Bla ma zhong zhong pa'i rlung bum pa can
Resource ID | SCv7p661 |
---|---|
Title | bla ma zhong zhong pa'i rlung bum pa can |
Alt. title | shangs pa'i rlung bum pa can |
Topics | Prana |
Author | Khyungpo Neljor |
Link | BDRC W23922 BDRC W23922 BDRC W4CZ58783 (p.1) BDRC W3CN18508 (v2p.524) |
༄༅། །བླ་མ་ཞོང་ཞོང་པའི་རླུང་བུམ་པ་ཅན་ནི།
བླ་མ་དམ་པ་རྣམས་ལ་གུས་བཏུད་ནས། །ཐབས་ལམ་ཟབ་དོན་བྲི་བར་བྱ། །བླ་མ་ར་ཧུ་ལའི་རླུང་བུམ་པ་ཅན་འདི་ལ་གསུམ་སྟེ། སྣང་བ་བུམ་པ། དབྱིབས་བུམ་པ། དམིགས་རྟེན་བུམ་པའོ།
།དང་པོ་ནི། ནམ་མཁའ་སྟོང་པ་འདིའོ།
།གཉིས་པ་ནི། སེམས་བསྐྱེད་སྔོན་དུ་སོང་བས་ལུས་ལྷར་བསྐྱེད་ལ། རྐང་པ་རེ་མིག་བཞིན་དུ་བསྣོལ། ལག་པ་གཉིས་ཀྱིས་པུས་མོ་བསྡམ། སྒལ་ཚིགས་དྲང་པོར་བསྲང་། །མགྲིན་པ་ཅུང་ཟད་ད་དགུག་གོ །དེ་ལྟར་བྱས་པས་ལུས་ཀྱི་དབྱིབས་བུམ་པ་ལྟར་གནས་པའོ།
།གསུམ་པ་ནི། རང་གི་ལྟེ་བར་བུམ་པ་སྔོན་པོ་ཆེ་ཆུང་ཅི་རིགས་པ་ཅིག་བསམ། རྩ་ཨ་ཝ་དྷུ་ཏཱི་དང་། ལ་ལ་ནཱ་དང་། ར་ས་ནཱ་གསུམ་བུམ་པའི་ནང་དུ་ཚུད་པར་བསྒོམས་ནས། རླུང་རོ་ལན་གསུམ་ཕྱིར་བུས་ལ། སྣ་ནས་རླུང་དལ་བུས་རྔུབས་ལ་སྟེང་འོག་གི་རླུང་དྲུག་པོ་བཟུང་བ་དང་། ལ་ལ་ནཱ་དང་། ར་ས་ནཱ་གཉིས་ན་མར་རླུང་སྔོན་ན་ར་ར་བུམ་པའི་ནང་དུ་སོང་བ་དང་། །བུམ་པ་སྔོ་ལྡི་རི་རི་སོང་སྟེ། བུམ་པ་ཇེ་ཆེ་ཇེ་ཆེ་མཐར་ལུས་དང་བཅས་པ་འོད་དུ་ཡལ་སྟོང་སངས་ཀྱིས་སོང་པའི་ངང་དུ་བཞག་གོ
།དེ་འདྲ་བ་ཅི་ནུས་སུ་བསྒོམས་ལ། སྐབས་སུ་ལུས་གཡས་གཡོན་དུ་གཅུ་བ་དང་། །ཡར་དྲག་པོ་འཐེན་པ་གཉིས་ཐེབས་བྱའོ། འཕོ་བ་བྱེད་ན་ཨ་འཕང་ངོ་།
།ཞེས་པའི་དོན་བུམ་པའི་ཁར་ཨ་དཀར་པོ་ཅིག་བསམ་ནས། སྟེང་འོག་གི་རླུང་བཟུང་སྟེ། སྐེག་པ་ཉེག་ཉེག་བྱས་པ་དང་། །ཨ་དེ་རང་དབང་མེད་པར་དབུ་མའི་ནང་ནས་ཚངས་བུག་ཡར་རྒྱངས་ཀྱི་སོང་བ་དང་། །ཕྱག་རྒྱ་ཆེན་པོའི་ངང་དུ་བཞག་སྟེ་ནུས་ཚད་དུ་བསྒོམ་མོ།
།རྗེས་ལ་སྤྱི་བོར་ཨ་བསམས་ནས། དེ་ལྟེ་བའི་བུམ་པའི་ནང་དུ་དབབ་པར་བྱའོ།
