Khyad 'phags kyi gdams pa bco lnga
Resource ID | SCv6p186 |
---|---|
Title | khyad 'phags kyi gdams pa bco lnga |
Topics | Six doctrines of Niguma |
Sub-Topics | Instructions |
Author | Khyungpo Neljor |
Associated Person | Niguma |
Link | BDRC W23922 BDRC W23922 BDRC W23605 BDRC W3CN18508 (v1p.570) BDRC W8LS16295 (p.15) BDRC W8LS32723 (p.7) BDRC W22103 (p.310 annotated) |
༈ ཁྱད་འཕགས་ཀྱི་གདམས་པ་བཅོ་ལྔ་བཞུགས་སོ།།
Root verses
།རྒྱ་གར་མཁའ་འགྲོའི་ཁྱད་འཕགས་ཀྱི་གདམས་པ་བཅོ་ལྔ་ནི།
སྔོན་འགྲོ་དག་བྱེད་སྟོང་ར། །ཐབས་ལམ་བདེ་དྲོད་རང་འབར། །སྒྱུ་ལུས་ཆགས་སྡང་རང་གྲོལ། །རྨི་ལམ་འཁྲུལ་པ་རང་དག །ཁྱད་འཕགས་འཁོར་ལོ་རྣམ་དྲུག །བསྲེ་འཕོ་ཤེས་རབ་རྣམ་བཞི། །འཆུགས་མེད་ལམ་ཁྱེར་རྣམ་གསུམ། །དག་སྣང་ལྷ་སྐུ་རང་ཤར། །ཡུལ་སྣང་གང་བསམ་གསལ་མཐོང་། །འོད་གསལ་གཏི་མུག་རང་སངས། །འཕོ་བ་མ་སྒོམས་སངས་རྒྱས། །བར་དོ་ལོངས་སྤྱོད་རྫོགས་སྐུ། །ཀུན་རྫོབ་སྒྱུ་མ་རྨི་ལམ། །དོན་དམ་ཕན་མེད་གནོད་མེད་། །གཞན་དོན་གཟུགས་སྐུ་རང་ཤར་རོ།
།རང་རྒྱུད་དྲི་མ་ཉམས་ཆག་འདགས། །འདི་ནི་སྟོང་རའི་མཚན་ཉིད་ཡིན།
།བདེ་དྲོད་རང་བཞིན་སྟོང་གསལ་འཆར། །འདི་ནི་ཐབས་ལམ་མཚན་ཉིད་ཡིན།
།སྣང་ཡང་རང་བཞིན་མ་གྲུབ་པ། །འདི་ནི་སྒྱུ་མའི་མཚན་ཉིད་ཡིན།
།གཉིས་འཁྲུལ་བདེན་མེད་བདེ་བར་འཆར། །འདི་ནི་རྨི་ལམ་མ་ཚན་ཉིད་ཡིན།
།དག་པ་གསུམ་ལྡན་མ་དག་སྤངས། །འདི་ནི་འཁོར་ལོའི་མཚན་ཉིད་ཡིན།
།སྒྱུ་མ་རྨི་ལམ་འོད་གསལ་བསྲེ། །འདི་ནི་བསྲེ་འཕོའི་མཚན་ཉིད་ཡིན།
།བླ་མ་ཡི་དམ་སྒྱུ་ལུས་གསུམ། །འབྲལ་བ་མེད་པར་ལམ་དུ་ཁྱེར།
།སྣང་སྟོང་བདེ་སྟོང་དབྱེར་མེད་མཆོག །འདི་ནི་ལྷ་སྐུའི་མཚན་ཉིད་ཡིན།
།གང་བསམ་ཞིང་ཁམས་ཇི་བཞིན་མཐོང་། །འདི་ནི་ཡུལ་སྣང་མཚན་ཉིད་ཡིན།
