Lam khyer gsum gyi gsal byed DA ki'i zhal gdams

From Shangpa Resource Center
Revision as of 13:31, 8 December 2021 by Sengue (talk | contribs)
(diff) ← Older revision | Latest revision (diff) | Newer revision → (diff)








Resource ID SCv10p393
Title lam khyer gsum gyi gsal byed DA ki'i zhal gdams
Alt. title 'chug med lam khyer gyi khrid
Topics Integration
Sub-Topics Instructions
Author Sangyé Nyentön
Link BDRC W23922
BDRC W3CN766
BDRC W3CN18508 (v2p.276)
BDRC W22103 (p.224)
Notes Author: Sangyé Nyentön according to Jamgön Kongtrül at the end of ni gu las brgyud pa'i gser chos lnga'i sngon rjes rdo rje'i tshig rkang

༄༅། །ལམ་ཁྱེར་གསུམ་གྱི་གསལ་བྱེད་ཌཱ་ཀིའི་ཞལ་གདམས་ཡོད།།

བདེ་ཆེན་རྒྱལ་པོ་ལྷུན་གྲུབ་འདུས་མ་བྱས། །ཚད་མེད་ཐུགས་རྗེས་སེམས་ཅན་སྨིན་གྲོལ་མཛད། །དོན་གཉིས་མཐར་ཕྱིན་བླ་མ་དམ་པ་ལ། །ལུས་ངག་ཡིད་གསུམ་གུས་བཏུད་ཞལ་གདམས་བྲི།
།དེལ་དྲུག་པ་རྡོ་རྗེ་འཆང་ཆེན་གྱིས་ཡེ་ཤེས་ཀྱི་ཌཱ་ཀི་ནཻ་གུ་མ་ལ་གསུངས་པའི་ཁྱད་འཕགས་ཀྱི་ཞལ་གདམས་འདི་ལ་བཞི་སྟེ། སྣང་བ་ལ་བརྟེན་ནས་བླ་མ་ལམ་དུ་འཁྱེར་བ། སྣང་བ་ལ་བརྟེན་ནས་ཡི་དམ་ལམ་དུ་འཁྱེར་བ། སྣང་བ་འདབརྟེན་ནས་སྒྱུ་མ་ལམ་དུ་འཁྱེར་བ། སྣང་ལ་ལམ་འཁྱེར་ལ་བརྟེན་ནས་འབྲས་བུ་ལྷུན་གྲུབ་རང་ཤར་དུ་འབྱུང་བའོ།
།དགོངས་པ་དམ་པའི་རྒྱུད་ལས། སྣང་བ་བླ་མ་ཡི་དམ་དང་། །སྒྱུ་མ་ལམ་དུ་འཁྱེར་བར་བྱ། །ཚེ་འདིར་སྐུ་གསུམ་མངོན་འགྱུར་ནས། དོན་གཉིས་ཕུན་སུམ་ཚོགས་པར་འགྱུར། །ཞེས་སོ།
དང་པོ་སྣང་བ་བླ་མའི་ལམ་ཁྱེར་ལ་གསུམ་ལས། སྣང་བ་ལ་བརྟེན་ནས་བླ་མ་ལམ་དུ་འཁྱེར་བ། བླ་མ་ལ་བརྟེན་ནས་མོས་གུས་ལམ་དུ་འཁྱེར། མོས་གུས་ལ་བརྟེན་ནས་སྐུ་གསུམ་ལམ་དུ་འགྱེར་བའོ།
།དང་པོ་ནི། སེམས་བསྐྱེད་སྔོན་དུ་སོང་པས་འཆིར་བ་མི་རྟག་པ་དང་། འཁོར་བའི་ཉེས་དམིགས་དྲག་ཏུ་བསམ་མོ། །དེ་ནས་རང་ཡི་དམ་དུ་བསྐྱེད་པའི་སྤྱི་བོར་པད་ཟླའི་སྟེང་དུ་རྩ་བའི་བླ་མ་བསམ། མདུན་དུ་གནོད་བྱེད་དང་གཞི་བདག་གིས་གཙོ་བྱས་པའི་སེམས་ཅན་ཐམས་ཅད་བསམས་ནས། བླ་མ་རིན་པོ་ཆེ་སེམས་ཅན་ཐམས་ཅད་ཀྱི་དོན་དུ་བདག་འཛིན་བློས་ཐོངས་པར་མཛད་དུ་གསོལ། །དགོས་མེད་རྒྱུད་ལ་སྐྱེ༴ སྒྲ་ལས་རྨི་ལམ་འབྱོངས་པར༴ འོད་གསལ་ཕྱག་རྒྱ་ཆེན་པོ་རྒྱུད་ལ་སྐྱེ་བར༴ ཞེས་པའི་མོས་གུས་ཏུམ་ཐོན་པ་ལན་གསུམ་གྱི་བར་དུ་གསོལ་བ་གདབ་པར་བྱའོ། །དེ་ནས་བླ་མ་ལ་ཐུན་མོང་མ་ཡིན་པའི་མོས་གུས་བསྐྱེད་པ་དང་། གཟུགས་གང་མཐོང་བ་དེ་ལ་འདི་ངའི་བླ་མ་དམ་པ་དེ་ཡིན་སྙམ་དུ་བསྒོམ། ཁྱད་པར་དུའང་གཟུགས་སྡུག་མི་སྡུག་སོགས་ཆགས་སྡང་སྐྱེ་བའི་ཡུལ་དེ། བླ་མར་བསྒོམ་པར་བྱའོ།
།གཉིས་པ་ནི། གཟུགས་སུ་སྣང་བ་ཐམས་ཅད་བླ་མར་བསྒོམ་པ་དེ་ལ། ངའི་བླ་མ་དམ་པ་འདིས་འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོ་ལས་བསྒྲལ་ནས། ཚེ་འདི་ཉིད་དུ་ཐར་པ་བླ་ན་མེད་པའི་སངས་རྒྱས་ལ་འགོད་པར་མཛད་པ་འདི་དྲིན་རེ་ཆེ་སྙམ་དུ་བསམས་ནས། ཞེ་དག་པའི་མོས་གུས་རྩེ་གཅིག་ཏུ་བྱས་ཏེ། ཕྱག་དང་མཆོད་པ་དབུལ་བར་བྱའོ།
།གསུམ་པ་ནི། བླ་མ་ལ་མོས་གུས་ཐུན་མོང་མ་ཡིན་པ་སྐྱེས་པ་དང་། སྣང་བ་ཐམས་ཅད་གསལ་ལ་རྟོག་མེད་བདེ་ཆེན་དུ་འཆར་ཏེ། སྣང་བ་སྣ་ཚོགས་སུ་གསལ་བ་དེ་སྤྲུལ་སྐུ། གསལ་ཀྱང་རྟོག་པ་མེད་པ་ཆེས་སྐུ། གསལ་ལ་རྟོག་མེད་ཀྱི་བར་བདེ་བ་ལོངས་སྐུ། དེ་གསུམ་དབྱེར་མེད་པ་བདེ་བ་ཆེན་པོའི་སྐུ་སྟེ།
དགོངས་པ་དམ་པའི་རྒྱུད་ལས། སྣ་ཚོགས་གསལ་བ་སྤྲུལ་པའི་སྐུ། །གསལ་ལ་རྟོག་མེད་ཆོས་ཀྱི་སྐུ། །བར་གྱི་བདེ་བ་ལོངས་སྤྱོད་རྫོགས། །དབྱེར་མེད་བདེ་ཆེན་རང་ཤར་འབྱུང་། །ཅེས་སོ།
།གཉིས་པ་སྣང་བ་ཡི་དམ་ལམ་ཁྱེར་ལ་གསུམ་སྟེ། སྣང་བ་ལ་བརྟེན་ནས་ཡི་དམ་ལམ་དུ་འཁྱེར། སྒྲ་སྣ་ཚོགས་ལ་བརྟེན་ནས་སྔགས་ལམ་དུ་འཁྱེར། དྲན་རྟོག་ལ་བརྟེན་ནས་དུག་གསུམ་ལམ་དུ་འཁྱེར་བའོ།
།དང་པོ་ནི། རང་གི་ལུས་ཡི་དམ་གྱི་ལྷ་སྣང་ལ་རང་བཞིན་མེད་པ་ལ་ཅུང་ཞིག་བརྟན་པར་བསྒོམ། །དེ་ནས་དེ་གཟུགས་སྡུག་མི་སྡུག་ལ་ཆགས་སྡང་སྣ་ཚོགས་སུ་བཟུང་ནས་འཁྲུལ་འདུག་པས། ད་གཟུགས་སུ་སྣང་ཚད་ཐམས་ཅད་ཡི་དམ་དུ་ཤེས་པར་བྱ་སྙམ་དུ་བསམས་ནས། གཟུགས་སུ་སྣང་ཚད་ཐམས་ཅད་ཡི་དམ་གྱི་ལྷ་སྣང་ལ་རང་བཞིན་མེད་པར་བསྒོམ་མོ། །དེ་ལྟར་ལུས་དང་སྣང་བ་ཐམས་ཅད་ཡི་དམ་དུ་བསྒོམས་པ་དེ་ལ། སྣང་བའམ། གསལ་བའི་ཆ་གཅིག་འདུག་པ་དེ་བསྐྱེད་རིམ། སྟོང་པའམ། རང་བཞིན་མེད་པའི་ཆ་གཅིག་འདུག་པ་དེ་རྫོགས་རིམ། དེ་གཉིས་རང་བཞིན་གྱིས་དབྱེར་མི་ཕྱེད་པ་དེ་བསྐྱེད་རྫོགས་ཟུང་འཇུག་གོ
