Rgyud sde lnga'i dkyil 'khor gyi cho ga don gsal

From Shangpa Resource Center
Revision as of 17:33, 10 December 2018 by Sengue (talk | contribs)








Resource ID SCv5p541
Title dpal rgyud sde lnga'i dkyil 'khor gyi cho ga don gsal rgyas byed
Topics Five Tantra Classes, Mandala ritual
Author Jetsün Taranatha

༄༅། །དཔལ་རྒྱུད་སྡེ་ལྔའི་དཀྱིལ་འཁོར་གྱི་ཆོ་ག་དོན་གསལ་རྒྱས་བྱེད་ཅེས་བྱ་བ་བཞུགས་སོ།།

ཨོཾ་སྭ་སྟི། །དཔལ་རྒྱུད་སྡེ་ལྔའི་དཀྱིལ་འཁོར་གྱི་ཆོ་ག་དོན་གསལ་རྒྱས་བྱེད་ཅེས་བྱ་བ། བླ་མ་དང་ལྷག་པའི་ལྷ་ལ་ཕྱག་འཚལ་ལོ། །དཔལ་ལྡན་རྡོ་རྗེ་འཛིན་པའི་ཞབས་ལ་གུས་འདུད་ན། །དངོས་གྲུབ་འབྲས་བུ་ཡང་དག་འབྱིན་པ་དང་། །མཐའ་དག་བགེགས་ཀྱི་ཚོགས་རྣམས་ཉེར་བཅོམ་ནས། །འགྲོ་ལ་ལྷག་པར་དགེ་བ་ཉིད་དུ་མཛོད། །རྡོ་རྗེའི་གསུང་གི་བྱིན་གྱིས་བརླབས་ནས་ཀྱང་། །བདག་གི་ངག་ཚིག་ཤིན་ཏུ་དྲི་མེད་པ། །གཞན་ལ་ཕན་པའི་བདུད་རྩིས་ཉེར་བསྒྲུབས་ནས། །མཐའ་ཡས་སྐྱེ་བོའི་དོན་ཆེན་འགྲུབ་པར་མཛོད། །འདིར་རྒྱུད་སྡེ་ལྔའི་དཀྱིལ་འཁོར་གྱི་ཆོ་ག་ནི། སློབ་མ་རྗེས་བཟུང་དང་། བསྙེན་པ་དང་། ས་ཆོག་དང་། ལྷག་གནས་དང་། དཀྱིལ་འཁོར་ཞག་གི་ཆོ་ག་དང་། བསྒྲུབ་ཅིང་མཆོད་པ་དང་། བདག་ཉིད་འཇུག་ཅིང་དབང་བླང་བ་དང་། སློབ་མ་དཀྱིལ་འཁོར་དུ་འཇུག་པ་དང་། སློབ་མའི་དབང་བསྐུར་བ་དང་། སློབ་དཔོན་གྱི་དབང་བསྐུར་བ་དང་། དབང་གོང་མ་རྣམས་སྦྱིན་པ་དང་། དཀྱིལ་འཁོར་ཉེར་བསྡུའི་ཆོ་ག་སྟེ་དོན་བཅུ་གཉིས་ཀྱིས་རྟོགས་པར་བྱའོ།
།དེའི་དང་པོ་ནི། དེང་སང་ལག་ལེན་མཛད་པ་མ་མཐོང་ལ།
གཉིས་པ་ནི་སྤྱི་དང་མཐུན་ཏེ། དེ་དག་གི་རྣམ་པར་བཞག་པ་ཤེས་པར་འདོད་ན། རྡོ་རྗེ་གདན་པའི་དཀྱིལ་མཆོག་མན་ཆད་དང་བཅས་པར་བལྟའོ།
།གསུམ་པ་ལ། ས་བརྟག་པ་དང་། མངོན་པ་ལས་བསླང་བ་ཡང་སྤྱི་དང་འདྲ་མོད་ཀྱི། ད་ལྟར་མི་བྱེད་པར་སྣང་ངོ་། །མི་སྣང་བ་ལས་བསླང་བ་ལ་གསུམ་ལས།
དང་པོ་ཕྱོགས་སྐྱོང་ལས་བསླང་བ་ནི། གཏོར་མ་དང་མཆོད་པ་བཤམ།
ཨ་མྲྀ་ཏས་བསང་། སྭ་བྷཱ་ཝས་སྦྱང་།
སྟོང་པའི་ངང་ལས་ཨ་ལས་བྱུང་བའི་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བ་རྣམས་ཀྱི་ནང་དུ། ཨོཾ་ཨཱཿཧཱུྃ་ཞུ་བ་ལས་བྱུང་བའི་ལྷ་རྫས་ལས་གྲུབ་པའི་མཆོད་ཡོན། ཞབས་བསིལ། མེ་ཏོག །བདུག་སྤོས། མར་མེ། དྲི་ཆབ། ཞལ་ཟས། རོལ་མོ་ལ་སོགས་པ་མཆོད་རྫས་རྣམས་དྭངས་ཤིང་ཐོགས་པ་མེད་པ་ནམ་མཁའི་མཐའ་ཀླས་པར་གྱུར། ཨོཾ་བཛྲ་ཨརྒྷཾ་སྭཱ་ཧཱ། ཨོཾ་བཛྲ་པཱདྱཾ་སྭཱ་ཧཱ། ཨོཾ་བཛྲ་པུཥྤེ་ཨཱཿཧཱུྃ། དྷཱུ་པེ། ཨཱ་ལོ་ཀེ །གནྡྷེ། ནཻ་ཝིདྱཾ། ཤབྡ་ཨཱཿཧཱུྃ། གཏོར་མ་བསང་སྦྱང་།
སྟོང་པའི་ངང་ལས་ཨ་ལས་ཀ་པཱ་ལ་ཡངས་ཤིང་རྒྱ་ཆེ་བའི་ནང་དུ། ཧཱུྃ་ཞུ་བ་ལས་བྱུང་བའི་གཏོར་མ་ཡེ་ཤེས་ཀྱི་རང་བཞིན་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། ཨོཾ་ཨཱཿཧཱུྃ་ཧ་ཧོ་ཧྲཱིཿ ལན་གསུམ་གྱིས་བྱིན་གྱིས་བརླབ།
རང་གི་སྙིང་ག་ནས་འོད་ཟེར་འཕྲོས། ཕྱོགས་སྐྱོང་བ་བཅུ་སྲིད་པ་གསུམ་གྱི་འབྱུང་པོའི་ཚོགས་དང་བཅས་པ་བཛྲ་ས་མཱ་ཛ༔ ཨོཾ་ཨིནྡྲཱ་ཡ། ཨགྣེ་ཡ། ཡ་མཱ་ཡ། ནི་རི་ཏཱ་ཡ། ཝཱ་རུ་ཎཱ་ཡ། ཝཱ་ཡ་ཝེ། ཀུ་བེ་རཱ་ཡ། ཨཱི་ཤ་ནཱ་ཡ། ཨཱུརྡྷཾ། བྲཧྨཱ་ཡ། སཱུརྱ། གྲ་ཧ་ཨ་དྷི་པ་ཏ་ཡེ། ཙནྡྲ་ནཀྵ་ཏྲ་ཨ་དྷི་པ་ཏ་ཡེ། ཨ་དྷོ་པྲི་ཐཱི་ཝེ་བྷྱཿ ཨ་སུ་རེ་བྷྱ། ནཱ་གེ་བྷྱཿ ས་པ་རི་ཝཱ་ར་ཨརྒྷཾ་པྲ་ཏཱི་ཙྪ་སྭཱ་ཧཱ། ཐོག་མར་མཆོད་ཡོན་དང་། ཞབས་བསིལ་ཕུལ། དེ་ནས་ནམ་མཁའ་མཛོད་ཀྱི་སྔགས་སྦྱར་བ་ལན་གསུམ་གྱིས་གཏོར་མ་ཕུལ། དེ་ནས་པུཥྤེ་སོགས་ཀྱི་ཉེར་སྤྱོད་ལྔས་མཆོད།
དབང་པོ་རྡོ་རྗེ་འཆང་བའི་ལྷ། །ལྷ་ཡི་རྒྱལ་པོ་གདོན་གྱི་བདག །ཤར་ཕྱོགས་གདོན་གྱི་ཚོགས་བཅས་ལ། །མཆོད་ཅིང་བསྟོད་དེ་ཕྱག་ཀྱང་འཚལ། །མེ་སྟེ་བསྲེག་བྱ་ཟ་བའི་ལྷ། །དྲང་སྲོང་རྒྱལ་པོ༴ །ཤར་ལྷོ༴ །མཆོད་ཅིང་༴ །གཤིན་རྗེ་བེ་ཅོན་འཆང་བའི་ལྷ། །མ་མོའི༴ །ལྷོ་ཕྱོགས༴ །མཆོད་ཅིང་༴ །བདེན་དང་བྲལ་བ་ལེགས་ལྡན་ལྷ། །སྲིན་པོའི༴ །ལྷོ་ནུབ༴ །མཆོད་ཅིང༴ །ཞགས་པ་ཐོགས་པ་ཆུ་ཡི་ལྷ། །ཀླུ་ཡི༴ །ནུབ་ཕྱོགས༴ །མཆོད་ཅིང༴ །རླུང་སྟེ་སྲོག་ཀྱང་འཛིན་པའི་ལྷ། །རིག་འཛིན༴ །ནུབ་བྱང༴ །མཆོད་ཅིང༴ །གནོད་སྦྱིན་ལག་ན་དབྱུག་ཏོ་འཛིན། །ནོར་སྐྱོང༴ །བྱང་ཕྱོགས༴ །མཆོད་ཅིང༴ །དབང་དང་ལྡན་པ་འདྲེན་པའི་ལྷ། །འབྱུང་པོའི༴ །བྱང་ཤར༴ །མཆོད་ཅིང༴ །སྟེང་གི་ཚངས་པ་ཆེན་པོ་དང་། །ཉི་མ་ཟླ་བ་གཟའ་ཆེན་པོ། །གཟའ་དང་རྒྱུ་སྐར་བཅས་པ་ལ། །མཆོད་ཅིང་༴ འོག་གི་ཀླུ་སྟེ་ས་ཡི་བདག །ས་འཛིན་ལག་པ་ཆེན་པོ་དང་། །དམ་ཚིག་ཤེས་པའི་ཚོགས་བཅས་ལ། །མཆོད་ཅིང་བསྟོད་དེ་ཕྱག་ཀྱང་འཚལ། །ཅེས་བསྟོད།
ཤར་ཕྱོགས་རྡོ་རྗེ་ཅན་གྱི་ལྷ་ཚོགས་འཁོར་དང་བཅས། །གཏོར་མ་ཕུལ་བ་འདི་དག་བཞེས་སུ་གསོལ། །མེ་དང་གཤིན་རྗེ་བདེན་བྲལ་སྲིན་པོའི་བདག །ཆུ་བདག་རླུང་བདག་ནོར་གྱི་བདག་པོ་དང་། །དབང་ལྡན་ལྷ་སྟེ་འབྱུང་པོའི་བདག་པོ་དང་། །སྟེང་གི་ཉི་ཟླ་ཚངས་པ་ཆེན་པོ་དང་། །ལྷ་རྣམས་ཀུན་དང་གང་དག་ས་སྟེང་ཀླུ། །རི་ཡི་ལྷ་དང་གཙང་མའི་ཚོགས་བཅས་ལ། །ས་ས་སོ་སོར་གཏོར་མ་ཕུལ་བ་རྣམས། །རབ་ཏུ་དགྱེས་པའི་ཡིད་ཀྱིས་བཞེས་ནས་སུ། །རང་རང་ཕྱོགས་སུ་ལེགས་པར་བཞུགས་ནས་ཀྱང་། །རང་གི་བུ་སྨད་མཛའ་བཤེས་གཉེན་འདུན་བཅས། །ནང་མི་དམག་དང་དཔུང་བཅས་ཐབས་ཅིག་ཏུ། །ཕྲེང་བ་མེ་ཏོག་དྲི་དང་བདུག་པར་བཅས། །བསྟོད་དང་གཏོར་མ་མར་མེ་གུས་འབུལ་ན། །འདི་དག་གསོལ་ཞིང་ལེགས་པར་བསྣམས་ནས་ཀྱང་། །བདག་གི་ལས་ཀྱི་འབྲས་བུ་མཆིས་པར་མཛོད། །ཅེས་ཕྲིན་ལས་བཅོལ། མཐར། སའི་ཕྱོགས་འདིར་བདག་དཀྱིལ་འཁོར་གྱི་ལས་བརྩམ་ན། སའི་ཕྱོགས་འདི་བདག་ལ་སྩོལ་ཞིང་ཕན་པ་དང་བདེ་བའི་སེམས་ཀྱི་སྡོང་གྲོགས་ཁྱད་པར་ཅན་མཛད་དུ་གསོལ། གང་དག་སྡང་བ་དང་གདུག་པའི་སེམས་དང་ལྡན་པ་ལོག་པར་ལྟ་བའི་བགེགས་དང་། ལོག་པར་འདྲེན་པ་ཐམས་ཅད་སའི་ཕྱོགས་འདིར་མ་གནས་པར་གཞན་དུ་སོང་ཞིག །ཅེས་བརྗོད་ལ་ཚམ་རྔམ་དང་རོལ་མོའི་སྒྲ་དང་བཅས་གཏོར་མ་ཕྱིར་དོར་རོ།
།གཉིས་པ་ནི། གཏོར་མ་གཉིས་པ་ཞིག་བཤམས་ལ། གོང་བཞིན་བྱིན་གྱིས་བརླབས་ནས།
རང་གི་སྙིང་ག་ནས་འོད་ཟེར་འཕྲོས། གནས་བདག་གཞི་བདག་གྲོང་བདག་གཉུག་མར་གནས་པ་ལྷ་ཀླུ་གནོད་སྦྱིན་སྲིན་པོ་འབྱུང་པོའི་ཚོགས་དང་བཅས་པ་བཛྲ་ས་མཱ་ཛཿ ཨ་ཀཱ་རོ་ལན་གསུམ་གྱིས་ཕུལ། ཨརྒྷཾ་ནས་ཤབྡ་བར་གྱིས་མཆོད།
གང་དག་འདིར་གནས་ལྷ་དང་ཀླུ། །གནོད་སྦྱིན་སྲིན་པོ་གཞན་དག་ལ། །ས་འདི་བདག་གིས་བླང་བར་གྱིས། །དཀྱིལ་འཁོར་དོན་དུ་ཁྱོད་ཀྱིས་སྩོལ། །ཅེས་ལན་གསུམ་གསོལ་བ་བཏབ་པས་གནང་བ་བྱིན་པར་བསམ།
གཙྪ་གཙྪ་སྭ་བྷཱ་ཝ་ནཾ། ཞེས་རང་གནས་སུ་གཤེགས་པར་བསམ་ལ། གཏོར་མ་བཏང་ངོ་།
།གསུམ་པ་སའི་ལྷ་མོ་ལ་བླང་བ་ནི། དཀྱིལ་འཁོར་གྱི་ས་གཞི་དེ་ཉིད་དུ་མཎྜལ་བ་བྱུང་གིས་བྱུགས་པའི་དབུས་སུ་དྲི་བཟང་གི་ཐིག་ལེ་བྱས་ལ། མདུན་དུ་མཆོད་གཏོར་གསུམ་བཤམ། གོང་བཞིན་བྱིན་གྱིས་བརླབ།
རང་གི་སྙིང་ག་ནས་འོད་ཟེར་འཕྲོས། ས་འོག་ནས་སའི་ལྷ་མོ་འཁོར་དང་བཅས་པ་བཛྲ་ས་མཱ་ཛཿ
ཧཱུྃ་དབང་ཆེན་གསེར་གྱི་ས་གཞི་ལ་གནས་པའི། །སངས་རྒྱས་རྣམས་ཀྱིས་ཚོགས་གཉིས་དབང་བསྐུར་བ། །གསེར་མདོག་གསེར་གྱི་བུམ་པ་ཕྱག་ན་བསྣམས། །ས་འདིར་བདག་ཅག་ཚོགས་གཉིས་རྫོགས་པའི་ཕྱིར། །དཔང་མཛོད་ཐུགས་རྗེའི་བདག་ཉིད་ས་ཡི་ལྷ། །བྱང་ཆུབ་ཤིང་དྲུང་ཤཱཀྱ་ཐུབ་པ་ཡི། །སྤྱན་སྔར་ཐུགས་དམ་གང་བཞེས་དེ་དགོངས་ཏེ། །འདིར་བྱོན་བདག་ལ་བརྩེར་དགོངས་མཆོད་པ་བཞེས། །ཨོཾ་པྲྀ་ཐི་ཝི་དེ་ཝི་ཨཱ་ཀཪྵ་ཡ་ཛཿ དྲིའི་ཐིག་ལེའི་སྟེང་དུ་བྱོན་པར་གྱུར། །ཧཱུྃ་ལྷ་མོ་ཆེན་མོ་འདིར་བྱོན་ལེགས། །བདག་ཅག་བསོད་ནམས་སྐལ་བར་ལྡན། །བདག་གི་མཆོད་ཡོན་བཞེས་ནས་ཀྱང་། །འདི་ཉིད་དུ་ནི་བཞུགས་སུ་གསོལ། །ཨོཾ་པྲྀ་ཐི་ཝི་བྷྱཿག་ག་ན་ས་མ་ཡེ་ཧཱུྃ། ཞེས་མཆོད་ཡོན་ཕུལ།
ཇི་ལྟར་བལྟམས་པ་སོགས་ཀྱིས་ཁྲུས་གསོལ།
བདག་དང་འགྲོ་ལ་ཐུགས་བརྩེའི་ཕྱིར། །ཉིད་ཀྱི་རྫུ་འཕྲུལ་མཐུ་ཡིས་ནི། །ཇི་སྲིད་མཆོད་པ་བདག་བགྱིད་ན། །དེ་སྲིད་ལྷ་མོ་བཞུགས་སུ་གསོལ། །ཨོཾ་པྲྀ་ཐི་ཝི་བྷྱཿ པདྨ་ཀ་མ་ལ་ཡེ་སྟྭཾ། ཞེས་གདན་ཕུལ།
ཨོཾ་པྲྀ་ཐི་ཝི་བྷྱཿ ཞེས་པ་ཐམས་ཅད་ལ་སྦྱར་ནས།
ཨརྒྷཾ་ནས་ཤབྡ་བར་གྱིས་མཆོད། གཏོར་མ་ཨ་ཀ་རོ་དང་ནམ་མཁའ་མཛོད་ཀྱི་སྔགས་རྒྱས་རྒྱ་ཆེར་སྤེལ།
ཨོཾ་པྲྀ་ཐི་ཝི་བྷྱཿ ན་མཿསརྦ་ནས། ག་ག་ན་ཁཾ་གྲིཧྣེ་དཾ་བ་ལིཾ་དྱེ་སྭཱ་ཧཱ། ལན་གསུམ་གྱིས་ཕུལ།
ཁྱོད་ནི་ས་འཛིན་ལྷ་མོ་སྟེ། །སྐུ་ཕྱེད་ཐོན་པ་གསེར་གྱི་མདོག །རིན་ཆེན་སྣ་ཚོགས་རྒྱན་གྱིས་བརྒྱན། །ས་འོག་ལྷ་མོ་ཁྱོད་ལ་བསྟོད། །ཧཱུྃ་ས་ལ་རྒྱུ་བའི་ལྷ་ཀུན་དང་། །གང་ཡང་ས་ལ་བརྟེན་པ་རྣམས། །སེམས་ཅན་ཀུན་ལ་དགེ་དོན་དུ། །བྱམས་པའི་སེམས་ཀྱིས་གནང་བར་མཛོད། །ཅེས་བསྟོད་ཅིང་གསོལ་བ་བཏབ།
ཨོཾ་མ་མ་རིན་ཆེན་སྣ་ཚོགས་འཛིན། །དཔལ་ལྡན་ཧེ་རུ་ཀ་མཆོད་མ། །ལྷ་མོ་ཁྱོད་ནི་དཔང་མཛོད་ཅིག །ས་འདིར་དཀྱིལ་འཁོར་བྲི་བར་བྱ། །ལན་གསུམ་གསོལ་བ་བཏབ་པས་གནང་བ་བྱིན་པར་མོས་ལ།
སའི་ལྷ་མོ་སླར་ཡང་ས་དེ་ཉིད་ལ་ཐིམ། ས་སྦྱང་བ་ནི། ལག་པ་གཡས་པ་ས་ལ་རེག་ལ།
ཨོཾ་བྷུ་ཁཾ། ནམ་མཁའི་རང་བཞིན་དུ་གྱུར། ཧཱུྃ་ལཾ་ཧཱུྃ། རྡོ་རྗེའི་རང་བཞིན་དུ་གྱུར། ཡུངས་ཆུ་དང་ཐལ་བ་གཏོར་ལ།
ཨོཾ་ཧ་ན་ཧ་ན་བཛྲ་ཀྲོ་དྷ་ཧཱུྃ་ཕཊ། ཅེས་ལན་མང་དུ་བརྗོད།
ཨོཾ་མེ་དྷི་ནི་བཛྲི་བྷ་ཝ་བྷནྡྷ་ཧཱུྃ། ཞེས་བརྗོད། ས་བཟུང་བ་ནི། སློབ་དཔོན་གྱིས་དཀྱིལ་འཁོར་གྱི་ས་གཞིའི་གནས་སུ་འདུག་ལ། རྡོ་རྗེ་འཆང་ཆེན་པོའི་ང་རྒྱལ་ལ་གནས་པར་བྱ། ཕྱོགས་བཞིར་རྣམ་སྣང་ལ་སོགས་པའི་ང་རྒྱལ་འཛིན་པའི་སློབ་མ་བཞི་གནས་ཏེ། ནམ་མཁའ་མཛོད་ཀྱི་སྔགས་རྒྱས་མཆོད་པ་དཔག་ཏུ་མེད་པ་སྤྲུལ།
