Benchen

From Shangpa Resource Center
Revision as of 15:07, 3 February 2022 by Sengue (talk | contribs)





Resource ID G40
Place Type Monastery
Coordinates 32°50'40"N 97°08'48"E
Links Shangpa Foundation
BDRC G214

Name Variants

sga stod ban chen
kun bde gling

Associated Persons

Primary seat

History

  • Established: ?

Notes

Founded by Laga Tenzin Chögyal. The retreat center is run by Lama Karma Drukdrak.
W1KG26279: སྒ་སྟོད་བན་ཆེན་དཔལ་ལྡན་ཕུན་ཚོགས་དར་རྒྱས་གླིང་ནི་དེང་མཚོ་སྔོན་ཞིང་ཆེན་སྐྱེ་རྒུ་ཁུལ་ཡུལ་ཤུལ་རྫོང་པ་ཐང་ཡུལ་ཤོག་སྲིད་གཞུང་གནས་ཡུལ་དང་ཉེ་བའི་ནུབ་བྱང་མཚམས་སུ་གནས་ཤིང་། སངས་རྒྱས་མཉན་པ་སྐུ་ཕྲེང་བཞི་པ་དགེ་ལེགས་རྒྱ་མཚོ་དགུང་གྲངས་སོ་དྲུག་ལ་ཕེབས་པ་རབ་བྱུང་བཅུ་གཅིག་པའི་ས་ཕོ་རྟའི་ལོ་སྤྱི་ལོ1678ལོར་ཕྱག་བཏབ། དེ་རྗེས་སངས་རྒྱས་མཉན་པ་སྐུ་ཕྲེང་ལྔ་པ་དགེ་ལེགས་སྙིང་པོདྲུག་པ་སྒྲུབ་བརྒྱུད་བསྟན་དརབདུན་པ་ཤེས་རབ་སྙིང་པོབརྒྱད་པ་བསྟན་འཛིན་གྲུབ་མཆོགདགུ་པ་ཀརྨ་བཤད་སྒྲུབ་བསྟན་པའི་ཉི་མབཅུ་པ་རང་བྱུང་འཕྲིན་ལས་ཀུན་ཁྱབ་བསྟན་པའི་རྒྱལ་མཚན་བཅས་ཀྱིས་ད་བར་གདན་ས་རིམ་པར་བསྐྱངས། གཞན་ཡང་བསྟན་དགའ་རིན་པོ་ཆེ་སྐུ་ཕྲེང་རིམ་བྱོན་དང་། འཆི་མེད་སྤྲུལ་སྐུ་བཅས་ནས་ཀྱང་དགོན་གནས་སྐྱོང་བའི་ཁུར་བཞེས་པ་དང་། དེང་དགེ་འདུན་ཞལ་གྲངས200ཙམ་ཡོད་པ་རྣམས་ཀརྨ་ཀཾ་ཚང་གི་རིང་ལུགས་ཕྱག་བཞེས་གནང་བཞིན་ཡོད། སྔར་དཔལ་ལྡན་མཁྱེན་བརྩེ་འོད་ཟེར་དགོན་འདིར་ལན་འགའ་ཕེབས་ནས་དབང་ཆོས་སོགས་བཞེད་སྐོང་ཅི་རིགས་བསྩལ་བ་དང་། རྒྱལ་ཟླའི་མགོན་པོའི་དུས་མཆོད། གར་འཆམ་བཅས་ཀྱང་ལེགས་པར་བསྒྲུབས།

དགོན་འདིར་ཁྱོན་སྒྲུབ་སྡེ་བཞི་སྟེ། ནཱ་རོ་ཆོས་དྲུག་གི་སྒྲུབ་སྡེ་དང་། རྒྱལ་བ་རྒྱ་མཚོའི་སྒྲུབ་སྡེ། ཀུན་རིག་གི་སྒྲུབ་སྡེ། ནི་གུའི་སྒྲུབ་སྡེ་བཅས་ཡོད་པ་ལས། སྒྲུབ་པར་ཞུགས་ཕྱིན་ཆད་ཐོག་མར་ཀུན་རིག་གི་སྒྲུབ་སྡེར་སྔོན་འགྲོ་ཟླ་བ་བཞི་དང་། ཀུན་རིག་གི་ཉམས་ལེན་ཟླ་བ་དྲུག །ཞིང་སྐྱོང་བསྙེན་སྒྲུབ་ཟླ་བ་གཉིས། ཟླ་ལྷག་ཡོད་ན་སྒྲོལ་དཀར་ཚེ་སྒྲུབ་བཅས་ལེགས་གྲུབ་ཟིན་རྗེས། གཞི་ནས་ནཱ་རོའི་སྒྲུབ་སྡེ་དང་ནི་གུའི་སྒྲུབ་སྡེ་གང་རུང་གི་དངོས་གཞིར་ཐད་ཀར་ཞུགས་ཆོག །འོན་ཀྱང་སྒྲུབ་སྡེ་རེར་སྒྲུབ་ཐེངས་གཅིག་ལ་ལོ་གཅིག་རེ་བྱས་པའི་ཁྱོན་ལོ་བཞིའི་རིང་སྒྲུབ་སྡེ་ཚང་མར་ངེས་པར་ཞུགས་དགོས། སྒྲུབ་ཐེངས་ཆ་ཚང་གཅིག་མཐར་ཕྱིན་པའི་སྒྲུབ་བླ་རྣམས་རེས་མོས་ཀྱིས་མགོན་ཁང་དུ་ལོ་གཅིག་དང་། གྲོ་ལོད་ཁང་དུ་ལོ་གཅིག་བཞུགས་དགོས་པ་བཅས་དགོན་འདི་ཁོ་ནའི་ཐུན་མིན་གྱི་ཁྱད་ཆོས་ཡིན།
དགོན་འདིའི་ཤངས་པའི་སྒྲུབ་སྡེ་ཀུན་བཟང་བདེ་ཆེན་འོད་གསལ་གླིང་ནི་ཐོག་མར་ཀརྨ་རང་བྱུང་ཀུན་ཁྱབ་ཀྱི་དངོས་སློབ་བསྟན་དགའ་རིན་པོ་ཆེ་སྐུ་ཕྲེང་དང་པོ་བླ་དགའ་བསྟན་འཛིན་ཆོས་རྒྱལ་གྱིས་ཕྱག་བཏབ་པ་དུས་འགྱུར་གྱི་སྐབས་ཐོར་ཞིག་ཏུ་སོང་བ་ལ། སྤྱི་ལོ་1996ལོར་མཉན་པ་སྐུ་ཕྲེང་བཅུ་པས་ཉམས་གསོ་སྐྱར་བསྐྲུན་མཛད་རྗེས་སྒྲུབ་ཐེངས་རེར་ལོ་གཅིག་རེ་བྱས་པའི་ཁྱོན་སྒྲུབ་ཐེངས་བཅུ་བདུན་སོང་ཟིན། སྒྲུབ་ཐེངས་དང་པོའི་སྒྲུབ་དཔོན་བླ་དགའ་རིན་པོ་ཆེ་དང་། སྒྲུབ་བླ་ལྔ། སྒྲུབ་གཡོག་གཅིག །སྒྲུབ་ཐེངས་གཉིས་པ་ནས་བཅུ་བདུན་པ་བར་གྱི་སྒྲུབ་དཔོན་ཀརྨ་འབྲུག་གྲགས་དང་། སྒྲུབ་བླ་སྒྲུབ་གཡོག་བཅས་དྲུག་ཡོད་པ་ཚང་མ་གོང་དང་མཚུངས། སྒྲུབ་ཐེངས་བཅུ་བདུན་པ་དེ་སྤྱི་ལོ2012ལོའི་བོད་ཟླ་10པའི་ཚེས་7ཉིན་གྲོལ་བ་དང་། སྒྲུབ་ཐེངས་རྗེས་མ་སྤྱི་ལོ་2013ལོའི་བོད་ཟླ10པའི་ཚེས13ཉིན་བསྡམ་རྒྱུ་བཅས་སོ།