།གཉིས་པ་ནི། རང་ཡི་དམ་དུ་བསྒོམས་ནས་སྔགས་བཟླས་པ་དང་། གཟུགས་སུ་སྣང་ཚད་ཡི་དམ་དུ་བསྒོམས་པ་དེ་རྣམས་ཀྱང་སྔགས་ཀྱི་སྒྲ་དི་རི་རི་སྒྲོག་པར་བསྒོམ། སྒྲ་གྲགས་ཚད་ཀྱང་སྔགས་སུ་ཤེས་པར་བྱ། སྔགས་དྲག་སྟོང་དུ་ཤེས་པར་བྱའོ། །དེ་ལ་སྒྲར་གྲགས་ཚད་སྔགས་སུ་ཤེས་པའི་ངོ་བོ་སྟོང་པ་དེ་དབྱིངས། སྒྲར་གསལ་བ་དེ་ཡེ་ཤེས། དབྱིངས་ཡེ་ཤེས་གཉིས་སུ་མེད་པ་དེ། དེ་ཁོ་ན་ཉིད་ཀྱི་བཟླས་པ་སྟེ།
སྔགས་ཡང་དག་པའི་རྒྱུད་ལས། གྲགས་ཚད་སྔགས་སུ་མ་ཤེས་ན། །བསྐལ་པར་བསྒོམས་ཀྱང་དོན་མེད་འགྱུར། །དབྱིངས་དང་ཡེ་ཤེས་དབྱེར་མེད་པའི། །བཟླས་པས་ཚེ་འདིར་སངས་རྒྱས་འགྱུར། །ཅེས་སོ།
།གསུམ་པ་ནི། ཉོན་མོངས་པ་བརྒྱད་ཁྲི་བཞི་སྟོང་དུག་གསུམ་དུ་འདུས་པས། དུག་གསུམ་རང་ཤར་རང་གྲོལ་དུ་ཤེས་པར་བྱ་སྟེ། དེ་ཡང་འདོད་ཆགས་མ་འགགས་ཏེ་རང་ཤར། དེ་མ་སྤངས་པར་བདེ་ཆེན་ལོངས་སྐུར་ཤེས་པས་རང་གྲོལ་ལོ། །ཞེ་སྡང་མ་འགགས་ཏེ་རང་ཤར། དེ་མ་སྤངས་པར་གསལ་དྭངས་སྤྲུལ་སྐུར་ཤེས་པས་རང་གྲོལ་ལོ། །གཏི་མུག་མ་འགགས་ཏེ་རང་ཤར། དེ་མ་སྤངས་པར་རྟོག་མེད་ཆོས་སྐུར་ཤེས་པས་རང་གྲོལ་ལོ།
དགོངས་པ་དམ་པའི་རྒྱུད་ལས། དུག་གསུམ་མ་འགགས་རང་ཤར་ལ། །མ་སྤང་སྐུ་གསུམཤེས་པས་གྲོལ། །རང་ཤར་རང་གྲོལ་ཤེས་གྱུར་ན། །ལོ་ཟླས་གྲོལ་འགྱུར་ཐེ་ཚོམ་མེད། །ཅེས་སོ།
།དེ་རྣམས་ཀྱང་ཐུན་གཅིག་ཏུ་ཉམས་སུ་ལེན་ན། རང་གི་སྤྱི་བོར་བླ་མ་བསྒོམས་ལ་གསོལ་བ་གདབ། དེ་ནས་གཟུགས་སུ་སྣང་ཚད་བླ་མར་བསྒོམས་ལ་མོས་གུས་བྱེད་ཅིང་གསོལ་བ་གདབ་པར་བྱའོ། །དེའི་རྗེས་ལ་ཕྱི་སྣོད་གཞལ་ཡས་ཁང་དུ་བསམ། གཟུགས་སུ་སྣང་ཚད་ཡི་དམ་དུ་བསྒོམས་ལ་མཆོད་པ་དབུལ། སྒྲ་གྲགས་ཚད་གྲགས་སྟོང་སྔགས་སུ་ཤེས་པར་བྱའོ། །བླ་མ། ཡི་དམ། སྔགས་བཟླས་པ་ཐམས་ཅད་རྨི་ལམ་ཡིན། སྒྱུ་མ་ཡིན་སྙམ་བ་དང་། དུག་ལྔ་དུག་གསུམ་ལ་སོགས་པའི་རྟོག་པ་སྣ་ཚོགས་འགག་མེད་རང་ཤར་ལ། དེ་འཛིན་མེད་དུ་ཤེས་པས་གྲོལ་བར་འགྱུར་རོ། །ཡང་ན་རྟོག་པ་གང་སྐྱེས་ཐམས་ཅད་སྒྱུ་མ་རྨི་ལམ་དུ་ཤེས་པས། ཚེ་གཅིག་ལུས་གཅིག་ཏུ་སངས་རྒྱས་པར་འགྱུར་རོ། །མདོར་ན་སྤྱི་གཙུག་བླ་མ་དང་མི་འབྲལ། ལུས་ཡི་དམ་དང་མི་འབྲལ། ངག་གསོལ་འདེབསམ། བཟླས་བརྗོད་དང་མི་འབྲལ། བཟའ་བཏུང་བདུད་རྩི་དང་མི་འབྲལ། དྲན་རྟོག་སྒྱུ་མ་རྨི་ལམ་མམ། དུག་ལྔ་རང་ཤར་རང་གྲོལ་དང་མི་འབྲལ། མདུན་དུ་བཀའ་སྲུངས་ཆོས་སྐྱོང་དང་མི་འབྲལ་བར་ཉམས་སུ་བླང་པར་བྱའོ། །དེ་ལྟར་ཉམས་སུ་བླངས་ན་ལོ་ཟླས་སངས་མི་རྒྱ་མི་སྲིད་དོ། །ན་སོ་གཞོན་དུས་སུ་ལུས་ངག་ཡིད་གསུམ་གྱི་ཞུད་བསྲུངས་ནས་ཉམས་སུ་བླངས་ན། དག་པ་མཁའ་སྤྱོད་དུ་མི་འགྲོ་མི་སྲིད་དོ། །དོན་གཉིས་ཕུན་སུམ་ཚོགས་པར་འགྱུར་རོ། །འདི་ནི་རྒྱལ་བ་རྒྱ་མཚོའི་ཐུགས་བཅུད། དཔའ་བོ་མཁའ་འགྲོའི་སྲོག་སྙིང་། གྲུབ་ཐོབ་ཀྱི་འབྱུང་གནས། བླ་མ་གྲུབ་ཐོབ་རྣམས་ཀྱི་ཆིག་བརྒྱུད་ཡིན་པས་ཐེ་ཙོམ་དང་ཡིད་གཉིས་མི་དགོས་སོ། །གསང་བར་བྱའོ། །ཨེ་མ་ཧོ། ཨེ་མ་ཧོ། ཨེ་མ་ཧོ།

།གསུམ་པ་སྣང་བ་ལ་བརྟེན་ནས་སྒྱུ་མ་ལམ་དུ་འཁྱེར་བ་ལ་གཉིས་ཏེ། ཉིན་པར་དང་། མཚན་མོའོ།
།ལུས་ཡི་དམ་དུ་བསྐྱེད་པའི་སྤྱི་བོར་བླ་མ་བསྒོམས་ལ། བླ་མ་རིན་པོ་ཆེ། བདག་འཛིན་བློས་ཐོངས་པར་མཛད་དུ་གསོལ། །དགོས་མེད་རྒྱུད་ལ་སྐྱེ་བར༴ སྒྱུ་ལུས་རྨི་ལམ་འབྱོངས་པར༴ འོད་གསལ་ཕྱག་རྒྱ་ཆེན་པོ་རྒྱུད་པ་སྐྱེ་བར༴ བྱས་ནས་གསོལ་བ་ནུས་ཚད་དུ་གདབ་པར་བྱའོ། །དེས་སྣང་བ་བདེན་མེད་དུ་བུན་སོང་བ་དང་། རང་གི་ལྟེ་འོག་གི་ཆོས་འབྱུང་གྲུ་གསུམ་ཕྱི་དཀར་ལ་ནང་དམར་བའི་ནང་དུ། འགྲོ་དྲུག་གི་སེམས་ཅན་བསྒོམས་ནས། དམྱལ་བ་ཚ་གྲང་གི་སྡུག་བསྔལ་ལ་སོགས་པ་འདི་རྣམས་རང་སྣང་འཁྲུལ་པ་མ་གཏོགས་པ་བདེན་པར་གྲུབ་པ་གཅིག་ཀྱང་མེད། འདི་རྣམས་ཐམས་ཅད་བདེན་མེད་རྨི་ལམ་ཡིན། སྒྱུ་མ་ཡིན་སྙམ་པའི་དྲན་འདུན་དྲག་པོ་བཏང་། ཡང་བླ་མ་ལ་གསོལ་བ་བཏབ། གསོལ་འདེབས་དང་དྲན་འདུན་དྲག་པོ་གཉིས་ཀྱིས་སྣང་བ་བདེན་མེད་དུ་བུན་སོང་བ་དང་། སྣང་བ་འདི་རྨི་ལམ་གྱི་སྣང་བར་འདུག །ངའི་ལུས་འདི་ཡིད་ཀྱི་ལུས་སུ་འདུག །རྨི་ལམ་གྱི་སྣང་བ་དང་། ཡིད་ཀྱི་ལུས་ལ་ཇི་ལྟར་སྦྱངས་སྦྱངས་ཡིན་སྙམ་དུ་བསམ་ནས། མདུན་གྱི་གཟུགས་སམ། དངོས་པོ་གང་འདུག་ལ་ཕར་ཐལ་ཚུར་ཐལ་དུ་སྦྱང་ངོ་། །གང་སྦྱངས་པ་དེ་མང་པོ་དཔག་ཏུ་མེད་པར་སྤེལ། དེ་ལ་སྦྱད་ངོ་། །ཡང་། གང་སྤེལ་བ་དེར་ལུས་སྤྲུལ་སྦྱང་། དེ་ནས་ས་ལ་ཆུར་བསྒྱུར། ཆུ་ལས་མེ། མེ་ལས་རླུང་དུ་བསྒྱུར། འབྱུང་བཞི་ཕྲ་བ་ལས་རགས་པར་བསྒྱུར། རགས་པ་ལས་ཕྲ་བར་བསྒྱུར་རོ། །གང་འདུལ་ལ་ཡང་དེ་བཞིན་དུ་བྱ་སྟེ། ཁྱི་འདུལ་བར་བྱེད་པ་ལ་སྦྱང་ཀིར་སྤྲུལ། དེ་འདུལ་བར་བྱེད་པ་ལ་སྟག