ཨརྒྷཾ་ནས་ཤབྡ་བར་གྱིས་སློབ་དཔོན་ལ་མཆོད། མི་བསྐྱོད་རྡོ་རྗེ་ཡེ་ཤེས་ཆེ། །སོགས་ཀྱིས་བསྟོད།
ཤར་མས། དེ་བཞིན་གཤེགས་པ་ཀུན་ཞི་བ། །དེ་བཞིན་གཤེགས་པ་ཀུན་གྱི་གནས། །ཆོས་ཀུན་བདག་མེད་པ་ཡི་མཆོག །དཀྱིལ་འཁོར་དམ་པ་བཤད་དུ་གསོལ།
།ལྷོ་མས། མཚན་རྣམས་ཐམས་ཅད་ཡང་དག་རྫོགས། །མཚན་མིན་ཐམས་ཅད་ཡང་དག་སྤངས། །ཀུན་ཏུ་བཟང་པོ་སྐུ་ཡི་མཆོག །དཀྱིལ་འཁོར་དམ་པ་བཤད་དུ་གསོལ།
།ནུབ་མས། ཞི་བའི་ཆོས་ནི་མཆོག་ལས་བྱུང་། །ཡེ་ཤེས་སྤྱོད་པ་རྣམ་སྦྱོང་བ། །ཀུན་ཏུ་བཟང་པོ་གསུང་གི་མཆོག །དཀྱིལ་འཁོར་དམ་པ་བཤད་དུ་གསོལ།
།བྱང་མས། སེམས་ཅན་ཀུན་གྱི་སེམས་ཆེན་པོ། །རང་བཞིན་དག་ཅིང་དྲི་མ་མེད། །ཀུན་བཟང་ཐུགས་མཆོག་ཁ་ལོ་སྒྱུར། །དཀྱིལ་འཁོར་དམ་པ་བཤད་དུ་གསོལ། །ཞེས་གསོལ་བ་བཏབ། དེ་ནས་སློབ་དཔོན་གྱིས་སེམས་ཅན་རྣམས་ལ་སྙིང་རྗེ་ཆེན་པོའི་སེམས་བསྐྱེད་དེ། སྐྱབས་འགྲོ་ནས་བརྩམས་བཟླས་པའི་མཐར་ཐུག་པ་སྒྲུབ་ཐབས་སུ་ཇི་སྐད་བཤད་པ་བཞིན་བསྒོམ་པར་བྱའོ།
།བདག་ཉིད་ཀྱི་ལུས་ཀྱི་དཀྱིལ་འཁོར་དང་ནས། ལྷའི་འཁོར་ལོར་གྱུར། བགེགས་གཏོར་གོང་བཞིན་བྱིན་གྱིས་བརླབས་ནས། ཨ་ཀཱ་རོ་ལན་གསུམ་གྱིས་བསྔོས་ཏེ་ཕྱིར་དོར།
ཧཱུྃ་དཀྱིལ་འཁོར་ཆེན་པོའི་ས་གཞི་ལ་གནས་པའི། །ལྷ་ལ་སོགས་པའི་བགེགས་ཚོགས་ཀུན་ཉོན་ཅིག །གནས་འདིར་བདེ་གཤེགས་ཕོ་བྲང་བདག་འབྲི་ཡི། །བགེགས་ཀྱི་ཚོགས་རིགས་གང་ཡིན་བྱེར་བར་གྱིས། །དེ་ཡང་ས་ཕྱོགས་བཟང་པོ་དྲི་མ་མེད་པ་ནམ་མཁའ་ལྟར་ཡངས་པ་འདིར། བདག་རྡོ་རྗེ་འཛིན་པ་མིང་འདི་ཞེས་བགྱི་བའི་སེམས་ཅན་ཐམས་ཅད་ཀྱི་དོན་དུ། དཔལ་རྒྱུད་སྡེ་ཆེན་པོ་ལྔའི་དཀྱིལ་འཁོར་འབྲི་བར་བྱེད་ན། ཁྱེད་ཅག་འདི་ན་གནས་པའི་ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་། འབྱུང་པོ་དང་། ཤ་ཟ་དང་། སྲིན་པོ་ལ་སོགས་པའི་གདོན་བགེགས་གང་དག་གནས་པ་དེ་ཐམས་ཅད་མྱུར་དུ་དེངས་ཤིག །གང་དག་མི་འགྲོ་བར་གྱུར་པ་དེ་ཐམས་ཅད་དཔལ་ཧེ་རུ་ཀའི་ཡེ་ཤེས་ཀྱི་རྡོ་རྗེ་རབ་ཏུ་འབར་བས་མགོ་བོ་ཨརྫ་ཀའི་དོག་པ་བཞིན་དུ་ཚལ་པ་བརྒྱར་འགས་པར་གྱུར་ཏ་རེ། ཞེས་ལན་གསུམ་བརྗོད་དེ། རོལ་མོའི་སྒྲ་དང་བཅས་པས་ཡུངས་ཀར་གཏོར་ལ་བགེགས་བསྐྲད།
ཨོཾ་སུམྦྷ་ནི་སུམྦྷུ་ཧཱུྃ་ཧཱུྃ་ཕཊ། ཨོཾ་གྲྀཧྞ་གྲྀཧྞ་ཧཱུྃ་ཧཱུྃ་ཕཊ། ཨོཾ་གྲྀཧྞ་པཱ་ཡ་གྲྀཧྞ་པཱ་ཡ་ཧཱུྃ་ཧཱུྃ་ཕཊ། ཨོཾ་ཨཱ་ན་ཡ་ཧོ་བྷ་ག་ཝན་བིདྱ་རཱ་ཛ་ཧཱུྃ་ཧཱུྃ་ཕཊ། ཅེས་པ་དང་ཧཱུྃ་གླུར་ལེན་ཅིང་དཀྱིལ་འཁོར་ལ་གཡས་སྐོར་དུ་ལན་གསུམ་བསྐོར།
ཨོཾ་ཡ་མཱནྟ་ཀྲྀ་ཏ་ཧཱུྃ་ཧཱུྃ། ཞེས་སོགས་ཁྲོ་བོ་བཅུའི་སྔགས་བརྗོད་ཅིང་ཕུར་བུ་བཅུ་ཁྲོ་བོ་བཅུའི་རང་བཞིན་རྣམས་གནས་འདི་ཉིད་དུ་གདོད་ནས་གྲུབ་པའི་ཁྲོ་བོ་བཅུ་སྐད་ཅིག་གིས་བྱོན་པར་གྱུར་པ་རྣམས་ཀྱི་ཕྱག་གཡོན་པ་རྣམས་སུ་ཕུར་བུ་རེ་རེ་གཏད།
ཨོཾ་གྷ་གྷ་གྷཱ་ཏ་ཡ་གྷཱ་ཏ་ཡ་སརྦ་དུཥྚཾ་ཕཊ། ཀཱི་ལ་ཡ་ཀཱི་ལ་ཡ་སརྦ་པཱ་པཾ་ཕཊ། ཧཱུྃ་ཧཱུྃ་ཧཱུྃ། བཛྲ་ཀཱི་ལ་ཡ། བཛྲ་དྷ་རོ་ཨཉྫཱ་པ་ཡ་ཏི། སརྦ་བིགྷྣཱན་ཀཱ་ཡ་ཝཱ་ཀ་ཙིཏྟ་བཛྲ་ཀཱི་ལ་ཡ་ཧཱུྃ་ཕཊ། ཅེས་ལན་བཅུ་བཟླས་ཤིང་ཕུར་བུ་བཏབ་ལ།
ཕྱོགས་བཅུའི་བགེགས་ཐམས་ཅད་ཚར་བཅད་པར་བསམ།
ཨོཾ་བཛྲ་མུདྒ་ར་བཛྲ་ཀཱི་ལ་ཡ་ཨཱ་ཀོ་ཊ་ཡ་ཧཱུྃ་ཕཊ། ཅེས་ཕུར་བུས་བརྡུང་བར་བྱའོ། །ཕུར་བུ་རྣམས་ལ་སོ་སོར་མཆོད་གཏོར་རེ་རེ་བཤམས་པའམ། ཐུན་མོང་དུ་གཅིག་བཤམས། གོང་བཞིན་བྱིན་གྱིས་བརླབས་ནས། ཨོཾ་ཡ་མཱནྟ་ཀྲྀ་ཏ་སོགས་ཀྱི་མཐར། ཨརྒྷཾ་ནས་ཤབྡའི་བར་སྦྱར་བས་མཆོད། ཡང་ན་གོང་གི་སྔགས་རྣམས་ཀྱི་མཐར་ཨི་དམ་བ་ལིཾ་ཧཱུྃ་ཧཱུྃ་ཧཱུྃ་ཕཊ་ཁ་ཁ་ཁཱ་ཧི་ཁཱ་ཧི་ཞེས་པས་གཏོར་མ་ཕུལ།
དཀྱིལ་འཁོར་ཆེན་པོའི་བྱ་བ་མཐར་མ་ཕྱིན་གྱི་བར་དུ་བར་ཆད་ཐམས་ཅད་བསྲུང་དུ་གསོལ། ཞེས་གསོལ་བ་བཏབ། མཆོད་གཏོར་དེ་བསྡུས་ལ་བདུག་སྤོས་ལ་སོགས་པའི་མཆོད་པ་རྒྱུན་མི་ཆད་པར་བྱའོ། །རྡོ་རྗེ་གདན་པའི་དཀྱིལ་ཆོག་ལྟར་ན་ས་ཆོག་ཕལ་ཆེ་བ་ཕྲེང་བ་སོགས་དཀྱིལ་འཁོར་གྱི་ཆོ་ག་སྤྱི་དང་མཐུན་ཤས་ཆེ་ནའང་། གྲུབ་ཆེན་ཁྱུང་པོའི་མན་ངག་ཐུན་མོང་མ་ཡིན་པ་དཀྱིལ་འཁོར་གྱི་ཆོ་ག་དངུལ་གདོང་མ་ཡིན་པས་འདིར་དེའི་ལུགས་བཞིན་དུ་བཤད་པ་ཡིན་ནོ།
།བཞི་པ་ལ་གསུམ། ལྷག་གནས་ཀྱི་སྔོན་འགྲོ་དང་། ལྷག་གནས་དངོས། མཇུག་གི་བྱ་བའོ།
།དང་པོ་ནི། གོང་དུ་བཤད་པ་ལྟར། ཕྱོགས་སྐྱོང་གི་གཏོར་མ་བཏང་ཞིང་བགེགས་བསྐྲད། མཆོད་པ་བསང་སྦྱང་བྱིན་རླབས་ཀྱང་གོང་བཞིན་ལས། ཤབྡའི་མཐར་ཨོཾ་བཛྲ་གཎྜེ་ར་ཎི་ཏ་ལ་སོགས་པས་རོལ་མོ་བྱིན་དབབ། སྒྲུབ་ཐབས་བཞིན་བདུད་རྩི་བྱིན་རླབས་ཐོག་མར་བྱ། དེ་ནས་སྐྱབས་འགྲོ་ནས་བཟླས་པའི་བར་མངོན་རྟོགས་བཞིན་ལས། བདུད་རྩི་མྱང་བའི་སྐབས་བྱིན་རླབས་ལུས་དཀྱིལ་གཙོ་བསྡུས་སྐབས་སུ་བསྟན་པ་དེས་ཆོག །གོང་བཞིན་བདག་བསྐྱེད་ཀྱི་དཀྱིལ་འཁོར་བསྡུས་ནས། ཐུན་མཚམས་ཀྱི་ལྷ་སྐུར་ལངས་སོ།
།གཉིས་པ་ལ། སའི་ལྷ་མོ་ལྷག་གནས། ལྷ་ལྷག་གནས། བུམ་པ་ལྷག་གནས། སློབ་མ་ལྷག་གནས་ཏེ་བཞི་ལས།
དང་པོ་ནི། དཀྱིལ་འཁོར་གྱི་གཞིར། དྲིའི་མཎྜལ་དྲི་བཟང་གི་ཚོམ་བུ་ཅན་མཆོད་གཏོར་དང་བཅས་པ་བཤམས། མཆོད་གཏོར་གོང་བཞིན་བྱིན་གྱིས་བརླབས།
ཨ་མྲྀ་ཏས་བསང་། སྭ་བྷ་ཝས་སྦྱང་།
སྟོང་པའི་ངང་ལས། པདྨ་དང་ཟླ་བའི་གདན་ལ་བཾ་ལས་སའི་ལྷ་མོ་གསེར་གྱི་མདོག་ཅན་ཞི་བའི་ཉམས་དང་ལྡན་པ་བདུད་རྩིས་གང་བའི་གསེར་གྱི་བུམ་པ་ཐུགས་ཀར་བསྣམས་པ། དར་དང་རིན་པོ་ཆེས་བརྒྱན་པ། དཔྲལ་བར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ། རང་གི་སྙིང་ག་ནས་འོད་ཟེར་འཕྲོས། ས་འོག་ནས་སའི་ལྷ་མོ་འཁོར་དང་བཅས་པ་བཛྲ་ས་མཱ་ཛཿ ཛཿཧཱུྃ་བཾ་ཧོཿ གཉིས་སུ་མེད་པར་ཐིམ། རང་གི་སྙིང་ག་ནས་འོད་ཟེར་འཕྲོས། དབང་གི་ལྷ་རིགས་ལྔ་འཁོར་བཅས་བཛྲ་ས་མཱ་ཛཿ ཨརྒྷཾ་ནས་ཤབྡའི་བར་གྱིས་མཆོད།
དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་འདི་ལ་མངོན་པར་དབང་བསྐུར་དུ་གསོལ། ཞེས་གསོལ་བ་བཏབ་པས། ཨོཾ་བཛྲཱི་བྷ་ཝ་ཨ་བྷི་ཥིཉྩ་ཧཱུྃ། ཞེས་དབང་བསྐུར། སྐུ་གང་དྲི་མ་དག་ཆུ་ལྷག་མ་ཡར་ལུད་པ་ལས། རིན་ཆེན་འབྱུང་ལྡན་གྱིས་དབུ་བརྒྱན། གོང་བཞིན་གཏོར་མ་ཕུལ་ལ་མཆོད་བསྟོད་བྱ། མཐར། སྐྱོབ་པ་སངས་རྒྱས་ཐམས་ཅད་ཀྱི། །སྤྱོད་པའི་ཚུལ་དང་ཁྱད་པར་གྱི། །ས་དང་ཕ་རོལ་ཕྱིན་པ་ལ། །ལྷ་མོ་ཁྱོད་ནི་དཔང་དུ་གྱུར། །ཤཱཀྱ་སེང་གེ་སྐྱོབ་པ་ཡིས། །ཇི་ལྟར་བདུད་ཀྱི་སྡེ་བཅོམ་པ། །དེ་བཞིན་བདག་གིས་བདུད་སྡེ་ལས། །རྒྱལ་བར་བྱས་ཏེ་དཀྱིལ་འཁོར་འབྲི། །ལན་གསུམ་གསོལ་བ་བཏབ། སའི་ལྷ་མོ་སླར་ཡང་ས་དེ་ཉིད་ལ་ཐིམ།
གཉིས་པ་ནི། གང་དུ་དཀྱིལ་འཁོར་བྱ་བའི་ས་གཞིར། སྐྱ་ཐིག་ཙམ་བཏབ་ལ། ལྷ་སོ་སོའི་གནས་སུ་དྲི་བཟང་གི་ཐིག་ལེས་ཚོམ་བུ་བཀོད། ལྷ་གྲངས་དང་མཉམ་པའི་མཆོད་པ་བཤམས་པའམ། བསྡུ་ན་ལྷ་ཐམས་ཅད་གཤེགས་པ་གཤེགས་མ་སེམས་དཔའ་སེམས་མ་ཁྲོ་བོ་ཁྲོ་མོ་རྣམས་སུ་འདུ་བས། མཆོད་པ་ཐམས་ཅད་སུམ་ཅུ་རྩ་བདུན་བཤམས་པའི་ལག་ལེན་ཡོད་པས་དུས་ཀྱི་སྤྱོད་པས་དེང་སང་དེ་ལྟར་བྱ་མོད་ཀྱི། མཆོད་པ་ནི་ལྷག་པར་མང་བ་ཉིད་མཆོག་གོ །འཇིག་རྟེན་ལས་འདས་པ་དང་། འཇིག་རྟེན་པའི་གཏོར་མ་གཉིས་བཤམས། མྱུར་མཛད་ཡེ་ཤེས་ཀྱི་མགོན་པོ་ལ་འབུལ་རྒྱུའི་གཏོར་མ་ཆེ་བ་གཉིས་ལོགས་སུ་བཤམ། ཚོམ་བུ་བསང་སྦྱང་།
སྟོང་པའི་ངང་ལས། རཾ་ལས་ཉི་མ་ལས་ཧཱུྃ་ལས་སྣ་ཚོགས་རྡོ་རྗེ་ཞེས་པ་ནས་བ་དན་ལ་སོགས་པས་བརྒྱན་པ། རྩིག་པའི་ཕྱི་རོལ་འགྲམ་སྟེགས་ཞེས་པ་ནས། དེ་རྣམས་ཀྱིས་ཡོངས་སུ་བསྐོར་བའི་གཞལ་ཡས་ཁང་ཤར་དཀར། ལྷོ་སེར། ནུབ་དམར། བྱང་ལྗང་། དབུས་སྔོ་བའི་སྟེང་དུ། མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པའི་གཞལ་མེད་ཁང་དབུས་གཙང་ཁང་ཕྱུར་བུ་དང་བཅས་པ་ལྔ་ཚོམས་སུ་གནས་པ། རྟ་བབས་དང་བྲལ་བ་རྣམས་སོ། །དེ་རྣམས་ཀྱི་སྟེང་གི་ནམ་མཁའ་ལ། སྣ་ཚོགས་པདྨ་འདབ་མ་བརྒྱད་པ་ནས་ ཟླ་བའི་དཀྱིལ་འཁོར་རེ་རེ། དབུས་ཀྱི་གདན་གྱི་སྟེང་དུ། བཅོམ་ལྡན་འདས་དགྱེས་མཛད་རྡོ་རྗེ་སྐུ་མདོག་མཐིང་ནག་ནས། འོད་ཀྱིས་ཁྱབ་པར་མཛད་པའོ། །ཞེས་པའི་བར་གཙོ་བོ་མཚོན་ཆ་ཅན་སྒྲུབ་ཐབས་བཞིན་བསྐྱེད།
འདབ་མ་བརྒྱད་ལ་ཤར་དུ་གཽ་རཱི་ནག་མོ་ནས། སའི་དཀྱིལ་འཁོར་འཛིན་ལ། ལྷ་མོ་ཐམས་ཅད་ཀྱང་སྤྱན་གསུམ་གསུམ་ནས་དབུས་ན་བཞུགས་པའོ། །ནང་གི་གཞལ་ཡས་ཁང་དབུས་མའི་ལྷ་སྣམ་ཤར་དཀར། ལྷོ་སེར། ནུབ་དམར། བྱང་ལྗང་། དབུས་སྔོ་བའི་སྟེང་དུ། སྣ་ཚོགས་པདྨ་འདབ་མ་བརྒྱད་དང་བཅས་པའི་ལྟེ་བ་ལ་ནས། གར་གྱི་མེ་དཔུང་འབར་བའི་དབུས་ན་བཞུགས་པའོ། །གཞལ་ཡས་ཁང་ཤར་མའི་ནང་ལེའུ་ཚེ་དགུ་པ་ནས་གདུག་པ་ཅན་ཚར་གཅོད་པའོ། །གཞལ་ཡས་ཁང་ལྷོ་མའི་ནང་གི་ལྷ་སྣམ་ནས་གྲི་གུག་ཐོད་པ་བསྣམ་པའོ་ཡི་བར། གཞལ་ཡས་ཁང་ནུབ་མའི་དབུས་སུ། པདྨ་དམར་པོ་ནས་གང་བའི་བུམ་པ་བཞིའོ། །གཞལ་ཡས་ཁང་བྱང་མའི་དབུས་ཀྱི་ལྟེ་བ་ལ་སྣ་ཚོགས་རྡོ་རྗེ་ནས་གང་བ་བཞི་དང་བཅས་པའོ། །ཕྱིའི་གཞལ་ཡས་ཁང་གི་ཤར་སྒོར་རྟ་གདོང་མ་ནས་དྲིལ་བུ་འཛིན་པ། སྒོ་སྐྱོང་མ་བཞི་ཆར་ཡང་སྤྱན་གསུམ་དང་ལྡན་ཞིང་། སྟག་གི་པགས་པའི་ཤམ་ཐབས་ཅན། དབུ་སྐྲ་དམར་སེར་ནས་དབུས་ན་བཞུགས་པའོ། །ཞེས་དམ་ཚིག་པ་བསྐྱེད།
རང་གི་སྙིང་ག་ནས་འོད་ཟེར་གྱི་ཚོགས་དཔག་ཏུ་མེད་པ་སྤྲོས། སྤྲུལ་གཞི་བླ་མ་དང་དབྱེར་མེད་པའི་གཞིའི་དཀྱིལ་འཁོར་དགྱེས་མཛད་ལྷ་བཅུ་གསུམ་གྱི་བདག་ཉིད་ཅན་དང་། རྒྱུད་སྡེ་ལྔའི་དཀྱིལ་འཁོར་གྱི་ལྷ་ཚོགས་ཨོཾ་བཛྲ་ས་མཱ་ཛཿ ཤར་ཕྱོགས་ཀྱི་ནས་ཨཏྨ་ཀོ་྅་ཧཾ། མི་བསྐྱོད་རྡོ་རྗེ་ཡེ་ཤེས་སོགས་ཀྱིས་བསྟོད། ཨོཾ་བཛྲ་གཽ་རཱི་ནས་གཅིག་ཏུ་གྱུར། མཆོད་པ་རྣམས་གོང་བཞིན་བྱིན་གྱིས་བརླབ། སོ་སོའི་ཕྱག་རྒྱ་དང་བཅས་ཏེ།
