'pho ba ye shes skar khung gi phyag len
Resource ID | SCv8p771 |
---|---|
Title | 'pho ba ye shes skar khung gi phyag len |
Topics | Kechari |
Sub-Topics | Powa |
Associated Person | Rahula |
Link | BDRC W23922 BDRC W23922 BDRC W3CN18508 (p.398) |
༄༅། །འཕོ་བ་ཡེ་ཤེས་སྐར་ཁུང་གི་ཕྱག་ལེན་བཞུགས་སོ།།
འཕོ་བ་ཡེ་ཤེས་སྐར་ཁུང་ལ། སེམས་བསྐྱེད་རང་བླ་མའི་རྣལའབྱོར་བསྒོམ། བདག་འཛིན་དགོས་མེད་བར་དོར་སངས་རྒྱས་པར་གསོལ་བ་གདབ། བཟླས་པ་ཅི་རིགས་བྱ། དེ་ནས་རང་ཡི་དམ་དུ་བསྒོམ་པའི་རྩ་དབུ་མ་ཕྱི་དཀར་ལ་ནང་དམར་བ་འོད་ཀྱི་རང་བཞིན་ཅན་དུ་བསྒོམ་པའི་ཡར་རྩེ་ཚངས་བུག་ཏུ་སློབ་པ། མར་རྩེ་གསང་གནས་སུ་ཟུག་པ། སྟོང་སང་ངེ་ཡོད་པའི་ནང་ལྟེ་བའི་ཐད་ཀར་ཆོས་འབྱུང་ཕྱི་དཀར་ལ་ནང་དམར་བ་འོད་ཀྱི་རང་བཞིན་ཟུར་དུ་བསྟན་པ། ལོགས་རྒལ་ཚིགས་ལ་གཏད་པ་གཅིག་བསམ། དེའི་ནང་དུ་རྣམ་པར་ཤེས་པའི་རང་བཞིན་ཨ་དཀར་པོ་འོད་འཕྲོ་བ་འཕིར་ལ་ཁད་པ་གཅིག་བསྒོམ། དེ་ནས་རླུང་རོ་ལན་གསུམ་ཕྱིར་བསལ། རྐེད་པ་ཉེག་ཉེག་པ་ལན་གསུམ་བྱས་ལ། སྟེང་འོག་གི་རླུང་གཉིས་ནར་གྱིས་དྲངས་ནས་དྲག་ཏུ་བཟུང་། ཁྱད་པར་འོག་རླུང་དྲག་པོར་དྲངས། ལྟེ་བ་ཚིགས་པ་ལ་ཅར་གྱིས་སྦྱར། ལྟེ་བའི་ཆོས་འབྱུང་ཁ་ནང་དུ་ཕྱར་གྱིས་སོང་བ་དང་། ལྟེ་བའི་ནང་གི་ཨ་དེ་རང་དབང་མེད་པར་དབུ་མའི་ནང་ནས་ཡར་རྒྱངས་ཀྱིས་སོང་། དེའི་ངང་ལ་ཕྱག་རྒྱ་ཆེན་པོར་ལྷན་གྱིས་བཞག །དེ་འདྲ་ལན་བདུན་བྱའོ། དེ་ནས་རྗེས་ལ་སྤྱི་བོར་ཨ་གཅིག་ལམ་གྱིས་བྱུང་བར་བསམ། ཚངས་བུག་ནས་མར་རྩ་དབུ་མའི་ནང་ནས་བདེ་ཁྲིལ་ཁྲིལ་སོང་། ཆོས་འབྱུང་གི་ནང་དུ་དཀར་སངས་བྱུང་བ་དང་བདེ་སྟོང་གཉིས་སུ་མེད་པའི་ངང་དུ་སིང་གིས་བཞག་གོ །དེ་ལྟ་བུའི་སྦྱོར་བ་ནུས་ཚད་དུ་བསྒོམ་པར་བྱའོ།
མངྒ་ལཾ།།
Alternative version
༄༅། །འཕོ་བ་ཡེ་ཤེས་སྐར་ཁུང་མ་ཡོད།།