།གསལ་སྟོང་འཛིན་མེད་བདེ་བ་ཆེ། །འདི་ནི་འོད་གསལ་མཚན་ཉིད་ཡིན།
།འཆི་ཁར་དྲན་པས་མངོན་སངས་རྒྱས་། །འདི་ནི་འཕོ་བའི་མཚན་ཉིད་ཡིན།
།སྣང་སྟོང་ཞེན་བྲལ་བདེ་ཆེན་སྐུ། །འདི་ནི་ལོངས་སྐུའི་མཚན་ཉིད་ཡིན།
།སྣ་ཚོགས་སྣང་ཡང་རང་བཞིན་མེད། །འདི་ནི་ཀུན་རྫོབ་མཚན་ཉིད་ཡིན།
།ཕན་གནོད་སྤང་ཐོབ་མ་གྲུབ་པས། །འདི་ནི་དོན་དམ་མཚན་ཉིད་ཡིན།
།གང་འདུལ་གཞན་དོན་ལྷུན་གྱིས་གྲུབ། །འདི་ནི་གཟུགས་སྐུ་མཚན་ཉིད་དོ།
།ཁྱད་འཕགས་བཅོ་ལྔ་པ་ཞེས་བྱ་བ། བདག་ཁྱུང་པོ་རྣལ་འབྱོར་པའི་ལུགས་རྒྱས་པའོ།། །།
Annotated version
།རྒྱ་གར་མཁའ་འགྲོའི་༼ནི་གུ་མ། སུ་ཁ་སིདྡྷི། སྦས་པའི་རྣལ་འབྱོར། རཱ་ཧུ་ལ་དང་། རྡོ་རྗེ་གདན་པ་རྣམས་ཀྱི།༽ཁྱད་འཕགས་ཀྱི་གདམས་པ་བཅོ་ལྔ་ནི།
།སྔོན་འགྲོ་དག་བྱེད་སྟོང་ར། །ཐབས་ལམ་བདེ་དྲོད་རང་འབར། །སྒྱུ་ལུས་ཆགས་སྡང་རང་གྲོལ། །རྨི་ལམ་འཁྲུལ་པ་རང་དག །ཁྱད་འཕགས་འཁོར་ལོ་རྣམ་དྲུག །བསྲེ་འཕོ་ཤེས་རབ་རྣམ་བཞི། །འཆུགས་མེད་ལམ་ཁྱེར་རྣམ་གསུམ། །དག་སྣང་ལྷ་སྐུ་རང་ཤར། །ཡུལ་སྣང་གང་བསམ་གསལ་མཐོང་། །འོད་གསལ་གཏི་མུག་རང་སངས། །འཕོ་བ་མ་སྒོམས་སངས་རྒྱས། །བར་དོ་ལོངས་སྤྱོད་རྫོགས་སྐུ། །ཀུན་རྫོབ་༼ཡང་ལོག་གཉིས་ཀྱི་༽སྒྱུ་མ་རྨི་ལམ། །དོན་དམ་ཕན་མེད་༼པར་ཡང་གྲུབ་པ་༽གནོད་མེད་༼པར་ཡང་གྲུབ་པ༽། །གཞན་དོན་གཟུགས་༼དུ་༽སྐུ་རང་༼དུ་འབྱུང་བ་གང་ལ་གང་འདུལ་དུ་གཞན་དོན་བྱེད་པའོ།༽ཤར་རོ།
།རང་རྒྱུད་༼ཀྱི་ཉོན་མོངས་པའི་༽དྲི་མ་༼དང་དམ་ཚིག །སྐུར་པ་བཏབ་པ་གྲིབ་ལ་སོགས་པ་ཐམས་ཅད།༽ཉམས་ཆག་འདགས་༼དཀོར་སྐུ་གླུད༽། །འདི་ནི་སྟོང་རའི་མཚན་ཉིད་ཡིན།
།༼བསྟོང་པར་འཆར་༽བདེ་དྲོད་རང་བཞིན་སྟོང་༼གསལ་བར་འཆར་༽གསལ་འཆར། །འདི་ནི་༼སྒྱུ་ལུས་འོད་གསལ་སྐྱེ་པའི་༽ཐབས་ལམ་མཚན་ཉིད་ཡིན།
།སྣང་ཡང་༼སྣང་བ་འདི་སྣ་ཚོགས་སུ་༽རང་བཞིན་མ་གྲུབ་པ། །འདི་ནི་སྒྱུ་མའི་མཚན་ཉིད་ཡིན།
