Ma hA mu dra

From Shangpa Resource Center
Revision as of 17:18, 20 April 2021 by Sengue (talk | contribs)
(diff) ← Older revision | Latest revision (diff) | Newer revision → (diff)








Resource ID SCv9p271
Title ma hA mu dra
Topics Mahamudra Gauma
Sub-Topics Various
Link BDRC W23922
BDRC W3CN18508 (v2p.82)

༄༅། །མ་ཧཱ་མུ་དྲ་བཞུགས་སོ།།

བླ་མ་ཡི་དམ་ཆོས་སྐྱོང་དང་། །མཁའ་འགྲོའི་ཚོགས་ལ་གུས་པས་འདུད། །རང་ཉིད་མི་བརྗེད་ཐོ་ཙམ་ཞིག །འབྲི་བར་གནང་ཞིང་བྱིན་རླབས་སོ།
།འདིར་ཡེ་ཤེས་ཀྱི་མཁའ་འགྲོ་མ་ནཻ་གུ་མ་ནས་བརྒྱུད་པའི་ཕྱག་རྒྱ་ཆེན་པོ་རང་བབས་རྣམ་གསུམ་གྱི་ཁྲིད་ལ་དོན་གསུམ་སྟེ།
སྔོན་འགྲོ་དང་། དངོས་གཞི་དང་། རྗེས་སོ།
།འདི་ཉམས་སུ་ལེན་པར་འདོད་པས། གནས་དབེན་པར་སྟན་བདེ་བ་ལ་འདུག་སྟེ། །ཐོག་མར་སྐྱབས་འགྲོ་དང་། སེམས་བསྐྱེད་སྔོན་དུ་སོང་པས། རང་ཡི་དམ་གང་ཡིན་དུ་གསལ་བའི་སྤྱི་བོར་རིན་པོ་ཆེའི་ཁྲི་སེང་གེ་བརྒྱད་ཀྱི་བཏེག་པའི་སྟེང་དུ། པདྨ་དང་ཉི་ཟླའི་གདན་ལ། རང་གང་མོས་པའི་བླ་མ་དེ། འཛུམ་ཞིང་དགྱེས་པའི་ཞལ་རས་ཅན། འོད་དང་འོད་ཟེར་གྱི་རྣམ་པ། དྲན་པ་ཙམ་གྱིས་ཕྱིར་མི་ལྡོག་པར་འགྱུར་ན། གསོལ་བ་བཏབ་ན་ལྟ་ཅི་སྨོས་པ། ངོ་བོ་བླ་མ་ལོངས་སྐུའི་རྣམ་པ་ཅན་དུ་བསམ། དེའི་ཐུགས་ཀ་ནས་འོད་འཕྲོས་པས། སངས་རྒྱས་དང་བྱང་ཆུབ་སེམས་དཔའ། ཡི་དམ་ལྷ་ཚོགས། མཁའ་འགྲོ་ཆོས་སྐྱོང་། ཀ་ཁ་བསླབས་པ་ཡན་ཆད་ཀྱི་ཆོས་འབྲེལ་ཡོད་ཚད་ཀྱི་བླ་མ་དང་བརྒྱུད་པ་དང་བཅས་པ་རྣམས་འོད་ཀྱི་རྣམ་པར་སྤྱན་དྲངས་ཏེ་བསྟིམ་ནས། སྔར་བས་ཀྱང་འོད་དང་གཟི་མདངས་ཆེར་གྱུར་པས་བླ་མ་ཀུན་འདུས་ཡི་དམ་ཀུན་འདུས་པའི་བདག་ཉིད་དུ་བསམ། དེ་ནས་ཚེ་འདིའི་ཕ་མ་དང་། གནོད་བྱེད་གཞི་བདག་གིས་གཙོ་བྱས་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད། ལུས་གུས་པས་ཐལ་མོ་སྦྱར། ངག་གུས་པས་གསོལ་བ་འདེབས། ཡིད་གུས་པས་མོས་གུས་རྒྱུན་ཆད་མེད་པར་བྱེད་པར་བསམ་ནས། རང་གི་ངག་ཏུ། བླ་མ་རིན་པོ་ཆེ་ལ་གསོལ་བ་འདེབས་སོ། །བྱས་པ་དང་།
སེམས་ཅན་ཐམས་ཅད་ཀྱང་ཀུ་དི་རི་རི་གསོལ་བ་འདེབས་པར་བསམ་ནས། བླ་མ་རིན་པོ་ཆེ། སེམས་ཅན་ཐམས་ཅད་ཀྱི་དོན་དུ་བདག་འཛོན་བློས་ཐོངས་པར་མཛད་དུ་གསོལ། དགོས་མེད་རྒྱུད་ལ་སྐྱེ་བར། འོད་གསལ་ཕྱག་རྒྱ་ཆེན་པོ་ད་ལྟ་ཉིད་དུ། མྱུར་བ་ཉིད་དུ། འདུགས་འདི་ཉིད་དུ་རྒྱུད་ལ་སྐྱེ་བར་བྱིན་གྱིས་བརླབ་ཏུ་གསོལ། །ཞེས་གསོལ་བ་རྩེ་གཅིག་ཏུ་གདབ་བོ།
།དེ་ཡང་སྤྱིར་ཐོག་པ་ཆེ་ཆུང་ཐམས་ཅད་ཀྱི་རྩ་བ་བླ་མའི་མོས་གུས་ཡིན་པས། བླ་མ་སངས་རྒྱས་ཡིན་པ་དང་། དེ་ལ་གསོལ་བ་བཏབ་པས་དངོས་གྲུབ་ཐམས་ཅད་འབྱུང་པ་དང་། བརྒྱུད་པའི་བླ་མའི་གསུང་སྒྲོས་དང་། བླ་མ་གཉན་གྱི་གསུང་སྒྲོས་ལས་ངེས་སྐྱེ་བར་བྱས་ཏེ། གསོལ་བ་འདེབས་པ་ལ་བརྩོན་པར་བྱའོ།
།དེ་ལྟར་གསོལ་བ་བཏབ་པའི་རྗེས་ལ། བླ་མའི་སྐུ་ལས་འོད་ཟེར་དཀར་པོ་དཔག་ཏུ་མེད་པ་བྱུང་ནས། རང་གི་ཚངས་པའི་བུ་ག་ནས་བཞུགས་ཏེ། དེས་སྒོ་གསུམ་གྱི་སྡིག་སྒྲིབ་དང་། ཉམས་ཆགས་འགལ་འཁྲུལ། དཀོར་སྐུ་གླུད་ལ་སོགས་པའི་ལྕི་བ་ཐམས་ཅད་བརྡས་ཏེ། བ་སྤུའི་བུ་ག་དང་། རྐང་མཐིལ་དང་། སོར་མོ་དང་། འོག་སྒོ་ལ་སོགས་པ་ནས་ནག་བུན་ཐོན་ནས། ལུས་ཕྱི་གསལ་ནང་གསལ་ཤེལ་གོང་དག་པ་ལྟར་གྱུར་ཏེ། ཕྱི་ཡི་དམ་གྱི་རྣམ་པ་ལ་ནང་སྟོང་ར་ཁྲུ་མ་ཕུས་བཏབ་པ་ལྟར་བསམ་མོ།
།ཡང་བླ་མའི་སྐུ་ལས་ཐིག་ལེ་བདེ་བའི་རང་བཞིན་ཅན་ཁ་དོག་དཀར་པོ་ཉུངས་ཀར་གྱི་འབྲུ་ཙམ་དཔག་ཏུ་མེད་པ་བྱུང་ནས། རང་གི་ཚངས་བུག་ནས་ཞུགས་ཏེ། སྔར་བཞིན་དེས་དྲི་མ་ཐམས་ཅད་བརྡས་ནས་སྨིན་མཚམས་ཡན་ཆད་ཁེངས། ལུས་ཀྱི་སྡིག་པ་དག །བུམ་པའི་དབང་ཐོབ་པར་བསམ། དེ་བཞིན་དུ་མགྲིན་པས་ངག་དང་གསང་བ། སྙིང་གས་སེམས་དང་ཤེས་རབ་ཡེ་ཤེས། ལྟེ་བ་ཡན་ཆད་གང་། ངེས་སྒོ་གསུམ་གྱི་དྲི་མ་ཐམས་ཅད་དག་ནས། དབང་བཞི་ཐོབ་པར་བསམ། མཐར་ལུས་ཐམས་ཅད་གང་སྟེ། དྲན་པའམ། འགུལ་བ་ཙམ་གྱིས་བདེ་མེར་བར་བསམ་ནས། རླུང་རོ་ལན་གསུམ་བུས་ལ། མི་རྟོག་པའི་ངང་ལ་བཞག་གོ
།དེ་ནས་དང་པོ་སྔོན་འགྲོ་རང་བབས་ཀྱི་ཆོས་རྣམ་པ་གསུམ་ནི། སྐྱབས་འགྲོ་སེམས་བསྐྱེད་དང་། བླ་མའི་རྣལ་འབྱོར་སྔོན་དུ་སོང་པས།
ལུས་རང་བབས་རྐང་པ་བདེ་བའི་སྐྱིལ་ཀྲུང་ཡངས་པར་བཅའ། ལག་པ་ས་གནོན། སྒལ་ཚིགས་དྲང་པོར་བསྲང་། ལྟོ་བ་སྒལ་ཚིགས་པ་ལ་སྦྱར། དཔུང་པ་གདེངས་ཏེ་གྲེ་མོ་ལྟག་ཏུ་འཐེན་པས་རོ་སྟོད་ཚ་ཐང་ཙམ་བྱ། ལྕེ་རྐན་ལ་སྦྱར། སོ་དང་མཆུ་ཐ་མལ་དུ་བཞག་སྟེ། ལུས་གྲིམས་ཆ་མི་འདོན་པར། ཉྭ་བཞི་དང་རྩ་གཞི་གློད་ལ་ལས་མེད་དུ་བཞག་གོ
།ངག་རང་བབས་སྨྲ་བརྗོད་ཐམས་ཅད་དང་བྲལ་བ་དང་། རླུང་འབྱུང་འཇུག་ཙམ་ཡང་མི་བསམ་པར། ངག་ལས་མེད་དུ་བཞག་གོ
།སེམས་རང་བབས་དུས་གསུམ་གྱི་རྟོག་པས་དབེན་པར་བྱ་སྟེ། འདས་པའི་རྗེས་མི་བཅད། མ་འོངས་པའི་སྔོན་མི་བསུ། ང་ལྟ་བ་ལ་ལས་མི་འཆོལ་བར། མིག་གླང་པོ་ཆེའི་ལྟ་སྟངས་དང་མ་བྲལ་བར་བྱས་ཏེ། ཡེ་ཤེས་ཀྱི་མཁའ་འགྲོ་མའི་ཞལ་ནས། ལྷ་འདོད་ཆགས་སྐྱེས་པ་ལྟ་བུ་གསུང་། ཡིད་བསྒོམ་འདོད་ཀྱི་རྟོག་པས་དབེན་པར་བྱ་སྟེ། སྔོན་འགྲོ་བསྒོམ་པ་ཡིན་སྙམ་དུའང་མི་བསམ་པར། རྟེན་མེད་འཛིན་མེད་ཀྱི་ངང་དུ་ལྷོད་གློད་ལ་རང་བབས་སུ་བཞག །དེ་ལྟར་བཞག་པས་འདས་པའི་རྟོག་པ་འགགས། མ་འོངས་པའི་སྐྱེ་འཕྲོ་ཆད། ད་ལྟ་བ་རོ་མེད་ཁུང་སྟོར་དུ་སོང་ནས་རྟོག་མེད་ཀྱི་ཤེས་པ་གསལ་ལ་འཛིན་པ་མེད་པ་གཅིག་འབྱུང་། རེ་ཤིག་སྒོམ་རྒྱུ་དེ་ཡིན་པས་དེ་ཐོག་ཏུ་གློད་ལ་བཞག་གོ །དེ་ལ་སྐྱེ་ན་ཤིགས་བཤིག་ལ། དྲན་ཐག་མ་ཆད་པའི་ངང་ནས་ངལ་བསོ། ཡང་བླ་མའི་རྣལ་འབྱོར་ནས་བསྒོམས་ཏེ་ཤ་ཅིག་ཟན་གཅིག་ཏུ་སྤེལ་ལ་ཉམས་སུ་བླང་ངོ་།
