Dpal dgyes pa rdo rje'i dkyil 'khor gyi cho ga

From Shangpa Resource Center
Revision as of 11:52, 8 January 2022 by Sengue (talk | contribs)








Resource ID Ten1
Title dpal dgyes pa rdo rje'i dkyil 'khor gyi cho ga
Alt. title śrī hevajra maṇḍala vidhi
Topics Initiation
Sub-Topics Hevajra
Author Niguma, Lendarma Lodrö
Link BDRC W1PD95844
Notes Translated in english in the book Lady of illusion

༄༅། །དཔལ་དགྱེས་པ་རྡོ་རྗེའི་དཀྱིལ་འཁོར་གྱི་ཆོ་ག་ཞེས་བྱ་བ།

རྒྱ་གར་སྐད་དུ། ཤྲཱི་ཧེ་བཛྲ་མཎྜལ་བི་དྷི་ནཱ་མ།
བོད་སྐད་དུ། དཔལ་དགྱེས་པ་རྡོ་རྗེའི་དཀྱིལ་འཁོར་གྱི་ཆོ་ག་ཞེས་བྱ་བ།
དཔལ་དགྱེས་པའི་རྡོ་རྗེ་ལ་ཕྱག་འཚལ་ལོ།
།བཅོམ་ལྡན་འདས་དགྱེས་མཛད་རྡོ་རྗེའི་བསྙེན་པ་འབུམ་དང་ཁྲི་སོང་བས། གནས་དབེན་པར་རིགས་ཅན་སྨིན་པར་བྱས་ཏེ། དེར་མཎྜལ་འདབ་བརྒྱད་དམར་པོ་རྡོ་རྗེས་བསྐོར་བ། ཁྱམས་དང་བཅས་པ་བྱས་ནས་མེ་ཏོག་གི་ཚོམ་བུ་དགུ་དགོད་དོ། །བུམ་པ་གཉིས་ལ་རྫས་དང་། རྒྱན་ཆ་དང་ལྡན་པའི་དབུས་དང་བྱང་ཤར་དུ་བཀོད་ནས། དེ་ལ་བླ་རེ་དང་ཡོལ་བ་ལ་སོགས་པས་བརྒྱན་ནོ། །དཀྱིལ་འཁོར་གྱི་ཕྱོགས་བཞིར་མཆོད་པ་ལྔ་ཚན་བཞི་དང་། གཏོར་མ་ལྔ་དང་། ཚོགས་ཀྱི་ཡོ་བྱད་ཀྱིས་བསྐོར་བར་བྱའོ།
།དེ་ནས་རྡོ་རྗེ་སློབ་དཔོན་ཁྲུས་བྱས། སྟན་བདེ་བ་ལ་བསྐྱེད་རྫོགས་བསྒོམས་ནས། སྐད་ཅིག་གིས་བུམ་པ་སྟོང་པའི་ངང་ལས་བྷྲཱུཾ་ལས་གཞལ་ཡས་ཁང་གི་དབུས་སུ། པཾ་ལས་བྱེད་པདྨའི་སྡོང་པོའི་སྟེང་དུ། པདྨ་དམར་པོ་འདབ་བརྒྱད། དེའི་ལྟེ་བ་ལ་ཉི་མ་དང་བདུད་བཞིའི་རོའི་སྟེང་དུ་ཆོ་ག་ལྔའམ། གསུམ་མམ། སྐད་ཅིག་གིས་ཧེ་རུ་ཀ་ཞལ་བརྒྱད་ཕྱག་བཅུ་དྲུག་པའམ། ཞལ་གཅིག་ཕྱག་གཉིས་པ་ཡུམ་དང་བཅས་པ་བསྐྱེད། པད་འདབ་བརྒྱད་ལ་ཨ་ལས་བདག་མེད་མ་ཞལ་གཅིག་ཕྱག་གཉིས་པ་བརྒྱད་བསྐྱེད་དོ།