།གཉིས་༼ཉིན་པར་དང་ནུབ་མོ་༽འཁྲུལ་༼ལ་དེ་རྨི་ལམ་ཟིན་པས་༽བདེན་མེད་བདེ་བར་འཆར། །འདི་ནི་རྨི་ལམ་མ་ཚན་ཉིད་ཡིན།
།༼ཉིན་བར་དང་མཚན་མོ་བར་དོ་གསུམ་༽དག་པ་གསུམ་༼ཉིན་བར་དང་མཚན་མོ་བར་དོ་གསུམ་གྱི་སྣང་བ་ལ་བརྟེན་ས་༽ལྡན་མ་དག་སྤངས། །འདི་ནི་༼རྨི་ལམ་ཟིན་པས་༽འཁོར་ལོའི་མཚན་ཉིད་ཡིན།
།སྒྱུ་མ་༼ཉིན་བར་༽རྨི་ལམ་འོད་༼གཉིས་༽གསལ་བསྲེ། །འདི་ནི་བསྲེ་འཕོའི་མཚན་ཉིད་ཡིན།
།བླ་མ་ཡི་དམ་སྒྱུ་ལུས་གསུམ། །འབྲལ་བ་མེད་པར་ལམ་དུ་ཁྱེར། །སྣང་སྟོང་༼པ་དབྱེར་མེད་༽བདེ་སྟོང་དབྱེར་མེད་མཆོག་༼ཅིར་ཡང་མ་ཁྱེན་པའི་ཡེ་ཤེས་དང་ལྡན་པ༽། །འདི་ནི་ལྷ་སྐུའི་མཚན་ཉིད་ཡིན།
།གང་༼དབང་པོ་རབ་འབྲིང་གིས་ཉིན་པར་ནུབ་མོ་༽བསམ་ཞིང་ཁམས་ཇི་བཞིན་མཐོང་། །འདི་ནི་ཡུལ་སྣང་མཚན་ཉིད་ཡིན།
།གསལ་༼བ་དང་༽སྟོང་༼པ་དབྱེར་མེད་པའི་༽འཛིན་མེད་བདེ་བ་ཆེ། །འདི་ནི་འོད་གསལ་མཚན་ཉིད་ཡིན།
།འཆི་༼སྡིག་པོ་ཆེ་མཚམས་མེད་པ་བྱས་པས་ཀྱང་༽ཁར་དྲན་པས་༼ཙམ་གྱིས་ཀྱང་༽མངོན་༼པར་༽སངས་རྒྱས་༼པ༽། །འདི་ནི་འཕོ་བའི་མཚན་ཉིད་ཡིན།
།སྣང་༼བ་དང་༽སྟོང་༼པ་དབྱེར་མེད་ཅིང་༽ཞེན་བྲལ་༼དྲི་མ་ཐམས་ཅད་དང་བྲལ་བ་༽བདེ་ཆེན་སྐུ། །འདི་ནི་ལོངས་སྐུའི་མཚན་ཉིད་ཡིན།
།སྣ་ཚོགས་༼ཡང་ལོག་གི་ཀུན་རྫོབ་གཉིས་༽སྣང་ཡང་རང་བཞིན་མེད། །འདི་ནི་ཀུན་རྫོབ་མཚན་ཉིད་ཡིན།
།ཕན་གནོད་སྤང་ཐོབ་མ་གྲུབ་པས། །འདི་ནི་དོན་དམ་༼དོན་དམ་པའི་བདེན་པ་དེ་སངས་རྒྱས་ཀྱི་སྐུ་མ་ཡིན། ལམ་མ་ཡིན། འབྲས་བུ་མ་ཡིན། དུས་གསུམ་གྱི་སངས་རྒྱས་ཀྱིས་མ་གཟིགས། མི་གཟིགས། གཟིགས་པར་མི་འགྱུར་རོ། །མ་རྟོགས་མི་རྟོགས་རྟོགས་པར་མི་འགྱུར་བའི་ཡུལ་ཡིན་ནོ།༽མཚན་ཉིད་ཡིན།
།གང་འདུལ་གཞན་དོན་ལྷུན་གྱིས་གྲུབ། །འདི་ནི་གཟུགས་སྐུ་མཚན་ཉིད་དོ།
།ཁྱད་འཕགས་བཅོ་ལྔ་པ་ཞེས་བྱ་བ། བདག་ཁྱུང་པོ་རྣལ་འབྱོར་པའི་ལུགས་རྒྱས་པའོ།། །།