།འདི་ལ་བསླབ་ཚུལ་བཞི་ལས། དང་པོ་ཕྲ་རགས་ལ་བསླབས་པའི་ཕྲ་བ་ལ་བསླབ་པ་ནི། མདུན་གྱི་དངོས་པོ་ཕྲ་མོ་གཅིག་ལ་བལྟས་ཏེ། ཆེ་ཆུང་དང་ལེགས་མི་ལེགས་ལ་སོགས་པའི་རྟོག་སྤྱོད་ཀྱང་མི་བྱེད། ཡེངས་སུ་ཡང་མི་འཇུག་པར། སྣང་ཡུལ་མ་འགགས་ལ་འཛིན་པ་མ་ཞུགས་ཙམ་བྱའི། བིའུ་རྟོད་ལ་མནན་པ་ལྟར་རྩིར་ཟིན་དུའང་མི་བྱེད་པར། མ་ཡེངས་པའི་རྟེན་ཙམ་དུ་བྱས་ལ། དམིགས་གཏད་དང་ཆེད་འཛིན་པར་ཧད་དེ། ཡུལ་གང་ལ་ཡང་རྟེན་མི་འཆའ་བར་ཕྱད་དེ་བཞག །དེ་ལྟར་བཞག་པས་ཤེས་པ་རྟོག་མེད་དུ་ལྷན་པའམ། །འཛིན་མེད་དུ་ཤིགས་པའམ། རྩོལ་མེད་དུ་ལྷོད་པ་གཅིག་འཆར་ཏེ། དེ་ཐོག་ཏུ་གློད་ལ་བཞག་ཡུན་རིངས་ན་བསྒོམ་བཞུག་སྐྱོན་ཅན་གྱིས་ཐུ་བས་ཤིགས་བཤིག་ལ་ངལ་བསོ། །ཡང་གསོལ་བ་བཏབ་ཏེ། མཉམ་པར་བཞག་པ་སྤེལ་མར་བྱའོ། །འདི་དག་གིས་དུས་སུ་སྔར་བས་རྟོག་པ་མང་དུ་སོང་བ་སྙམ་བྱེད་པ་འབྱུང་སྟེ། གཡོ་བའི་ཉམས་བྱ་བ་གནས་པ་མགོ་རྩོམ་པ་ཡིན་པས། སྤོང་ཡང་མི་སྤོང་རྗེས་སུ་ཡང་མི་འབྲང་པར་ངོས་ཟིན་ཙམ་བྱའི། རྟོག་པ་གང་སྐྱེས་ཏེ་རང་གི་སྟེང་དུ་གློད་ཅིང་བཞག་པས་རྟོག་པས་བང་ཟང་ནས་རྟོག་མེད་དུ་ལྷན་འགྲོའོ།
།དེ་བཞིན་དུ་དངོས་པོ་རགས་པ་དང་། གཉིས་པ་ཡུལ་ཐག་ཉེ་རིང་ལ་བསླབ་པ་དང་། གསུམ་པ་གྱེན་ཐུར་ཐད་གསུམ་ལ་བསླབ་པ་ཡང་ཚུལ་འདྲ་སྟེ། འོན་ཀྱང་གྱེན་ལ་བསླབ་པ་ནི། བྱིང་ན་སེང་བ་ཡིན་ཅིང་། ཐུར་ལ་བསླབ་པ་ནི། རྒོད་ན་བསྡུ་བ་ཡིན་པས་བགེགས་སེལ་ལྟ་བུ་ཡིན་ནོ། །བཞི་པ་སྔགས་སྣ་ཚོགས། མདོ་སྣ་ཚོགས། སྤྱོད་ལམ་རྣམ་པ་བཞི་ལ་བསླབ་པ་ནི། །སྔོན་འགྲོའི་ཚད། སེམས་མ་བཅོས་ཐ་མལ་གྱི་ཤེས་པ་ཡིང་ལ་མི་བྱེད་པར་རང་ཤར། དེ་བརྟེན་པའི་ཚད། ལུས་ངག་གི་བྱ་བས་མི་འཕྲོག་པ་ཡིན་པས། དེ་བརྟན་མི་བརྟན་ལྟ་བ་ལ་སྔགས་སྣ་ཚོགས་པ་སོགས་ལ་སློབ་སྟེ། དེ་ཡང་སྔར་བཞིན་རྟོག་མེད་དུ་ལྷན་གནས་པའི་དུས་ན། སྔགས་བཟླ་བ་ལ་སོགས་དོ་གལ་ཆུང་ངེ་བ་བྱས་པས། སྔར་གྱི་དགེ་སྦྱོར་དེ་མེ་འཆོར་ན་བརྟན་པ་ཡིན་ལ། འཆོར་ན་སྔར་བཞིན་སྐྱབས་འགྲོ་ནས་བརྩམས་ལ་རང་བབས་ལ་བཞག་སྟེ། སྤེལ་མར་སྦྱངས་ནས་ནམ་བརྟན་པར་གྱུར་གྱི་བར་བསྒོམ་མོ། །དེ་རྣམས་ནི་མཚན་མ་དང་བཅས་པ་ལ་བསླབ་པའོ།
།གཉིས་པ་མཚན་མ་མེད་པ་ལ་བསླབ་པ་ནི། སྐྱབས་སུ་འགྲོ་བ་ནས་རང་བབས་གསུམ་ལ་བཞག་པའི་བར་སྔར་བཞིན་ལ། ཤེས་པ་མདུན་གྱི་བར་སྣང་སྟོང་པ་འདིར། ཡུལ་ལ་ཕར་མི་བལྟ། ཤེས་པ་ལ་ཚུར་མི་བལྟ་བར། རྟེན་མེད་འཛིན་མེད་དུ་བཞག །སྔར་རྟེན་དང་འཛིན་པ་ཅུང་ཟད་ཡོད། འདིར་གུ་ཡངས་སུ་ཡང་འགྲོ། བསྒོམ་པ་ཡང་བདེ། དེ་ལྟར་བཞག་པས་རྟོག་མེད་དུ་ལྷན་པའམ་འཛིན་མེད་དུ་ཏ་ལེ་བ་འབྱུང་། དེ་གཉིས་འདྲའོ།
དེ་ལྟར་བསྒོམ་བཟང་བརྡོ་བའི་སྐབས་འགའ་རེར། ཁ་ནང་དུ་ལོག་ལ་གནས་པ་དེའི་ངང་ནས་སེམས་ལ་སེམས་ཀྱིས་བལྟ་སྟེ། དབྱིབས་སམ། ཁ་དོག་གམ། གནས་སམ། དུས་སམ། དངོས་པོར་གྲུབ་པ་འདུག་གམ། ཅིའང་མེད་པའི་སྟོང་པའམ། གསལ་ལེ་ཧྲིག་གེ་བའི་དངོས་མེད་གཅིག་འདུག་བལྟ། བརྟག་དཔྱད། བཞིག །བརྩལ་དངོས་པོར་གྲུབ་པ་འདུག་ན་དེ་ཐོག་ཏུ་གློད་ལ་བཞག །མི་འདུག་ན་རང་བཞིན་རང་བཅས་ཀྱི་ངང་ལ་གློད་ལ་བཞག་གོ །དེའི་རྒྱུ་མཚན་ཡང་སྣང་བ་ཐམས་ཅད་རང་གི་སེམས་ཡིན་པར་མང་། མདོ་རྒྱུད་བསྟན་བཅོས། མན་ངག་ཐམས་ཅད་ལས་བཤད་པས། དེ་ལྟར་ཐག་བཅད་ངེས་ཤེས་བསྐྱེད་དོ། །ད་དེ་གཏན་ལ་འབེབས་པ་ལ་ཁོ་རང་ལ་ལྟ་དགོས་ཏེ། རྐུན་མ་ངོས་འཛིན་པ་འདྲའོ། །སྤྱིར་ཡང་བསྒོམ་དགོས། ཁྱད་པར་དུ་ངོ་ཞལ་འཇུར་འཚལ་ཏེ། ཚིག་དང་གོ་བས་མི་ཕན། རྒྱུད་ཐོག་ཏུ་ཉམས་སུ་མྱོང་བ་རེ་སྐྱེ་དགོས། ནཻ་གུ་མ་སྔོན་འགྲོ་གཙོར་བྱེད། མཻ་ཏྲི་པ་དངོས་གཞི་ལ་གཙོ་བོར་བྱེད། སུ་ཀ་མ་རྗེས་ལ་གཙོར་བྱེད་པ་བྱ་བ་ཡིན་པས། འདིའི་ལུགས་ཀྱི་སྔོན་འགྲོ་རང་ལ་སྐྱེ་དགོས། མ་སྐྱེས་པར་ངོ་སྤྲད་དུ་མི་འདོད། སྤྲད་ཀྱང་གོ་ཡུལ་ལས་མི་འོང་སྟེ། རྫ་མ་དྲོས་སར་ལ་ཆ་མི་དགོས་པ་དང་འདྲའོ།
།དུས་གསུམ་རྒྱལ་བ་མ་ལུས་འདུས་པའི་སྐུ། །འཁོར་འདས་ཀུན་གྱི་བདེ་ལེགས་འབྱུང་བའི་དཔལ། །མཁྱེན་རྟོགས་ཐུགས་རྗེར་ལྡན་པའི་བཤེས་གཉེན་མཆོག །རྟོགས་ལྡན་བླ་མའི་ཞབས་ལ་གུས་ཕྱག་འཚལ།། སྔོན་འགྲོའོ།། །།

ན་མོ་གུ་རུ།
དངོས་གཞི་གསང་ཚིག་རྡོ་རྗེ་རྒྱས་བཏབ་པའི་སྐུ་ཐབས་སུ་ངོ་སྤྲད་པས་སྐྱོན་བཞི་རང་སར་གྲོལ་བའི་མན་ངག་ལ་གཉིས་ཏེ། བར་ཆད་མི་འབྱུང་བར་བྱ་བའི་ཕྱིར་གསོལ་བ་གདབ་པ་དང་། ངོ་སྤྲད་པ་དངོས་སོ།
།དང་པོ་ནི། ཚོགས་དང་གཏོར་མ་སྔོན་དུ་འགྲོ་བས་དཀྱིལ་འཁོར་གྲུ་གསུམ་མེ་རི་རབ་ཏུ་འབར་བ་སྟོང་གསུམ་པས་རྒྱ་མི་ཆུང་བའི་ནང་དུ། པད་མའི་སྡོང་པོ་ཡལ་ག་སྟོང་དང་ལྡན་པའི་ནང་དུ། པད་མ་འདབ་མ་བརྒྱད་དམ་བཅུ་དྲུག་པའི་ལྟེ་བ་ལ། ཡེ་ཤེས་ཀྱི་མགོན་པོ་ཕྱག་དྲུག་པ། སྐྱེ་འགྲོའི་རེ་བ་ཚུལ་བཞིན་དུ་བསྐོང་བ། དེའི་སྟེང་དུ་ཡེ་ཤེས་ཀྱི་མཁའ་འགྲོ་མ་སྐུ་མདོག་དམར་བ་ལ་སྨུག་པའི་མདངས་ཆགས་པ་རུས་པའི་རྒྱན་གྱིས་བརྒྱན་པ། གར་ཐབས་ལོག་ལོག་པ། སྤྱན་ནམ་མཁའ་ལ་ཧྲིག་ཧྲིག་པ། དེ་ལ་རྩ་བ་དང་བརྒྱུད་པའི་བླ་མ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དཔག་མེད་ཀྱིས་བསྐོར་བ་དམིགས་ལ། གསེར་གྱི་མཎྜལ་གྱིས་དམིགས་པའི་རྟེན་བྱས་ཏེ། ལུས་ལོངས་སྤྱོད་ཐམས་ཅད་ཕུལ་ལ་གསོལ་བ་གདབ་སྟེ།
ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་ལ་སྐྱབས་སུ་མཆིའོ། །ཆོས་ལ། དགེ་འདུན་ལ། བླ་མ་རྣམས་དང་ཡི་དམ་གྱི་ལྷ་ཚོགས་རྣམས་ལ། ཡེ་ཤེས་ཀྱི་མགོན་པོ་ཕྱག་དྲུག་པའི་ལྷ་ཚོགས་འཁོར་དང་བཅས་པ་ལ་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ། །རྩ་བ་དང་རྒྱུད་པར་བཅས་པའི་བླ་མ་རྣམས་ཀྱིས་བདག་ལ་ཕྱག་རྒྱ་ཆེན་པོའི་རྟོགས་པ་ངོ་འཕྲོད་པར་བྱིན་གྱིས་བརླབ་ཏུ་གསོལ། དམ་པ་ཆོས་སྐྱོང་བའི་བསྲུང་མ་རྣམས་ཀྱིས་བདག་ཆོས་སྒྲུབ་པ་ལ་ཕྱི་ནང་གི་བར་ཆད་མེད་ཅིང་མི་འབྱུང་བར་བྱིན་གྱིས་ ཞེས་གསོལ་བ་ལན་གསུམ་གདབ་བོ། དེ་ནས་ངོ་སྤྲད་ལ་ཚོགས་ལ་རོལ་ལོ།
།གཉིས་པ་ངོ་སྤྲད་པ་དངོས་ནི། སྔར་བཞིན་རང་བབས་རྣམ་གསུམ་གྱི་སྟེང་དུ་ཤིགས་བཤིག །རྩོལ་མེད་དུ་ལྷོད་གློད་ནས་རང་ལུགས་སུ་བཞག་པས། འདས་པའི་རྟོག་པ་ཐམས་ཅད་རང་འགགས། མ་འོངས་པ་སྐྱེ་འཕྲོ་ཆད། ད་ལྟ་བ་རྩིས་མེད་དུ་ཡལ་ནས། སེམས་རང་ཐག་ཆུ་ཆད་པ་བཞིན་རྟོག་མེད་དུ་ལྷན་པའམ། འཛིན་མེད་དུ་ཧད་དེ་བ་གཅིག་འབྱུང་། སྔར་བཞིན་དེའི་ངོ་བོ་ལ་ཆེར་བལྟས་པས། དབྱིབས་དང་ཁ་དོག་ལ་སོགས་པའི་ངོས་བཟུང་ཐམས་ཅད་དང་བྲལ་བའི་རང་བཞིན་སྟོང་པ་དེ་སྐྱེ་བ་མེད་པ། དེ་ཡང་སྟོང་པ་ཅང་མེད་ནམ་མཁའ་ལ་འཆངས་པའམ། ཕྲུ་བ་སྟོང་པར་ལག་པ་བཅུག་པ་ལྟ་བུ་མ་ཡིན་པར། མཚན་ཉིད་འགགས་པ་མེད་པར་གསལ་ལེ་བ། ཧྲིག་གེ་བ། ཏ་ལེ་བ་གཅིག་གདའ་བ། དེ་ཉིད་ཐ་དད་དམ་སྙམ་ན་མ་ཡིན་ཏེ། གསལ་རིག་ཀ་སྟོང་པ། སྟོང་པ་ཀ་གསལ་རིག་ཏུ་ཏ་ལེ་བ་དེ་ངོ་བོ་གཉིས་སུ་མེད་པ་ཟུང་འཇུག་སྟེ། ཕྱོགས་གཅིག་ཏུ་འདི་ཡིན་ཅེས་ཡིད་ལ་བྱར་མེད་ཅིང་བློའི་ཡུལ་ལས་འདས་པ་དེ་ལ། དང་པོའི་སེམས་ཐ་མལ་གྱི་ཤེས་པ། དེ་བཞིན་གཤེགས་པའི་སྙིང་པོ། རང་བཞིན་གནས་པའི་རིགས། ཆོས་ཀྱི་དབྱིངས་ཆོས་ཐམས་ཅད་ཀྱི་ཆོས་ཉིད། སངས་རྒྱས་ཀྱི་དགོངས་པ། སེམས་ཉིད་ཀྱི་གནས་ལུགས་ཞེས་པ་ལ་སོགས་པ་མིང་གི་རྣམ་གྲངས་ཡིན། འདི་བླ་མ་གདམས་ངག་ཆེ་བའམ། སློབ་མ་ཤེས་རབ་ཆེ་ནས་བྱས་པ་མིན་གྱིས། ཁོ་རང་ཡེ་ནས་དེ་ལྟར་གནས་པ། དེ་ལྷན་ཅིག་སྐྱེས་པ། དེ་ངོ་མ་ཤེས་པ་དེ་ལྷན་སྐྱེས་ཀྱི་མ་རིག་པ། དེ་རང་ངོ་རང་གིས་རྗེན་གཅེར་ཤེས་པ་འདི་ལ། ལྷན་ཅིག་སྐྱེས་པའི་ཡེ་ཤེས། རང་བྱུང་གི་ཡེ་ཤེས། རྣམ་པར་མི་རྟོག་པའི་ཡེ་ཤེས། སེམས་ངོ་ཤེས་པ། སྒོམ་སྐྱེས་པ། མིང་གི་རྣམ་གྲངས་ཡིན་ཏེ། མདོར་ན་དག་པ་གཉིས་ལྡན་གྱི་ཆོས་སྐུ་རང་ཤར་བ་ཡིན་ནོ།
།འོ་ན་རང་སེམས་ཆོས་སྐུར་ཡེ་ནས་གནས་ན། འཁོར་བར་འཁྱམས་པའི་རྒྱུ་མཚན་ཅི་ཞེས་ན།
ཡེ་ཤེས་མཁའ་འགྲོ་མའི་ཞལ་ནས། རང་སེམས་ཆོས་སྐུ་དང་འདུ་འབྲལ་མེད་ཀྱང་། ཉེ་དྲགས་ནས་ངོ་མ་ཤེས། རང་ལ་ཤར་ཡང་ཟབ་དྲགས་ནས་ངོས་མ་ཟིན། དྲན་པས་ཆོག་ཀྱང་སླ་བྲགས་ནས་ཡིད་མ་ཆེས། སྐུ་གསུམ་རང་ལ་ཤར་ཡང་བཟང་དྲགས་ནས་བློར་མ་ཤོང་པའི་སྐྱོན་བཞིས་འཁོར་བར་འཁྱམས་སོ།
།དེ་བཞི་ལས་གྲོལ་བ་ནི། དང་པོ་ནི་རང་སེམས་ཆོས་སྐུ་དང་ངོ་བོ་ལ་བཟང་ངན་མེད། དུས་ལ་སྔ་ཕྱི་མེད། འདུག་པ་ལ་མཐོ་དམན་མེད་ཀྱང་། མིག་བཞིན་ངོ་མ་ཤེས་པ་དེ་བླ་མའི་བྱིན་རླབས་ལ་རྟེན་ནས། ཁོ་རང་གི་ཁོ་རང་ཡུལ་མེད་དུ་རང་ངོ་ཤེས་ཙ་ན་ངོ་ཤེས། ཆོས་སྐུ་དེ་དབྱིབས་དང་ཁ་དོག་ལ་སོགས་པ་ཕྱོགས་རེ་གང་དུ་ཡང་མ་གྲུབ། ཚིག་དང་ཡི་གེ་ལ་སོགས་པས་བརྗོད་དུ་མེད། དཔེ་གང་གིས་ཀྱང་མཚོན་པར་མི་ནུས། ཕྱོགས་འཛིན་ཅན་གྱི་བློས་མི་རྟོགས་པས། ཟབ་དྲགས་ནས་ངོས་མ་ཟིན་པ་སྟེ། ངོས་མ་ཟིན་པའི་རྐྱེན་རྣམ་རྟོག་མ་རིག་པའི་སྒྲིབ་གཡོགས་ཀྱིས་ལན་པ་ལ། བླ་མའི་བརྡ་ཐབས་རང་བབས་རྣམ་པ་གསུམ་ལ་རྟེན་ནས་དེ་བྲལ་ཙ་ན། རིག་པ་ཡེ་ཤེས་རང་ཤར་དུ་འཆར་བ་ཆོས་ཉིད་ཡིན་པས། དེ་ཤར་ན་ངོས་ཟིན། འོ་ན་ལན་གཅིག་ངོ་ཤེས་པ་དང་། ངོས་ཟིན་པས་ཆོག་གམ་སྙམ་ན། དེ་ལ་ཡིད་ཆེས་དགོས་པ་ལ། མདོ་རྒྱུད་མན་ངག་ལས་འདི་ཉིད་ཆོས་སྐུར་བཤད་པས་ཡིད་ཆེས། དེ་ལྟར་ངོས་ཟིན་ཅིང་ཡིད་ཆེས་པའི་རང་སེམས་ཆོས་སྐུ་འདི་ལས་གཞན་པའི་སངས་རྒྱས་ལོགས་ནས་མི་འཚོལ་བས་བློར་ཤོང་སྟེ། དེ་ལྟར་སྐྱོན་བཞི་རང་གྲོལ་ལོ། །མདོར་ན་རང་སེམས་གསལ་སྟོང་ཡུལ་མེད་དུ་ཏ་ལེ་བའི་དི་བླ་མས་ངོ་སྤྲད་རྒྱུ་ཡིན། དེ་རང་ངོ་རང་གིས་ཤེས་ན་ངོ་འཕྲོད་པ་ཡིན་ནོ།