།དེ་ནས་རང་གི་ཧཱུཾ་གི་འོད་ཀྱིས་ཡེ་ཤེས་པ་སྤྱན་དྲངས་ལ། མཆོད་བསྟོད་དང་ཡབ་ཡུམ་གྱི་སྔགས་བཞི་ལ་བསྙེན་པ་ཅི་འགྲུབ་བྱས་ནས་ཡང་མཆོད་དེ། ལྷ་རྣམས་བདུད་རྩིར་བཞུའོ། །ལས་བུམ་དུ་བདུད་རྩི་འཁྱིལ་པ་བསྐྱེད་ནས། བསྙེན་པ་བྱས་ལ་དེས་སློབ་མ་ལ་ཁྲུས་བྱའོ།
།དེ་ནས་སློབ་མ་གྲལ་ལ་འཁོད་པ་ལ་སྐྱབས་འགྲོ་སེམས་བསྐྱེད། གསོལ་བ་གདབ་པ། གནང་བ་སྦྱིན་པ་རྟོག་པ་བསྡུ་བ། ཡན་ལག་ལྔ་བྱ་བ། སྡོམ་པ་གཟུང་བ་དང་། དམ་པ་བསྒྲག་པ་རྣམས་གཞུང་བཞིན་བྱས་ལ་ཡེ་ཤེས་དབབ་པར་བྱའོ།
།དེ་ནས་བླ་མ་ལ་དབང་བསྐུར་ཞུ་བའི་གསོལ་བ་གདབ་པ་ནི། ཧེ་རུ་ཀ་དཔལ་དབང་བསྐུར་བ། །འགྲོ་སྐྱོབ་ཕྱིར་ན་གཟི་བརྗིད་ཅན། །དེ་ལྟར་ཡོན་ཏན་འབྱུང་གནས་རྫོགས། །དེ་བཞིན་བདག་ལ་དེང་གསོལ་ཅིག །བྱང་ཆུབ་རྡོ་རྗེ་སངས་རྒྱས་ལ། །མཆོད་ཆེན་ཇི་ལྟར་སྩལ་བ་ལྟར། །བདག་ཀྱང་སྐྱོབ་པའི་དོན་གྱི་ཕྱིར། །ནམ་མཁའི་རྡོ་རྗེ་དེང་བདག་སྩོལ། །ཅེས་གསོལ་བ་བཏབ་པ་དང་། དཀྱིལ་འཁོར་དང་ནམ་མཁའི་ལྷ་ཚོགས་ཀྱི་ཐུགས་ཀ་ནས་ལྷ་མོ་བདུད་རྩིའི་བུམ་ཆུ་ཐོགས་པ་དང་། གསང་བའི་ཆུ་རྒྱུན་གྱིས་དབང་བསྐུར་བས། ལུས་ཀྱི་སྡིག་སྒྲིབ་དག་པར་བསམས་ནས། དབང་བསྐུར་རྡོ་རྗེ་ཆེན་པོ་ལ། །ཁམས་གསུམ་ཀུན་གྱིས་ཕྱག་བྱས་པའི། །སངས་རྒྱས་ཀུན་གྱི་གསང་གསུམ་ལས། །རབ་ཏུ་བྱུང་བས་སྦྱིན་པར་བྱ། །ཞེས་བརྗོད་པས་བུམ་དབང་ཐོབ་པར་བསམ། །དེ་བཞིན་མགྲིན་པར་གསང་དབང་། སྙིང་གར་ཤེས་རབ་ཡེ་ཤེས། ལྟེ་བར་དབང་བཞི་པའོ། །གཞན་དོན་འབའ་ཞིག་གི་དབང་ངོ་།