དེ་འདུལ་བ་སེང་གེ །དེ་འདུལ་བ་ཁྱུང་། དེ་འདུལ་བར་བྱེད་པ་ཡི་དམ་དཀར་བ། མཐིང་ཁ། སེར་བ། དམར་བ། ལྗང་ཁུར་བསྒྱུར་བར་བྱའོ། །མདོར་ན་ས་གཞི་བར་སྣང་ཐམས་ཅད་ཡི་དམ་རིགས་ལྔས་ཁེངས་པར་བསྒོམས་ལ་སྦྱོང་སྤེལ་བྱ། ཡི་དམ་གྱི་སྤྱི་བོར་བླ་མ་བསྒོམས་པ་གསོླ་བ་གདབ། སྒྱུ་མ་རྨི་ལམ་གྱི་དྲན་འདུན་རྩེ་གཅིག་ཏུ་བཏང་བར་བྱའོ། །དེ་ནི་མཉམ་བཞག་གོ །རྗེས་ཤེས་ཐམས་ཅད་སྒྱུ་མ་རྨི་ལམ་དུ་འཁྱེར་བར་བྱ་སྟེ།
སྡུད་པ་ལས། འགྲོ་འཆག་ཉལ་དང་འདུག་པར་ཤེས་བཞིན་རབ་ཏུ་ལྡན། གཉའ་ཤིང་གང་ཙམ་བལྟ་ཞིང་འགྲོ་ལ་སེམས་འཁྲུལ་མེད། །ཅེས་སུངས་པས།
འགྲོ་འཆག་ཉལ་འདུག་བཟའ་བཏུང་དང་། གཏམ་སྨྲ་ལ་སོགས་པའི་སྤྱོད་ལམ་ཐམས་ཅད་ཀྱི་དུས་སུ། ང་དོ་ནུབ་འཆི། སང་འཆི། ད་ནི་མྱུར་དུ་འཆི་བ་ཡིན། ཅིས་ཀྱང་ཅི་བྱེད་སྙམ་པ་དང་། བླ་མའི་མོས་གུས་གདུངས་གདུངས་པ་དང་། ཨ་པ་ང་གཉིད་དུ་སོང་འདུག །སྣང་བ་འདི་རྨི་ལམ་གྱི་སྣང་བ། ངའི་ལུས་འདི་ཡིད་ཀྱི་ལུས་སུ་འདུག རྨི་ལམ་གྱི་སྣང་བ་དང་། །ཡིད་ཀྱི་ལུས་ལ་ཇི་ལྟར་སྦྱངས་སྦྱངས་ཡིན་སྙམ་དུ་བསམས་ནས། དངོས་པོ་ཅིར་སྣང་ཐམས་ཅད་ལ་སྦྱང་བ། སྤེལ་བ། སྤྲུལ་པ། བསྒྱུར་བ། བླ་མ་ལ་གསོལ་བ་འདེབས་པ་རྣམས་གོང་བཞིན་བྱའོ། །དེ་ལྟར་མཉམ་བཞག་དང་རྗེས་ཤེས་ལམ་ཁྱེར་གཉིས་ཀྱིས་ཉིནཔར་གྱི་དུས་འདའ་བར་བྱའོ།
།གཉིས་པ་མཚན་མོ་ནི། རྨི་ལམ་དང་། འོད་གསལ་གཉིས་ཀའི་དུས་གནད་གསུམ་དང་། ལུས་གནད་གསུམ་དང་། གསོལ་འདེབས་རྣམས་སྔར་ཆོས་དྲུག་ཏུ་བསྟན་པ་བཞིན་དུ་བྱའོ། །རྨི་ལམ་གྱི་དམིགས་པའི་གནད་ལ་རྟོག་པ་འཕྲོ་ན། ཐིག་ལེ་འཁོར་བ་དང་། རླུང་འཛིན་པ་སྦྲགས་པ་ལ་བྱ། གསལ་ཆ་ཆུང་ན་ཡི་དམ་གྱི་ཐུགས་ཀའི་བླ་མ་ལ་དམིགས་པ་བཟུང་ངོ་། །འོད་གསལ་ལ་བདེ་ཤས་ཆུང་ན། ཡི་དམ་གྱི་ཁོང་པ་ཐིག་ལེ་དཀར་པོས་ཁེངས་པའི་ཐུགས་ཀར་བླ་མ། བླ་མའི་ཐུགས་ཀའི་ཧཱུཾ་དཀར་པོ་ལ་དམིགས་པ་གཏད་པས། རྨི་ལམ་དང་འོད་གསལ་གཉིས་ཀ་འཆར་བར་འགྱུར་རོ། །གཉིད་ཆེ་ན་སྤྱི་བོའི་ཐོད་པའི་འོག་ཏུ་བདག་མེད་མའི་ཐུགས་ཀའི་ཨ་ལ་སེམས་གཏད། ཕྱི་རོལ་གྱི་གསལ་སྣང་དང་འོད་གསལ་གཉིས་ཀ་འཆར་བར་འདོད་ན། ལྟེ་འོག་དབུ་མའི་ནང་དུ་ཨ་དཀར་པོ་ལ་སེམས་གཏད་ལ་འོད་གསལ་བཟུང་། དེ་རྣམས་རྒྱས་པར་ཆོས་དྲུག་གི་སྐབས་སུ་བསྟན་པ་བཞིན་དུ་བྱའོ། །རྨི་ལམ་ལ། གཉིད་དང་རྨི་ལམ་གྱི་བར་གྱི་རྟོག་པ་རབ་རིབ་དེ་ངོས་བཟུང་ལ་རྨི་ལམ་དུ་ཤེས་པར་བྱ། འོད་གསལ་ལ་རྟོག་པ་དེ་འོད་གསལ་ཡིན་སྙམ་དུ་ཤེས་པར་བྱའོ། །དེ་ནི་ཁྱད་པར་གྱི་གདམས་པའོ།