།སྒྲུབ་སྡེ་འདིར་ཤངས་ཆོས་ཉམས་སུ་ལེན་པའི་ཚུལ་ལ། བོད་ཟླ་བཅུ་པའི་ཚེས་བཅུ་གསུམ་ཉིན་རྒྱལ་ཆེན་བཞིའི་གཏོར་འབུལ་དང་། གཞིས་བདག་དཀར་གཏོར་སོགས་གཏོང་བ། སྒྲུབ་གྲྭ་དགེ་འདུན་ལྔ་དང་། སྒྲུབ་དཔོན་གཅིག །སྒྲུབ་གཡོག་གཅིག་བཅས་པ་རྣམས་ཀྱིས་སྒྲུབ་པའི་དབུ་འཛུགས། དེའི་ཕྱི་ཉིན་གསང་ཐིག་ཕུར་པའི་ལུང་ཁྲིད། ཕུར་གཏོར་མཆོད་པ་བཅས་གྲུབ་ནས་ཚེས་བཅོ་ལྔ་ཉིན་གྱི་དགོང་ཐུན་ནས་དབུ་བཟུང་སྟེ་ཞག་བདུན་ལ་ཆོས་སྒྲུབ་པའི་བར་ཆད་བཞི་སེལ་ཆེད་ཀྱི་ཉམས་ལེན། ཚེས་བཅུ་གསུམ་དང་ཚེས་བཅུ་བཞི་གཉིས་ལ་སྒྲུབ་དཔོན་མདུན་ནས་ལྷ་བཞི་དྲིལ་སྒྲུབ་ཀྱི་དབང་ལུང་ཁྲིད་བཅས་དང་། མཆོད་གཏོར་སོགས་ལེགས་པར་གྲུབ་རྗེས། ཚེས་ཉེར་ལྔ་ཉིན་ལྷ་བཞི་དྲིལ་སྒྲུབ་ཀྱི་བསྒོམ་བཟླས་ཀྱི་དབུ་ཚུགས། བསྙེན་པའི་གྲངས་ཚད་ལ། གཙོ་བོ་འབུམ་བཞི་དང་། འཁོར་རྣམས་ཁྲི་བཞི་རེ་བཅས། དེ་ནས་བོད་ཟླ་བཅུ་གཉིས་པའི་ཚེས་ཉེར་ལྔ་བར་གྱི་ཟླ་བ་གཉིས་རིང་གོང་གསལ་བསྙེན་པ་རྣམས་སྒྲུབ། དེ་རྗེས་ཞག་ལྔའི་རིང་བདེ་མཆོག་གི་དབང་ལུང་ཁྲིད། གཏོར་མ་མཆོད་པ་བཅས་སྒྲིག་གཤོམ་ཐོག །ཚེས་ཉེར་དགུ་ཉིན་མགོན་གསོལ་སྡང་བ་རྣམ་སྲེག་གི་ཆོ་ག་དང་། ཕྱག་དྲུག་འབྲིང་པོ་བཅས་ལེགས་པར་བཏང་ནས། བོད་ཟླ་དང་པོའི་ཚེས་གཅིག་ནས་ཤངས་པའི་བདེ་མཆོག་ལྔ་ལྔའི་བསྙེན་སྒྲུབ་ཀྱི་དབུ་གཟུང་། བསྙེན་པའི་གྲངས་ཚད་སྐོར། ཡབ་ཀྱི་སྙིང་པོ་ལ་འབུམ་བཞི། ཡང་སྙིང་འབྲུ་བདུན་མ་འབུམ་བདུན། ཡུམ་སྔགས་རྣམས་དང་ཁྲོ་བོ་བཞི་བཅས་ལ་ཁྲི་བཞི་རེ་དང༌། ཐུན་གཅིག་ལ་གཏུམ་མོ་དང་། འཕྲུལ་འཁོར་བཅས་བོད་ཟླ་བཞི་པའི་ཚེས་བརྒྱད་ལ་གྲུབ་པར་བྱ། ཚེས་དགུ་དང་ཚེས་བཅུ་གཉིས་ལ་སྒྲུབ་པའི་སྟ་གོན་བཅས། ཚེས་བཅུ་གཅིག་ནས་ཚེས་བཅོ་ལྔ་བར་བདེ་མཆོག་གི་སྒྲུབ་པ་བདག་འཇུག་བཅས་གྲུབ་པར་བྱ། ཚེས་བཅུ་དྲུག་དང་། བཅུ་བདུན། བཅོ་བརྒྱད་གསུམ་ལ་རྒྱུད་སྡེ་ལྔའི་དབང་ལུང་ཁྲིད་དང་གཏོར་མཆོད་བཅས་ལེགས་པར་གྲུབ། ཚེས་བཅུ་དགུ་ནས་དེའི་བསྙེན་སྒྲུབ་ཀྱི་དབུ་གཟུང་དགོས། བསྙེན་པའི་གྲངས་ཚད་སྐོར་གཙོ་བོ་ལ་འབུམ་བཞི། ཡུམ་སྔགས་འབུམ་བཞི། འཁོར་བཞི་ལ་འབུམ་བཞི་རེ་བཅས་དང་། ཐུན་གཅིག་ལ་སྒྱུ་ལུས་ཞག་ཉེར་བཞི། རྨི་ལམ་ཞག་ཉེར་བཞི། འོད་གསལ་ཞག་ཉེར་བཞི། འཕོ་བ་ཞག་ཉེར་བཞི། བར་དོ་ཞག་ཉེར་བཞི་བཅས་ཉམས་སུ་ལེན་དགོས། དེའི་ཚེ་འཕྲུལ་འཁོར་གྲུབ་ན་ལེགས། མ་གྲུབ་ན་ཡང་བཞག་ན་ཆོག །དེ་ནས་བོད་ཟླ་བརྒྱད་པའི་ཚེས་བཅུ་དགུ་བར་གྱི་ཟླ་བ་བཞིའི་རིང་བསྙེན་པའི་གྲངས་དང་ཉམས་ལེན་རྣམས་གྲུབ་པར་མཛད་དེ། ཚེས་ཉི་ཤུ་ཐམ་པ་དང་ཚེས་ཉེར་གཅིག་གཉིས་ལ་སྒྲུབ་པའི་སྟ་གོན་མཛད་དགོས། ཚེས་ཉེར་གཉིས་ནས་བཟུང་ཚེས་ཉེར་བདུན་བར་ཞག་ལྔའི་རིང་སྒྲུབ་པ་དང་། བདག་འཇུག །ཆོས་དྲུག་ལས་ཚན་པ་ལྔ་བཅས་ལེགས་པར་སྒྲུབ། ཚེས་ཉེར་བརྒྱད་དང་། ཚེས་ཉེར་དགུ། ཚེས་སུམ་ཅུ་ལ་མཁའ་སྤྱོད་དཀར་དམར་གྱི་དབང་ལུང་ཁྲིད་དང་། མཆོད་པ་གཏོར་མ་བཅས་བསྒྲུབས་ནས། བོད་ཟླ་དགུ་པའི་ཚེས་གཅིག་ནས་བཟུང་ཞག་བདུན་ལ་མཁའ་སྤྱོད་དཀར་མོའི་ཉམས་ལེན་དང༌། ཞག་བདུན་ཕྲག་གཅིག་ལ་མཁའ་སྤྱོད་དམར་མོའི་བསྙེན་སྒྲུབ་ལ་འབད་ཅིང་བསྙེན་པ་གང་འགྲུབ་དགོས། ཚེས་བཅོ་ལྔ་དང་བཅུ་དྲུག་གཉིས་ལ་མགོན་པོ་ཕྱག་དྲུག་པའི་གཏོར་སྒྲུབ་ཀྱི་གཏོར་མ་སོགས་སྟ་གོན་བྱ། ཚེས་བཅུ་བདུན་ནས་བཟུང་ཚེས་ཉེར་བཞིའི་སྔ་ཆར་གཙུག་ལག་ཁང་གི་སྟེང་དུ་གཏོར་སྟབས་བཅས་ལེགས་པར་འགྲུབ། ཚེས་ཉེར་ལྔ་ནས་བཟུང་ནི་གུའི་ཚེ་སྒྲུབ་ཞག་གསུམ་དང་སུ་ཁ་སིདྡྷིའི་ཚེ་སྒྲུབ་ཞག་གསུམ། བོད་ཟླ་བཅུ་པའི་ཚེས་གཅིག་ནས་ཚེས་ལྔ་བར་སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་བསྙེན་སྒྲུབ་བཅས་མཐའ་རྟེན་ཚེ་སྒྲུབ་ཟབ་མོ་གསུམ་གྱིས་མཐའ་ལེགས་པར་བརྒྱན་ཏེ། ལོ་གཅིག་གི་བསྙེན་མཚམས་ཟབ་མོ་ལེགས་པར་གྲུབ་ཟིན་པའོ།