།དེ་ནས་རང་གཞན་རྣམས་ལ་རྒྱུན་དུ་དབང་བཞི་བསྐུར་བ་བཤད་པར་བྱ་སྟེ། རང་གི་སྤྱི་བོར་པཾ་ལས་གྱུར་པའི་པདྨའི་སྡོང་པོའི་སྟེང་དུ། པདྨ་དམར་པོ་འདབ་བརྒྱད་ཀྱི་ལྟེ་བར་ཉི་མ་དང་། རོའི་སྟེང་དུ་ཆོ་ག་གསུམ་མམ། སྐད་ཅིག་ལ་ཧེ་བཛྲ་ཡུམ་མེད་ཅིག་བསམ། པདྨ་འདབ་བརྒྱད་ལ་ཉི་མ་དང་རོའི་སྟེང་དུ། ཨ་ལས་བདག་མེད་མ་བདེ་བ་རྒྱས་པ་བརྒྱད་བསམ་མོ།
།དེ་ནས་གོང་བཞིན་གསོལ་བ་བཏབ་ལ། སྤྱི་བོའི་ལྷ་ཚོགས་རྣམས་ལས་འོད་ཟེར་དཔག་ཏུ་མེད་པ་བྱུང་ནས། རང་གི་ལུས་ཕྱི་ནང་ཐམས་ཅད་འོད་ཀྱིས་ཁྱབ་པ་ལས། ལས་དང་ཉོན་མོངས་པའི་སྒྲིབ་པ་ཐམས་ཅད་སངས་དག་ནས། ལུས་འོད་ཀྱི་རང་བཞིན་དུ་བསམ། དེས་བདག་ཉིད་ཧེ་བཛྲ་ཡུམ་མེད་པ་ཅིག་ཏུ་གྱུར་པ་ནི་བུམ་པའི་དབང་ངོ་།
།དེ་ནས་ཡང་གསོལ་བ་བཏབ་པས། སྤྱི་བོའི་ལྷ་མོ་བདེ་བ་རྒྱས་ནས་འོད་དུ་འདུས་ཏེ། ཡབ་ལ་འཁྱུད་ནས་ཡབ་ཡུམ་གཉིས་སྦྱོར་བ་བྱས་པས། སྦྱོར་མཚམས་ནས་བྱང་སེམས་དཀར་དམར་གཉིས་བདེ་ཕྲི་ལི་ལི་བྱུང་ནས་ལྕེ་ཐོག་ཏུ་བབས་པས། བདེ་བ་སྐྱེས་པ་ནི་གསང་བའི་དབང་ངོ་། །ལྷ་ཚོགས་ལ་ཡང་གསོལ་བ་བཏབ་པས། གཙོ་བོའི་ཡུམ་ལས་བདག་མེད་མ་ཅིག་ཆད་ནས་བྱུང་སྟེ། རང་ཧེ་བཛྲ་ལ་འཁྱུད་ནས་བསྲུབ་པའི་སྦྱོར་བ་བྱས་པས། ལུས་ལ་ཟག་མེད་ཀྱི་བདེ་བ་ཆེན་པོ་སྐྱེས་པ་ནི། ཤེས་རབ་ཡེ་ཤེས་ཀྱི་དབང་ངོ་།
།དེ་ནས་སྤྱི་བོའི་ལྷ་ཚོགས་ལ་མཆོད་པས་ལྷ་གདན་དང་བཅས་པ་སྤྱི་བོར་ཐིམ་ནས། ལྷ་སྐུ་མངའ་བས་གསལ་བའི་གསལ་སྟོང་འཛིན་མེད་བདེ་བ་ཆེན་པོ་ལ་མཉམ་པར་གཞག་གོ། །མདོར་ན་སྣང་སྲིད་འཁོར་འདས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་ཀྱི་ངོ་བོ་རྣམ་པར་དག་པ། སྤྲོས་པ་ཐམས་ཅད་དང་བྲལ་བ། རང་བཞིན་གྱིས་འོད་གསལ་བའི་ཕྱག་རྒྱ་ཆེན་པོ་འབའ་ཞིག་ལ་གཞག་པར་བྱའོ། །དེ་ནི་དབང་བཞི་པའོ།