།དེ་ལ་གནད་རྣམས་ཀྱི་ནང་ནས་མཆོག་ཏུ་འགྱུར་པ་ནི། སྙིང་རྗེས་ཀུན་ནས་བསླང་པའི་སེམས་ཀྱིས་བྱམས་པ་ཕན་སེམས་བསྐྱེད་པ་དང་། འཆི་བ་མི་རྟག་པ་དྲག་པོ་རྒྱུན་ཆད་མེད་པར་བསམས་པས་བློ་སྣ་ཐུད་སྦུད་སོང་སྟེ་ཅིས་ཀྱང་དགོས་མེད་རྒྱུད་ལ་བསྐྱེད་པ་དང་། བླ་མ་ལ་གསོལ་བ་རྩེ་གཅིག་ཏུ་བཏབ་པས། མོས་གུས་ཐུན་མོང་མ་ཡིན་པ་སྐྱེས་ཏེ། མཆི་མ་རང་དབང་མེད་པའི་མོས་གུས་རྒྱུན་ཆད་མེད་པ་གསུམ་གྱིས་སྒྱུ་མ་རང་ཤར། སྣང་བ་ཐམས་ཅད་བདེན་མེད་དུ་འགྲོ་བ་དང་། རྨི་ལམ་རང་ཟིན་དང་། སྦྱོང་སྤེལ་སྤྲུལ་བསྒྱུར་དང་། ཡུལ་སྣང་གཏན་ལ་ཕེབས་པ་དང་། ཉིན་པར་ཕྱག་རྒྱ་ཆེན་པོ་གསལ་ལ་རྟོག་མེད་དུ་འཆར་བ་དང་། མཚན་མོ་ལྷ་སྐུ་རང་ཤར་དང་། འོད་གསལ་ཕྱོགས་མེད་དུ་འཆར་བ་རྣམས་ཇི་ལྟ་བ་བཞིན་འབྱུང་བར་འགྱུར་རོ། །གོང་གི་ཆོས་གསུམ་པོ་དེ་རྒྱུད་ལ་མ་སྐྱེས་ན། བརྩོན་འགྲུས་ཆེན་པོས་ཡུན་རིངས་ཉམས་སུ་བླངས་ཀྱང་མཐར་ཐུག་གི་འབྲས་བུ་འབྱུང་བར་དཀའ་བས། ཆོས་གསུམ་པོ་དེ་ལ་ནན་གྱིས་རྩེ་གཅིག་ཏུ་ཉམས་སུ་བླངས་པ་འདི་གལ་ཆེའོ།
།འདི་ནི་བླ་མ་དམ་པའི་གསུང་དང་། ང་རང་གིས་ཉམས་སུ་བླངས་པས་ཀྱང་ཇི་ལྟ་བ་བཞིན་དུ་གྱུར། །སློབ་མ་རྣམས་ལ་ཡང་ཇི་ལྟར་བཏབ་པ་བཞིན་དུ་བྱུང་བས། སེམས་བསྐྱེད། འཆི་བ་མི་རྟག་པ། བླ་མའི་མོས་གུས་གསུམ་པོ་འདི་ཁོ་ན་གལ་ཆེ་བར་འདུག་པས། ཐེ་ཚོམ་མེད་པར་ཉམས་སུ་བླུང་པར་བྱ། ཆོས་གསུམ་པོ་དེ་དང་མི་ལྡན་ན་དམིགས་པ་གསལ་བརྩོན་འགྲུས་ཆེ་ཡང་། དོན་མེད་དུ་འདུག་པས་ཆོས་གསུམ་པོ་དེ་ལ་འབད་པར་བྱའོ། །དེ་ལ་འབད་པ་དང་ཕན་སེམས་ཕྱོགས་མེད་དུ་འཆར། སྙིང་རྗེ་འགག་མེད་དམ་རྩོལ་མེད་དུ་འཆར། ཅིས་ཀྱང་དགོས་མེད་རྒྱུད་ལ་སྐྱེས་ནས། བློ་ཆགས་སྡང་དང་བྲལ། དག་སྣང་ཕྱོགས་མེད་དུ་འཆར། ཉིན་པར་སྣང་བ་ཐམས་ཅད་བདེན་མེད་དམ། གསལ་སྟོང་འཛིན་མེད་ཕྱག་རྒྱ་ཆེན་པོ་རྩོལ་མེད་རང་ཤར་དུ་འབྱུང་། མཚན་མོ་རྨི་ལམ་དང་འོད་གསལ་གྱི་དགེ་སྦྱོར་རྒྱུན་ཆད་མེད་པར་འབྱུང་བར་འགྱུར་རོ། །འདི་ནི་ཉམས་སུ་མྱོང་བའི་ཆོས་ཡིན་པས། ཐེ་ཙོམ་མེད་པར་མཛོད་ཅིག །དེ་ཡང་། ཞག་རེ་ལ་འཕོ་བ་ཡེ་ཤེས་སྐར་ཁུང་མ་བསྡུས་པ་རེ། བར་དོ་དབང་པོ་ཐ་མ་དེ་ཐུན་ཆུང་དུ་རེ་ཉམས་སུ་བླང་། གཉིད་དང་རྨི་ལམ་གྱི་བར་གྱི་རྟོག་པ་དེ་རེས་འགའ་ལྷ་སྐུར་གྱུར། ལྷ་སྐུ་སྐད་ཅིག་མ་གཅིག་རྨི་ལམ་དུ་བྱུང་ཀྱང་ལོངས་སྐུ་རུ་སངས་རྒྱ་བ་ཡིན་པས། ཐེ་ཙོམ་མེད་པར་ངེས་ཤེས་བསྐྱོད་པར་གལ་ཆེའོ།

།བཞི་པ་སྣང་བ་ལ་བརྟེན་ནས་འབྲས་བུ་ལྷུན་གྲུབ་རང་ཤར་དུ་འབྱུང་པ་ནི། གོང་གི་དེ་རྣམས་ཉམས་སུ་བླངས་པས། ཉིན་པར་གྱི་དུས་སུ་སྣང་བ་ཐམས་ཅད་གསལ་ལ་རྟོག་མེད་བདེ་ཆེན་དུ་འཆར་ཏེ། སྣ་ཚོགས་སུ་གསལ་བ་དེ་སྤྲུལ་པའི་སྐུ། གསལ་ཀྱང་རྟོག་པ་མེད་པ་དེ་ཆོས་སྐུ། དེ་ཉིད་བདེ་བར་ཤར་བས་ལོངས་སྤྱོད་རྫོགས་པའི་སྐུ། དེ་གསུམ་དབྱེར་མེད་པ་བདེ་བ་ཆེན་པོའི་སྐུའོ།
།མཚན་མོའི་རྨི་ལམ་གྱི་སྐབས་སུ་སྣང་བ་སྣ་ཚོགས་སུ་ཤར་བ་དེ་སྤྲུལ་སྐུ། གསལ་ཀྱང་རྟོག་པ་མེད་པ་ཆོས་སྐུ། གསལ་ལ་རྟོག་མེད་བདེ་བར་ཤར་བས་ལོངས་སྐུ། དེ་གསུམ་དབྱེར་མི་ཕྱེད་པས་བདེ་བ་ཆེན་པོའི་སྐའོ།
།བདེ་བ་མྱུ་གུའི་རྒྱུད་ལས། ཉིན་པར་སྐུ་གསུམ་རང་ཤར་འབྱུང་། །མཚན་མོ་སྐུ་གསུམ་རང་ཤར་འགྱུར། །གསང་སྔགས་མངོན་སུམ་ལམ་པས་ཏེ། །ཕར་ཕྱིན་བྱ་སྤྱོད་ཀུན་ལས་འཕགས། །ཞེས་གསུངས་པའི་དོན་ཡིན་ནོ།
།གདམས་ངག་དེ་རྣམས་ནི་ལོ་ཟླའམ། ཚེ་གཅིག་ལུས་གཅིག་ལ་སངས་མི་རྒྱ་མི་སྲིད་པ་ཡིན་པས། ཐེ་ཙོམ་མེད་པར་ཉམས་སུ་བླང་པར་བྱའོ། །ཨེ་མ་བཀའ་བརྒྱུད་རྩོད་པ་མེད། །བླ་མ་གྲུབ་ཐོབ་འགྲན་ཟླ་བྲལ། །གདམས་ངག་མངོན་སུམ་ལམ་པ་ཡིན། །ཐེ་ཙོམ་མེད་པར་ཉམས་སུ་ལོང་། །བདག་ཀྱང་བརྒྱུད་པའི་བླ་མ་དང་། །ཡི་དམ་མཁའ་འགྲོས་ལུང་བསྟན་པ། །སྐྱེ་བ་འདི་ཡི་ཕྱི་མ་ལ། །ཞིང་ཁམས་རྣམ་དག་ཤར་གྱི་ཕྱོགས། །མེ་ཏོག་བཀྲམ་པར་སྐྱེ་བར་གསུངས། །ཐེ་ཙོམ་མི་དགོས་གསོལ་བ་ཐོབ། །བདག་གི་ཆོས་འདི་ཐོས་པ་དང་། །ཉམས་སུ་བླངས་ཚད་སངས་རྒྱས་ཐོབ། །དགེ་སྦྱོར་སྐྱེས་པ་སྨོས་ཅི་དགོས། །དེས་ན་བརྒྱུད་པ་ཁྱད་འཕགས་ཡིན། །བཀའ་བརྒྱུད་འདི་དང་ཕྲད་པ་ཀུན། སྐྱེ་བ་དཔག་མེད་ཚོགས་བསགས་ཏེ། །ཕྱི་མ་སངས་རྒྱས་ཐོབ་པར་གསུངས། །འདི་ལ་ཐེ་ཚོམ་མ་བྱེད་གཅིག