།དེ་ལྟར་གསལ་སྟོང་ཡུལ་མེད་དུ་ཤེས་པའི་ཐག་ཆོད་ངེས་ཤེས་སྐྱེས་ཡུལ་མེད་དུ་ལྷར་ངེ་བ་དེ་ལྟ་བ་སྟེ། གནས་ལུགས་རྟོགས་པའི་ཤེས་རབ། དེའི་ངང་ལས་མ་ཤོར་བར་དྲན་ཙམ་མ་ཡེངས་ཙམ་ལས་གཞན་པའི་བསྒོམ་རྒྱུ་མེད་པ་དེ་བསྒོམ་པ། དེ་སྤྱོད་ལམ་ཐམས་ཅད་མི་འབྲལ་བ་དེ་སྤྱོད་པ། དེ་མངོན་དུ་གྱུར་པ་གནས་སྐབས་ཀྱི་འབྲས་བུ། དེ་ལ་བརྟན་པ་ཐོབ་ནས་འཁོར་འདས་ལམ་གྱི་ཆོས་ཐམས་ཅད་དེ་དང་རོ་གཅིག་ཏུ་གྱུར་ནས། དགག་སྒྲུབ་དང་བྲལ་བ་དེ་སྐུ་གསུམ་རང་ཤར་བ་དེ་མཐར་ཐུག་གི་འབྲས་བུའོ། །དངོས་གཞིའི་ཚད་སྣང་སྟོང་དབྱེར་མེད་ཡིད་ལ་མི་བྱེད་པ་རང་ཤར། བརྟན་པའི་ཚད་ཉིན་མཚན་དང་མཉམ་རྗེས་མེད་པའོ།
།ཡང་རང་བབས་ལ་བཞག་སྟེ། དཔེར་ན་བྲམ་ཟེ་སྐུད་པ་འཁེལ་བ་བཞིན། སེམས་སྒྲིམས་ཏེ་བསྒོམ་འདོད་གཉེན་པོའི་བློར་སོང་ན། ཕྱག་ཆེན་གཉེན་པོ་རྩ་བྲལ་ཡིན་པས་མི་བཏུབ། ལྷོད་ནས་འཁྲུལ་པ་རང་རྒྱུད་པར་སོང་ན་ཕྱག་ཆེན་འཁྲུལ་པ་གཞི་ཐོག་ནས་སྤངས་པ་ཡིན་པས་མི་བཏུབ་པས་མ་བཅོས་རང་ལུགས་སུ་བཞག་གོ
།དེ་ལྟར་བཞག་པས་ཤེས་པ་གསལ་ལ་ངོས་གཟུང་མེད་པ། སྟོན་མ་དབྱར་གྱི་ནམ་མཁའ་ལྟ་བུ་གཅིག་འབྱུང་སྟེ། ནམ་མཁའ་ལ་ལྟས་པས་ཁ་དོག་ལ་སོགས་པ་གང་དུ་ཡང་གྲུབ་པ་མེད། མེད་དམ་བྱས་ན་གསལ་ལ་དྭངས་པར་ཡོད་པ། དེ་བཞིན་དུ་སེམས་ལ་བལྟས་པས་ཡོད་དམ་བྱས་ན་ཁ་དོག་ལ་སོགས་པ་གང་ཡང་གྲུབ་པ་མེད། མེད་དམ་བྱས་ན་གསལ་ལ་ཞིང་དྭངས་པའི་ངོ་བོར་གནས། དེ་ལྟར་ཡོད་མེད་ལས་གྲོལ་བས་བསམ་གྱིས་མི་ཁྱབ་པའམ། ཟབ་པ་ཞེས་པ་ལས་བརྗོད་དུ་མ་བཏུབ་པའོ།
།དེ་ཡང་སེམས་ཀྱི་འཆར་སྒོ་ལ་ཕྱོགས་མེད་པས། དེ་དང་བྲལ་བའི་རང་བཞིན་ལ་ཡང་ཕྱོགས་མེད། དེས་ན་ཕྱག་ཆེན་ཕྱོགས་མེད་གཅིག་ཡིན་པ་ལ། མུ་སྟེགས་པས་མུས་ལོང་ལ་མར་མེ་བསྟན་པ་བཞིན། རྟག་ཆད་ཕྱིན་ཅི་ལོག་ཏུ་བཏགས། ནང་པ་རྣམས་ཀྱིས་ཀྱང་ལོང་པ་ལ་གླང་པོ་ཆེ་བསྟན་པ་ལྟར་ཕྱོགས་རེ་ལས་མ་རྟོགས་སོ།
།འདིར་སྣང་ན་སྣང་སྟོང་ཟུང་འཇུག །གསལ་ན་གསལ་སྟོང་ཟུང་འཇུག །རིག་ན། བདེ་ན། སྡུག་ན། བྱིང་ན་བྱིང་སྟོང་ཟུང་འཇུག་ལ་སོགས་པ་ཕྱོགས་མེད་གཅིག་ཡིན་ནོ།
དེ་ངོ་ཤེས་མ་ཤེས་ལས་འཁོར་འདས་ཐམས་ཅད་དེའི་ངང་དུ་མཉམ་ཤིང་འདུས་ཏེ། རྫོགས་ཆེན་དང་དབུ་མ་ལ་སོགས་པའང་དེ་ལ་ཟེར་རོ།
།དེ་ལྟར་རིག་ཐོག་ཏུ་རྩ་བ་ཆོད་པས་ཉོན་མོངས་རྣམ་རྟོག་ལ་སོགས་པ་མི་སྤོང་། མི་སྦྱོང་། མི་བསྒྱུར། བློས་བྱས་ཀྱི་ངོ་ཤེས་པ་མི་བྱེད་པར། དེ་ཉིད་དེ་ཉིད་ཀྱི་སྟེང་དུ་གློད་ནས་མདངས་མ་འགགས་ལ་ངོ་བོ་ངོས་བཟུང་དང་བྲལ་བའི་གསལ་སྟོང་འཛིན་མེད་དུ་འཆར་གྱིས། གཉེན་པོས་སྤང་ན་རྒྱུད་དེ་དང་མི་འབྲལ་ཏེ། ཕྲག་པའི་ཁུར་པོ་ཡོད་པ་བཞིན་ནོ།
མདངས་མ་འགགས་ལ་བཤིས་འཛིན་པ་དང་བྲལ་བ་དེ་ཀ་ལ། སེམས་ཆོས་སྐུར་གྲོལ་ཞེས་བྱའོ།
།ཀུན་ལ་གནས་པ་ཀུན་མཁྱེན་སྙིང་པོའི་དོན། །གཞན་གྱིས་མི་རྟོགས་རྟོགས་པར་མ་གྱུར་པ། །གང་གིས་དྲིན་གྱིས་གང་ལ་མངོན་སུམ་དུ། །སྟོན་མཛད་བླ་མའི་ཞབས་ལ་མགོས་ཕྱག་འཚལ།། དངོས་གཞིའོ།། །།

ན་མོ་གུ་རུ།