བླ་མ་དམ་པའི་ཞབས་ལ་གུས་བཏུད་ནས། འཕོ་བ་ཡེ་ཤེས་སྐར་ཁུང་བྲི་བར་བྱ།
དེ་ལ་སེམས་བསྐྱེད་སྔོན་དུ་སོང་བས། རང་སྐད་ཅིག་གི་ཡི་དམ་ལྷར་བསྒོམ་པའི་སྤྱི་བོར་བླ་མ་བསྒོམ། གསོལ་བ་གདབ་པར་བྱ། བཟླས་པ་ཅི་རིག་པ་གཅིག་བྱའོ། །དེ་ནས་རང་སེམས་ཡི་དམ་དུ་གནས་པའི་རྩ་དབུ་མ་ཕྱི་དཀར་ལ་ནང་དམར་བ་འོད་ཀྱི་རང་བཞིན། ཡང་རྩེ་ཚངས་བུག་སླེབས་པ། མར་རྩེ་གསང་གནས་སུ་ཟུག་པ། སྟོང་སེང་ཡོད་པའི་ནང་། ལྟེ་བའི་ཐད་ཀར་ཆོས་འབྱུང་ཕྱི་དཀར་ལ་ནང་དམར་བ། འོད་ཀྱི་རང་བཞིན་ཟུར་མདུན་དུ་བསྟན་པ། ལོགས་རྒལ་པ་ལ་ྦཏད་པ་གཅིག་སྒོམ། དེའི་ནང་དུ་རྣམ་པར་ཤེས་པའི་རང་བཞིན་ཨ་དཀར་པོ་འོད་འཕྲོ་བ་དང་བཅས་༼ཡེད་ཡེད་༽པ་འཕིར་ལ་ཁད་པ་གཅིག་བསྒོམ་པར་བྱའོ། །དེ་ནས་རླུང་རོ་ལན་གསུམ་ཕྱིར་བསལ་ལ། སྐེད་པ་ཉེག་ཉེག་པ་ལན་གསུམ་བྱ། སྟེང་འོག་གི་རླུང་ནར་གྱིས་དྲངས་དྲག་ཏུ་བཟུང་། ཁྱད་པར་འོག་རླུང་དྲག་པོར་དྲངས་ཏེ་ལྟེ་བ་རྒལ་པ་ལ་ཆར་གྱི་སྦྱར་བས་ལྟེ་བའི་ཆོས་འབྱུང་ཁ་ནང་དུ་ཆར་གྱི་སྦྱར་སོང་བ་དང་། ལྟེ་བའི་ནང་གི་ཨ་དེ་རང་དབང་མེད་པར་ཨ་བ་དྷུ་ཏིའི་ནང་ན་ཡར་རྒྱངས་ཀྱིས་དོན་ནས། སྤྱི་བོ་ཚངས་ཚངས་པའི་བུ་ག་ན་ཡང་རྒྱངས་ཀྱི་སོང་བ་དང་། ཨ་འོད་དུ་ཡལ་ནས་སོང་བ་དང་དེའི་ངང་ལ་ཕྱག་རྒྱ་ཆེན་པོ་ལ་ལྷན་གྱིས་བཞག །དེ་འདྲ་བ་ཐེབས་བདུན་བྱའོ།
དེ་ནས་སྤྱི་བོར་ཨ་གཅིག་ལམ་གྱི་བྱུང་བར་བསམ་ལ། དེ་ཚངས་པའི་བུ་ག་ན་མར་སོང་ནས་རྩ་དབུ་མའི་ནང་ན་མར་བདེ་ཁྲི་ལི་ལི་སོང་ནས་ཆོས་འབྱུང་ནང་དུ་དཀར་ཡེར་གྱི་བྱུང་བ་དང་། བདེ་སྟོང་གཉིས་སུ་མེད་པའི་ངང་དུ་སིངས་ཀྱི་བཞག་གོ །དེ་ལྟ་བུའི་སྦྱོར་བས་ནུས་ཚད་དུ་བསྒོམ་པར་བྱའོ། །དེ་ལྟར་བསྒོམ་པའི་བརྟགས་རབ་འབྲིང་གསུམ་དུ་འབྱུང་སྟེ། རབ་སྤྱི་བོར་བརྡོལ་ན་ཁྲག་དང་ཆུ་སེར་འོང་། འབྲིང་གི་སྤྱི་བོ་བསྐྲང་ནས་འོང་། ཐ་མ་སྤྱི་བ་ཟ་བ་འོང་། འགུལ་བ་དང་། འཕྲིག་པ་འོང་། ༼དང་པོ་ལྟག་པའི་རྩ་གཡས་གཡོན་རྒྱངས་ཏེ་ན་བ་མི་རྟོགས་པར་སོང་ན་རབ། མདུན་གྱི་རྩ་ན་བ་མི་རྟོག་པར་ན་འབྲིང་། ཐ་མ་མགོ་བོ་ཐམས་ཅད་ལ་ཟ་བེགས་པ་མང་པོར་སོང་ཏེ། དེ་ཡང་མི་འོང་བས་གོང་མ་གཉིས་དགོས་གསུང་ངོ་།༽ དེ་ལྟར་བྱུང་ཙ་ན་འབྱོངས་པའི་རྟགས་ཡིན་ནོ། །བསྒོམ་པའི་དུས་སུ་ཐལ་གྱི་དོགས་ན། རིན་པོ་ཆེའི་སྣོད་ཀྱི་མགོ་ནས་མནན། དེས་ཐུབ་ལ་གཞན་གྱིས་མི་ཐུབ་གསུང་ངོ་།
།དེ་ལྟར་བསྒོམ་པའི་རྟེན་གྱི་གང་ཟག་དེ་ལ། ནམ་ཞིག་འཆི་བའི་བརྟགས་ཚང་ཞིང་ངེས་པར་འཆི་རྟགས་ཡིད་ཆེས་སམ། ཡང་ན་ཁྱད་པར་གྱི་འཆི་བརྟགས་ནི། ར་ཧུ་ལའི་བཞེད་ཀྱི། མཉམ་དུ་རྒྱུ་ན་རྣལ་འབྱོར་མྱུར་དུ་འཆི་ཞེས་བཤད་པས་སྲོག་གི་རླུང་དབུ་མར་འདུས་པའི་རྟགས། ཁ་སྣ་གཉིས་ནས་རླུང་དུས་གཅིག་ལ་ཤྭ་ཤྭ་བྱུང་པའི་རྟགས་དེ་བྱུང་ན་འཆི་ངེས་ཡིན་པས། རང་གི་ལུས་ལོངས་སྤྱོད་ཉེ་དུ་འབྲེལ་པ་གང་ལའང་ཆགས་པར་མི་བྱ། སྐྱབས་འགྲོ་དང་སེམས་བསྐྱེད་བྱ། ལྷ་སྐུ་དྲན་པར་བྱས་ལ་སྤྱི་བོ་བླ་མ་བསྒོམ་ལ་གསོལ་གདབ། གཞན་དོན་གྱི་སྨོན་ལམ་རྣམ་པར་དག་པ་རྒྱ་ཆེན་པོ་གདབ། འདུ་འཛི་དང་གཡེང་བ་ཕྱིར་བསྐྱེད་ནས། རང་གཅིག་པུར་སྡད་ལ་འཕོ་བར་བྱ་སྟེ། དེ་ཡང་སྔོན་དུ་རྩ་ཁ་འབྱེད་པའི་གདམས་ངག་ནི། ༼་་་༽རང་༼གཞན་གྱི་་་་་་༽དང་བུད་མེད་༼མཆོན་མས་མི་འོང་༽ཐིག་ལེ་ལས། རླུང་སེམས་གཉིས་པོ་ཡར་ལ་འདྲེན། ཚ་ལས་རྩ་ཁ་འབྱེད་པར་བྱེད། མིའི་༼སྐྱེས་པ་དར་མ་གྲི་ཤི་བའི་༽གླད་པས་བར་ཆད་བསྲུང་། ཞེས་བཤད་དོ།
།དེ་ལྟར་རྫས་སྣ་བཞི་པོ་དེ། ལག་མཐིལ་དུ་སྲིན་ལག་གཡོན་པས་མཉེས་ལ་ལྷའི་སྔགས་བཏབ་ཏེ། སྤྱི་བོར་བྱུག་ལ་རླུང་མི་བཟུང་བར་རང་སར་བཞག་གོ
།དམིགས་པ་ནི་ཆོས་འབྱུང་གི་ཨ་༼་་་༽ཡར་རྒྱངས་བཏང་ནས་སྐྱེ་མེད་ཀྱི་ངང་ལ་བཞག་ལ། དེའི་ངང་དུ་འཕོ་བར་བྱའོ། །དེ་ལྟར་བྱས་པས་བར་དོར་འོད་གསལ་ཕྱག་རྒྱ་ཆེན་པོ་རྟོགས་མངོན་པར་རྫོགས་པར་སངས་རྒྱའོ།
བླ་མ་ཆེན་པོ་ར་ཧུ་ལ་པའི་ཞལ་གདམས། སྡིག་པོ་ཆེ་བཙན་ཐབས་སུ་སངས་རྒྱ་བ། འཕོ་བ་ཡེ་ཤེས་སྐར་ཁུང་མ་ཞེས་བྱ་བ་རྫོགས་སོ།