།ཞལ་གདམས་སྤྱི་གནད་འདི་ལྟར་ཉམས་སུ་བླངས། །ཕན་སེམས་སྙིང་རྗེ་གཞན་དོན་ཕྱོགས་མེད་འབྱུང་། །གསོལ་བ་བཏབ་ན་ཉམས་རྟོགས་ཕྱོགས་མེད་འཆར། །འདུན་པ་རྩེ་གཅིག་རྨི་ལམ་མྱུར་དུ་འབྱོངས། །བསྙེན་བསྒྲུབ་བྱས་ན་དངོས་གྲུབ་ཕྱོགས་མེད་ཐེབ། །དམ་ཚིག་བསྲུངས་ན་མཁའ་འགྲོ་སྤྲིན་བཞིན་འདུ། །དགོས་མེད་སྐྱེས་ན་ལོངས་སྤྱོད་ཆར་བཞིན་འབབ། །ཕྲག་དོག་སྤངས་ན་མཐོ་དམན་ཀུན་གྱིས་འཁུར། །བདག་འཛིན་བཏང་ན་བགེགས་ཀྱི་ས་ཚུགས་མི་སྲིད། །རྒྱན་གཏོར་བརྩོན་ན་བར་ཆད་རང་སར་འདག །འཛིན་པ་སྤངས་ན་གོལ་སར་ལྷུང་མི་འགྱུར། །བཤགས་པ་བྱས་ན་སྡིག་པ་ཐམས་ཅད་འདག །བསོད་ནམས་བསགས་ན་དགེ་སྦྱོར་ཤུགས་ལ་འཆར། །རྩོལ་བཅས་བྱས་ན་རྩོལ་མེད་ངང་གིས་འཆར། །དུག་ལྔ་སྐྱེས་ཚད་འཛིན་མེད་གྲོལ་བར་འགྱུར། །སྣང་བ་མི་འགག་ལམ་ཁྱེར་སངས་རྒྱས་ཐོབ། །རེ་མེད་ཡེངས་མེད་ལོ་ཟླས་བྱང་ཆུབ་འགྲུབ། །མོས་གུས་ཚད་མེད་གཞན་སྣང་ཟིལ་གྱིས་གནོན། །དམིགས་མེད་བསྔོ་བས་བསོད་ནམས་དཔག་མེད་འཕེལ། །རེ་དོགས་སྤངས་ན་འབྲས་བུ་མྱུར་དུ་ཐོབ། །ཐུགས་ལ་ཞོག་ལ་ཉམས་སུ་ལོང་མཛོད་དང་། །རིང་པོ་མི་ཐོགས་འབྲས་བུ་འགྲུབ་པར་འགྱུར།
།མཁའ་འགྲོའི་ཞལ་གདམས་གནད་ཀྱི་ཉམས་ལེན་འདི། །བརྩེ་བའི་སེམས་ཀྱིས་བུ་ཡི་དོན་དུ་བཀོད། །དེ་ལ་མཁའ་འགྲོ་ཆོས་སྐྱོང་བཟོད་པར་མཛོད། །དགེ་དེས་དོན་གཉིས་ཕུན་སུམ་ཚོགས་པར་ཤོག
།མཁའ་འགྲོའི་སྙན་བརྒྱུད་ཡི་གེར་བཀོད་པའདི་ཡོངས་སུ་རྫོགས་སོ།། གསང་ངོ་། །བླ་མ་བྲང་པས་གསེར་སྲང་ལྔ་བརྒྱ་དང་ཚོགས་བརྒྱ་རྩ་ལན་གསུམ་ཕུལ་ནས་ཞུས་པའོ།། ཨྀཐིཿ

སྐྱེ་བ་འདི་ཕྱི་ཐམས་ཅད་ཀྱི་བསོད་ནམས་ཟད་པར་བྱེད་པ་དང་། སངས་རྒྱ་བའི་གེགས་ལོག་ལྟ་ཡིན་པས་དག་སྣང་སྦྱོངས། གདམས་ངག་དང་དངོས་གྲུབ་ཀྱི་གེགས་ཐེ་ཙོམ་ཡིན་པས། ངེས་ཤེས་བསྐྱེད། གྲུབ་པ་མྱུར་དུ་མི་ཐོབ་པའི་གེགས་བླ་མ་ཡི་དམ་དང་། གདམས་ངག་སྣ་ཚོགས་ཡིན་པས། གང་ལ་ངེས་ཤེས་ཐོབ་པ་གཅིག་ལ་ཉམས་ལེན་བྱ། སྒྲིབ་གཉིས་མྱུར་དུ་མི་བྱང་བའི་གེགས་བྱར་མེད་ཡིན་པས། བསོད་ནམས་ཀྱི་ཚོགས་དང་རྩོལ་བཅས་ཀྱི་དགེ་སྦྱོར་ལ་འབད། ཡེ་ཤེས་ཀྱི་ཚོགས་མྱུར་དུ་མི་རྫོགས་པའི་གེགས་བདེན་ཞེན་ཡིན་པས། ཆོས་ཐམས་ཅད་རང་བཞིན་མེད་པ་སྒྱུ་མ་རྨི་ལམ་དུ་ཤེས་པར་བྱ། །གཞན་གྱི་གེགས། རང་དོན་ཡིན་པས། སྙིང་རྗེ་དང་། ཕན་སེམས་སྨོན་ལམ་འབད་གསུང་ངོ་།། ཨྀཐི།
ཤུབྷཾ།། མངྒ་ལཾ།།