དྲི་མེད་ཡིད་དུ་འོང་བ་ཡི། །ལྷ་རྫས་དམ་པའི་མཆོད་ཡོན་འདི། །བཅོམ་ལྡན་འཁོར་དང་བཅས་ལ་འབུལ། །བཞེས་ནས་བདག་ལ་དགྱེས་པར་མཛོད། །ཨོཾ་ཤྲཱི་ཧེ་བཛྲ་གུ་ཧྱ་ས་མཱ་ཛ་ཙ་ཀྲ་སམྦ་ར་མ་ཧཱ་མཱ་ཡ་བཛྲ་བྷཻ་ར་ཝ་ས་པ་རི་ཝཱ་ར་བྷྱཿགུ་རུ་བུདྡྷ་བོ་དྷི་སཏྭ་མཎྜ་ལ་དེ་ཝཱི་བྷྱཿ མ་ཧཱ་ཤྨ་ཤཱ་ན་ཝ་སི་སརྦ་ཝཱི་ར་ཝཱི་རེ་ཎཱི་ས་པ་རི་ཝཱ་ར་བྷྱཿ ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ། དེ་བཞིན་དུ་སྦྱར་ཏེ། མཆོད་ཡོན་ཞེས་པའི་གནས་སུ། ཞབས་བསིལ། ཨརྒྷཾ་ཞེས་པའི་གནས་སུ་པཱདྱཾ་ཞེས་པ་སྦྱར། ཆུ་གཉིས་འབུལ་བའམ། ཆུ་བཞི་འབུལ་བ་ལྟར་ན། ཐོག་མར་ཞབས་བསིལ་འདི། གོང་གི་མཚན་སྔགས་ཀྱི་མཐར། ཨོཾ་ནཱི་རི་ཏི་ཧཱུྃ་ཁྃ་སྭཱ་ཧཱ། དེ་བཞིན་དུ། ཞལ་བསིལ་དང་། ཨོཾ་ནཻ་ཝི་ཏེ་ཧཱུྃ་ཁྃ་སྭཱ་ཧཱ། འཐོར་འཐུང་འདི། སརྦ་སཾ་ཤོ་དྷ་ནི་སྭཱ་ཧཱ། མཆོད་ཡོན་འདི། ཛཿཧཱུྃ་བྃ་ཧོཿཁཾ་རཾ་མ་ཧཱ་ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ། ཞེས་འབུལ། མེ་ཏོག་བཟང་པོ་མཛེས་ཤིང་གཙང་། །གཙང་མའི་གནས་སྐྱེས་འདི་རྣམས་ནི། །བདག་གིས་གུས་པས་འབུལ་ལགས་ཀྱི། །སོ་སོར་བཞེས་ཏེ་རབ་དགྱེས་མཛོད། །གོང་གི་མཚན་སྔགས་ཀྱི་མཐར། བཛྲ་པུཥྤེ་ཨཱཿཧཱུྃ། དེ་བཞིན་དུ། ཡིད་དགའ་སྙིང་པོ་རོ་མཆོག་ལྡན། །བདུག་པ་བླ་མེད་དྲི་མཆོག་འདི། །བདག་གིས་གུས་པས་འབུལ་ལགས་ཀྱི། །སོ་སོར་བཞེས་ཏེ་དགྱེས་པར་མཛོད། །དྷཱུ་པེ༴ །སྲིན་པོ་འཇོམས་ཤིང་དག་བྱེད་ལ། །དགྱེས་ཤིང་མུན་སེལ་མར་མེ་འདི། །བདག་གིས༴ །སོ་སོར༴ །ཨཱ་ལོ་ཀེ༴ །གཙང་ཞིང་གཙང་ལ་དགེ་བའི་དྲི། །སྐྱེ་གནས་གཙང་མར་ལྡན་དྲི་རྣམས། །བདག་གིས༴ །སོ་སོར༴ །གནྡྷེ༴ །སྨན་རྣམས་བཅུད་གཙང་ཡི་གར་འོང་། །སྔགས་ཀྱི་ཞལ་ཟས་མཆོག་འདི་དག །བདག་གིས༴ །སོ་སོར༴ །ནཻཝིདྱ༴ །པ་ཊ་ཧ་དང་ཅང་ཏེའུ་སོགས། །དུང་དང་རྔ་སོགས་སྒྲ་དབྱངས་རྣམས། །ཡིད་འཕྲོག་སིལ་སྙན་སྣ་ཚོགས་པ། །འབུལ་གྱི་ཡང་དག་བཞེས་སུ་གསོལ། །ཤབྡ༴ གོས་ཟུང་བསང་སྦྱང་། སྟོང་པའི་ངང་ལས་བྷྲཱུཾ་ལས་བྱུང་བའི་ལྷ་རྫས་ཀྱི་ན་བཟའ་བཟང་ཞིང་རྒྱ་ཆེ་བ་ནམ་མཁའི་མཐའ་ཀླས་པར་གྱུར། ཁ་དོག་བཟང་ཞིང་དྲི་ཞིམ་རེག་ན་བདེ། །སྲབ་འཇམ་ཡང་མཛེས་ལྷ་ལས་བྱུང་བ་ཡི། །ན་བཟའ་མཆོག་འདི་རྡོ་རྗེའི་སྐུ་ལ་འབུལ། །བགྲེས་པ་མེད་པ་རྡོ་རྗེའི་སྐུ་ཐོབ་ཤོག །གོང་གི་མཚན་སྔགས་ཀྱི་མཐར། བཛྲ་ཝསྟྲཱ་ཡ་ཨཱཿཧཱུྃ། རང་གི་སྙིང་ག་ནས་ཨ་ཨཱ། ཨི་ཨཱི། ཨུ་ཨཱུ། རྀ་རཱྀ། ལྀ་ལཱྀ། ཨེ་ཨཻ། ཨོ་ཨཽ། ཨཾ་ཨཿ ཞེས་པ་རྣམས་ཡོངས་སུ་གྱུར་པ་ལས། མཆོད་པའི་ལྷ་མོ་བཅུ་དྲུག་ནམ་མཁའ་གང་བར་གྱུར། ཨོཾ་ཝི་ཎི་བཛྲི་ཧཱུྃ་ཧཱུྃ་ཕཊ། དེ་བཞིན་དུ་ཝཾ་སེ། མྲྀ་ཏཾ་གི །མུ་ར་ཛེ། ཧཱ་སྱ། ལཱ་སྱ། གཱིརྟི། ནཱིརྟི། པཥྤེ། དྷཱུ་པེ། ཨཱ་ལོ་ཀེ །གནྡྷེ། རཱུ་པ། ར་ས། སྤར་ཤེ །ཨོཾ་དྷརྨ་དྷཱ་ཏུ་བཛྲཱི་ཧཱུྃ་ཧཱུྃ་ཕཊ། དེ་བཞིན་དུ་རྒྱལ་སྲིད་སྣ་བདུན་དང་། འདོད་ཡོན་སྣ་ལྔ་སོགས་ཀྱང་སྤྱི་དང་མཐུན་པར་འབུལ། སླར་ཡང་ནང་མཆོད་བྱིན་གྱིས་བརླབ་སྟེ། ཕྱོགས་བཅུ་དུས་གསུམ་གྱི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་ངོ་བོར་གྱུར་པ་དཔལ་ལྡན་བླ་མ་དམ་པའི་ཞལ་དུ་ཨོཾ་ཨཱཿཧཱུྃ། སྤྲོས་པ་ལ་དགའ་ན། ཁོ་བོས་བརྒྱུད་འདེབས་ལོགས་སུ་སྦྱར་བ་ལྟར། རྒྱུད་སྡེ་ལྔ་སོ་སོའི་བླ་མ་བརྒྱུད་པ་རྣམས་ལ་འབུལ་ལོ། །བསྡུ་ན། རྡོ་རྗེ་འཆང་། བློ་གྲོས་རིན་ཆེན། འཕགས་པ་ཀླུ་སྒྲུབ། གྲུབ་པའི་དཔའ་པོ། ཤ་བ་རི། གུ་ཎ་སཱ་ག་ར་རྣམས་ཀྱི་ཞལ་དུ་མཆོད་པ་དམ་པ་འབུལ་ལོ་ཨོཾ་ཨཱཿཧཱུྃ། མཻ་ཏྲཱི་པ། མི་མཉམ་རྡོ་རྗེ། མཉམ་པའི་རྡོ་རྗེ། རིན་ཆེན་ལྷ་མོ། དྷཱ་བྱང་ཆུབ་སེམས་དཔའ། རྡོ་རྗེ་གདན་པ། གྲུབ་ཆེན་ཁྱུང་པོ་རྣལ་འབྱོར། མཉམ་མེད་རིན་ཆེན་བརྩོན་འགྲུས། དབོན་སྟོན་སྐྱེར་སྒང་པ་ཆེན་པོ། གཉན་སྟོན་སྦས་པའི་རྣལ་འབྱོར། འགྲོ་མགོན་སངས་རྒྱས་སྟོན་པ་རྣམས་ཀྱི་ཞལ་དུ་ཨོཾ་ཨཱཿཧཱུྃ། མཚུངས་མེད་རྒྱལ་མཚན་འབུམ། འཇག་ཆེན་བྱམས་པ་དཔལ། འཇམ་དབྱངས་ཆོས་དཔལ་བཟང་པོ། འཁྲུལ་ཞིག་ཚུལ་ཁྲིམས་རྒྱལ་མཚན། རིན་ཆེན་མཁྱེན་རབ་མཆོག་གྲུབ། ཀུན་བཟང་ཆོས་ཀྱི་ཉི་མ་རྣམས་ཀྱི་ཞལ་དུ་ཨོཾ་ཨཱཿཧཱུྃ། ཡེ་ཤེས་ཀྱི་མཁའ་འགྲོ་མ། ཨ་ཏྭ་ཡ་བཛྲ། རཱ་ཧུ་ལ་གུཔྟ་བཛྲ་རྣམས་ཀྱི་ཞལ་དུ་ཨོཾ་ཨཱཿཧཱུྃ། གྲུབ་ཆེན་ཁྱུང་པོ་རྣལ་འབྱོར། སྣེའུ་སྟོན་པ་ཡོན་ཏན་ཚུལ་ཁྲིམས། བྲག་ནག་པ་རྡོ་རྗེ་ཚུལ་ཁྲིམས། བླ་མ་སྟེང་པ་བ་ཚུལ་ཁྲིམས་བསྟན་པ། བླ་མ་བསོད་ནམས་མཛེས། བླ་མ་ཡོན་ཏན་རྒྱལ་མཚན། རིན་པོ་ཆེ་བསྟན་པ་རྒྱས་པ་རྣམས་ཀྱི་ཞལ་དུ་ཨོཾ་ཨཱཿཧཱུྃ། མཁས་གྲུབ་ཤངས་སྟོན་ཆོས་རྗེ། ཁྱུང་པོ་ཚུལ་ཁྲིམས་མགོན་པོ། བྱ་བྲལ་རི་ཁྲོད་རས་ཆེན། ཤངས་དཀར་བ་རིན་ཆེན་རྒྱལ་མཚན། མཉམ་མེད་སངས་རྒྱས་དཔལ་བཟང་། གྲུབ་ཆེན་ནམ་མཁའ་རྒྱལ་མཚན། རྒྱ་སྒོམ་ལེགས་པ་རྒྱལ་མཚན། རྗེ་བཙུན་ཀུན་དགའ་གྲོལ་མཆོག །རྡོ་རྗེ་འཆང་ལྷ་དབང་གྲགས་པ་དང་། འཇམ་དབྱངས་ཀུན་དགའ་རྒྱལ་མཚན་རྣམས་ཀྱི་ཞལ་དུ་ཨོཾ་ཨཱཿཧཱུྃ། རྗེ་བཙུན་ཏཱ་ར་ནཱ་ཐ། རྒྱལ་ཚབ་ཡེ་ཤེས་རྒྱ་མཚོ། ཆོས་རྗེ་བློ་གྲོས་རྣམ་རྒྱལ། རིན་ཆེན་མཉམ་བཞག །ཡེ་ཤེས་རྒྱལ་མཚན། བླ་མ་སྦྱིན་པའི་མཚན་ཅན། ཆོས་རྗེ་རྣམ་རྒྱལ་དོན་གྲུབ། ལོ་ཆེན་ཚེ་དབང་ཀུན་ཁྱབ། ངེས་དོན་ཕྲིན་ལས་རབ་རྒྱས། ཀརྨ་འོད་གསལ་འགྱུར་མེད། འཇམ་མགོན་བློ་གྲོས་མཐའ་ཡས། རྡོར་སློབ་བཀའ་བརྒྱུད་བསྟན་འཛིན། གྲུབ་དབང་ནོར་བུ་དོན་གྲུབ། ཁྱབ་བདག་རང་བྱུང་ཀུན་ཁྱབ། ༼བློ་གྲོས་ཆོས་ཀྱི་སེངྒེ།༽ འབོ་དཀར་རྡོ་རྗེ་འཆང་དབང་། དྲིན་ཅན་རྩ་བའི་བླ་མ་རྣམས་ཀྱི་ཞལ་དུ་ཨོཾ་ཨཱཿཧཱུྃ། ཨོཾ་དེ་ཝ་པི་ཙུ་བཛྲ་ཧཱུྃ་ཧཱུྃ་ཕཊ། ཨོཾ་ཨཱཿཧཱུྃ། དེ་བཞིན་དུ་སྦྱར་ཏེ། ཨོཾ་ཧྲཱིཿསྭཱ་ཧཱ། ཨོཾ་ཨཱཿབཛྲ་དྷྲྀཀ་ཧཱུྃ་ཕཊ་སྭཱ་ཧཱ། ཨོཾ་ཧྲཱིཿཧ་ཧ་ཧཱུྃ་ཧཱུྃ་ཕཊ། ཨོཾ་བཛྲ་བཻ་རོ་ཙ་ནཱི་ཡེ་ཧཱུྃ་ཧཱུྃ་ཕཊ། ཨོཾ་ཨཱཿཧྲཱིཿཧཱུྃ་ཧཱུྃ་ཕཊ་སྭཱ་ཧཱ། ཨོཾ་ཡ་མཱནྟ་ཀ་ཧཱུྃ་ཕཊ། ཅེས་པ་རྣམས་ལ་འབྲུ་གསུམ་བཏགས།
གཾ་ཙཾ་བཾ་གྷཾ་པཾ་ཤཾ་ལཾ་ཌཾ་ཨོཾ་ཨཱཿཧཱུྃ། བྷྲཱུཾ་སྭཱ་ཨཱཿཧཱ་ལཱཾ་མཱཾ་པཱཾ་ཏཱཾ་ཐླྷིཾ་ཨོཾ་ཛྲི་ཁཾ་གཾ་ཨོཾ་སྐཾ་སཾ་ཛཿཧཱུྃ་བྃ་ཧོཿ ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཨོཾ་ཨཱཿཧཱུྃ། མཱཾ་ཏཱཾ་པཱཾ་ལཱཾ། པུ་ཛ་ཨོ་ཨ། གོ་ར་དེ་མ། ཀ་ཨོ་ཏྲི་ཀོ །ཀ་ལ་ཀ་ཧི། པྲེ་གྲྀ་སོ་སུ། ན་སི་མ་ཀུ་ཨོཾ་ཨཱཿཧཱུྃ། ཨོཾ་ཧཱུྃ་ཏྲཱཾ་ཧྲཱིཿཨཱཿཨོཾ་ཨཱཿཧཱུྃ། ཡཀྵེ་མ་མེ་ད། ཛ་ས་དོ་རུ། ཡཙྪ་ནི་ར། ཎ་ཡོ་ནི་ར་ཨོཾ་ཨཱཿཧཱུྃ། གཾ་ཙཾ་བཾ་གྷཾ་པཾ་ཤཾ་ལཾ་ཌཾ་ཛཿཧཱུྃ་བྃ་ཧོཿ ཨོཾ་ཨཱཿཧཱུྃ། ཨོཾ་གུ་རུ་བུདྡྷ་བོ་དྷི་སཏྭ་ས་པ་རི་ཝཱ་ར་ཨོཾ་ཨཱཿཧཱུྃ། ཨོཾ་ཀྵིཾ་ཀྵེ་ཏྲ་བིགྷྣཱན་བི་ནཱ་ཡ་ཀ་ཧཱུྃ་ཧཱུྃ་ཕཊ། ནག་པོ་ཆེན་པོ་འཁོར་དང་བཅས་པའི་ཞལ་དུ་ཨོཾ་ཨཱཿཧཱུྃ། ཨོཾ་ཧཱུྃ་ཏྲཱཾ་ཧྲཱིཿཨཱཿ མཁའ་འགྲོ་སྡེ་ལྔའི་ཚོགས་ཀྱི་ཞལ་དུ་ཨོཾ་ཨཱཿཧཱུྃ། གཞན་ཡང་གནས་གསུམ་གྱི་དཔའ་བོ་མཁའ་འགྲོ་མ་རྣམས་དང་། ཕྱོགས་སྐྱོང་བ་བཅུ། ལྷ་ཆེན་པོ་བརྒྱད། ཀླུ་ཆེན་པོ་བརྒྱད། བཟའ་ཆེན་པོ་བརྒྱད། འཇིགས་བྱེད་ཆེན་པོ་དགུ། རྒྱུ་སྐར་ཉི་ཤུ་རྩ་བརྒྱད། རྒྱལ་པོ་ཆེན་པོ་སྡེ་བཞི། ལྷ་སྲིན་སྡེ་བརྒྱད་སྲིད་པ་གསུམ་གྱི་འབྱུང་པོའི་ཚོགས་དང་བཅས་པའི་ཞལ་དུ་ཨོཾ་ཨཱཿཧཱུྃ། གནས་བདག་གཞི་བདག་གྲོང་བདག་གཉུག་མར་གནས་པ་འགྲོ་བ་རིགས་དྲུག་དང་བཅས་པ་ལ་མཆོད་པ་འབུལ་ལོ། །ཨོཾ་ཨཱཿཧཱུྃ། རང་གིས་ཀྱང་འབྲུ་གསུམ་གྱི་བདུད་རྩི་མྱང་།
ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་ནུ་རཱ་ག་ཎ་བཛྲ་སྭ་བྷཱ་ཝ་ཨཏྨ་ཀོ྅་ཧཾ། ཞེས་ལྷ་ཐམས་ཅད་བདེ་སྟོང་གིས་མཉེས་པར་བསམ། དེ་ཐམས་ཅད་ཀྱང་འཁོར་གསུམ་མི་དམིགས་པས་རྒྱས་ཐེབས་པ་དེ་ཁོ་ན་ཉིད་ཀྱི་མཆོད་པས་མཆོད། བསྟོད་པ་བསྡུས་པ་ལ་སྤྲོ་ན་མངོན་རྟོགས་བཞིན་བྱ། ལོང་ཡོད་ཅིང་ཤེས་ན་བཻ་རོ་ཙ་ན་རཀྵི་ཏས་ཕྱོགས་གཅིག་ཏུ་བསྡུས་པའི་རྒྱས་པ་འདི་ཉིད་བྱ་སྟེ། དེ་ཡང་འདི་ལྟར། ཧཱུྃ། ཁྱོད་ནི་རྣལ་འབྱོར་མ་སོགས་ཡོངས་སུ་བསྐོར། །ཉིད་ཀྱི་ཐུགས་ཀྱི་དགོངས་པ་ཡོངས་སུ་བསྒྲུབ། །ཁྱོད་ནི་རྒྱུ་དང་མི་རྒྱུ་འཁོར་བ་ཀུན་སྒྲུབ་པ། །སྙིང་རྗེའི་ཐུགས་ཀྱིས་སེམས་ཅན་བྱང་ཆུབ་ཏུ། །ཀུན་རྫོབ་སྒྱུ་མས་བྱང་ཆུབ་སྒྲུབ་པའི་ཡིད། །དགྱེས་མཛད་རྡོ་རྗེ་དཔལ་ཆེན་ཧེ་རུ་ཀ་ལ་བསྟོད། །ཧཱུྃ། དགྱེས་མཛད་རྡོ་རྗེ་བཅོམ་ལྡན་འདས། །བདག་མེད་མ་དང་ཡང་དག་རོལ། །ཐབས་དང་ཤེས་རབ་གཉིས་མེད་པའི། །ཧེ་རུ་ཀ་ལ་བདག་ཕྱག་འཚལ། །གཽ་རཱི་ཙཽ་རཱི་བཻ་ཏཱ་ལི། །གྷསྨ་རཱི་ལ་ཕྱག་འཚལ་ལོ། །པུཀྐ་ཤ་རཱི་ཙཎྜ་ལཱི། །ཌོམྦི་ནཱི་ལ་བདག་ཕྱག་འཚལ། །ཤར་སྒོར་རྟ་གདོང་ལྷོ་སྒོ་ཡི། །ཕག་གདོང་ཅན་ལ་ཕྱག་འཚལ་ལོ། །ནུབ་སྒོར་ཁྱི་གདོང་བྱང་སྒོ་ཡི། །སེང་གདོང་ཅན་ལ་ཕྱག་འཚལ་ལོ། །དེ་ལྟར་གཙོ་བོ་ལྷ་མོར་བཅས། །དཀྱིལ་འཁོར་ལྷ་ཚོགས་ཐམས་ཅད་ལ། །བདག་གིས་གུས་པས་བསྟོད་བྱས་པས། །ཧེ་རུ་ཀ་དཔལ་མྱུར་ཐོབ་ཤོག །ཧཱུྃ། ཐམས་ཅད་དངོས་པོའི་རང་བཞིན་མཆོག །གདོད་ནས་ཐམས་ཅད་རང་བཞིན་གནས། །ཐབས་དང་ཤེས་རབ་གཉིས་མེད་པའི། །དགྱེས་མཛད་རྡོ་རྗེར་བདག་ཕྱག་འཚལ། །བདག་མེད་མ་ཡིས་མགུལ་ནས་འཁྱུད། །དབུ་སྐྲ་སེར་པོ་གྱེན་དུ་འབར། །ཞལ་བརྒྱད་པོ་ལ་སྤྱན་གསུམ་པོ། །མགོན་པོ་དེ་ལ་གུས་ཕྱག་འཚལ། །སྤྱི་བོ་དང་སྟེང་ནག་པོ་མཛེས། །དཀར་དང་དམར་བ་གཡས་དང་གཡོན། །གང་གི་ལྷག་པའི་ཞལ་རྣམས་ནི། །ནག་པོ་དེ་ལ་བདག་ཕྱག་འཚལ། །གླང་པོ་རྟ་བོང་གླང་རྔ་མང་། །སྐྱེས་པ་ཁྱི་དང་མ་ཧེ་ཅན། །གཡས་པའི་ཕྱག་བརྒྱད་ལ་གནས་པའི། །ཐོད་པ་འཛིན་ལ་བདག་ཕྱག་འཚལ། །ས་དང་ཆུ་དང་རླུང་དང་མེ། །ཟླ་ཉི་གཤིན་རྗེ་གསང་བ་པ། །གཡོན་པའི་ཕྱག་བརྒྱད་ལ་གནས་པའི། །ཐོད་པ་འཛིན་ལ་ཕྱག་འཚལ་ལོ། །ཞབས་བཞི་ཡིས་ནི་བདུད་བཞི་པོ། །མཉམ་པར་མནན་ཅིང་གཅེར་བུ་ཉིད། །ཉི་མར་ཞབས་གཡས་བརྐྱངས་དང་སྔོ། །གར་མཛད་དེ་ལ་བདག་ཕྱག་འཚལ། །འཁོར་ལོ་བཞི་ཡི་བདག་ཉིད་མཛེས། །འཇིགས་པའི་མགོ་བོས་རྣམ་པར་བརྒྱན། །དེ་བཞིན་གཤེགས་པ་རྣམ་དག་པའི། །ཕྱག་རྒྱ་ལྔ་ཡིས་རྣམ་པར་བརྒྱན། །སྣ་ཚོགས་རྡོ་རྗེ་སྤྱི་བོར་འཛིན། །དཔྲལ་བར་རིགས་ཀྱི་བདག་པོ་ཉིད། །དམ་པའི་དགའ་བ་ཡང་དག་ཐོབ། །བདེ་ཆེན་དེ་ལ་བདག་ཕྱག་འཚལ། །བུད་མེད་སྐྱེས་འདུལ་འགྲོར་གཟིགས་ནས། །བདག་མེད་རྣལ་འབྱོར་མ་ཉིད་གྱུར། །ཕྱག་འོས་ཐུབ་པའི་ཕ་རོལ་ཕྱིན། །སྒྱུ་མའི་རྒྱ་ལ་ཕྱག་འཚལ་ལོ། །གཾ་ལས་སྐྱེས་པའི་གཽ་རཱི་ཤར། །ཡན་ལག་ནག་ཅིང་གཡོན་ན་ཉ། །གཡས་པ་ན་ནི་གྲི་གུག་འཛིན། །ཚངས་པ་མནན་ལ་བདག་ཕྱག་འཚལ། །ཙཾ་ལས་བྱུང་བའི་ཆོམ་རྐུན་མ། །བཙོད་ཀྱི་ཁ་དོག་ལྷོ་ཕྱོགས་སུ། །ཕྱག་ན་ཕག་དང་ཅང་ཏེའུ་བསྣམས། །དབང་པོ་མནན་ལ་བདག་ཕྱག་འཚལ། །བཾ་ལས་སྐྱེས་པའི་སེར་མོ་ནུབ། །རོ་ལངས་མ་ནི་ཉེ་དབང་མནན། །ཕྱག་གཡོན་ལྷུང་བཟེད་གཡས་པ་ན། །རུས་སྦལ་འཛིན་ལ་བདག་ཕྱག་འཚལ། །གྷསྨ་རཱི་ནི་བྱང་གི་སྒོར། །ལྗང་གུ་གྷཾ་ལས་བྱུང་བ་ཡི། །ཕྱག་གཉིས་སྦྲུལ་དང་ཐོད་པས་བྲེལ། །དྲག་པོ་མནན་ལ་བདག་ཕྱག་འཚལ། །གཤིན་རྗེ་མནན་ཅིང་བཾ་ལས་བྱུང་། །གཡོན་ན་དགྲ་སྟ་སེང་གེ་གཡས། །དབང་ལྡན་དུ་ནི་འཇིགས་གཟུགས་མ། །ཕྱག་འཚལ་པུཀྐ་སཱི་སྔོ་ལ། །རི་ཁྲོད་མ་དཀར་ཤཾ་ལས་བྱུང་། །མེ་རུ་གནོད་སྦྱིན་སྟེང་དུ་གནས། །གཡོན་ན་བསིལ་བྱེད་གཡས་པ་ན། །དགེ་སློང་འཛིན་ལ་བདག་ཕྱག་འཚལ། །གཏུམ་མོ་ནམ་མཁའི་སྔོ་བསངས་མ། །སྲིན་པོར་ལཾ་ལས་བྱུང་བ་ཡི། །གཡོན་ན་ཐོད་པ་འཁོར་ལོ་གཡས། །ཕྱག་འཚལ་སྲིན་པོ་མནན་པ་ལའོ། །ཌཾ་ལས་འཁྲུངས་པའི་གཡུང་མོ་ནི། །རླུང་མཚམས་ཐགས་བཟང་རིས་སྟེང་གཤེགས། །ཕྱག་གཡོན་སྡིགས་མཛུབ་གཡས་རྡོ་རྗེ། །སྣ་ཚོགས་མདོག་ལ་བདག་ཕྱག་འཚལ། །སྐྱིལ་ཀྲུང་ཕྱེད་པའི་གར་གྱིས་བཞུགས། །ཕྱག་རྒྱ་ལྔ་ཡི་རྣམ་པར་བརྒྱན། །གཅེར་བུ་སྤྱན་གསུམ་ཐམས་ཅད་ལ། །བདག་ནི་གུས་པར་ཕྱག་འཚལ་ལོ། །ཕུང་པོ་ཁམས་ནི་རྣམ་དག་པ། །བྱང་ཆུབ་སེམས་ལས་བྱུང་བ་ཡི། །བདེ་རབ་སྟེར་འདི་ཐམས་ཅད་ལ། །དངོས་པོ་ཀུན་གྱིས་ཕྱག་འཚལ་ལོ། །ཉིད་ཀྱི་གཡས་པའི་ཕྱག་བཟུང་བའི། །ཕྱག་མཚན་ས་བོན་ལས་བྱུང་བ། །བདེ་ཆེན་འདོད་པ་ཐམས་ཅད་ལ། །རྟག་ཏུ་ཡང་དག་ཕྱག་འཚལ་ལོ། །གང་ཞིག་ཉི་ཟླ་ཁ་སྦྱོར་ས་བོན་གནས། །གཉིས་ལས་སྐྱེས་པའི་གཙོ་བོ་རིག་མར་བཅས། །ཉིད་ཀྱིས་ཉིད་ཀྱི་དཀྱིལ་འཁོར་འདི་ལ་ནི། །འཇིག་རྟེན་གསུམ་པོ་སྤྲུལ་པར་མཛད་དང་ལྡན། །ཉིད་ལ་འདི་དག་ཐམས་ཅད་མ་ལུས་པ། །བཞི་བའི་བདེ་སྩོལ་རིག་མ་སྡུད་མཛད་པ། །ཤེས་རབ་ཆགས་པའི་བདུད་རྩིའི་རོ་ཉིད་ཀྱི། །གནས་སུ་ཞི་བ་དེ་ལ་ཕྱག་འཚལ་ལོ། །མཁའ་འགྲོ་མ་གཙོ་ཀྱཻ་རྡོ་རྗེ། །ལྷ་མོ་འཁོར་ལོར་བཅས་བསྟོད་པས། །བདག་གིས་བསོད་ནམས་གང་ཐོབ་པ། །དེས་ནི་འཇིག་རྟེན་བདེ་མཚུངས་ཤོག
༈ །ཧཱུྃ། མི་བསྐྱོད་རྡོ་རྗེ་ཡེ་ཤེས་ཆེ། །རྡོ་རྗེ་དབྱིངས་ནི་མཁའ་ཆེན་པོ། །རྡོ་རྗེ་གསུམ་མཆོག་དཀྱིལ་འཁོར་གསུམ། །རྡོ་རྗེ་དབྱིངས་ལ་ཕྱག་འཚལ་ལོ། །རྣམ་པར་སྣང་མཛད་དག་པ་ཆེ། །རྡོ་རྗེ་ཞི་བ་དགའ་བ་ཆེ། །རང་བཞིན་འོད་གསལ་མཆོག་གི་མཆོག །སྟོན་པ་རྡོ་རྗེ་ཕྱག་འཚལ་ལོ། །རིན་ཆེན་རྒྱལ་པོ་རབ་ཏུ་ཟབ། །རྡོ་རྗེ་ནམ་མཁའ་དྲི་མ་མེད། །རང་བཞིན་དག་པ་གོས་པ་མེད། །རྡོ་རྗེ་སྐུ་ལ་ཕྱག་འཚལ་ལོ། །རྡོ་རྗེ་དཔག་མེད་རྒྱལ་པོ་ཆེ། །མི་རྟོག་ནམ་མཁའ་རྡོ་རྗེ་འཛིན། །འདོད་ཆགས་ཕ་རོལ་ཕྱིན་པ་བརྙེས། །རྡོ་རྗེ་གསུང་ལ་ཕྱག་འཚལ་ལོ། །དོན་ཡོད་རྡོ་རྗེ་རྫོགས་སངས་རྒྱས། །བསམ་པ་ཐམས་ཅད་རྫོགས་མཛད་པ། །དག་པ་ངོ་བོ་ཉིད་ལས་བྱུང་། །རྡོ་རྗེ་སེམས་དཔར་ཕྱག་འཚལ་ལོ།
༈ །ཨོཾ་བཅོམ་ལྡན་མགོན་པོ་དཔའ་བོའི་དབང་ཕྱུག་ནི། །བསྐལ་བའི་མེ་དཔུང་ལྟ་བུར་རབ་ཏུ་འབར། །རལ་པའི་ཅོད་པན་དབུ་ཡི་རྒྱན་དུ་བཅིངས། །མཆེ་བ་རབ་གཙིགས་དྲག་ཤུལ་འཇིགས་པའི་ཞལ། །སྐུ་ལ་གཟི་བརྗིད་ཕྱག་སྟོང་ལྡན་པ་པོ། །དགྲ་སྟ་ཞགས་པ་ཁ་ཊྭཱཾ་མདུང་བསྣམས་ཤིང་། །རབ་འཇིགས་སྟག་གི་པགས་པ་སྐུ་ལ་གསོལ། །སྐུ་ཆེན་དུད་ཁ་བགེགས་མཐར་མཛད་ལ་འདུད། །བཅོམ་ལྡན་རྣམ་ཀུན་རྡོ་རྗེ་ཕག་མོ་ཆེན་མོ་ནི། །འཇིག་རྟེན་གསུམ་སོགས་ཕྱོགས་གཞན་རྒོལ་བས་མི་ཐུབ་ཅིང་། །འབྱུང་པོའི་འཇིགས་པ་མ་ལུས་རྡོ་རྗེ་ཆེན་པོས་འཇོམས། །རྡོ་རྗེའི་གདན་བཞུགས་ཚངས་སོགས་དབང་བྱེད་ལས་རྒྱལ་ཞིང་། །རྡོ་རྗེ་ཕག་མོ་ཁྲོས་མོའི་གཟུགས་ཅན་དྲག་སྙེམས་པས། །རྨུགས་བྱེད་རེང་བྱེད་རྨོངས་བྱེད་ལས་ནི་རྣམ་རྒྱལ་ཞིང་། །བདུད་ཀྱི་འཇིགས་པ་ལ་སོགས་སྐེམ་ཞིང་ཕམ་པར་མཛད་པ་མོ། །རྣལ་འབྱོར་ཆེན་མོ་འདོད་པའི་དབང་ཕྱུག་མ་ལ་འདུད། །སྐྱེ་མེད་ངང་ལས་ཐུགས་རྗེ་ཆེན་པོ་ཡི། །ཀེང་རུས་འཇིགས་སུ་རུང་བའི་རི་སྟེང་དུ། །བདུད་འདུལ་ཧཱུྃ་ལས་ཁྲོ་བོའི་སྐུར་སྤྲུལ་པ། །བཅོམ་ལྡན་བདེ་བའི་མཆོག་ལ་ཕྱག་འཚལ་ལོ། །དག་པ་ཆོས་སྐུའི་སྤྲུལ་པ་ནི། །དམིགས་པ་མེད་པའི་ཐུགས་རྗེ་ཡིས། །གཟུགས་སྐུ་སྒྱུ་མ་ལྟར་སྟོན་པ། །ཕག་མོའི་སྐུ་ལ་ཕྱག་འཚལ་ལོ། །འབྱུང་བ་བཞི་པོ་རྣམ་དག་ཅིང་། །ཡེ་ཤེས་བཞི་ཡི་ངོ་བོ་ཉིད། །མཁའ་འགྲོ་མ་དང་ལཱ་མ་དང་། །དུམ་སྐྱེས་མ་དང་གཟུགས་ཅན་མ། །འགྲོ་བའི་དོན་དུ་སྐུ་སྤྲུལ་པ། །མཁའ་འགྲོ་བཞི་ལ་ཕྱག་འཚལ་ལོ། །རབ་གཏུམ་མ་དང་གཏུམ་མིག་མ། །འོད་ལྡན་སྣ་ཆེན་བརྟན་པའི་བློ། །མི་ཐུང་ལངྐའི་དབང་ཕྱུག་མ། །ཤིང་གྲིབ་མ་ལ་ཕྱག་འཚལ་ལོ། །ས་སྲུང་མ་དང་འཇིགས་བྱེད་ཆེ། །རླུང་ཤུགས་ཆང་འཐུང་ལྗང་ལྷ་མོ། །ཤིན་ཏུ་བཟང་དང་རྟ་རྣ་མོ། །བྱ་གདོང་མ་ལ་ཕྱག་འཚལ་ལོ། །འཁོར་ཤུགས་ཁཎྜ་རོ་ཧི་དང་། །ཆང་འཐུང་གོ་ཆ་རབ་དཔའ་མོ། །སྟོབས་ཆེན་འཁོར་ལོས་སྒྱུར་མ་དང་། །བརྩོན་ཆེན་མ་ལ་ཕྱག་འཚལ་ལོ། །ཐོད་པའི་དུམ་བུ་ཀེང་རུས་ཅན། །ཀེང་རུས་མཆེ་བ་གཙིགས་ལྷའི་སྒྲ། །འོད་དཔག་མེད་དང་རྡོ་རྗེའི་འོད། །རྡོ་རྗེའི་སྐུ་ལ་ཕྱག་འཚལ་ལོ། །མྱུ་གུ་ཅན་དང་རལ་པ་ཅན། །དཔལ་ཆེན་ཧཱུྃ་མཛད་རབ་བཟང་དང་། །རྡོ་རྗེ་བཟང་དང་འཇིགས་བྱེད་དང་། །མིག་མི་བཟང་ལ་ཕྱག་འཚལ་ལོ། །སྟོབས་ཆེན་རྡོ་རྗེ་རིན་ཆེན་དང་། །རྟ་མགྲིན་མཁའ་སྙིང་ཧེ་རུ་ཀ །པདྨ་གར་དབང་རྣམ་སྣང་དང་། །རྡོ་རྗེ་སེམས་དཔར་ཕྱག་འཚལ་ལོ། །ཕྱོགས་བཞིའི་སྒོ་རྣམས་སྐྱོང་མཛད་མ། །ཁྭ་གདོང་མ་དང་འུག་གདོང་མ། །དེ་བཞིན་ཁྱི་ཡི་གདོང་མ་དང་། །ཕག་གདོང་རྣམས་ལ་ཕྱག་འཚལ་ལོ། །གཟུགས་གཉིས་ཀྱིས་ནི་ཡིད་འཕྲོག་མ། །བརྟན་མ་མོ་དང་ཕོ་ཉ་མོ། །མཆེ་བ་གཙིགས་དང་འཇོམས་མ་དང་། །གཤིན་རྗེ་བཞི་ལ་ཕྱག་འཚལ་ལོ།
༈ །ཧཱུྃ་སྒྱུ་འཕྲུལ་ཆེན་མོ་ཧེ་རུ་ཀ །ཡང་དག་སྤྲུལ་པ་སྟོན་མཛད་ཅིང་། །སྐུ་གསུམ་ཡེ་ཤེས་རོ་གཅིག་པ། །སྒྱུ་འཕྲུལ་རྒྱལ་པོ་ལ་ཕྱག་འཚལ། །མཆེ་བ་གཙིགས་ཤིང་འཇིགས་པ་ཆེ། །སྔགས་ཀྱི་མེ་ཏོག་ཕྲེང་བས་བརྒྱན། །ཤ་ཆེན་རབ་ཏུ་གསོལ་མཛད་པ། །ཧེ་རུ་ཀ་དཔལ་བདག་ཕྱག་འཚལ། །དཔལ་ལྡན་རྡོ་རྗེ་མཁའ་འགྲོ་མ། །མཁའ་འགྲོ་མ་ཡི་འཁོར་ལོས་སྒྱུར། །ཡེ་ཤེས་ལྔ་དང་སྐུ་གསུང་ཐུགས། །འགྲོ་བ་སྐྱོབ་ལ་ཕྱག་འཚལ་ལོ། །ཇི་སྙེད་རྡོ་རྗེ་མཁའ་འགྲོ་མ། །ཀུན་ཏུ་རྟོག་པའི་འཆིང་གཅོད་ཅིང་། །འཇིག་རྟེན་བྱ་བ་རབ་འཇུག་མ། །དེ་སྙེད་རྣམས་ལ་བདག་ཕྱག་འཚལ།
༈ །དུས་གསུམ་རྒྱལ་བ་ཐམས་ཅད་ཀྱིས། །བཀའ་ཡི་འཁོར་ལོ་རབ་ཏུ་བསྐོར། །བདུད་དང་མུ་སྟེགས་ལྷ་མིན་བཅོམ། །གཤིན་རྗེ་འཇོམས་ལ་ཕྱག་འཚལ་ལོ། །ཆོས་ཉིད་ལས་བཞེངས་ཡེ་ཤེས་སྐུ། །དང་པོའི་སངས་རྒྱས་འཇམ་པའི་དཔལ། །མངོན་བྱང་ཡེ་ཤེས་ལོངས་སྤྱོད་རྫོགས། །ཡ་མཱནྟ་ཀར་ཕྱག་འཚལ་བསྟོད། །སངས་རྒྱས་ཐམས་ཅད་གཅིག་བསྡུས་པ། །རྡོ་རྗེ་སེམས་དཔའ་རིགས་ཀྱི་གཙོ། །ཞེ་སྡང་འཇོམས་མཛད་གཤིན་རྗེ་གཤེད། །ཁྲོ་རྒྱལ་ཁྱོད་ལ་ཕྱག་འཚལ་ལོ། །གཤིན་རྗེ་གཤེད་པོ་རབ་འཇིགས་པ། །གཏི་མུག་རྡོ་རྗེའི་ངོ་བོ་ཁྱོད། །སྟོན་པ་སངས་རྒྱས་ཀུན་རང་བཞིན། །རྡོ་རྗེའི་སྐུ་ལ་ཕྱག་འཚལ་བསྟོད། །གཤིན་རྗེ་གཤེད་པོ་རབ་འཇིགས་པ། །ཕྲ་མ་རྡོ་རྗེའི་ངོ་བོ་ཉིད། །རྡོ་རྗེའི་ཐུགས་དང་རབ་མཚུངས་པ། །རྡོ་རྗེ་རིན་ཆེན་ཕྱག་འཚལ་བསྟོད། །གཤིན་རྗེ་གཤེད་པོ་རབ་འཇིགས་པ། །འདོད་ཆགས་རྡོ་རྗེ་ངོ་བོ་ཁྱོད། །རྡོ་རྗེའི་གསུང་དང་རབ་ཏུ་མཚུངས། །རྡོ་རྗེའི་གསུང་ལ་ཕྱག་འཚལ་བསྟོད། །ཕྲ་དོག་རྡོ་རྗེའི་རང་བཞིན་ཁྱོད། །གཤིན་རྗེ་གཤེད་པོ་ལས་ཀུན་བྱེད། །རྡོ་རྗེའི་སྐུ་དང་རབ་ཏུ་མཚུངས། །ཕྱག་ན་རལ་གྲི་ཕྱག་འཚལ་བསྟོད། །སངས་རྒྱས་ཀུན་གྱི་ངོ་བོ་ཁྱོད། །སངས་རྒྱས་ཐམས་ཅད་གཅིག་བསྡུས་པ། །སངས་རྒྱས་ཀུན་མཆོག་གཙོ་བོའི་གཙོ། །དཀྱིལ་འཁོར་གཙོ་ལ་ཕྱག་འཚལ་བསྟོད། །གཏོར་མ་གཉིས་ནང་མཆོད་ལྟར་བྱིན་གྱིས་བརླབས་ཏེ། སོ་སོའི་སྔགས་ཀྱི་མཐར་གཏོར་མ་འབུལ་བ་ནས་བརྩམས། རྒྱུད་སྡེ་ལྔའི་སོགས་མི་དགོས། མཆན། གཙྪ་སྭ་བྷཱ་ཝ་ནཾ་ཞེས་པའི་བར་སྒྲུབ་ཐབས་བཞིན་གཏོར་མ་འབུལ། མཐར་སྤོས་དང་བཅས་པའི་རྡོ་དྲིལ་འཛིན་པས། རྡོ་རྗེ་སློབ་དཔོན་བློ་གྲོས་ཆེ། །སེམས་ཅན་དོན་རྣམས་བྱ་བ་དང་། །སངས་རྒྱས་ཐུགས་དམ་བསྐུལ་བའི་ཕྱིར། །དཀྱིལ་འཁོར་གཙོ་བོ་རིག་མར་བཅས། །གང་ཡང་ཕྱོགས་བཅུའི་དཔའ་བོ་དང་། །རིག་པའི་ལྷ་མོ་རྫུ་འཕྲུལ་ཅན། །བྱང་ཆུབ་སེམས་དཔའ་ལ་སོགས་ཀུན། །མ་ལུས་བདག་ལ་དགོངས་སུ་གསོལ། །བདག་ལ་བརྩེ་བར་དགོངས་ནས་ཀྱང་། །སློབ་མ་རྣམས་ལ་ཕན་པ་དང་། །བདེ་རྣམས་ལ་ཡང་ཕན་པའི་ཕྱིར། །སང་ནི་དཀྱིལ་འཁོར་འབྲི་བར་འཚལ། །བཅོམ་ལྡན་བདག་ནི་གུས་པ་ལ། དེ་བས་གནང་བ་མཛད་པར་རིགས། །སངས་རྒྱས་འཇིག་རྟེན་མགོན་བརྩེ་དང་། །བྱང་ཆུབ་སེམས་དཔའ་དགྲ་བཅོམ་དང་། །གསང་སྔགས་ལྷ་གཞན་གང་ལགས་དང་། །འཇིག་རྟེན་སྐྱོང་བའི་ལྷ་རྣམས་ནི། །གང་ཡང་འབྱུང་པོ་མཐུ་ཆེན་དང་། །གང་དག་ལྷ་ཡི་སྤྱན་མངའ་བ། །སེམས་ཅན་བསྟན་ལ་དགའ་བ་རྣམས། །བདག་ལ་དགོངས་པར་མཛད་དུ་གསོལ། །རྡོ་རྗེ་འཛིན་པ་འདི་བཞེས་པས། །སང་ནི་དཀྱིལ་འཁོར་བཟང་པོའི་མིང་། །རྒྱུད་སྡེ་ལྔའི་དཀྱིལ་འཁོར་ནི། །ཆོ་ག་བཞིན་དུ་འདྲི་ལགས་ན། །བདག་དང་སློབ་མར་བཅས་པ་ལ། །ཐུགས་ནི་བརྩེ་བར་དགོངས་ནས་སུ། །ཚོགས་པ་ཐམས་ཅད་དཀྱིལ་འཁོར་དུ། །བྱིན་གྱིས་བརླབས་པར་མཛད་དུ་གསོལ། །ཞེས་ལན་གསུམ་གསོལ་བ་བཏབ།
གསུམ་པ་ནི། རབ་ཏུ་ལྷ་གྲངས་དང་མཉམ་པའི་བུམ་པ་དགོས་པ་ཡིན་མོད་ཀྱང་། དེ་ཙམ་འགྲུབ་དཀའ་བས། ད་ལྟར་ཕྱག་བཞེས་ལ་ལྷ་བུམ་ལྔ། དབུས་ཀྱི་བུམ་པའི་སྟེང་དུ་རྣམ་རྒྱལ་ཆེན་པོ་ཐོད་པའམ་དུང་ཆོས། ལས་ཐམས་ཅད་པའི་བུམ་པ་སྟེ། བུམ་པ་ལྷག་གནས་ཀྱི་གཞི་མདུན་དུ་བསྡུ་བ་ཁོ་ན་ཕྱག་ལེན་དུ་མཛད། དེའང་ཚོམ་བུའམ་དཀྱིལ་འཁོར་སོ་སོའི་དབུས་ཀྱི་སྟེང་དུ་མཉྫི་སོགས་ལ་བུམ་པ་ལྔ་བཀོད། ལས་བུམ་གཞི་དཀྱིལ་གྱི་བྱང་སྒོའི་ཚོམ་བུའི་སྟེང་དུ་བཀོད། མཆོད་པ་དང་གཏོར་མ་བུམ་པ་རེ་རེ་བཞིན་དུ་བཤམས་པའམ་བསྡུ་ན་ཐུན་མོང་དུ་བཤམས་ཀྱང་རུང་། བུམ་པ་བསྐྱེད་ཆོག་གི་ཚུལ། ས་བོན་གྱི་དཀྱིལ་འཁོར་བསྐྱེད་ནས། གཙོ་བོའི་སྙིང་པོ་བརྗོད་པ་ཙམ་གྱིས་ལྷ་རྣམས་སྐད་ཅིག་གིས་བསྐྱེད་པ་རྡོ་རྗེ་གདན་པའི་ལུགས་དང་། སྲུང་འཁོར་ཆོས་འབྱུང་འབྱུང་བཞི་གཞལ་ཡས་ཁང་དུ་མངོན་བྱང་ལྔ་ལས་གཙོ་བོ་ལྔ་བསྐྱེད་ནས། འཁོར་རྣམས་མཁའ་སྤྲོ་བྱེད་པ་དྷཱ་བྱང་ཆུབ་སེམས་དཔའི་ལུགས། ལྷ་ཐམས་ཅད་རྡོ་རྗེ་ཆོ་ག་གསུམ་བསྐྱེད་པ་བཻ་རོ་ཙ་ན་རཀྵི་ཏའི་ལུགས། སྐད་ཅིག་གིས་བསྐྱེད་པ་རཱ་ཧུ་ལ་དང་། སུ་མ་ཏི་ཆེན་པོའི་ལུགས་ཡིན་པར་བཤད་པ་ལས། དེང་སང་ལག་ལེན་བདེ་བའི་ཕྱིར་ཕྱི་མ་མཛད་ལ། ཐམས་ཅད་ཀྱང་བུམ་པ་གཞལ་ཡས་ཁང་དུ་བསྐྱེད་པར་ནི་མཐུན་ནོ། །དེ་ཡང་འདི་ལྟར། བུམ་པ་རྣམས་བསང་སྦྱང་།
སྟོང་པའི་ངང་ལས། པད་ཟླའི་གདན་ལ་བྷྲཱུྃ་ལས་བུམ་པ་བྷྲཱུྃ་གྱིས་མཚན་པ་ལས་འོད་འཕྲོས། སངས་རྒྱས་རྣམས་མཆོད་ཅིང་ཐུགས་རྒྱུད་བསྐུལ། སེམས་ཅན་ཐམས་ཅད་ཀྱི་དོན་བྱས། སླར་འདུས་ཏེ་ཐིམ་པ་ཡོངས་སུ་གྱུར་པ་ལས། ཐམས་ཅད་གཞལ་ཡས་ཁང་གྲུ་བཞི་སྒོ་བཞི་རྟ་བབས་བཞིས་བརྒྱན་པ། མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པར་གྱུར། རྣམ་རྒྱལ་ཆེན་པོ་དང་དབུས་ཀྱི་བུམ་པ་གཞལ་ཡས་ཁང་ནང་གི་ལྷ་སྣམ་ཤར་དཀར། ལྷོ་སེར། ནས། ལྗང་གུ་རྣམས་གན་རྐྱལ་དུ་མནན་པའི་སྙིང་གར་ཟླ་བའི་དཀྱིལ་འཁོར་རེ་རེ། རྣམ་རྒྱལ་ཆེན་པོའི་སྒོ་བཞིར་ཉི་མའི་གདན། དབུས་ཀྱི་གདན་གྱི་སྟེང་དུ། བཅོམ་ལྡན་འདས་དགྱེས་མཛད་ནས་སའི་དཀྱིལ་འཁོར་འཛིན་པའི་བར་ལྷ་སྟ་གོན་བཞིན། ཤར་སྒོར་རྟ་གདོང་མ་ནས། ཤམ་ཐབས་ཅན་ནོའི་བར་མཚོན་ཆ་ཅན་གྱི་བར་སྒྲུབ་ཐབས་བཞིན། གཞལ་ཡས་ཁང་དབུས་མའི་ནས་གང་བ་བཞི་དང་བཅས་པ་སོ་སོའི་བར་དཀྱིལ་འཁོར་ལྔ་པོ་ལྷ་སྟ་གོན་གྱི་སྐབས་བཞིན་ཇི་ལྟ་བ་བཞིན་དུ་བསྐྱེད། ལས་ཐམས་ཅད་པའི་གཞལ་ཡས་ཁང་པར་པདྨ་དང་ཟླ་བ་ཉི་མ་བརྩེགས་པའི་གདན་ལ། བདུད་རྩི་འཁྱིལ་བ་སྐུ་མདོག་ལྗང་ནག་དཀར་བའི་ཞལ་གསུམ་ཕྱག་དྲུག་པ། དང་པོ་གཉིས་ཀྱི་རང་སྣང་གི་ཡུམ་ལ་འཁྱུད་པ། ལྷག་མ་གཡས་གཉིས་ཀྱིས་རྡོ་རྗེ་ནག་པོ་རྭ་གདེངས་པ་དང་རལ་གྲི། གཡོན་གཉིས་ཀྱིས་རིན་པོ་ཆེ་དང་པདྨ་འཛིན་པ། སྟག་ལྤགས་ཀྱི་ཤམ་ཐབས་དང་སྦྲུལ་གྱིས་བརྒྱན་པ། ཁྲོ་བོའི་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པའོ། །སྙིང་གའི་ས་བོན་གྱི་འོད་ཟེར་གྱིས་དགྱེས་མཛད་མཚོན་ཆ་ཅན་ལྷ་བཅུ་གསུམ་རྒྱུད་སྡེ་ལྔའི་དཀྱིལ་འཁོར་གྱི་ལྷ་ཚོགས། བདུད་རྩི་འཁྱིལ་བ་དང་བཅས་པ་བཛྲ་ས་མཱ་ཛཿ ཤར་ཕྱོགས་ཀྱི་ནས། སྤྱི་བོར་འཁྱིལ་བ་ལས། གཙོ་བོ་དྲུག་ལ་མི་བསྐྱོད་པ་དང་། འཁོར་རྣམས་ལ་གཙོ་བོ་དང་། བདུད་རྩི་འཁྱིལ་བ་ལ་དོན་ཡོད་གྲུབ་པ་རྣམས་ཀྱིས་དབུ་བརྒྱན། དེ་ནས་བུམ་བཟླས་བྱ་སྟེ། གཟུངས་ཐག་ནས་བཟུང་ལ། གཙོ་བོ་དྲུག་གི་སྔགས་བརྒྱ་རྩ་རེ་དང་། ལྷ་གཞན་རྣམས་ལའང་ཉེར་གཅིག་ཙམ་རེ་བཟླ་བར་བཤད་ནའང་། བདུན་བདུན་ནམ་གསུམ་གསུམ་ཙམ་ཅི་རིགས་པར་བཟླས། ལས་བུམ་ལ་དམིགས་ཏེ།
ཨོཾ་ཨཱཿབིགྷྣཱནྟ་ཀྲྀ་ཏ་ཧཱུྃ་ཕཊ། ཅེས་པ་བརྒྱ་རྩ་དང་། ན་མཿས་མནྟ་ཀཱ་ཡ་ཝཱ་ཀ་ཙིཏྟ་བཛྲཱ་ནཱཾ། ན་མོ་མ་ཧཱ་བཛྲ་ཀྲོ་དྷཱ་ཡ། མ་ཧཱ་དཾཥྚོཊྐ་ཊ་བྷཱི་ཥ་ཎ་བྷཻ་ར་ཝ་ར་ཡ། ཨ་སི་མུ་ས་ལ། པར་ཤུ། པཱ་ཤ་ཧསྟ་ཡ། ཨོཾ་ཨ་མྲྀ་ཏ་ཀུཎྜ་ལི་ཁ་ཁ་ཁཱ་ཧི་ཁཱ་ཧི། ཧུ་ལུ་ཧུ་ལུ། ཏིཥྛ་ཏིཥྛ། བནྡྷ་བནྡྷ། ཧ་ན་ཧ་ན། ད་ཧ་ད་ཧ། གརྫ་གརྫ། བི་སྦོ་ཊ་ཡ་བི་སྦོ་ཊ་ཡ། སརྦ་བིགྷྣཱན་བི་ནཱ་ཡ་ཀ །མ་ཧཱ་ག་ཎ་པ་ཏི། ཛཱི་ཝི་ཏཱནྟ་ཀཱ་ར་ཡ། ཧཱུྃ་ཧཱུྃ་ཕཊ་སྭཱ་ཧཱ། ཞེས་པའང་ཉེར་གཅིག་སོགས་བཟླའོ། །ཐམས་ཅད་ཀྱི་ཐུན་མོང་དུ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲཱི་ཧཱུྃ་ཞེས་པ་དང་། གཙུག་ཏོར་རྣམ་རྒྱལ་གྱི་གཟུངས་ཀྱང་ཅི་རིགས་སུ་བཟླས་ཏེ་གཟུངས་ཐག་བསྡུའོ། །དེ་ནས་མཆོད་པ་གོང་བཞིན་བྱིན་གྱིས་བརླབ། མཆོད་བསྟོད་དང་། འཇིག་རྟེན་ལས་འདས་པའི་གཏོར་མ་འབུལ་ཚུལ་ལྷ་སྟ་གོན་གྱི་སྐབས་བཞིན་ལ་འཇིག་རྟེན་པའི་གཏོར་ཆོག་མི་དགོས།
བདག་དང་སློབ་མར་བཅས་པའི་སེམས་ཅན་ལ་གེགས་མེད་ཅིང་དངོས་གྲུབ་སྩལ་དུ་གསོལ། ཡིག་བརྒྱ་ལན་བདུན་གྱི་མཐར་མ་འབྱོར་བ་དང་སོགས་ཀྱིས་བཟོད་པར་གསོལ། རྡོ་རྗེ་པང་དུ་བཞག་པའམ་གཡས་པར་མེ་ཏོག་དང་ལྷན་ཅིག་བཟུང་ཀྱང་རུང་། གཡོན་པས་དྲི་ཆབ་ཀྱིས་གང་བའི་དུང་ཆོས་བླང་། པད་སྐོར་རེ་སྔོན་དུ་འགྲོ་བས། བུམ་པ་རེ་རེ་བཞིན་གཡས་སུ་བསྐོར་ཏེ། ཨ་ཁཾ་ཝཱི་ར་ཧཱུྃ། ལན་བདུན་གྱིས་བུམ་པ་རེ་རེར་དྲི་བཟང་གི་ཆུ་ཐིགས་རེ་དང་། མེ་ཏོག་རེ་འབུལ། རབ་ཏུ་དགྱེས་པའི་ཐུགས་ཅན་གྱིས་ཡེ་ཤེས་པ་རྣམས་སྟེང་གི་ནམ་མཁའ་ལ་བཞུགས་པར་གྱུར། ཨརྒྷཾ་ནས་ཤབྡ་བར་གྱིས་ཕྱི་མཆོད་དང་འབྲུ་གསུམ་ལན་བདུན་གྱིས་ནང་མཆོད། ཨ་ནུ་རཱ་ག་ཎས་གསང་མཆོད་ཕུལ། དེ་ཉིད་ལྔ་པ་དང་། ཁྲོ་བོ་ཞེ་སྡང་གནས་ལས་སྐྱེས། །གསོད་གཅོད་དོན་དུ་གཉེར་མཛད་ནས། །དངོས་གྲུབ་ཐམས་ཅད་ཐོབ་སྟེར་བ། །བདུད་རྩི་འཁྱིལ་བ་ལ་ཕྱག་འཚལ། །ཞེས་པས་བསྟོད། སླར་ཡང་དུང་ཆོས་ཀྱི་དྲི་ཆབ་བུམ་པ་སོ་སོར་བླུག །ནམ་མཁར་བཞུགས་པའི་ཡེ་ཤེས་པའི་ལྷ་ཚོགས་ཤིན་ཏུ་དགྱེས་པའི་ཐུགས་ཀ་ནས། བདུད་རྩིའི་ཆུ་རྒྱུན་བྱུང་སྟེ། བུམ་ནང་གི་ལྷ་རྣམས་ཀྱི་སྤྱི་བོ་ནས་ཞུགས་ཤིང་ཐིམ་པས། གཞལ་ཡས་ཁང་རྣམས་བུམ་པ་རྣམས་སུ་གྱུར། དམ་ཚིག་པ་དེ་རྣམས་འོད་དུ་ཞུ་བ་ལས། རྣམ་རྒྱལ་ཆེན་པོ་དང་རྣམ་རྒྱལ་རྣམས་སུ་སྔགས་ཀྱི་རྣམ་པའི་བདུད་རྩིས་ཡོངས་སུ་གང་བ་དང་། ལས་ཐམས་ཅད་པར་ཆུའི་རྡུལ་ཕྲ་རབ་རེ་རེ་ནས་ལྷ་སྐུ་ཕྲ་མོ་རེ་རེར་གྱུར། དེ་ནས་བུམ་པ་རྣམས་རོལ་མོ་དང་བཅས་སྟེགས་བུར་སྤྱན་དྲངས་སོ། །ཡང་དམ་ཡེ་མ་ཕྱེ་བར་མཆོད་ཡོན་ཕུལ་བས་ལྷ་རྣམས་ཡབ་ཡུམ་སྙོམས་པར་ཞུགས་པས། བྱང་ཆུབ་ཀྱི་སེམས་ཀྱིས་བུམ་པ་གང་། ཡེ་ཤེས་པ་གཤེགས་ནས་དམ་ཚིག་པ་ཞུ་བར་བྱེད་པའི་ལུགས་ཀྱང་ཡོད་ལ། ཡང་། དམ་ཡེ་དབྱེར་མེད་ཀྱི་ལྷ་རྣམས་བྱང་ཆུབ་ཀྱི་སེམས་སུ་ཞུ་བ་སྟེ། གསུམ་པོ་འདི་བུམ་དབང་དང་། གསང་དབང་དང་། ཤེས་རབ་ཡེ་ཤེས་ཀྱི་དབང་གསུམ་དང་རྗེས་སུ་འབྲེལ་བའི་བུམ་པའི་སྒྲུབ་ལུགས་ཡིན་པས། དངོས་གཞི་ནུབ་གསུམ་ལ་དབང་བཞི་རྫོགས་པར་བྱེད་ན། སྟ་གོན་གྱི་སྐབས་དཀྱུས་བཞིན་དང་། གསང་དབང་གི་ཉིན་མོ་གཉིས་པ་དང་། ཤེར་དབང་གི་ཉིན་གསུམ་པ་ལྟར་སྒྲུབ། དབང་རྫོགས་པར་བྱེད་ན་གསུམ་པ་ལྟར་སྒྲུབ་དགོས་ཞེས་གསུངས་པའི་དགོངས་དོན་ཡང་དེ་ཡིན་ལ། དེང་སང་དབང་བཞི་ནུབ་གཅིག་ལ་བསྐུར་བ་དང་ལེན་པ་ལྟར་ན། བུམ་དབང་མ་གཏོགས་པ་ལ་བུམ་པའི་བྱ་བ་མེད་པའི་ཕྱིར་དཀྱུས་ལྟར་བྱའོ།
།བཞི་པ་ནི། ཐུན་མོང་བསླབ་བྱ་སྤྲོ་བ་བསྐྱེད། །གསོལ་བཏབ་གནང་བ་སྦྱིན་པ་དང་། །རྟོག་པ་བསྡུ་ཞིང་སྡོམ་གསུམ་བརྟན། །རྒྱུན་བཤགས་དྲིས་ལན་སྡོམ་པ་བསྒྲགས། །སྡོམ་སྦྱིན་སྒོ་གསུམ་བྱིན་གྱིས་བརླབས། །སོ་ཤིང་དོར་ལ་སྲུང་སྐུད་གདགས། །ཁྱོར་ཆུ་ཀུ་ཤ་གཟེངས་བསྟོད་དང་། །རྨི་ལམ་བསྟན་པ་ཞེས་བྱ་བ། །བཅུ་བདུན་སློབ་མ་སྟ་གོན་ཆོས། །ཞེས་སོ།
།དེ་ཡང་དང་པོ་ནི། སློབ་མ་རྣམས་ཁྲུས་བྱས་གྲལ་ལ་འཁོད། མེ་ཏོག་བཀྱེ་བསྡུ་བྱས་པ་ལ། སེམས་བསྐྱེད་གསལ་བཏབ། ཆོས་འདིའི་བྱུང་ཚུལ་དང་། ཆེ་བ་ཅི་རིགས་པར་བརྗོད་ནས། སྡོམ་པ་གསུམ་ལ་གནས་པར་བྱ། །སོ་སོར་ཐར་དང་བྱང་ཆུབ་སེམས། །རིག་འཛིན་ནང་གི་སྡོམ་པའོ། །ཞེས་བྱ་བ་ཡིན་པས། སོ་སོ་ཐར་པའི་སྡོམ་པ་དང་། བྱང་ཆུབ་སེམས་དཔའི་སྡོམ་པ་ལ་ཡང་དག་པར་གནས་པ་ལ་དབང་བསྐུར་བར་བཤད་པ་ཡིན་པས། སོ་སོའི་ཆོ་གས་ལེགས་པར་བླངས་ཤིང་མ་ཉམས་པ་ཡིན་ན་ལེགས། དེ་ལྟར་མ་ཡིན་ཡང་དཀོན་མཆོག་གསུམ་ལ་ཡང་དག་པར་སྐྱབས་སུ་སོང་། མི་དགེ་བ་བཅུའི་ལས་ལམ་སྤངས་པའི་ཆོས་དགེ་བ་བཅུ་ལ་གནས་པས་སོ་ཐར་སྡོམ་པའི་དགོས་པ་ཚང་། སེམས་ཅན་ཐམས་ཅད་འཁོར་བ་ལས་བསྒྲལ་བའི་ཕྱིར་སངས་རྒྱས་ཐོབ་འདོད་ཐུན་མོང་མ་ཡིན་པ་དང་། དེ་ཐོབ་པའི་ཕྱིར་ཕར་ཕྱིན་དྲུག་སོགས་བྱང་ཆུབ་སེམས་དཔའི་སྤྱོད་པ་ཁྱད་པར་ཅན་སློབ་མའི་བསམ་པ་རྣམ་དག་བསྐྱེད་པས་སེམས་བསྐྱེད་བླངས་པའི་དགོས་ནུས་ཀྱང་གྲུབ་པ་ཡིན་པའི་ཕྱིར། དེ་རྣམས་ཀྱི་བསམ་པ་རྣམ་དག་བསྐྱེད་དགོས་སོ་ཞེས་གདམས། སྔར་སྡོམ་པ་གཉིས་པོ་ཕོག་ཟིན་པ་ཡིན་ན། འདི་མ་བརྗོད་ཀྱང་ཆོག
།གཉིས་པ་ནི། སྔགས་ཀྱི་དངོས་གྲུབ་དོན་གཉེར་གང་། །དཀྱིལ་འཁོར་འདི་འདྲར་གཞུག་བྱ་སྟེ། །བསོད་ནམས་འདོད་པས་དེ་ལས་གཞན། །འཇིག་རྟེན་འདི་ཡི་བསམ་པ་སྤངས། །དད་པ་ཆེན་པོ་ལྡན་པ་དག །འཇིག་རྟེན་ཕ་རོལ་ལ་དམིགས་ནས། །བློ་ལྡན་དཀྱིལ་འཁོར་གཞུག་བྱ་སྟེ། །བདག་དོན་འདི་འབྲས་གཉེར་མི་བྱ། །གལ་ཏེ་འདི་འབྲས་དོན་གཉེར་ན། །གཞན་དོན་སངས་རྒྱས་འགྲུབ་མི་འགྱུར། །གཞན་དོན་ཕ་རོལ་ལ་དམིགས་ན། །འབད་པ་མེད་པར་འདི་འབྲས་འགྲུབ། །ཅེས་བརྗོད་ལ་དོན་བཤད།
