབས་འདི་སྐུལ་བ་པོའི་རྗེས་གནང་ཐོབ་པའི་བརྒྱུད་པ་ལྟར་བྲིས་པ་ཡིན་ལ། བདག་གིས་ཐོབ་པའི་བརྒྱུད་པ་ནི།
ནམ་མཁའི་རྣལ་འབྱོར་པའི་རྗེས་སུ། སེམས་དཔའ་ཆེན་པོ་དཀོན་མཆོག་རྒྱལ་མཚན་དང༌། །ནི་གུའི་ཆོས་ལ་དབང་བསྒྱུར་སངས་རྒྱས་བཟང༌། །མཁས་གྲུབ་མཚུངས་མེད་གསུམ་ལ༴
།ནམ་མཁའ་རྒྱལ་མཚན་ཞེས་གྲགས་མཚོ་སྒོ་བ། །རྣལ་འབྱོར་དབང་ཕྱུག་ཀུན་དགའ་བསོད་ནམས་ཞབས། །སྔགས་འཆང་ཆེན་པོ་དཀོན་མཆོག་ལེགས་འཛིན་རྗེ། །འགྲོ་བའི་སྐྱབས་མཆོག་གསུམ་ལ༴
།ཨེ་ཝཾ་མཁས་གྲུབ་དཔལ་ལྡན་དོན་གྲུབ་རྗེ། །གང་དེའི་སྐུ་དབོན་དཔལ་མཆོག་རྒྱལ་མཚན་ཞབས། །འཇམ་དབྱངས་བླ་མ་ནམ་མཁའ་དཔལ་བཟང་པོ། །རྒྱལ་བའི་རྒྱལ་ཚབ་གསུམ་ལ༴
།ཁ་སྐོང་ནི། མཁྱེན་བརྩེའི་གཏེར་ཆེན་སངས་རྒྱས་ཕུན་ཚོགས་དང༌། །རྣམ་འདྲེན་མཚུངས་མེད་བསྟན་འཛིན་ལྷུན་གྲུབ་ཞབས། །བསྟན་འགྲོའི་གཙུག་རྒྱན་དཔལ་ལྡན་ཆོས་སྐྱོང་སྟེ། །ཕན་བདེའི་མཆོག་སྩོལ་གསུམ་ལ༴
།མཁས་བཙུན་དམ་པ་རིན་ཆེན་མཆོག་གྲུབ་དང༌། །ཐམས་ཅད་མཁྱེན་དབང་ནམ་མཁའ་འཆི་མེད་ཞབས། །རྡོ་རྗེ་འཆང་དངོས་འཇམ་དཔལ་བཟང་པོ་སྟེ། །བཀའ་དྲིན་ཉམས་མེད་གསུམ་ལ་གསོལ་བ་འདེབས། །ཞེས་སོ།
།འཁོར་འདས་རང་སེམས་རྨི་ལམ་སྒྱུ་མ་ལ། །གསལ་སྟོང་ལྷན་སྐྱེས་འོད་གསལ་བདེ་བ་ཆེ། །སྩོལ་མཛད་དཔལ་ལྡན་རྩ་བའི་བླ་མ་མཆོག །སྐྱབས་གནས་ཀུན་འདུས་ཞབས་ལ་གསོལ་བ་འདེབས། །དངོས་བརྒྱུད་བླ་མའི་ཚོགས་དང་བཅོམ་ལྡན་འདས། །ཞེས་པ་མན་ཆད་སྔར་ལྟར་སྦྱར་རོ།།