།ཉིན་རེ་བཞིན་ཉམས་ལེན་མཛད་ཚུལ་ལ། ཐུན་དང་པོ། ཐོ་རངས་ལྡང་བའི་རྣལ་འབྱོར་གྱིས་རླུང་རོ་བསལ། ངག་བྱིན་གྱིས་བརླབས། ཚིག་བདུན་གསོལ་འདེབས། སྒྲོལ་དཀར་བསྒོམ་ཟླས་ཁྱུག་ཙམ་མཐར། སོ་སོའི་ཉམས་ལེན་གྱི་དངོས་གཞི་ལ་འཇུག །དེ་རྗེས་གསང་ཐིག་རྡོར་སེམས་སྒོམ་བཟླས་ཁྱུག་ཙམ་དང་། དབང་ལེན་བཅས་གྲུབ་ནས་ཐོ་རངས་ཐུན་གྲོལ། རི་བོའི་བསང་མཆོད་དང་ཕྱག་དྲུག་བསང་མཆོད་བཅས་གཏོང་། ཆབ་གཏོར་རྒྱས་བསྡུས་གང་རུང་དང་སྡོམ་གསུམ་གསོ་སྦྱོང་བཅས་ལེགས་སྲུང་བྱ། ཐུན་གཉིས་པ། སོ་སོའི་ཉམས་ལེན་དངོས་གཞི་ལ་འཇུག །ཐུན་གྲོལ་རྗེས་དཀོན་མཆོག་རྗེས་དྲན་དང་། ཕུད་མཆོད། མཐར་མདོ་བསྔོ་བ་བཅས་གྲུབ་ནས་བར་བསམ་སྒྲོལ་གསུམ་འདོན། ཕྱི་ཐུན་གྱི་ཐོག་མར་གསང་ཐིག་ཡང་དག་གི་སྒོམ་བཟླས་ཁྱུག་ཙམ་བཏང་ནས་ཐུན་གྱི་དངོས་གཞི་ལ་འཇུག །ཐུན་གྲོལ་བ་ན་རྒྱུད་སྡེ་ལྔའི་བདག་བསྐྱེད་དང་ཕྱག་དྲུག་པའི་གཏོར་ཆོག་འབྲིང་པོ་དང་། བེར་ཅན་གྱི་གཏོར་བསྔོས་བསྡུས་པ། མཐར་ཤེར་སྙིང་ཟློག་པ། སེང་གདོང་སོགས་འདོན། མེ་བསུར་གཏོང་ཞིང་སྨོན་ལམ་རྣམ་ལྔ་ནས་ལེའུ་རེ་རེ་རེས་མོས་ཀྱིས་འདོན། དེ་རྗེས་དགོང་ཐུན་གྱི་དངོས་གཞི་ལ་འཇུག །མཐར་གསང་ཐིག་ཕུར་པའི་སྒོམ་བཟླས་དང་། གཏོར་འབུལ་དབང་ལེན་བཅས་གྲུབ་ནས་ཐུན་གྲོལ། ལུས་མཆོད་སྦྱིན་གྱི་ཉམས་ལེན་མཐར་བསྔོ་སྨོན་བཅས་གྲུབ་ན། ཉིན་གཅིག་གི་ཉམས་ལེན་རྣལ་འབྱོར་མཐར་ཕྱིན་པའོ།
།ཟླ་གཅིག་གི་དུས་མཆོད་སྐོར་ལ། ཚེས་བཅུ་ལ་མཁའ་སྤྱོད་དཀར་མོའི་ཚོགས་མཆོད། ཚེས་བཅོ་ལྔ་ལ་བདེ་མཆོག་ལྷ་ལྔའི་ཚོགས་མཆོད། ཚེས་ཉེར་ལྔ་ལ་མཁའ་སྤྱོད་དམར་མོའི་ཚོགས་མཆོད། ཚེས་ཉེར་དགུ་ལ་ཕྱག་དྲུག་གི་དགུ་གསོལ་རྒྱས་པ། ཚེས་སུམ་ཅུ་ལ་རྒྱུད་སྡེ་ལྔ་གཙོ་བསྡུས་ཀྱི་ཚོགས་མཆོད་བཅས་སྒྲུབ། ལོ་གཅིག་གི་དུས་མཆོད་ལ། བོད་ཟླ་དང་པོ། སངས་རྒྱས་ཀྱི་ཆོ་འཕྲུལ་སྟོན་པའི་དུས་ཆེན་གྱི་ཚེས་བཅུ་བཞིར་མི་ལ་རས་པའི་དུས་ཆེན་ནུབ་མོ་བཀའ་བརྒྱུད་མགུར་མཚོ་དང་རས་བུས། ཚེས་བཅོ་ལྔ་ཉིན་རྗེ་མར་པའི་དུས་ཆེན་ལ་མི་ལའི་བླ་སྒྲུབ་ཀྱི་ཚོགས་མཆོད། ཚེས་ཉེར་ལྔ་ལ་ཀརྨ་པ་བདུད་འདུལ་རྡོ་རྗེའི་དུས་ཆེན་ལ་བདུད་འདུལ་རྡོ་རྗེའི་གསོལ་འདེབས་དང་ཕྱག་ཆེན་སྨོན་ལམ། བོད་ཟླ་གཉིས་པའི་ཚེས་གཉིས་ལ་གཏེར་ཆེན་མཆོག་གླིང་དུས་ཆེན་ལ་གསང་ཐིག་རྡོར་སེམས་ཀྱི་ཚོགས་མཆོད། ཚེས་ཉེར་ལྔར་སི་ཏུ་ཆོས་འབྱུང་དུས་ཆེན་ལ་ཡང་དག་གི་ཚོགས་མཆོད། ཚེས་ཉེར་བརྒྱད་ལ་ཇོ་ནང་ཏཱ་ར་ནཱ་ཐའི་དུས་ཆེན་ལ་རྒྱུད་སྡེ་ལྔ་གཙོ་བསྡུས་ཀྱི་ཚོགས་མཆོད། བོད་ཟླ་བཞི་པའི་ཚེས་གསུམ་ལ་བསང་མཆོད་དགེ་ལེགས་སྤྲིན་ཕུང་། ཚེས་བཅུ་ལ་དཀོན་མཆོག་སྤྱི་འདུས་ཀྱི་ཚོགས་མཆོད། བོད་ཟླ་དྲུག་པའི་ཚེས་བཞི་ལ་དྭགས་པོ་ཟླ་འོད་གཞོན་ནུ་དང་རང་བྱུང་རྡོ་རྗེའི་དུས་ཆེན་ལ་རྒྱས་ན་བཀའ་བརྒྱུད་མགུར་མཚོ་དང་བསྡུས་ན་མི་ལའི་བླ་སྒྲུབ་ཀྱི་ཚོགས་མཆོད། བོད་ཟླ་དགུ་པའི་ཚེས་བཅུ་བཞི་ཁྱུང་པོའི་དུས་ཆེན་ལ་ཤངས་ལུགས་བླ་མཆོད་ཀྱི་ཚོགས་མཆོད། བོད་ཟླ་བཅུ་གཉིས་པའི་ཚེས་བཅོ་བརྒྱད་ལ་ཀུན་མཁྱེན་དྲི་མེད་འོད་ཟེར་གྱི་དུས་ཆེན་ལ་གསང་ཐིག་ཕུར་པའི་ཚོགས་མཆོད་བཅས་ལོ་གཅིག་གི་དུས་མཆོད་ལེགས་པར་གྲུབ་ཟིན་པའོ།
།དེ་ལྟར་ནི་གུའི་སྒྲུབ་སྡེ་འདི་ཉིད་ཀྱི་ལོ་གཅིག་གི་སྒྲུབ་པ་དང་། ཞག་གཅིག་གི་ཉམས་ལེན་གྱི་ཚུལ་དང་། ལོ་གཅིག་གི་དུས་མཆོད་ཁག །ཟླ་གཅིག་གི་དུས་མཆོད་བྱ་ཚུལ་རྣམས་འཇམ་མགོན་ཀོང་སྤྲུལ་བློ་གྲོས་མཐའ་ཡས་ཀྱི་ཙཱ་འདྲའི་དཀར་ཆག་ཞིང་ཁམས་ཀུན་ཁྱབ་ཀྱི་སྒྲ་སྙན་ཞེས་པ་གཞིར་བཟུང་བ་དང་། རྣལ་འབྱོར་པ་སྨྱུང་གནས་བླ་མ་ཨ་རྡོའི་གསུང་གིས་ཟུར་བརྒྱན་ཏེ་ཕྱི་རབས་སྒྲུབ་བརྩོན་རྣམས་ཉམས་ལེན་རྣལ་མ་ཞིག་ཡོང་ཕྱིར་བན་ཆེན་འབྲོང་པ་སྤྲུལ་སྐུ་ཀརྨ་བསྟན་འཛིན་འཕྲིན་ལས་རྣམ་རྒྱལ་གྱིས་སྤྱི་ལོ་1995ལོའི་ཟླ་བ9ཚེས10ཉིན་སུག་བྲིས་བགྱིས་པ་གཞིར་བཟུང་སྟེ་སྒྲུབ་སྡེ་གཞན་དང་ཅུང་མི་འདྲ་བས་རགས་ཙམ་བཀོད་པའོ།


Loading map...