གསུམ་པ་ནི། འདིའི་རྗེས་ཟློས་བྱ་སྟེ། དགའ་ཆེན་ཁྱོད་བདག་སྟོན་པ་སྟེ། །སློབ་དཔོན་ཁྱོད་ནི་དགོངས་སུ་གསོལ། །བྱང་ཆུབ་ཆེན་པོའི་ཚུལ་བསྟན་པ། །མགོན་པོ་ཆེན་པོ་བདག་འཚལ་ལོ། །སངས་རྒྱས་ཆོས་དང་དགེ་འདུན་ཏེ། །སྐྱབས་གསུམ་དག་ཀྱང་བདག་ལ་སྩོལ། །བྱང་ཆུབ་སེམས་ཀྱང་བདག་ལ་སྩོལ། །དམ་ཚིག་དེ་ཉིད་བདག་ལ་སྩོལ། །ཐར་པ་ཆེན་པོའི་གྲོང་མཆོག་ཏུ། །མགོན་པོས་བདག་ནི་གཞུག་ཏུ་གསོལ། །ཞེས་ལན་གསུམ།
བཞི་པ་ནི། བུ་ཚུར་ཐེག་པ་ཆེན་པོ་ཡི། །ཁྱོད་ནི་ཚུལ་ཆེན་སྣོད་ཡིན་ཏེ། །གསང་སྔགས་སྤྱོད་ཚུལ་ཆོ་ག་མཆོག །ཁྱོད་ལ་ཡང་དག་བསྟན་པར་བྱ། །རྫོགས་པའི་སངས་རྒྱས་གང་འདས་དང་། །དེ་བཞིན་གང་དག་མ་བྱོན་པ། །ད་ལྟར་བྱུང་བའི་རྫོགས་སངས་རྒྱས། །འགྲོ་ལ་ཕན་ཕྱིར་བཞུགས་པ་ཀུན། །དེ་དག་ཀུན་གྱིས་གསང་སྔགས་ཀྱི། །ཆོ་ག་བཟང་པོ་འདི་མཁྱེན་ཏེ། །དཔའ་བོས་བྱང་ཆུབ་ཤིང་དྲུང་དུ། །ཐམས་ཅད་མཁྱེན་པ་མཚན་མེད་བརྙེས། །གསང་སྔགས་སྦྱོར་བ་མཉམ་མེད་དེའི། །ཡེ་ཤེས་མཉམ་མེད་ཐོབ་པས་ན། །སྐྱོབ་པ་དཔལ་ལྡན་ཧེ་རུ་ཀས། །བདུད་སྡེ་ཤིན་ཏུ་མི་བཟད་པའི། །དཔུང་ཆེན་དག་ཀྱང་དེ་ཡིས་བཅོམ། །དེ་བས་ཀུན་མཁྱེན་འཐོབ་བྱའི་ཕྱིར། །བུ་ཡིས་བློ་གྲོས་འདི་གྱིས་ཤིག །ཅེས་བརྗོད་ལ་དོན་བཤད།
ལྔ་པ་ནི། རྟོག་པ་ཐམས་ཅད་ལེགས་པར་བསྡུས་ནས་ནི། །ཤིན་ཏུ་བསམ་པ་བཟང་དང་ལྡན་པས་ཉོན། །བརྗེད་ངས་བློ་ལ་རྡོ་རྗེ་སེམས་དཔའ་སོགས། །བདེ་བར་གཤེགས་པ་རྣམས་ཀྱིས་བྱིན་མི་རློབ། །ཅེས་བརྗོད།
དྲུག་པ་ནི། བཅོམ་ལྡན་དཀྱིལ་འཁོར་དེས་གསུངས་ཆོས། །དེ་བསྒྲུབ་ལྷ་མོར་བཅས་པ་ཡི། །སངས་རྒྱས་ཆོས་དང་དགེ་འདུན་ཏེ། །མཆོག་གསུམ་དེ་ལ་སྐྱབས་སུ་མཆི། །དཔའ་བོ་དཔའ་མོ་དབང་ལྷ་མོ། །བྱང་ཆུབ་སེམས་དཔའ་བདག་ཉིད་ཆེ། །ཁྱད་པར་དུ་ཡང་སློབ་དཔོན་ལ། །རྟག་པར་བདག་ནི་སྐྱབས་སུ་མཆི། །བདག་ནི་དུས་འདི་ནས་བཟུང་སྟེ། །སྡོམ་གསུམ་ལྡན་པ་རང་ཉིད་བསྒྲུབ། །གཞན་ལ་སྨན་པས་ཆོས་ཀྱང་སྟོན། །འཁོར་དང་ལྡན་པ་སྟོན་པར་བགྱི། །ཞེས་ལན་གསུམ་རྗེས་ཟློས་བྱའོ།
།བདུན་པ་ནི། སྒྲུབ་ཐབས་བསྟན་རྒྱས་དང་། དཀྱིལ་ཆོག་དངུལ་གདོང་མའི་དངོས་གཞིའི་སྐབས་ན་རྒྱུན་བཤགས་མི་འདྲ་བར་ཡོད་ཅིང་། རྡོ་རྗེ་གདན་པས་དབང་མེད་བདག་གི་སོགས་ཀུན་སྙིང་གི་གཞུང་ལྟར་མཛད་པས། རྒྱུན་བཤགས་ཀྱི་རིགས་རྣམས་འདམ་ཀ་ཡིན་ཡང་། དངུལ་གདོང་མར་འདི་སྐབས་སུ། ཡན་ལག་ལྔ་བདུན་གང་རུང་བྱེད་པར་གསུངས་པ་ཉིད་འཇུག་པ་བདེ་བའི་ཕྱིར་སྔ་ཕྱི་ཐམས་ཅད་དུ་སྦྱར་ན་ལེགས་པས་ཡན་ལག་བདུན་པ་ལྟར་ན་སྒྲུབ་ཐབས་ཀྱི་ཚོགས་ཞིང་གི་སྐབས་ལྟར་བྱ་ཞིང་། ལྔ་པ་ལའང་བསྐུལ་བ་གསོལ་འདེབས། བདག་འབུལ་གསུམ་གྱི་ཚིགས་བཅད་དོར་བ་ཉིད་དོ།
།བརྒྱད་པ་ནི། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི། །གསང་བ་ཆེན་པོ་རིགས་དག་པའི། །གསང་བ་ཡོངས་སུ་འཛིན་པར་ནི། །བདག་ཉིད་ཆེན་པོ་ཁྱོད་འདོད་དམ། །ཞེས་དྲིས་པ་ལ། བདག་ཉིད་ཆེན་པོ་བདག་འཚལ་ལགས། །ཞེས་འདོན་པ་སྤོས་ཏེ་ལན་བཏབ།
དགུ་པ་ནི། སངས་རྒྱས་ཆོས་དང་དགེ་འདུན་ཏེ། །དཀོན་མཆོག་གསུམ་ལ་སྐྱབས་སུ་སོང་། །འདི་ནི་སངས་རྒྱས་རིགས་དག་པའི། །སྡོམ་པ་བརྟན་པོར་གྱུར་པའོ། །རྡོ་རྗེ་དྲིལ་བུའི་ཕྱག་རྒྱ་ནི། །བློ་ཆེན་ཁྱོད་ཀྱིས་གཟུང་བར་བྱ། །བྱང་ཆུབ་སེམས་གང་དེ་རྡོ་རྗེ། །ཤེས་རབ་དྲིལ་བུ་ཞེས་བསྒྲགས་སོ། །སློབ་དཔོན་ཁྱོད་ཀྱིས་བཟུང་བྱ་སྟེ། །བླ་མ་སངས་རྒྱས་ཀུན་དང་མཉམ། །འདི་ནི་རྡོ་རྗེའི་རིགས་དག་པའི། །དམ་ཚིག་སྡོམ་པ་ཡིན་པར་བཤད། །རིན་ཆེན་རིགས་མཆོག་ཆེན་པོ་ཡི། །དམ་ཚིག་ཡིད་དུ་འོང་བ་ལ། །ཉིན་དང་མཚན་མོ་ལན་གསུམ་དུ། །ཟང་ཟིང་མི་འཇིགས་ཆོས་དང་བྱམས། །སྦྱིན་པ་རྣམ་བཞི་རྟག་ཏུ་བྱིན། །ཕྱི་ནང་གསང་བའི་ཐེག་པ་གསུམ། །དམ་ཆོས་ཁྱོད་ཀྱིས་བཟུང་བར་བྱ། །འདི་ནི་པདྨའི་རིགས་དག་པའི། །དམ་ཚིག་ཡིད་དུ་འོང་བའོ། །ལས་ཀྱི་རིགས་མཆོག་ཆེན་པོ་ལ། །སྡོམ་པ་ཐམས་ཅད་ལྡན་པར་ནི། །ཡང་དག་ཉིད་དུ་བཟུང་བར་བགྱི། །མཆོད་པའི་ལས་ཀྱང་ཅི་ནུས་བགྱི། །དེ་ལས་གཞན་ཡང་བཅུ་བཞི་ནི། །ཕས་ཕམ་པར་ནི་རབ་ཏུ་བཤད། །སྤངས་ཤིང་དོར་བར་མི་བྱ་སྟེ། །རྩ་བའི་ལྟུང་བ་ཞེས་བཤད་དོ། །ཉིན་དང་མཚན་མོ་ལན་གསུམ་དུ། །ཉིན་རེ་བཞིན་ཡང་བཟླ་པར་བྱ། །གང་ཚེ་ཉམས་གྱུར་རྣལ་འབྱོར་པ། །ཁ་ན་མ་ཐོ་སྦོམ་པོར་འགྱུར། །ཁྱོད་ཀྱིས་སྲོག་ཆགས་གསད་མི་བྱ། །མ་བྱིན་པ་ཡང་བླང་མི་བྱ། །འདོད་ལ་ལོག་པར་མི་སྤྱད་ཅིང་། །བརྫུན་དུ་སྨྲ་བར་མི་བྱའོ། །ཕུང་ཁྲོལ་ཀུན་གྱི་རྩ་བ་ཡིན། །ཆང་ནི་རྣམ་པར་སྤང་བར་བྱ། །སེམས་ཅན་འདུལ་ཕྱིར་མ་གཏོགས་པ། །བྱ་བ་མ་ཡིན་ཐམས་ཅད་སྤང་། །དམ་པ་ཉེ་བར་བསྟེན་བྱ་ཞིང་། །རྣལ་འབྱོར་པ་རྣམས་བསྙེན་བཀུར་བྱ། །ལུས་ཀྱི་ལས་ནི་རྣམ་གསུམ་དང་། །ངག་གི་རྣམ་པ་བཞི་དག་དང་། །ཡིད་ཀྱི་རྣམ་པ་གསུམ་དག་ནི། །ཅི་ནུས་པར་ནི་རྗེས་སུ་བསྲུང་། །ཐེག་པ་དམན་ལ་འདོད་མི་བྱ། །སེམས་ཅན་དོན་ལ་རྒྱབ་མི་ཕྱོགས། །འཁོར་བ་དག་ཀྱང་ཡོངས་མི་སྤང་། །རྟག་ཏུ་མྱ་ངན་ཡོངས་མི་འདའ། །ལྷ་དང་ལྷ་མིན་གསང་བ་པ། །ཁྱོད་ཀྱིས་བརྙས་པར་མི་བྱ་སྟེ། །ཕྱག་རྒྱ་བཞོན་པ་མཚོན་ཆ་དང་། །མཚན་མ་འགོང་བར་མི་བྱའོ། །འདི་དག་དམ་ཚིག་ཡིན་པར་ནི། །ཁྱོད་ཀྱིས་རྟག་ཏུ་བསྲུང་བར་བྱ། །རྗེས་མཐུན་སྡོམ་པ་རྒྱ་ཆེར་ནི། །གསང་བའི་རྒྱུད་ལས་ཡང་དག་བཤད། །ཅེས་ལན་གསུམ།
བཅུ་པ་ནི། སློབ་དཔོན་འདིར་ནི་བདག་ལ་གསོན། །གཙོ་བོས་ཇི་ལྟར་བཀའ་སྩལ་པ། །དེ་ལྟར་བདག་གིས་བགྱིད་པར་འཚལ། །ཞེས་ལན་གསུམ་བརྗོད་པས་ཁས་བླངས་ལ། སླར་ཡང་སྡོམ་པ་བཟུང་བ་ནི། ཇི་ལྟར་དུས་གསུམ་མགོན་པོ་རྣམས། །བྱང་ཆུབ་ཏུ་ནི་ངེས་མཛད་པའི། །བྱང་ཆུབ་སེམས་ནི་བླ་ན་མེད། །ཞེས་པ་ནས། སེམས་ཅན་མྱ་ངན་འདས་ལ་འགོད། །ཅེས་ལན་གསུམ།
བཅུ་གཅིག་པ་ནི། སློབ་མ་སྐད་ཅིག་གིས་རྡོ་རྗེ་སེམས་དཔའི་སྐུར་གྱུར་པའི་དཔྲལ་བར་ཟླ་བ་ལ་ཨོཾ་ལས་འཁོར་ལོར་ཨོཾ་གྱིས་མཚན་པ་ལས་སྐུ་རྡོ་རྗེ་སྐུ་མདོག་དཀར་པོ་འཁོར་ལོ་དང་དྲིལ་བུ་འཛིན་པ། མགྲིན་པར་སྣ་ཚོགས་པདྨ་ལ་ཨཱཿལས་པདྨ་དམར་པོ་ཨཱཿས་མཚན་པ་ལས་གསུང་རྡོ་རྗེ་སྐུ་མདོག་དམར་པོ་པདྨ་དང་དྲིལ་བུ་འཛིན་པ། སྙིང་གར་ཉི་མའི་དཀྱིལ་འཁོར་ལ་ཧཱུྃ་ལས་རྡོ་རྗེར་ཧཱུྃ་གིས་མཚན་པ་ལས་ཐུགས་རྡོ་རྗེ་སྐུ་མདོག་མཐིང་ག་རྡོ་རྗེ་དང་དྲིལ་བུ་འཛིན་པ་རྣམས་སུ་གྱུར། སློབ་མའི་གནས་གསུམ་དུ་བདུད་རྩི་ལྔ་དང་དྲི་བཟང་སྦྱར་བའི་ཐིག་ལེ་བྱ། སློབ་དཔོན་གྱི་ཐུགས་ཀ་ནས་འོད་ཟེར་འཕྲོས། སངས་རྒྱས་བྱང་སེམས་ཐམས་ཅད་སྐུ་གསུང་ཐུགས་རྡོ་རྗེའི་རྣམ་པར་སྤྱན་དྲངས། སློབ་མའི་གནས་གསུམ་དུ་བསྟིམ། མཆོད་པ་རྣམ་ལྔ་བྱིན་གྱིས་བརླབས་ཏེ། སོ་སོའི་སྔགས་དང་ཕྱག་རྒྱས་ཕུལ་བའི་མཐར། དུས་འདི་ནས་ནི་བཟུང་ནས་སུ། །འཁོར་བའི་ཉེས་པ་མ་གོས་པར། །མཆོད་པ་ཀུན་དང་ལྡན་པ་ཡི། །དུས་ཀུན་ཏུ་ནི་དགེ་བར་མནོས། །ཞེས་བརྗོད། ཡང་སློབ་མ་རྣམས་ཀྱིས་རང་གི་གནས་གསུམ་གྱི་རྡོ་རྗེ་གསུམ་ལ་གསོལ་བ་འདེབས་པ་འདིའི་རྗེས་ཟློས་བྱེད་དུ་འཇུག་སྟེ། ཨོཾ་སྐུ་ཡི་རྡོ་རྗེ་སྐུ་ཡི་མཆོག །ཡེ་ཤེས་དང་ལྡན་གཏི་མུག་སེལ། །བཅོམ་ལྡན་གཙོ་བོ་སྐུ་རྡོ་རྗེ། །སྐུ་ཡི་རྡོ་རྗེར་ཕྱག་འཚལ་ལོ། །ཞེས་གསོལ་བ་བཏབ་པས། སྐུ་རྡོ་རྗེ་སློབ་མའི་ལུས་ལ་ཐིམ་པས། ལུས་སྐུ་རྡོ་རྗེའི་ངོ་བོར་གྱུར་པར་མོས་ལ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་བཛྲ་སྭ་བྷཱ་ཝ་ཨཏྨ་ཀོ྅་ཧཾ། ཞེས་ང་རྒྱལ་འཛིན་དུ་འཇུག །དེ་བཞིན་དུ། གསུང་གི་རྡོ་རྗེ་གསུང་གི་མཆོག །སོ་སོར་རྟོག་པས་འདོད་ཆགས་འཇོམས། །བཅོམ་ལྡན་གཙོ་བོ་གསུང་རྡོ་རྗེ། །གསུང་གི་རྡོ་རྗེར་ཕྱག་འཚལ་ལོ། །ཞེས་གསོལ་བ་བཏབ་པས། གསུང་རྡོ་རྗེ་སློབ་མའི་ངག་ལ་ཐིམ་པས། ངག་གསུང་རྡོ་རྗེའི་ངོ་བོར་གྱུར་པར་མོས་ལ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཝཱ་ཀ་བཛྲ་སྭ་བྷཱ་ཝ་ཨཏྨ་ཀོ྅་ཧཾ། དེ་བཞིན་དུ། ཐུགས་ཀྱི་རྡོ་རྗེ་ཐུགས་དམ་བསྐུལ། །དག་པའི་རང་བཞིན་ཞེ་སྡང་སྦྱོང་། །བཅོམ་ལྡན་གཙོ་བོ་ཐུགས་རྡོ་རྗེ། །ཐུགས་ཀྱི་རྡོ་རྗེར་ཕྱག་འཚལ་ལོ། །ཞེས་གསོལ་བ་བཏབ་པས། ཐུགས་རྡོ་རྗེ་སློབ་མའི་ཡིད་ལ་ཐིམ་པས། ཡིད་ཐུགས་རྡོ་རྗེའི་ངོ་བོར་གྱུར་པར་མོས་ལ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཙིཏྟ་བཛྲ་སྭ་བྷཱ་ཝ་ཨཏྨ་ཀོ྅་ཧཾ། ཨོཾ་སུ་པྲ་ཏིཥྛ་བཛྲེ་སྭཱ་ཧཱ། ཞེས་མེ་ཏོག་འཐོར་ཅིང་བརྟན་པར་ཡང་བྱའོ།
།བཅུ་གཉིས་པ་ནི། བ་ལྕིའི་མཎྜལ་ཐིག་བཞིས་ལེའུ་ཚེ་དགུར་བགོས་པ་ཞིག་བྱས་ལ། བྱང་ཆུབ་ཀྱི་ཤིང་དུ་མོས་པའི་སོ་ཤིང་ཨཱ་ཁཾ་ཝཱི་ར་ཧཱུྃ་ཞེས་བརྗོད་པས་སློབ་མའི་ལག་ཏུ་གཏད་ལ། འཆའ་བའི་ཚུལ་བགྱིས་པས་སྡིག་སྒྲིབ་ཐམས་ཅད་བསྐྱུགས་པར་བསམ་ཞིང་། ཨོཾ་ཨཱཿཁཾ་ཝཱི་ར་ཧཱུྃ་ཞེས་སོ་ཤིང་གི་ར་བར་འདོར་དུ་གཞུག་གོ །ལྟས་བརྟག་པ་སྤྱི་དང་འདྲ།
བཅུ་གསུམ་པ་ནི། ཧཱུྃ་ལས་བྱུང་བའི་སྲུང་སྐུད་མདུད་པ་གསུམ་ལ་ཨོཾ་ཨཱཿཧཱུྃ་ཡོངས་སུ་གྱུར་པ་ལས། སྐུ་གསུང་ཐུགས་རྡོ་རྗེའི་ལྷ་གསུམ། སློབ་དཔོན་གྱི་སྙིང་གའི་ཧཱུྃ་ལས་འོད་འཕྲོས། སངས་རྒྱས་ཐམས་ཅད་ཀྱི་ཐུགས་ཀ་ནས། ཡེ་ཤེས་ཀྱི་སྲད་བུ་རྡོ་རྗེ་གསུམ་དང་བཅས་པ་བཛྲ་ས་མཱ་ཛཿ ཛཿཧཱུྃ་བྃ་ཧོཿ ལྷ་གསུམ་ཞུ་བ་ལས་མདུད་པའི་རྣམ་པར་གྱུར། སྐྱེས་པའི་དཔུང་པ་གཡོན་དང་། བུད་མེད་ཀྱི་གཡས་དང་། བྱིས་པའི་མགུལ་དུ་གདགས་སོ།
།བཅུ་བཞི་པ་ནི། ཨོཾ་ཧྲཱིཿབི་ཤུདྡྷ་དྷརྨ་སརྦ་པཱ་པཾ་ནི་ཤྩ་ཨ་སྱ་ཤོ་དྷ་ཡ་སརྦ་བི་ཀལྤཱན་ཨ་པ་ན་ཡ་ཧཱུྃ། ཞེས་ལན་གསུམ་གྱིས་ཁྱོར་ཆུ་བྱིན།
བཅོ་ལྔ་པ་ནི། དྷཱིཿལས་བྱུང་བའི་ཀུ་ཤ །ཨོཾ་ཨཱཿབཛྲ་དྷྲྀཀ་ཧཱུྃ་ཞེས། ལག་པ་གཡས་སུ་བྱིན་ཏེ་སྔས་ཀྱི་དོན་དང་ཧཱ་ལས་བྱུང་བའི་ཀུ་ཤ་ཨོཾ་ཨཱཿཁཾ་ཝཱི་ར་ཧཱུྃ་ཞེས། ལག་པ་གཡོན་དུ་སྦྱིན་ཏེ་སྟན་གྱི་དོན་ཏོ།
།བཅུ་དྲུག་པ་ནི། འཇིག་རྟེན་དུ་ནི་ཀུན་མཁྱེན་རྣམས། །ཨུ་དུམ་ཝ་རའི་མེ་ཏོག་བཞིན། །བརྒྱ་ལམ་ན་ནི་རེས་འགའ་ཞིག །འབྱུང་འགྱུར་ཡང་ནི་མི་འབྱུང་ངོ་། །གསང་སྔགས་སྤྱོད་པའི་ཚུལ་འབྱུང་བ། །དེ་བས་ཀྱང་ནི་དཀོན་པ་སྟེ། །གཉིས་མེད་ཟབ་མོའི་སྤྱོད་ཚུལ་ནི། །སེམས་ཅན་ཐམས་ཅད་སངས་རྒྱས་བྱེད། །གང་གི་བསྐལ་པ་གྲངས་མེད་དུ། །འཚམས་མེད་སྡིག་པ་བྱས་པ་ཡང་། །དེ་ཀུན་གྱིས་ནི་དཀྱིལ་འཁོར་འདི། །མཐོང་བས་སྡིག་པ་བྱང་འགྱུར་ན། །གྲགས་པ་མཐའ་ཡས་སྔགས་སྤྱོད་པའི། །ཚུལ་ལ་གནས་ན་སྨོས་ཅི་དགོས། །གང་གི་བསྐལ་པ་བྱེ་བ་རུ། །བསོད་ནམས་ཡེ་ཤེས་ཚོགས་བསགས་ཀྱང་། །འདི་ནི་མཐོང་བ་ཤིན་ཏུ་དཀའ། །ལམ་མཆོག་འདི་ནི་དཔལ་དང་ལྡན། །ཐམས་ཅད་དེ་བཞིན་གཤེགས་ཉིད་འགྱུར། །ཐེག་མཆོག་འདི་ལ་དགའ་བར་གྱིས། །ཞེས་བརྗོད་ལ་དོན་བཤད།
བཅུ་བདུན་པ་ནི། ནངས་པར་དཀྱིལ་འཁོར་ཆེན་པོ་མཐོང་བར་འགྱུར་བས་དགའ་བ་རྒྱ་ཆེན་པོ་གྱིས་ལ། ཀུ་ཤའི་གདན་ལ་སེང་གེའི་ཉལ་སྟབས་དང་དགེ་བའི་སེམས་ཀྱིས་ཉོལ་ཞིག །རྨི་ལམ་ཅི་མཐོང་བ་དེ་ཡང་ནངས་པར་ང་ལ་ལེགས་པར་སྨྲོས་ཤིག །ཅེས་བརྗོད་ལ་སློབ་མ་རྣམས་རང་གནས་སུ་བཏང་ངོ་།
།གསུམ་པ་ནི། སྟ་གོན་གྱི་དཀྱིལ་འཁོར་ནམ་མཁར་བཏེགས་པར་མོས་ལ། གཙོ་བོ་རྣམས་ཀྱི་སྙིང་པོའི་མཐར། ཨོཾ་བཛྲ་བེ་ག་ཨ་ཀྲ་མ་ཧོ་ཞེས་པའི་སྔགས་དང་ཕྱག་རྒྱ་ལྷ་གྲངས་དང་མཉམ་པར་སྦྱར་བས་ནམ་མཁར་བཞུགས་པར་བསམ་ལ། ལས་ཐམས་ཅད་པའི་སྔགས་དང་བུམ་ཆུས་མཐའ་ནས་བསྐོར་ཏེ་ཕྱོགས་བཅིངས་པར་བསམ། ཨརྒྷཾ་ནས་ཤབྡའི་བར་གྱིས་མཆོད། ཐུན་མོང་དུ་འབྲུ་གསུམ་གྱིས་ནང་མཆོད་ཕུལ། ཨ་ནུ་རཱ་གའི་སྔགས་ཀྱིས་གསང་མཆོད་ཀྱང་ཕུལ། མངོན་རྟོགས་ལྟར་བསྟོད་པས་བསྟོད། སྐབས་འདིར་རྡོ་རྗེ་གདན་པའི་དཀྱིལ་ཆོག་དང་། དངུལ་གདོང་མ་གཉིས་ཆར་ན། གསོལ་གདབ་རྒྱས་པར་བྱེད་པར་བཤད་ནའང་། སྔར་གོང་དུ་སྙན་མནན་པ་བྱས་ཟིན་ན་ལན་གཉིས་སུ་མི་དགོས་པས། གོང་དུ་བྱེད་པ་དང་། འདིར་བྱེད་པར་འདམ་ཀར་དགོངས་པ་ཡིན་ནོ། །འོན་ཀྱང་དངུལ་གདོང་མ་ལས་བྱུང་བའི་གསོལ་བཏབ་བསྡུས་པ་འདི་བྱ་སྟེ། བདུག་སྤོས་འཐུལ་བཞིན་དུ་སྤོས་ཕོར་ཐོགས་ནས། མ་ལུས་ཕྱོགས་བཅུར་བཞུགས་པ་ཡི། །སངས་རྒྱས་བདག་ལ་དགོངས་སུ་གསོལ། །བདག་མིང་འདི་ཞེས་བགྱི་བ་ཡིས། །རྡོ་རྗེ་ཅན་གྱི་དཀྱིལ་འཁོར་འབྲི། །སངས་རྒྱས་ལ་སོགས་ཀུན་འབྱོན་འཚལ། །དངོས་གྲུབ་འདིར་ནི་ཡང་དག་སྩོལ། །ཞེས་ལན་གསུམ། འདིར་མཆོད་པ་རྒྱུན་མི་འཆད་པར་འབུལ་ན། ལྷག་གནས་ཀྱི་ནངས་པར་བྱ་བ་ཡིན་ནའང་། མཆོད་པ་དེ་བཞིན་མི་འགྲུབ་ན་ལྷག་གནས་ཀྱི་མཇུག་ཉིད་དུ་བྱེད་པ་དེང་སང་གི་ལག་ལེན་ཉིད་ལེགས་སོ། །ལྔ་པ་ལ་ཐིག་གདབ་པ། ཚོན་གྱིས་འདྲི་བ། རྒྱན་དགོད་པའོ།
།དང་པོ་ལ། ལས་ཐིག་གདབ་པ་དང་། ཡེ་ཤེས་ཀྱི་ཐིག་གིས་བྱིན་གྱིས་བརླབས་པའི་ལུགས་ཀྱང་ཡོད་མོད་ཀྱི། དཀྱིལ་ཆོག་གཉིས་ཆར་གྱི་དགོངས་པ་ཡེ་ཤེས་ཀྱི་ཐིག་གདབ་པའི་རྗེས་སུ་ལས་ཐིག་གི་ཆ་འབྱེད་པ་ཉིད་ཡིན་ནོ། །དེ་ཡང་འདི་ལྟར་ཐིག་སྐུད་བསང་སྦྱང་། སྟོང་པའི་ངང་ལས། ཐིག་སྐུད་ཀྱི་གནས་དང་ནམ་མཁའི་ལྷ་ཚོགས་རྣམས་ཀྱི་ཐུགས་ཀར་བྷྲཱུྃ་ཨཱཾཿཛྲིཾ་ཁཾ་ཧཱུྃ་ལས་འོད་འཕྲོས། འཕགས་པ་མཆོད། སེམས་ཅན་གྱི་དོན་བྱས་ཏེ་ཐིམ། ཧཱུྃ་ལས་ཐིག་སྐུད་ནག་པོ་མི་བསྐྱོད་པ་སྐུ་མདོག་ནག་པོ་རྡོ་རྗེ་དང་དྲིལ་བུ་འཛིན་པ་ལ། ཡུམ་མཱ་མ་ཀིས་འཁྱུད་པ། བྷྲཱུྃ་ལས་ཐིག་སྐུད་དཀར་པོ་རྣམ་སྣང་དཀར་པོ་འཁོར་ལོ་དང་དྲིལ་བུ་འཛིན་པ་ལ། ཡུམ་སངས་རྒྱས་སྤྱན་མས་འཁྱུད་པ། ཨཱཾཿལས་ཐིག་སྐུད་སེར་པོ་རིན་ཆེན་འབྱུང་ལྡན་སེར་པོ་ནོར་བུ་དང་དྲིལ་བུ་འཛིན་པ། ཡུཾ་རིན་ཆེན་སྒྲོལ་མས་འཁྱུད་པ། ཛྲིཾ་ལས་ཐིག་སྐུད་དམར་པོ་འོད་དཔག་མེད་དམར་པོ་པདྨ་དང་དྲིལ་བུ་འཛིན་པ་ལ། ཡུཾ་གོས་དཀོར་མོས་འཁྱུད་པ། ཁཾ་ལས་ཐིག་སྐུད་ལྗང་གུ་དོན་ཡོད་གྲུབ་པ་ལྗང་གུ་རལ་གྲི་དང་དྲིལ་བུ་འཛིན་པ་ལ། ཡུམ་དམ་ཚིག་སྒྲོལ་མས་འཁྱུད་པ། ཡབ་ལྔ་རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་ཤིང་། ཡུམ་ལྔ་ཡབ་དང་མཚུངས་པ་ལས་པདྨའི་སྐྱིལ་ཀྲུང་ཅན། ཐམས་ཅད་ཀྱང་དར་དང་རིན་པོ་ཆེའི་རྒྱན་གྱིས་བརྒྱན་པའོ། །དཔྲལ་བར་ཨོཾ། མགྲིན་པར་ཨཱཿ །ཐུགས་ཀར་ཧཱུྃ། ཨརྒྷཾ་ནས་ཤབྡའི་བར་ལན་གཉིས་ཀྱིས་མཆོད། དེ་ཉིད་ལྔ་པ་ཚར་གཅིག་གིས་བསྟོད། ལྷ་ལྔ་ཞུ་བ་ལས་བྱུང་བའི་ཐིག་སྐུད་དུ་གྱུར། ཐིག་སྐུད་སྒྲིལ་བཞིན་དུ། ཨོཾ་ཨ་ནྱོ་ནྱ། ཨ་ནུ་ག་ཏ། སརྦ་དྷརྨ་པ་ར་སྥ་ར། ཨ་ནུ་པྲ་པྲྀཊྚ་སརྦ་དྷརྨ་ཨཱདྱནྡ། ཨ་ནུ་པྲ་པྲྀཊྚ་སརྦ་དྷརྨ་ཧཱུྃ། ཞེས་ལན་མང་དུ་བཟླས་ལ། ཛཿ ཞེས་བརྗོད་པས་ནམ་མཁའི་ལྷ་རྣམས་ཀྱི་ཐུགས་ཀ་ནས་ཡེ་ཤེས་ཀྱི་ཐིག་སྐུད་སྤྱན་དྲངས་ཏེ་ཐིག་སྐུད་ལ་ཐིམ། ཛཿཧཱུྃ་བྃ་ཧོཿ ཞེས་ལན་ལྔ་བརྗོད། སློབ་དཔོན་ནུབ་དང་སློབ་མ་ཤར་དུ་གནས། ཛྫ་ཛྫ་ཛྫ། ཞེས་ཐིག་སྐུད་གཏད་ཅིང་ཐིག་སྣ་དྲངས། ཨོཾ་བཛྲ་ས་མ་ཡ་སཱུ་ཏྲ་མ་ཏི་ཀྲ་མ་ཧཱུྃ། ཞེས་ལན་མང་དུ་བཟླས་ལ། སློབ་དཔོན་གྱི་རྡོ་རྗེ་དང་བཅས་པའི་ལག་གཡས་ཀྱིས་སྟེང་དང་འོག་ཏུ་ཐིག་བཏབ་པས། སེམས་ཅན་དོན་དུ་ཁྱེད་རྣམས་ཀྱིས། །དུས་ཡིན་དེ་རིང་འདིར་སྤྱོན་ཅིག །ཅེས་པའི་སྒྲ་བྱུང་ནས་སངས་རྒྱས་ཐམས་ཅད་སྤྱན་དྲངས་ནས་ཐིག་ལ་ཐིམ། ཞེས་པ་ཐིག་ཆེན་བརྒྱད་ཀ་ལ་སྦྱར་ལ། ཤར་ནུབ་ཁ་བལྟས་ཚངས་ཐིག་དང་པོ་བཏབ། །ལྷོ་བྱང་ཁ་བལྟས་གཉིས་པ་བཏབ་པར་བྱ། །མེ་དང་དབང་ལྡན་ནས་ནི་ཤར་ཐིག་བཏབ། །རླུང་དང་སྲིན་པོ་ནས་ནི་ནུབ་ཐིག་བཏབ། །རླུང་དང་དབང་ལྡན་ནས་ནི་བྱང་ཐིག་བཏབ། །མེར་གནས་སྲིན་པོ་ནས་ནི་ལྷོ་ཐིག་བཏབ། །མེ་རླུང་གཉིས་ནས་ལོགས་ཐིག་དང་པོ་བཏབ། །སྲིན་དབང་གནས་པས་ལོགས་ཐིག་གཉིས་པ་བཏབ། །གཉིས་གཉིས་སྦྱར་བའི་དང་པོ་སློབ་དཔོན་གནས། །ཕྱི་མ་སློབ་མའི་གནས་སུ་ཤེས་པར་བྱ། །གཡས་སྐོར་དང་ནི་རྒྱབ་འགྲོས་བྱེད་པ་དང་། །ཕྱོགས་རྣམས་མ་འཁྲུལ་བ་ནི་ངེས་པར་བྱ། །དེ་མ་ཐག་ཡེ་ཐིག་ལ་གོང་བཞིན་མཆོད་བསྟོད་བྱ་སྟེ། ཡེ་ཤེས་པ་གཤེགས། ཐིག་སྐུད་དེ་ཉིད་ཀྱིས་ལས་ཐིག་གདབ་པར་བྱ་སྟེ། དབུས་སུ་ཕུར་བུ་བཏབ་ལ། དེ་ཉིད་དུ་ཕྱུང་སྟེ་ཕུར་ཁུང་བྱའོ། །བྱ་རྗེས་བཙལ་ལ་ལས་ཐིག་གིས་ཐིག་ཆེན་བརྒྱད་རློན་ཐིག་ཏུ་བཏབ། དེ་ནས་སྐམ་ཐིག་ཐིག་རིང་དུ་བཏབ་ན་ལེགས་ཤིང་། མིན་ནའང་ཆ་བཅུ་དྲུག་ཏུ་བགོ་བའི་བར་སྐམ་ཐིག་ཏུ་བཏབ། དེ་ཕྱིན་ཆད་ཐིག་ཐུང་དུ་བཏབ་པས་རུང་ངོ་། །དེ་ཡང་། ལྟེ་བ་ནས་རྩ་ཐིག་གི་བར་ཉིས་འགྱུར་དུ་བྱ་རྗེས་བྱས་ལ། རྟ་བབས་ཀྱི་རྩེ་མོའི་ལོགས་ཐིག་བྱའོ། །དེ་ཉིད་ལོགས་གཏུབ་གསུམ་བྱས་ལ་ཆ་བཅུ་དྲུག་ཏུ་བགོའོ། །དེ་ལ་ཐོག་མར་གཞི་དཀྱིལ་གྱི་ཐིག་བྱས་ལ། དེའི་འོག་ཏུ་དབུས་ཀྱི་ཕོ་བྲང་ལྔ་པོའི་ཐིག་གདབ་བོ། །འདི་ལ་རྟ་བབས་ནི་སྣམ་བུ་བཅུ་གཅིག་སྒོ་ཚད་གསུམ་མའམ། ཡང་ན་སྒོ་ཚད་གཉིས་མ་རྟ་བབས་རྒྱན་ལྡན་དུ་གྲགས་པ་བྱ་ཡི། སྒོ་ཚད་གཅིག་མ་དང་། སྣམ་བུ་བཞི་མ་ནི་བརྒྱུད་པ་འདིའི་ལུགས་ལ་ནམ་ཡང་མེད་དོ། །སྣམ་བུ་བཅུ་གཅིག་མ་ལ་ཡང་གཉིས་མཉམ་དགུ་མཉམ་ཁོ་ན་མཛད་ཀྱིན་སྣང་ལ། སློབ་དཔོན་གཞན་རྣམས་ཀྱི་བཞེད་པ་རྟ་བབས་རྒྱན་ཅན་ཡིན་ཅིང་། རྡོ་རྗེ་གདན་པའི་བཞེད་པ་ནི་བཅུ་གཅིག་མའོ། །ཞེས་གསུངས་ལ། ཨ་དྷ་ཡཱ་ཀ་རའི་བཞེད་པ་སྣམ་བུ་བཅུ་གཅིག་མ་ཡང་རྡོ་རྗེ་གདན་པ་ཆེ་ཆུང་ནས་བརྒྱུད་པའི་མན་ངག་ཡིན་པར་ཕྲེང་བ་ཉིད་ནས་བཤད་པ་སོགས་གུང་མཐུན་ནོ། །གཞི་དཀྱིལ་གྱི་ནང་དུ་རྡོ་རྗེའི་རྭ་བ་ཟླུམ་པོ་ལིང་ཚེ་དགུ་དང་བཅས་པ་བྱེད་པ་རྡོ་རྗེ་གདན་པའི་དཀྱིལ་ཆོག་ལས་གསལ་ཞིང་། དངུལ་གདོང་མ་ལས་ནི། རྡོ་རྗེའི་རྭ་བ་དང་། དུར་ཁྲོད་བརྒྱད་མེ་རི་དང་བཅས་པ་ཡང་འབྲི་བར་མཛད་པ་ནི། གཞི་དཀྱིལ་མེད་པར་ཁྱམས་ལིང་ཚེ་དགུ་པའི་ནང་དུ་དཀྱིལ་འཁོར་ལྔ་པོ་རྟ་བབས་ཅན་རེ་མཛད་པའི་ལུགས་སུ་མངོན་ནོ། །འོན་ཀྱང་དེང་སང་ལག་ལེན་ལ། གཞི་དཀྱིལ་གྱི་ནང་དུ། རྡོ་རྗེའི་ཕྲེང་བའང་མི་བྱེད་པ་ཤས་ཆེ་བར་ལག་ལེན་གདམ་པ་ཡིན་པར་ཤེས་པར་བྱའོ། །གང་ནའང་གཞི་དཀྱིལ་གྱི་རྩ་ཐིག་ནང་དུ་ཆ་ཆུང་གཉིས་དེའི་ལྷ་སྣམ་གྱི་སར་འཇོག་པ་རྡོ་རྗེའི་རྭ་བ་ཡོད་པའི་ལུགས་དང་། ལྷ་སྣམ་ཅུང་ཟད་ཡོད་ཀྱང་ནང་གི་དཀྱིལ་འཁོར་གྱི་ཕ་གུ་དྲ་ཕྱེད་ཤར་བུ་མདའ་ཡབ་རྣམས་ཀྱིས་སྒྲིབ་པའི་ཕྱིར། ནང་མའི་མདའ་ཡབ་དང་བཅས་རྩ་ཐིག་གི་བར་དུ་མ་འབྲེལ་ཙམ་གྱི་བར་སྣང་མ་གཏོགས་མེད་པར་བྱེད་པ་རྡོ་རྗེའི་ཕྲེང་བ་མི་བྱེད་པའི་ལུགས་གཉིས་ཤེས་པར་བྱས་ནས། ཐིག་བཞིས་དབུས་ཀྱི་ལིང་ཚེ་དགུ་བགོས་ལ། དབུས་དང་ཕྱོགས་བཞིར་དཀྱིལ་འཁོར་ལྔ་སོ་སོའི་ཐིག་རྣམས་བཏབ་བོ། །དེ་ཡང་འདི་ལྟར། དབུས་སུ་མཚན་མ་ལེགས་བཏབ་ནས། །ཤར་ནུབ་ཚངས་ཐིག་དྲང་པོར་བཏབ། །རིམ་པར་བྱ་རྗེས་བཙལ་ནས་ནི། །ཚངས་ཐིག་གཉིས་ལ་ཟུར་ཐིག་གཉིས། །ལོགས་གཏུབ་གསུམ་གྱི་ཆ་བཅུ་དྲུག །རྟ་བབས་སྒོ་ཚད་གསུམ་མ་ལ། །ཕྱི་རུ་ཆ་ཆེན་རེ་རེ་བསྣན། །འདིར་ནི་ཐུན་མོང་མིན་པའི་ཕྱིར། །སྒོ་ཚད་གཉིས་མའི་དབང་དུ་བྱ། །དང་པོ་གཉིས་པ་ཆ་ཆེན་བཞིར་བགོ །གསུམ་པའི་ནང་དུ་ཆ་ཆུང་གཅིག །བཞི་པ་རང་སར་གཞག་པར་བྱ། །ལྔ་པ་དབུས་དོར་མཐའ་གཉིས་གདབ། །དྲུག་པ་ཕྱེད་གདབ་ཕྱི་མ་གདབ། །བདུན་པ་བརྒྱད་པ་ཆ་བཞིར་བགོ །གསུམ་པའི་ཕྱེད་དུ་གདབ་བྱ་བ། །འདི་ནི་བདུན་པ་བརྒྱད་པ་ལ། །ཐིག་ཐུང་གདབ་པར་བྱ་བ་ཉིད། །བཅུ་གཅིག་རྩ་བའི་ཐིག་ཡིན་ཏེ། །ཐིག་ཆེན་བརྒྱད་ཀྱི་ལོགས་ཐིག་གོ