།དེ་ནས་ཡཾ་རཾ་ཀཾ །ཨ་ལས་བྱུང་བའི་ནང་དུ་སྣ་ཚོགས་རྫས་རྣམས་ཤ་ལྔ་བདུད་རྩི་ལྔར་ལེགས་པར་སྦྱངས་ནས། ལྷ་ཚོགས་རྣམས་མཆོད་ཅིང་། རྣལ་འབྱོར་པ་རྣམས་རོལ་པར་བྱའོ། །གཏོར་མ་ལྔ་ནི་གོང་བཞིན་སྦྱངས་ལ་འབྱུང་པོ་ཐམས་ཅད་པའི་སྔགས་ཀྱིས་བླ་མ་དང་། དགྱེས་མཛད་དང་། ཆོས་སྐྱོང་དང་། གཞི་བདག་དང་། གནོད་བྱེད་རྣམས་ཚིམ་པར་བྱས་ནས། རྡོ་རྗེའི་གླུ་བླང་། ལྷ་ཚོགས་ལ་མཆོད་བསྟོད་དང་བཤགས་པ་བྱས་ནས། བདག་གིས་སྦྱིན་སོགས་བགྱིས་པའི་བསོད་ནམས་ཀྱིས། །བཅོམ་ལྡན་དགྱེས་མཛད་རྡོ་རྗེ་མཉེས་བྱས་ཏེ། །ཕ་རོལ་ཕྱིན་དྲུག་ཡོངས་སུ་རྫོགས་བྱས་ནས། །འགྲོ་ཀུན་རྡོ་རྗེ་རྒྱལ་པོ་ཐོབ་པར་ཤོག །ཅེས་པ་བསྔོ་བ་བྱའོ།
།དེ་ནས་སློབ་དཔོན་དང་ཐམས་ཅད་མགྲིན་གཅིག་ཏུ་སྨོན་ལམ་གདབ་པ་ནི། རིགས་སུ་སྐྱེ་དང་དམ་ཚིག་ཅན། །མཉམ་མེད་ཀྱེ་ཡི་རྡོ་རྗེ་སྟོན། །བླ་མ་ལ་གུས་སྙིང་རྗེར་ལྡན། །སྐྱེ་ཞིང་སྐྱེ་བར་འགྱུར་བར་ཤོག །ལག་པ་རྡོ་རྗེ་དྲིལ་བུ་འཁྲོལ། །ཟབ་མོའི་ཆོས་ནི་ཀློག་པ་དང་། །བཙུན་མོའི་ཞུ་བ་མཉམ་ཟ་ཞིང་། །སྐྱེ་ཞིང་སྐྱེ་བར་འགྱུར་བར་ཤོག །ཅེས་བརྗོད་དོ།
།དེ་ནས་དཀྱིལ་འཁོར་ལ་བསྐོར་བ་བྱ་ཞིང་བཟོད་གསོལ་བྱ། བཀྲ་ཤིས་བརྗོད། ཡེ་ཤེས་པ་གཤེགས། དམ་ཚིག་པ་སྤྱི་བོར་བསྡུ། རྡོ་རྗེ་སློབ་དཔོན་ཡོན་གྱིས་མཉེས་པར་བྱའོ།
།དཔལ་དགྱེས་མཛད་རྡོ་རྗེས་དབང་བསྐུར་བའི་ཆོ་ག་མདོར་བསྡུས་པ། ཡེ་ཤེས་ཀྱི་མཁའ་འགྲོ་མ་ནི་གུ་མས་མཛད་པ་རྫོགས་སོ།། །།
རྡོ་རྗེ་ཡེ་ཤེས་མཁའ་འགྲོ་མ་དེ་ཉིད་དང་། ལོ་ཙཱ་བ་རླན་དར་མ་བློ་གྲོས་ཀྱིས་བསྒྱུར་བའོ།། །།