གསུམ་པ་རྗེས་སྐུ་གསུམ་རང་ཤར་ཕྲིན་ལས་ལྷུན་གྲུབ་ཕྱོགས་མེད། བོགས་འདོན་གྱི་ཆོས་རྣམ་པ་གཉིས་དང་བཅས་པ་ནི། དེ་ཡང་སྦྱོར་དངོས་རྗེས་གསུམ་མིང་འདོགས་ཐ་དད་ཀྱང་། དོན་ལ་ཐ་དད་མེད་པས། སྔར་བཞིན་རང་བབས་རྣམ་གསུམ་གྱི་སྒོ་ནས་ཉམས་སུ་བླང་པས། ཤེས་པ་སྟོན་མ་དབྱར་གྱི་ནམ་མཁའ་ལྟ་བུ་གསལ་བ། དྭངས་པ། མི་རྟོག་པ། ངོས་བཟུང་མེད་པ་གཅིག་རང་བྱུང་རང་ཤར་དུ་ཤར་བ་དེ་ངོས་བཟུང་། དེ་མདོ་རྒྱུད་ཐམས་ཅད་ཀྱིས་གཏན་ལ་དབབ་བྱའམ། དགོངས་པར་ཐག་བཅད། ཆོས་སྐུར་ཡིད་ཆེས་བསྐྱེད། དེའི་ངང་ལ་ཡེངས་མེད་དུ་བསྒོམས་པས་དབང་པོའི་བྱེ་བྲག་གི་ལོ་ཟླ་ནས་མཐར་ཕྱིན་པར་འགྱུར་རོ།
དེ་ལྟ་བུའི་བསྒོམ་དེ་ལ་སྐུ་གསུམ་ཚང་སྟེ། བཤིས་ངོས་བཟུང་མེད་པ་ཆོས་སྐུ། མདངས་འགག་པ་མེད་པ་གཟུགས་སྐུ་གཉིས། དེ་གཞི་ལ་རང་ཆས་སུ་ཡོད་པ་གཞིའི་སྐུ་གསུམ། དེ་བླ་མ་དྲིན་གྱིས་རང་ངོ་ཤེས་ནས། དེ་ལས་མ་ཡེངས་པ་དེ་ལམ་གྱི་སྐུ་གསུམ། གཞི་ལ་གནས་པ་རང་ངོ་ཤེས་པ་གནས་སྐབས་ཀྱི་ངང་། དེ་ལ་བརྟན་པ་ཐོབ་པ་མཐར་ཐུག་འབྲས་བུའི་སྐུ་གསུམ་མོ། དེ་ཡེ་ནས་རང་ལ་ཡོད་པ་རང་ངོ་ཤེས་པ་ཡེ་ཤེས། དེ་ཡང་སྐྱེ་མེད་ཇི་ལྟ་བ་མཁྱེན་པ། འགག་མེད་ཇི་སྙེད་པ་མཁྱེན་པ། དེ་ལ་ལྡོག་ཆོས་ཕྱེ་ནས་ཡེ་ཤེས་ལྔར་ཡང་འགྱུར་རོ། །དེ་དྭངས་ཤིང་བརྟན་པ་མཐར་ཐུག་པ་ལས། སེམས་ཅན་གྱི་རྣམ་རྟོག་ཇི་སྙེད་པའི་གཉེན་པོ་དེ་སྙེད་པའི་མཛད་པ་དང་། གཉེན་པོ་དེས་སྤང་བྱ་དེ་དབང་དུ་འདུས་པའི་ཕྲིན་ལས་ལྷུན་གྲུབ་འབྱུང་ལ། དེ་ལ་ཐེག་པའི་བྱེ་བྲག་ཐ་དད་ཀྱང་འདིར་སྤང་བྱ་ཉིད་གཉེན་པོར་འགྱུར་བས། ལྷུན་གྲུབ་ཕྱོགས་མེད་དོ། །དེ་ཉིད་ལ་ཐབས་མ། ཞེས་ཀྱང་གསུངས་སོ།
།འབྲས་བུའི་ཚད་བློ་འདས་ཟུང་འཇུག་སྐུ་གསུམ་རང་ཤར་བ། དེ་མཐར་ཕྱིན་པའི་ཚད་ཕྲིན་ལས་ལྷུན་གྲུབ་ཕྱོགས་མེད་རང་ཤར་བའོ།
།དེ་ལྟར་ཡེངས་མེད་དུ་བསྒོམས་པ་རང་གི་གེགས་སེལ་ཏེ། གཉིས་མེད་དམ། བདག་མེད་ཀྱི་གེགས་སམ། བདུད་གཉིས་འཛིན་ནམ། བདག་འཛིན་ཡིན་ལ། དེ་གཉིས་མེད་དམ་བདག་མེད་དེ་ཉིད་གོམས་པས་སེལ་བས་སོ། །ལུས་སེམས་ཀྱི་སྡུག་བསྔལ་ཡང་རང་སེམས་སུ་ཐག་ཆོད་པས། དངས་འགག་མེད་ཟུང་འཇུག་ཏུ་ཤར་བས། གཤིས་སྐྱེ་མེད་ཆོས་སྐུ་དང་དབྱེར་མེད་པས། ན་ན་ན་སྟོང་ཕྱག་རྒྱ་ཆེན་པོ། སྡུག་ན། ཡིད་མུག་ན། འཚུབ་ན་འཚུབ་སྟོང་ཕྱག་རྒྱ་ཆེན་པོ་ལ་སོགས་པ་ཡིན་པས་རང་ཐོག་ཏུ་ཀློད་པས་དགག་སྒྲུབ་མེད་དུ་གེགས་སེལ་ལོ།
།ཡང་ཉོན་མོངས་པ་དང་རྣམ་རྟོག་བྱུང་ནའང་། དགག་སྒྲུབ་མི་བྱེད་པར་ངང་ལ་འཇོག །དེ་ལ་དབང་པོ་རབ་རང་ཤར་རང་གྲོལ་བ། ནུ་བཅོལ་གྱི་མ་སྨད་ཕྲད་པ་ལྟ་བུ། འབྲིང་ཀློད་པས་རང་སར་གྲོལ་བ་སྦྲུལ་གྱི་མདུད་པ་ལྟ་བུ། ཐ་མ་བཏགས་པས་གྲོལ་བ་ཐག་ཁྲ་ངོ་ཤེས་པ་ལྟ་བུ། དེ་དག་ནི་ཡེ་ཤེས་ཆེན་པོར་བལྟ་བ་ཞེས་བྱ་བ་ཡིན་ནོ། །ཡང་བོགས་ཀྱང་དེ་ཉིད་ཀྱིས་འཐོན་པར་འགྱུར་ཏེ། བོགས་འདོན་ལ་སོགས་པ་མི་དགོས་སོ།
།གལ་ཏེ་བོགས་འདོན་ན་གཉིས་ཏེ། བླ་མ་དང་། སེམས་ཅན་ལ་མོས་གུས་དང་སྙིང་རྗེ་ཚད་མེད་པ་བསྒོམས་པས་བོགས་འདོན་པའོ།
