Mkhas grub khyung po'i zhal gdam ngag byin brlab sogs

From Shangpa Resource Center
Revision as of 10:50, 5 March 2022 by Sengue (talk | contribs)








Resource ID Sup23
Title mkhas grub khyung po'i zhal gdam ngag byin brlab song
Topics Various
Sub-Topics Various
Associated Person Khyungpo Neljor
Link BDRC W3CN18508 (v3p.104 shorter+180)

W3CN18508 v3 p104:
༈ མཁས་གྲུབ་ཁྱུང་པོའི་ཞལ་གདམ་ངག་བྱིན་བརླབ་སོགས་བཞུགས་སོ།།
ན་མོ་གུ་རུ་བྷྱེ། བླ་མ་དང་འཇམ་དཔལ་ཞི་ཁྲོའི་ལྷ་ཚོག་ལ་ཕྱག་འཚལ་ལོ།
འཕག་ཡུལ་གྲུབ་པའི་དབང་ཕྱུག་ཐམས་ཅད་གྱི་ཐུགས་བཅུད་སྙིང་ཁུ་གདམ་པའི་བཅུ་ལེན་གྱི་ཚེ་གཅིག་འཇའ་ལུས་གྲུབ་པའི་རྡོ་རྗེའི་སྐུ་སྔོན་བྱོན་མཁས་གྲུབ་ཁྱུང་པོ་རྒྱལ་གྱུར་གཅིག །དེ་ཡང་འདིར་མཁས་གྲུབ་ཁྱུང་པོ་རྣལ་འབྱོར་ཡོངས་སུ་གྲགས་པ་དེ་ཉིད་ཀྱི་ཞལ་གདམ་ཁྱུང་པོ་འགྱུར་བརྒྱད་དུ་གྲགས་པའི་བརྒྱད་པ་ནི། དེ་ཉིད་ལས་སྔར་ལག་ལ་བྱིན་མ་རླབ་པས་སྔགས་བཟླས་པ་རྣམ་ལ་ནུས་པ་མི་འབྱུང་། དཔལ་ཨ་ལི་ཀ་ལིའི་གདམ་ངག་ཡོད། སྔགས་མི་འགྲུབ་སྙམ་པའི་དོག་པ་མེད། ཅེས་གསུང་པ་འདི་ཡིན་ལ། དེའི་དོན་ཉམ་ལེན་དུ་སྒྲིམ་ནས་བརྗོད་ན་འདི་ལྟ་རང་ཉིད་མལ་ནས་ལ་དུས་བསྐྱབས་སེམས་ཅི་ལྟར་བྱས་ལ། ལྷག་པའི་ལྷ་གང་རུང་ང་བརྒྱལ་གསལ་སྣང་གི་ངང་ནས་རང་གི་ལྕེའི་སྟེང་དུ་ཨ་ལས་ཟླ་དཀྱིལ་མ་བྲལ་ཁ་བུབ་པ་ལྟ་བུ་གསལ་གདབ། དེའི་སྟེང་དུ་ཆུ་ལས་ཆུ་བུར་རྡོལ་བའི་ཚུལ་གྱི་ཨོཾ་ཡི་དཀར་པོ་ཞིག་ཐོར་བྱེ་བྱུང་བར་བསམ། དེའི་ཐ་དཀོར་དུ་མདུན་ནས་རྩམ་དེ་ཨོཾ་ཨ་ཨ་ཞེས་པ་ནས་ཨཾ་ཨའི་བར་ཁ་དོག་དཀར་པོ་དང་དེའི་ནང་ཁ་གྷ་ང་ཞེས་ན་ཧ་ཀྴའི་བར་ཁ་དོག་དམར་པོ། དེའི་ཕྱི་རོལ་ཨོཾ་ཡེ་དྷར་མ་ཁ་དོག་སྔོན་པོ་དང་ཤིང་གསལ་བ་གཡས་དཀོར་དུ་འཁོར་བ་འོད་གྱི་རང་བཞིན་གཅིགས་གསལ་བཏབ། དེ་