།བུམ་པ་ཅན་གྱི་གདམས་པ་རྫོགས་སོ།།
ན་མོ་གུ་རུ།
དམིགས་རྟེན་བུམ་པ་ནི། ལྟེ་བར་བུམ་པ་སྔོན་པོ་འཐེབ་གང་པ་ཅིག་གི་ནང་དུ་ཧཱུྃ་སྔོན་པོ་གཅིག་བསམ། དེ་ནས་བསུས་པ་སྒལ་ཚིགས་ལ་བཅར་བྱས་ལ། རླུང་མས་ཡར་འཐེན་པ་དང་། བུམ་པའི་ཞབས་ཀྱི་བུག་པ་ལྔ་ན་ཡར་ལ་རླུང་ཁ་དོག་ལྔ་བྱུང་བས། རླུང་གི་བུམ་པའི་ནང་གི་ཧཱུྃ་སྤྱི་བོར་རྒྱངས་ཀྱིས་ཕུལ་བ་དང་། །སྟོང་སང་གིས་སོང་སྟེ་ཕྱག་རྒྱ་ཆེན་པོའི་ངང་ལ་བཞག་པར་བྱའོ།
།རླུང་བུམ་པ་ཅན་གྱི་ཞལ་གདམས་སོ།།
ན་མོ་གུ་རུ།
སེམས་བསྐྱེད་སྔོན་དུ་སོང་བས་ལུས་གནད་བུམ་པ་ཅན་ལྟར་བྱས་ལ། རང་གི་གསང་བའི་རྡོ་རྗེའི་རྩེ་མོར་ཧཱུྃ་དཀར་པོ་ཅིག་བསམ། ལུས་དབྱིབས་བུམ་པ་ལྟ་བུ་སྟོང་པ་ལ། རྩ་ཨ་ཝ་དྷུ་ཏཱི་ཀ་བ་བཞིན་དུ་ནང་ན་ཡར་ཐད་དཀར་དྲང་ཏིག་གེ་བསྒོམ། དེ་ནས་བསུས་པ་སྒལ་པ་ལ་བཅར་ཏེ། འོག་རླུང་ནར་གྱིས་དྲངས་པ་དང་། །ཧཱུྃ་གིས་རྡོ་རྗེ་ནོར་བུ་སྒྱུ་མ་ལྡོག་པ་བཞིན་དུ་བྱས་ཏེ་བྱུང་བས། སྤྱི་བོ་ཚངས་བུག་ཏུ་ནར་གྱིས་དྲང་པ་དང་། །མགོ་ཕྱིར་སྐྱེད་བྱས་པས་ཧཱུྃ་དེ་ཚངས་བུག་ནས་ཕྱིར་རྒྱངས་ཀྱིས་སོང་བ་དང་། ཕྱག་རྒྱ་ཆེན་པོ་ངང་ལ་ལྷན་གྱིས་བཞག །དེ་ནུས་ཚད་དུ་བསྒོམ་མོ། འཇོག་ཙ་ན་ཧཱུྃ་ལྟེ་བར་དབབ། རྗེས་ལ་བསྔོ་བ་བྱའོ།
།བླ་མ་ཤངས་པའི་ཁོང་སྟོང་གི་སྦྱོར་བ་ཞེས་བྱའོ།།
ན་མོ་གུ་རུ།
སྔོན་འགྲོ་ལུས་གནད་གོང་བཞིན་བྱས་ལ། བསུས་པ་སྒལ་པ་ལ་སྦྱར་བས། རྡོ་རྗེ་ནོར་བུ་མས་ཡར་ལྡོག་ནས་བྱུང་བ་དང་། དེས་སྙིང་གར་སླེབ་པས་ཐིག་ལེ་དཀར་པོར་གྱུར། དེ་ལ་སེམས་དར་ཅིག་གཏད་ལ་བསྒོམ། དེ་ནས་ཡང་ཐིག་ལེ་དང་བཅས་ཏེ་ཡར་དྲངས་ཏེ་ཚངས་བུག་ཏུ་ལྷན་གྱིས་བྱུང་བ་དང་། ཐིག་ལེ་ཚངས་བུག་ནས་ཕྱིར་དོན་ཏེ། སྤྱི་བོར་ཧཱུྃ་དཀར་པོ་ཅིག་ཏུ་གྱུར་པར་བསམས་ལ། དེ་ལ་སེམས་དར་ཅིག་གཏད་ལ་བསྒོམ་པར་བྱའོ།
།འཇོག་ཙ་ན་སྤྱི་བོའི་ཧཱུྃ་མར་ཕབ་སྟེ། ལྟེ་བར་བྱུང་བ་དང་། པད་སིང་བ་ལ་སེམས་གཏད་ལ་བཞག་གོ །དགེ་བ་བསྔོ་བར་བྱའོ། །བུམ་པ་ཅན་གྱི་ཆ་ལག་བླ་མ་ར་ཧཱུ་ལ་པའི་གདམས་སོ། །ཨྀཐིཿ