།དེ་ཡང་རང་སེམས་ཆོས་སྐུར་རྟོགས་ཙ་ན། དེ་སྟོན་མཁན་གྱི་བླ་མ་ལ་མོས་གུས་ངམ་ངམ་ཤུགས་ཀྱིས་སྐྱེ་ཡང་སྐྱེ། བློས་བཅོས་ལའང་བསྒོམ་དགོས་ཏེ། དེ་རོ་མྱོང་པ་དང་དེ་ཐོག་ཏུ་ཤེས་པ་ཀློད་ལ་རང་བབས་སུ་བཞག་པས་མདངས་མོས་གུས་གདུང་ངེ་བ་ལ། གཤིས་རང་དང་བླ་མ་མོས་གུས་གསུམ་དབྱེར་མེད་པའི་མོས་གུས་ཕྱག་རྒྱ་ཆེན་པོར་ལྡང་བ་འབྱུང་། དེ་ལ་རང་སེམས་བླ་མར་ཤར་བ་ཟེར། དེ་བྱུང་ན་སྣང་བ་དཔེ་ཆར་འཆར་བ་སྟེ། གཟུགས་ཀྱི་སྣང་སྟོང་གི་གསལ་འདེབས་པ་ལ་སོགས་པའོ།
།གཉིས་པ་ནི་རང་སེམས་ཆོས་སྐུར་རྟོགས་ཙ་ན། དེ་མ་རྟོགས་པའི་སེམས་ཅན་ལ་སྙིང་རྗེ་ངམ་ངམ་ཤུགས་ཀྱིས་སྐྱེ་ཡང་སྐྱེ། བློས་བཅོས་ལ་ཡང་བསྒོམས་ཏེ། གཞི་ཡེ་ནས་སངས་རྒྱས་ཡིན་པ་ལ། མ་རྟོགས་ཏེ་འཁོར་བར་འཁྱམས་པ་འདི་རྣམས་སྙིང་རེ་རྗེ་སྙམ་དུ་མ་རྟོགས་པའི་ལྡོག་པ་ལ་སྙིང་རྗེ་བསྒོམས་ཏེ། སྙིང་རྗེ་ཤས་མི་བཟོད་པ་སྐྱེས་པ་དང་། སྔར་བཞིན་འཁོར་གསུམ་དབྱེར་མེད་སྙིང་རྗེ་ཕྱག་རྒྱ་ཆེན་པོ་ལ་བཞག་གོ །དེ་ལྟར་སྟོང་ཉིད་སྙིང་རྗེ་ཟུང་དུ་འཇུག་པ་དེ་བསྒོམ་སྐྱོན་མེད་ཡིན་ལ། ཡ་གྱལ་ན་གོལ་བ་ཡིན་ནོ། གཞན་ཡང་རང་བབས་རྣམ་གསུམ་གྱི་ངང་ནས། འཇམ་རླུང་ཅུང་ཟད་བཟུང་བ་དང་། ལྷ་སྐུ་སྣང་ལ་རང་བཞིན་མེད་པའི་ངང་ནས་བཟུང་བས་དང་། ལྷ་སྐུ་ཕྱག་རྒྱ་ཆེན་པོའི་ངང་ནས་བཟུང་བས། རྣམ་རྟོག་མ་རིག་པ་འགག་པ་ལ་སོགས་པ་གཞུང་ནས་བཤད་པའི་ཡོན་ཏན་རྣམས་སྐྱེའོ།
།རྗེས་ཀྱི་ཚད་ཆོས་སྐུ་སྐྱེ་མེད་ལས་སྙིང་རྗེ་འགག་མེད་དུ་རང་ཤར་བ། བརྟན་པའི་ཚད་སྟོང་ཉིད་སྙིང་རྗེ་དབྱེར་མེད་ལས་མི་གཡོ་བའོ།
།མདོར་ན་ཐབས་རང་བབས་རྣམ་གསུམ་ལ་བརྟེན་ནས། སེམས་ཉིད་ཆོས་སྐུ་རང་ཤར་བ་ལ། ཐག་ཆོད་ངེས་ཤེས་ཡུལ་མེད་དུ་ལྷང་ངེ་བ་དེ་ཉིད་སྦྱོར་དངོས་རྗེས་གསུམ་ཀ་ཡིན་ལ། སྐྱོན་བཞི་ལས་རང་ཀྱང་རང་གྲོལ་ཞིང་། ལྟ་སྒོམ་སྤྱོད་འབྲས་དང་། གེགས་སེལ་བོགས་འདོན་དང་། གཞན་ཡང་སླབ་པ་གསུམ་དང་། ཕར་ཕྱིན་དྲུག་དང་། ཐབས་ཤེས་དང་། བདུན་རྣམ་དག་དང་། ཁ་ཟས་ཀྱི་རྣལ་འབྱོར་ལ་སོགས་པ་རྗེས་ཀྱི་རྣལ་འབྱོར་ཐམས་ཅད་ཀྱང་འདི་ལ་ཚང་བས་མི་གཅིག་པོའི་ཆོས་གཅིག་པོ། ཆོས་གཅིག་པོའི་གོ་ཆོད་སོ་བྱ་བ་ཡིན་ནོ།
།གདོད་ནས་རང་བཞིན་རྣམ་དག་སྤྲོས་དང་བྲལ། །གཉིས་མེད་བདེ་ཆེན་སྒྱུ་མའི་གར་གྱིས་རོལ། །མཁའ་མཉམ་འགྲོ་དོན་འཁོར་བའི་མཐའ་ལ་འཇུག །སྐུ་གསུམ་དབྱེར་མེད་བླ་མའི་ཞབས་ལ་འདུད།། རྗེས་སོ།།

དེ་ལྟར་སྦྱོར་དངོས་རྗེས་གསུམ་གྱི་ཐུན་འཇུག་ཐམས་ཅད་ལ་དགེ་བའི་རྩ་བ་བླ་ན་མེད་པའི་བྱང་ཆུབ་ཏུ་བསྔོ་བར་བྱའོ།
།ཤིན་ཏུ་ཟབ་པའི་མདོ་རྒྱུད་འདིར་འདུ་ཞིང་། །དེ་དག་ཀུན་ལ་གསལ་བར་བརྟན་ན་ཡང་། །བླ་མའི་ཞལ་གྱི་བདུད་རྩི་མ་འཐུངས་པའི། །སྐྱེ་བོ་རྣམས་ལ་མིང་ཡང་མ་གྲགས་ཤིང་། །དམ་པ་རྣམས་ཀྱི་མཚན་ཡང་བརྗོད་དཀའ་བ། །འདི་ནི་བདག་ལ་ཆོས་རྗེ་བླ་མས་གནང་། །སྔ་ཕྱིར་གསུངས་པའི་བདུད་རྩི་འབའ་ཞིག་ལས། །བདག་བློ་བརྟགས་དཔྱད་དུག་ཆུས་སླད་པ་མེད། །འདི་ནི་གོ་དོན་རང་ཉིད་རྗེད་པ་ཡིས། །དགྲ་བོས་འཇིགས་ནས་སེར་སྣས་བྲིས་པ་ཡིན། །དེ་ལས་བྱུང་བའི་དགེ་བས་འགྲོ་བ་ཀུན། །ཚེ་གཅིག་ཉིད་ལ་ཀུན་ནས་གྲོལ་བར་ཤོག། མཾ་ག་ལཾ།། ཤུ་བྷཾ།།