ནས་རང་གི་ཡི་དམ་ལྷའི་སྙིང་པོ་དང་རྟེན་འབྲེལ་དབྱངས་གསལ་དང་བཅས་བདུན་བརྒྱ་ཉེར་གཅིག་ནས་བརྒྱ་གང་རུང་བརྗོད་པ་དང་དུས་སྙམས་སྔག་གསུམ་པོ་དུས་སྙམ་དུ། ཨོཾ་དང་བཅས་པ་ལས་འོད་ཟེར་འཕྲོས་པས་ཕྱོགས་བཅུའི་རྒྱལ་བ་སྲས་བཅས་ཐམས་ཅད་ཀྱི་བྱིན་རླབས་ནུས་ཐུ་ཐམས་ཅད་ཨ་ལི་ཀ་ལི་དང་རྟེན་འབྲེལ་སྙིང་པོའི་རྣམ་པར་བཀུགས་ནས། ཨོཾ་སྔགས་ཕྲེང་དང་བཅས་པ་ལ་ཐིམ། དེ་བཞིན་དུ་འཇིགས་བྱེད་དང་འཇིག་རྟེན་ལས་ཟླས་པའི་ཕུན་ཚོགས་ཐམས་ཅད་རྒྱལ་སྲིད་སྣ་བདུན་བཀྲ་ཤིས་རྟགས་བརྒྱད་ཀྱི་རྣམ་པ་དང་། གཞན་ཡང་དྲོང་བདེན་ཚིགས་འགྲུབ་པ་གྲུབ་པ་ཐོབ་པ་ཐམ་ཀྱི་ནུས་ཐུ་ཐམས་ཅད་དབྱངས་གསལ་དང་རྟེན་འབྲེལ་སྙིང་པོའི་རྣམ་པར་བཀྲུག་ནས་བྱིན་རླབ་ནུས་ཐུ་ཐམས་ཅད་གཅིག་དུ་འདུས་པའི་བདག་ཉིད་ཅན་དུ་མོས་པའི་ཐར་ཨོཾ་ཡིགས་ལས་འོད་ཟེར་འཕྲོས་པ། རྟེན་འབྲེལ་སྙིང་པོ་དབྱངས་གསལ་དང་བཅས་པ་ལ་ཕོགས་པས་དེ་རྣམས་འདོད་བདུད་རྩིའི་རང་བཞིན་དུ་ལྡེམ་ཀྱི་ཞུ་བ་ཨོཾ་ལ་ཐིམ། ཨོཾ་ཡང་བདུད་རྩིའི་རང་བཞིན་དུ་ཞུ་བ་ཟླ་དཀྱིལ་ཐིམ་ཟླ་དཀྱིལ་འོད་དུ་ཞུ་བ་ཨར་བྱུར་ཨ་དེ་ཡང་བདུད་རྩི་དཀར་དམར་གྱི་རྣམ་པར་རང་ཞི་ལྕེ་ལ་ཐིམ་པས་ལྕེ་རྡོ་རྗེའི་རང་བཞིན་དུ་གྱུར་ཅི་བརྒྱལ་བ་སྲས་བཅས་དྲོང་གྲུབ་པ་རྣམ་ཀྱི་ནུ་པ་ཐམས་ཅད་རང་ཞིི་ངག་ལ་ཞུ་བ་མོས།
༈ མ་གཅིག་གྲུབས་པའི་རྒྱལ་མོའི་ཞལ་ནས། བུ་རས་ཆུང་པ་ལ་རྐྱེན་བློ་བུར་བ་འདི་གར་ཡོངས་ཆ་མེད་པས། སེམས་ཅན་རྣམ་ཚེ་ཐུང་བ་ཡིན། དེ་ལ་ནད་ཀྱི་ཆག་སྒོ་སྒག་པ་ཅེས་སོ། དཔེན་ན་མཁྱིམ་ལ་འགྲོ་བའི་ཚེ་སྒོ་ཆེ་བ་བཞིན། ནད་ཐམས་ཅད་འཇུག་པའི་སྒོ་སྣ་བུག་གཉིས་ཡིན། སྣ་སྒོ་རྫས་ཀྱི་སྒག་པ་ལ་རིམ་ནད་སྐྱེན་བློ་བུར་གི་ནད་གདོན་བསྒེགས་སོགས་གང་གི་ཡང་མི་ཚུག་པ། རྫས་པ། ཛ་ཏི། སུཀྨེམ། ཀ་ཀོ་ལ། བཅུ་ཀང་། གུར་གུམ། ལི་ཤི །མུ་ཟི། གླ་རྩི། ག་བུར། ཤིང་ཀུན། གུ་གུལ། བྲུ་དག །རྟ་བོང་། སྤུ་ནག །གྷི་ཝང་། བོང་བ་ནག་པོ། སྒོག་པ་ཆིང་སྐྱེད།
མཁས་གྲུབ་ཁྱུང་པོའི་ཨ་ལི་ཀ་ལི་ཡེ་དྷར་མའི་གདམ་པ་འདི་སྒོམ་ཤེས་ན་སྔགས་ལ་ནུས་པ་མེད་པ་མི་བསྲིད་ཞིང་། བྱེ་བར་འགྱུར་བ་དང་། ཉིན་གཅིག་གི་ཚིག་སྐྱལ་ཡང་སྔག་སུ་འགྲོ་བ་གསུམ་ལས་ཟླ་བའི་དཀྱིལ་འཁོར་དེ་སྟོང་ཨོཾ་དཀར་པོ་ཐོར་བྱུང་། མདུན་ནས་རྩམ་གཡས་དཀོར་དུ་ཨ་ཨཱ། དེའི་ནང་ཀ་ཁ་གྷ་ང་། གཡས་དཀོར་ཁ་དོགས་དམར་པོ། དེའི་གྱི་རིམ་ཡེ་དྷར་མས་ཁ་དོག་སྔོན་པོ། སྔགས་ཕྲེང་རྣམ་ལས་རིམ་གྱི་འོད་ཟེར་ཕྲོས་ཕྱོག་བཅུའི་རྒྱལ་བ་སྲས་བཅས་འཇིག་རྟེན་དང་འཇིག་རྟེན་ལས་མདས་པའི་ཆེ་བཙན་དྲེགས་པའི་བསྡེ་བརྒྱད་ཀྱི་ནུས་ཐུ་ཐམས་ཅད་ཀུན་དེ་ཐིམ་པར་བསམ་མོ།
།བཛྲ་ཧེ་ཧུ་ནི་ཁྲོལ། མ་མ་དྲག་མོ་ནི་ཁྲོལ། ཨ་བེ་ཤ་ཡ་ནི་ཁྲོལ། སྟོང་རྩ་རྒྱད་ལ་སོགས་པ་ཟླས་མུས་རབ་དེ་ཟོས་ན་ཉིན་གཅིག་གི་རིང་། དགྲ་བོའི་ཟས་་་་དམ་ཚིགས་ཉམ་ཤིང་། རང་ལ་ཏིང་ནས་མི་དགའ་བའི་ཏམ་འབྲེས་ཟས་ཟོས་ྕི་བྱུང་ཡང་། ཆོས་བསྲུང་ཡི་དམ་རང་ལ་སྒྲིབ་མི་འབྱུང་། བར་ཆད་མི་འབྱུང་་་་་་ཨིཐི།

W3CN18508 v3 p180:
ན་མོ་གུ་རུ་བྷྱེ། བླ་མ་དང་འཇམ་དཔལ་ཞི་ཁྲོའི་ལྷ་ཚོག་ལ་ཕྱག་འཚལ་ལོ།
འཕགས་ཡུལ་གྲུབ་པའི་དབང་ཕྱུག་ཐམས་ཅད་ཀྱི། ཐུགས་བཅུད་སྙན་རྒྱུད་གདམས་པའི་བཅུད་ལེན་གྱི། ཚེ་གཅིག་འཇའ་ལུས་གྲུབ་པ་རྡོ་རྗེའི་སྐུ། མངོན་གྱུར་གྲུབ་དབང་ཁྱུང་པོ་རྒྱལ་གྱུར་གི །དེ་ལ་འདིར་མཁས་གྲུབ་ཁྱུང་པོ་རྣལ་འབྱོར་ཞེས་ཡོངས་སུ་གྲགས་པ་དེ་ཉིད་ཀྱིས་ཞལ་གདམས་ཁྱུང་པོ་མགུར་བརྒྱད་དུ་གྲགས་པའི་བརྒྱད་པ་ནི། དེ་ཉིད་ལས། སྔར་ངག་ལ་བྱིན་གྱིས་མ་བརླབ་པས། སྔགས་བཟླས་པ་རྣམ་ལ་ནུས་པ་ཆུང་། དཔལ་ཨཱཱ་ལི་ཀཱ་ལིའི་གདམས་པ་བདོག སྔགས་མི་འགྲུབ་སྙམ་པའི་དོག་པ་མེད། ཞེས་གསུངས་པ་ཉིད་ཡིན་ལ། དེའི་དོན་ཉམས་ལེན་ལ་དྲིལ་ནས་བརྗོད་ན་འདི་ལྟ་སྟེ། རང་ཉིད་མལ་ནས་བཞོངས་མ་ཐག་སྐྱབས་འགྲོ་སེམས་སྐྱེད་སྤྱི་ལྟར་བྱས་ལ། ལྷག་པའི་ལྷ་གང་རུང་གི་ང་རྒྱལ་དང་གསལ་སྣང་ལ་གནས་པའི་ངང་ནས་རང་གི་ལྕེའི་སྟེང་དུ། ཨཱཿལས་ཟླ་བའི་དཀྱིལ་འཁོར་ཉ་གང་བ་དབྱིབས་མཎྜལ་ཁ་སྦུབ་པ་ལྟ་བུ་གསལ་གདབ། དེའི་དབུས་སུ་ཆུ་ལས་ཆུ་བུར་རྡོལ་བའི་ཚུལ་གྱིས་ཨོཾ་ཡིག་དཀར་པོ་ཞིག་ཐོལ་གྱིས་བྱུང་བར་བསམ། དེའི་མཐའ་སྐོར་དུ་མདུན་ནས་བརྩམས་སྟེ་གཡས་སྐོར་དུ་ཨོཾ་ཨ་ཨཱ། ཞེས་པ་ནས། ཨཾ་ཨཿཞེས་པའི་བར་གྱིས་ཨ་ལི་ཚར་གཅིག་གིས་སྐོར་བ་ཁ་དོག་དཀར་པོ་དང་། དེའི་ནང་དུ་ཀ་ཁ་ག་གྷ་ང་། ཞེས་པ་ནས། ས་ཧ་ཀྵ་སྭཱཧཱའི་བར་གྱི་ཀཱ་ལི་རྣམས་ཁ་དོག་དམར་པོ་གཡོན་སྐོར་དུ་གནས་པ། སྔགས་ཕྲེང་དེ་གཉིས་ཀྱི་ཕྱི་རོལ་དུ་ཨོཾ་ཡེ་དྷརྨཱ་ཞེས་པ་ནས་མ་ཧཱ་ཤྲ་མ་ཎ་ཡེ་སྭཱཧཱ། ཞེས་པའི་བར་རྣམས་ཚར་གཅིག་གིས་གཡས་སྐོར་དུ་བསྐོར་བ་ཁ་དོག་སྔོན་པོ་དྭངས་ཤིང་གསལ་བ་འོད་ཀྱི་རང་བཞིན་ཅན་གཅིག་གསལ་གདབ། དེ་ནས་རང་གི་ཡི་དམ་ལྷ་དེའི་སྙིང་པོ་དང་རྟེན་འབྲེལ་དབྱངས་གསལ་དང་བཅས་པ་ལན་གསུམ་མམ་བདུན་ནམ་ཉེར་གཅིག་གང་རུང་བརྗོད་པ་དང་མཉམ་དུ་སྔགས་ཕྲེང་གསུམ་ཨོཾ་དང་བཅས་པ་ལས་འོད་ཟེར་འཕྲོས་པས། ཕྱོགས་བཅུའི་རྒྱལ་བ་སྲས་དང་བཅས་པ་ཐམས་ཅད་ཀྱི་བྱིན་རླབས་ཐམས་ཅད་ཨཱ་ལི་ཀཱ་ལི་དང་རྟེན་འབྲེལ་སྙིང་པོའི་རྣམ་པ་ཅན་དཔག་ཏུ་མེད་པ་བཀུག་ནས་ཨོཾ་སྔགས་ཕྲེང་དང་བཅས་པ་ལ་བསྟིམ། དེ་བཞིན་དུ་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཕུན་ཚོགས་ཐམས་ཅད་རྒྱལ་སྲིད་སྣ་བདུན། བཀྲ་ཤིས་རྟགས་བརྒྱད་ལ་སོགས་པའི་རྣམ་པ་དང་། གཞན་ཡང་དྲང་སྲོང་བདེན་ཚིག་གྲུབ་པ་དང་། གྲུབ་པ་ཐོབ་པའི་རྣལ་འབྱོར་པ་རྣམས་ཀྱི་ངག་ནུས་བྱིན་རླབས་ཐམས་ཅད་དབྱངས་གསལ་དང་རྟེན་འབྲེལ་སྙིང་པོའི་རྣམ་པར་བཀུག་ནས་སྔགས་ཕྲེང་ཨོཾ་དང་བཅས་པ་ལ་ཐིམ་པས་བྱིན་རླབས་ནུས་མཐུ་ཐམས་ཅད་གཅིག་དུ་བསྡུས་པའི་བདག་ཉིད་ཅན་དུ་མོས་པའི་མཐར་ཨོཾ་ཡིག་ལས་འོད་ཟེར་འཕྲོས་པ་རྟེན་འབྲེལ་སྙིང་པོ་དབྱངས་གསལ་དང་བཅས་པ་ལ་ཕོག་པས་དེ་རྣམས་འདོད་བདུད་རྩིའི་རང་བཞིན་ཅན་དུ་ལྡེམ་གྱིས་ཞུ་བ་ཨོཾ་ལ་ཐིམ། ཨོཾ་ཡང་འོད་དུ་བདུད་རྩིའི་རང་བཞིན་ཅན་དུ་ཞུ་བ་ཟླ་བའི་དཀྱིལ་འཁོར་ལ་ཐིམ། ཟླ་དཀྱིལ་དེ་ཉིད་འོད་དུ་ཞུ་བ་ཨ་རུ་གྱུར། ཨ་དེ་ཡང་བདུད་རྩི་དཀར་དམར་གྱི་རྣམ་པ་རང་གི་ལྕེ་ལ་ཐིམ་པས་ལྕེ་རྡོ་རྗེའི་རང་བཞིན་དུ་གྱུར་ཅིང་། རྒྱལ་སྲས་བཅས་ཐམས་ཅད་དང་དྲང་སྲོང་གྲུབ་པ་རྣམས་ཀྱི་ངག་ནུས་ཐམས་ཅད་རང་གི་ངག་ལ་ཞུགས་པས་ངག་ནུས་པ་ཕུན་སུམ་ཚོགས་པ་དང་ལྡན་པར་བྱིན་གྱིས་རླབས་བྱུང་སྙམ་དུ་བསམ་པར་བྱའོ།
།དེ་ལྟར་བྱིན་གྱིས་བརླབ་པས་བཟླས་བརྗོད་གང་བྱས་བྱེ་བར་འགྱུར་བ་དང་། རྨོ་དང་སྒོག་གཙང་དང་ཤ་སོགས་ཀྱིས་སྔགས་ཀྱི་ནུས་པ་མི་འཕྲོག་ཅིང་། ཐ་ན་དེ་ཉིན་ངག་ཀྱལ་སྨྲས་པ་རྣམས་ཀྱང་བཟླས་བརྗོད་དུ་འགྲོ་བར་བཤད་པས་ཚེག་ཆུང་ངུས་དོན་ཆེན་པོ་འགྲུབ་པའི་མན་ངག་ཟབ་ལ་ཁུངས་བཙུན་པ་ཡིན་པར་ཤེས་པར་བྱོས་ཤིག
།གསེར་འགྱུར་རྩི་ཡིས་ལྕང་ཁམས་བསྒྱུར་བ་ལྟར། །ཐ་མལ་ངག་ཀྱང་དོན་ལྡན་བཟླས་བརྗོད་དང་། །སྔགས་བཟླས་ཉིད་ཀྱང་མང་པོར་བསྒྱུར་བྱེད་པའི། །འཕྲུལ་འདེང་མན་ངག་གནད་ཀྱི་ལྡེ་མིག་འདི། །བློ་གྲོས་བཟང་ཞིང་རྒྱལ་བསྟན་ཕན་བདེའི་གཞིར། །མཐོང་བ་གང་དེའི་གསུངས་ནན་བཀའ་བརྩོལ་པ། །དང་དུ་བླངསྟེ་མ་ཏི་ཤ་ས་ནའི། །བླ་མའི་མན་ངག་ཇི་བཞིན་ཡིགངེར་བཀོད། །ནངོས་གང་བླ་མ་ལྷ་དང་མཁས་ལ་འཆགས། །དགེ་བ་གང་མཆིས་བདག་དང་འགྲོ་བ་ཀུན། །བཟླས་བརྗོད་མཐར་སོན་ཞི་ལྷག་དྲུག་ཅུ་ཡིས། །གསུངས་དབྱངས་ཡན་ལག་ཐོབ་པའི་རྒྱུར་གྱུར་ཅིག།
ཞེས་མཁས་གྲུབ་ཁྱུང་པོ་རྣལ་འབྱོར་ཞེས་བ་ཆེན་ཡོངས་སུ་གྲགས་པ་དེ་ཉིད་ཀྱིས་ངག་ལ་བྱིན་གྱིས་རླབས་པའི་མན་ངག་ཞལ་ཤེས་ཀྱི་གདམས་པ་འདི་ནི་རྗེ་བཙུན་བླ་མ་དམ་པའི་གསུངས་བཞིན་མ་ཏི་བྷ་དྲ་ཤ་ས་ནའི་མིང་ལྡན་གྱིས་ཡིག་གེར་བཀོད་པ་དགེ་ལེགས་སུ་གྱུར་ཅིག།