།བཅུ་བདུན་པ་ནི་མདའ་ཡབ་ཐིག །དེ་གཉིས་ཟུར་ནས་ཟུར་དུའོ། །རྩ་བའི་ཐིག་ལས་ཕྱི་རོལ་དུ། །ཟུར་ནས་ངོས་སུ་ཐིག་ལྔ་ལས། །དང་པོ་གསུམ་པར་རེག་པར་བྱ། །ལྷག་མ་བཞི་ནི་དགུ་པར་རེག །ཚངས་ཐིག་ངོས་ལས་ཐིག་གཉིས་པ། །རྩ་ཐིག་ནས་ནི་བཅུ་བཞིའི་བར། །དེ་ནས་ངོས་སུ་བཞི་པའི་བར། །སྟེང་དུ་བཅོ་ལྔ་པ་ལ་རེག །རྩེ་ནས་རྩེ་རུ་བཅོ་ལྔ་པ། །ཚངས་ལས་གསུམ་པ་བཅུ་གཉིས་ནས། །བཅུ་གསུམ་པ་ཡི་བར་དུའོ། །དེ་ནས་ངོས་སུ་ལྔ་བའི་བར། །སྟེང་དུ་བཅུ་དྲུག་པ་ལ་རེག །རྩེ་ནས་རྩེ་རུ་བཅུ་དྲུག་པ། །ཚངས་ལས་དྲུག་བདུན་བརྒྱད་དགུ་རྣམས། །བཅུ་གཉིས་བཅུ་བདུན་བར་དུའོ། །རྟ་བབས་རྒྱན་ལྡན་ཞེས་བྱ་བ། །སྒོ་ཚད་གཉིས་མ་ཡིན་པར་བཤད། །པདྨ་ཟླ་བ་གདུང་སྣམ་དང་། །ཉི་མ་པདྨ་བྲེ་གདན་དང་། །བྲེ་དང་པདྨ་ཞེས་བྱ་བརྒྱད། །རྟ་བབས་སྣམ་བུའི་གྲངས་སུ་འདོད། །ཚངས་ལས་གཡས་གཡོན་དང་པོའི་ཐིག །བཅུ་དགུ་པ་དང་འཛོམ་ས་ནས། །ཆ་ཆུང་གཉིས་གཉིས་གཡས་གཡོན་བསྐོར། །དེ་ཡི་སྣེ་ནས་ཆ་ཆུང་རེ། །བསྐོར་ཏེ་མདའ་ཡབ་ལ་རེག་བྱ། །དེ་ནང་ཆ་ཆུང་ཕྱེད་ཀྱིས་བསྐོར། །གླང་རྒྱབ་དབུས་བསྣོལ་མིག་གསུམ་འགྲུབ། །སྣམ་བུ་དང་པོའི་འོག་གི་ནི། །གདུང་སྣ་དགུ་པའི་གཡས་གཡོན་དུ། །ཆ་ཆུང་རེ་རེས་རིང་བའོ། །ཚངས་ལས་བརྒྱད་ནས་དགུ་པའི་བར། །པད་སྣམ་དང་པོ་བཅད་པར་བྱ། །སྣམ་བུ་གཉིས་པ་དྲུག་སྟེང་བཅད། །སྣམ་བུ་གསུམ་པ་བརྒྱད་པའོ། །འདི་ལ་སྟེང་དང་འོག་དག་ཏུ། །ཅུང་ཟད་བཞག་ནས་དབུས་སུ་གཅོད། །བཞི་པ་བཞི་ནས་བཅད་པར་བྱ། །ལྔ་པ་དྲུག་ནས་ལྔ་ཡི་བར། དྲུག་པ་གཉིས་ནས་གསུམ་གྱི་བར། །སྟེང་དུ་རྒྱས་པའི་ཚུལ་གྱི་བཅད། །བདུན་པ་གཉིས་པའི་སྟེང་ནས་བཅད། །བརྒྱད་པ་གསུམ་ནས་གཉིས་སུ་བཅད། །དང་པོ་ལྔ་པ་བརྒྱད་པ་གསུམ། །པདྨ་ཡིན་ནོ་ཐམས་ཅད་ལ། །འོག་ཏུ་ཆ་ཆུང་གསུམ་ཆའི་གདུང་། །སྟེང་དུའང་པད་ཁེབས་དེ་དང་མཉམ། །ནང་དུ་བསྐོར་ཐིག་ལ་རེག་གདག །གསུམ་པ་ལ་ཡང་སྟེང་འོག་ཏུ། །གདུང་ཁེབས་གདུང་གདན་གཉིས་ཀྱི་ཐིག །གདབ་བོ་ཞེང་དུ་ཐིག་གཉིས་སོ། །སོ་གསུམ་གཉིས་ནས་གཉིས་ཀྱི་བར། །སུམ་ཅུ་གསུམ་ནས་གསུམ་གྱི་བར། །ཉེར་དགུའང་གསུམ་ནས་གསུམ་པར་རོ། །ཉེར་བརྒྱད་ལྔ་ནས་ལྔ་ཡི་བར། །ཉེར་ལྔ་དྲུག་ནས་དྲུག་གི་བར། །ཉེར་བཞི་ཉེར་གཅིག་གཉིས་པོ་ནི། །བདུན་དང་བརྒྱད་ཀྱི་དབུས་སུ་བཟུང་། །ཉི་ཤུ་པ་ནི་བརྒྱད་པར་རེག །དེ་རྗེས་པདྨ་ཕྱི་མ་ནི། །གཉིས་ཀྱི་པད་ཁེབས་རྩེ་མོ་ལ། །ཁ་པད་ཟེའུ་འབྲུའི་རྣམ་པ་འབྲི། །གདུང་གདན་གྱི་ནི་ནང་ཐིག་དང་། །ཚངས་ལས་གཉིས་པ་འཛོམ་ས་ནས། །ཆ་ཆུང་དྲུག་གི་ནང་ར་བསྐོར། །གདུང་ཁེབས་ཀྱི་ནི་ནང་ཐིག་དང་། །ཚངས་ཕྱིར་བཞི་པ་འཛོམ་པ་ནས། །སྔ་མའི་ཚད་ཀྱི་ཕྱི་ར་བསྐོར། །སྦགས་རྭ་ལ་སོགས་འདིར་མི་བཞེད། །དབུས་ཀྱི་རྡོ་རྗེའི་རྭ་རྩེ་ནི། །དཀྱུས་སུ་ཆ་ཆེན་གཅིག་ཡིན་ལ། །ཚངས་ལས་གཡས་གཡོན་ཆ་ཆུང་ནི། །ཕྱེད་དང་གཉིས་གཉིས་རྩ་བའི་ཞེང་། །རྩེ་མོའི་ཚད་ལ་ངེས་པ་མེད། །འོན་ཀྱང་རྣོན་པོར་བྱའོ་གསུང་། །དབུས་ཀྱི་རྭ་རྩེའི་ཕྱི་རོལ་དུ། །ཁྱམས་ཐིག་པད་ཐིག་དུར་ཁྲོད་ཐིག །རྡོ་རྗེའི་ཐིག་དང་འོད་ཐིག་སྟེ། །སྐོར་ཐིག་ལྔ་པོ་རིམ་བཞིན་བསྐོར། དེ་རྣམས་ཚད་ནི་སྤྱི་དང་འདྲ། །རྩ་བའི་ཐིག་གི་ནང་ངོས་སུ། །ཆ་ཆུང་རེ་རེ་ཡོང་བོར་བ། །ནང་གི་ཐིག་ཏུ་འགྱུར་བ་སྟེ། །ཚངས་ལས་གཡས་གཡོན་ཆ་ཆུང་ལྔ། །བོར་བར་ཐིག་དང་དྲུག་པར་ཐིག །བསྣོལ་མར་བཏབ་པས་ནང་གི་ནི། །དཀྱིལ་འཁོར་ལྔ་ཡི་ས་ཆ་འབྱུང་། །ཕྱོགས་བཞིའི་དཀྱིལ་འཁོར་བཞི་པོ་ལ། །ཆ་ཆུང་ཕྱེད་རེ་གཡས་གཡོན་བྲི། །ནང་གི་དཀྱིལ་འཁོར་ལྔ་པོ་ནི། །རེ་རེ་ལ་ཡང་ཚངས་ཟུར་གྱི། །ཐིག་བཞི་བཏབ་ནས་དེ་རྗེས་ལ། །ཟུར་ཐིག་སྟེང་ནས་གསུམ་གཏུབས་ཀྱི། །ཆ་ནི་གསུམ་གསུམ་བགོ་བར་བྱ། །དེ་ལའང་གཉིས་གཉིས་ཕྱེ་ནས་ནི། །ལྔ་པ་དབུས་དོར་མཐའ་གཉིས་གདབ། །དྲུག་པ་ཕྱེད་གདབ་ཕྱི་མ་གདབ། །དང་པོ་ཕྱེད་གདབ་ཕྱི་མ་གདབ། །གཉིས་པའི་ནང་དུ་ཆ་ཆུང་གཅིག །བཏབ་པས་སྒོ་ཁང་འགྲུབ་པར་འགྱུར། །ཀ་བ་ཀ་རྒྱན་མུན་སྣམ་རྣམས། །དཀྱིལ་འཁོར་ནང་མ་རྣམས་ལ་མེད། །དེ་དག་མེད་ཕྱིར་རྟ་བབས་མེད། །དེ་རྣམས་སྤྱི་ཡི་མཚན་ཉིད་དོ། །དབུས་མ་དང་ནི་ནུབ་མ་ལ། །ལྷ་སྣམ་མི་འཇོམ་ཟླུམ་ཐིག་བསྐོར། །འདབ་བརྒྱད་པདྨའི་བཅུས་ཐིག་བཏབ། །ནུབ་མ་ལ་ནི་འོད་ཟེར་གྱི། །པ་ཊའི་ནང་དུ་རྡོ་རྗེའི་ཕྲེང་། །དེ་གཉིས་ཆ་ཆུང་རེ་རེའོ། །པདྨའང་མཉམ་གསུམ་བྱ་བ་ཡིན། །དབུས་ཀྱི་པདྨ་འདབ་བརྒྱད་ནི། །ལྟེ་བ་གཡས་གཡོན་ཆ་ཆེན་ནི། །ཕྱེད་དང་གཉིས་ཀྱི་མཚམས་ནས་བསྐོར། །དེ་ནས་ཟེའུ་འབྲུ་ཆ་ཆུང་གཅིག །དེ་ཡི་ཕྱི་རོལ་གཡས་གཡོན་དུ། །ཆ་ཆུང་བརྒྱད་ཀྱིས་འདབ་མ་བསྐོར། །ཕྱི་རུ་ཆ་ཆུང་གཅིག་འབྱུང་བ། །རྡོ་རྗེའི་ཕྲེང་བའི་ཐིག་ཡིན་ནོ། །འདི་ནི་ལྟེ་བ་ཆ་ཆེན་གསུམ། །འདབ་མ་ཆ་ཆེན་གཉིས་པའི་ལུགས། །གཞན་ལ་ཡོངས་སུ་གྲགས་ན་ཡང་། །འདི་ཉིད་ཀྱི་ནི་རང་ལུགས་སོ། །དཀྱིལ་འཁོར་ཤར་དང་བྱང་མ་ལ། །རྩིག་པའི་ནང་དུ་ཆ་ཆེན་རེ། །ལྷ་སྣམ་ཚུལ་དུ་བཞག་ནས་ནི། །དབུས་སུ་ཟླུམ་བསྐོར་རེའུ་མིག་དགུ། །སྤྱི་དང་མཐུན་པར་གདབ་པ་ཡིན། །དེ་ཡང་བཞི་པ་ལ་རེག་པར། །རྡོ་རྗེའི་ཕྱི་ཐིག་བསྐོར་ནས་ནི། །དེ་ནང་ཆ་ཆུང་གཅིག་ཀྱང་བསྐོར། །ཚངས་ལས་གཡས་གཡོན་གསུམ་པ་དང་། །བཞི་པའི་གདུང་ཐིག་བསྣོལ་མར་གདབ། །དེས་ནི་རེའུ་མིག་དགུ་པར་འགྱུར། །ཤར་མ་ལས་ནི་འོད་ཟེར་གྱི། །ཕྲེང་བའི་དོན་དུ་རྡོ་རྗེའི་ཐིག །ཆ་ཆུང་གཅིག་པ་གཉིས་སུ་བགོ །བྱང་མའི་ཕྱོགས་བཞིའི་རེ་མིག་ཏུ། །རྡོ་རྗེའི་རྭ་ཐིག་སྤྱི་དང་འདྲ། །ལྷོ་མའི་ནང་དུ་གདབ་བྱ་བ། །ལྟེ་བ་ནས་བཟུང་རྩ་ཐིག་བར། །ཆ་ཆུང་བཅུ་དྲུག་ལེགས་བགོས་ནས། །གཉིས་པའི་སྟེང་ནས་བསྐོར་བ་དང་། །ལྔ་དྲུག་བར་དང་དགུ་པ་དང་། །བཅུ་གཉིས་བཅུ་གསུམ་བར་དང་ནི། །བཅུ་དྲུག་པ་ནས་བསྐོར་ཏེ་ལྔ། །གཙོར་གནས་དང་ནི་འཁོར་ལོ་བཞིའི། །ཕྱི་ཐིག་ཡིན་པར་ཤེས་བྱ་སྟེ། །ཚངས་ཐིག་སྟེང་ནས་བསྐོར་བར་བྱ། །དང་པོའི་ཕྱི་དང་གཞན་རྣམས་ཀྱི། །ནང་དུ་ཆ་ཆུང་ཕྱེད་རེ་བསྐོར། །གེ་སར་དང་ནི་ཕྲེང་བའི་ཐིག །སྐོར་ཐིག་ལྔ་ཡི་བར་དག་ཏུ། །དང་པོར་གདབ་བརྒྱད་བཅུས་ཐིག་གདབ། །ཕྱི་རོལ་གྱི་ནི་བར་སྟོང་གསུམ། །འཁོར་ལོའི་རྩིབས་ཀྱི་ས་ཡིན་ཏེ། །དེ་ཡང་རྩིབས་དང་རྩིབས་ཅན་གཉིས། །གསུམ་གཉིས་གསུམ་ཆའོ་རྩེ་མོ་ནི། །རྩ་བའི་ཞེང་ལས་གཡས་གཡོན་དུ། །ཆ་ཆུང་རེ་རེས་ཕྲི་བར་བྱ། །ལྟེ་བའི་ཕྱོགས་ནི་རྩིབས་ཅན་ཏེ། །མུ་ཁྱུད་ཕྱོགས་ནི་རྩེ་མོའོ། །རྩིབས་རྣམས་ཀྱི་ནི་བར་བར་དུ། །ཞེང་དུ་ཆ་ཆུང་རེ་རེ་ཡི། །ཀ་བའི་ཐིག་ནི་གདབ་བྱ་སྟེ། །མུ་ཁྱུད་ནས་ནི་མུ་ཁྱུད་བར། །སྐོར་ཐིག་རྣམས་ལ་རིམ་པ་བཞིན། །ལྟེ་བ་འདབ་མ་འདབ་ཤུན་དང་། །མུ་ཁྱུད་རྩིབས་དང་མུ་ཁྱུད་དང་། །སླར་ཡང་རྩིབས་དང་མུ་ཁྱུད་ནི། །ལན་གཉིས་སུ་ནི་བརྗོད་པ་ཡིན། །འདིར་ནི་དེ་ཙམ་གྱིས་ཆོག་ལ། ནང་གི་ཆ་ཤས་དབྱེ་བ་ཞིབ་མོ་དག་ནི། རྡུལ་ཚོན་གྱི་དཀྱིལ་འཁོར་ལ་བྲི་བར་དཀའ་ཞིང་། དེ་བཞིན་དུ་ཐིག་གདབ་པའང་དཀའོ། །དེའི་ཕྱིར་མི་མཁོ་བས་མ་བྲིས་སོ། །གང་དག་བྲི་བའི་ལས་ཤིན་ཏུ་མཁས་པའམ། དཀྱིལ་འཁོར་ཆེན་པོར་འབྲི་བ་དང་། རས་བྲིས་ལ་སོགས་པ་དག་ལ་ནི། ནང་གི་ཆ་དབྱེ་བ་ཤིན་ཏུ་ཕྲ་བ་དག་ཀྱང་ཤེས་དགོས་ཏེ། འོན་ཀྱང་སོ་སོའི་དཀྱིལ་འཁོར་གྱི་ཆོ་ག་ལས་འབྱུང་བ་རྣམས་ཀྱིས་རིགས་འགྲེ་བའི་ཕྱིར་འདིར་མ་སྨོས་སོ། །དགྱེས་མཛད་དང་སྡོམ་པའི་དབུས་ཀྱི་པདྨའི་ཆ་ཚད་ནི་ལུགས་འདིའི་ཐུན་མོང་མ་ཡིན་པ་ཡིན་ཅིང་། ཀ་བ་ཀ་རྒྱན་རྩིག་པའི་ཐིག་ལ་རེག་པ་ནི། རྒྱ་བལ་བོད་གསུམ་གྱི་སྔགས་པ་རྙིང་པ་གཞན་མང་པོ་ཞིག་ལ་ཡང་ཡོད་དོ། །དེ་བཞིན་དུ་རྟ་བབས་རྒྱན་ལྡན་ཡང་སྟེ། འདི་ནི་ཕྱིས་ཀྱི་རྒྱ་གར་བ་མང་པོ་ལ་ཡང་སྣང་ངོ་། །གཞན་ཡང་རྟ་བབས་ཚད་ཅན་དང་། ཚད་མེད་དུ་འདོད་པ་སྔོན་དུས་ཀྱི་རྡོ་རྗེ་འཛིན་པ་རྣམས་ལའང་ཅི་རིགས་སུ་ཡོད་ཅིང་། འཕགས་པའི་ཡུལ་དུ་ནི། སྔོན་ནི་ཚད་མེད་དུ་འདོད་པ་མང་ཞིང་། ཕྱིས་ནི་ཚད་ཅན་དུ་འདོད་པ་མང་སྟེ། དེ་ཡང་སྒོ་ཚད་གསུམ་མར་འདོད་པ་མང་ངོ་། །འདིར་རྟ་བབས་སྣམ་བུ་བཅུ་གཅིག་མར་བྱེད་པའི་ཚེ་ཡང་། ཀ་བ་ཀ་ཆུང་བདུན་པ་དང་། མུན་སྣམ་འཁོར་མོ་དང་། ཟླ་ཕྱེད་རྡོ་རྗེ་ཡང་མུན་སྣམ་ལ་གནས་པ་དང་། འདོད་སྣམ་ཀ་བ་ལ་ཐུག་པ་ཙམ་བྱེད་པ་སོགས་གོང་དང་འདྲ་བར་བྱའོ། །ཞོར་ལ་འོངས་བ་སྟེ་སྤྲོས་པས་ཆོག་གོ
།གཉིས་པ་ནི། རྡུལ་ཚོན་རྣམས་བསང་སྦྱང་། ཐིག་སྐུད་ཅེས་པའི་གནས་སུ་རྡུལ་ཚོན་ཞེས་པ་མ་གཏོགས། མཆོད་བསྟོད། རིགས་ལྔ་ཞུ་བས་རྡུལ་ཚོན་དུ་བསྒྱུར་བའི་བར་ཐིག་སྐུད་སྐབས་དང་འདྲ། ཡི་གེ་འབྲུ་གསུམ་ལན་མང་དུ་བརྗོད་ཅིང་མཉེ། ཛཿཞེས་པ་ནས། ཛཿཧཱུྃ་བྃ་ཧོཿཞེས་པའི་བར་ཡང་གོང་བཞིན་ལས་འདོན་པ་སྤོ། ཨོཾ་བཛྲ་ཙི་ཏྲ་ས་མ་ཡ་ཧཱུྃ། ཞེས་ལན་མང་དུ་བཟླ། ཕུར་ཁུང་བཀང་། དབང་ལྡན་གྱི་རྩིག་པ་མཛུབ་གང་ཙམ་དུ་བྲིས་ཏེ། འདི་ནི་ཆོས་དབྱིངས་དག་པ་སྟེ། །སེམས་ཅན་ཁམས་ནི་རབ་སྒྲོལ་བྱེད། །དཔལ་ལྡན་ཁྲག་འཐུང་རྒྱལ་པོ་ཉིད། །དེ་བཞིན་གཤེགས་པ་ཀུན་གྱི་གནས། །ཉེས་པ་ཀུན་ལས་རྣམ་གྲོལ་བ། །ཚོན་གྱི་ལས་ནི་ཡང་དག་བརྩམ། །ཞེས་བརྗོད། ཐོད་པ་སོགས་ཀྱིས་བཀབ་སྟེ། རྡོ་རྗེས་མནན། ཕྱིས་སྦྲེལ་རན་པ་ན་སྦྲེལ་ཏེ་ཚོན་རྣམ་བཀྲ་བརྟག་གོ །རྡུལ་ཚོན་རྣམས་གཡས་སྐོར་དུ་དགྱེའོ། །དེ་ལ་ཚོན་གྱི་མཚན་ཉིད་ནི། རྩིག་པ་ཁ་དོག་ལྔ་ཕྱི་ནང་མཐུན་པར་ནང་ནས་རིམ་བཞིན་སྔོ་ལྗང་དམར་སེར་དཀར་བའོ། །གཞལ་ཡས་ཁང་གི་ལྷ་སྣམ་རྣམས་ཐམས་ཅད་མཐུན་པར། ཤར་དཀར། ལྷོ་སེར། ནུབ་དམར། བྱང་ལྗང་བ་མངོན་རྟོགས་ལྟར་དགྱེས་མཛད་ཐོད་པ་ཅན་ལ་ལྷོ་དམར་ནུབ་སེར་བ། མ་ཧཱ་མཱ་ཡ་ལ་ཤར་སྔོ་ནུབ་དཀར་བ་མཛད་པའི་ལུགས་ཀྱང་ཡོད་པ་ཤིན་ཏུ་ལེགས་པར་ཡང་མངོན་ནོ། །འདོད་སྣམ་དམར་པོ། ཕ་གུ་སེར་པོ། དྲ་ཕྱེད་ཀྱི་གཞི་ནག་པོ། །དྲ་ཕྱེད་དཀར་པོ། དེ་ཡང་ཁ་ཕྱིར་བསྟན་པ་དང་། མེ་ཏོག་ཕྲེང་བ་དང་། དར་དཔྱངས་སོགས་མཛེས་ཚོན། ཤར་བུ་སྔོན་པོ། མདའ་ཡབ་དཀར་པོ། མུན་སྣམ་ནག་པོ། ཀ་བ་ནང་མ་སེར་པོ། ཕྱི་མ་དཀར་པོ། ཀ་རྒྱན་གླང་པོ་ཆེ་མནན་པའི་སེང་གེ་དང་། དེའི་ཕྱི་རུ། གདུང་སྣ་ལས་དཔྱངས་པའི་དར་དཔྱངས་མཛེས་ཚོན། གླང་རྒྱབ་ཕྱོགས་མདོག །རྟ་བབས་སྣམ་བུ་བཅུ་གཅིག་ལྟར་ན། གསེར་སྣམ་སེར་པོ། ཤར་བུ་སྔོན་པོ། རིན་ཆེན་དམར་པོ། རྨིག་པ་ལྗང་གུ། མུན་པ་ནག་པོ། ཝ་རན་མཛེས་ཚོན། རྡོ་རྗེའི་རྭ་ཕྱོགས་མདོག །ཁྱམས་ལྗང་སེར། པདྨ་རྣམས་སྣ་ཚོགས་ཀྱི་མདོག །དུར་ཁྲོད་ཀྱི་གཞི་ནག་པོ་ལ་མེ་རི་རྣམས་ཁ་དོག་རྣམ་ལྔའི་རིམ་པས་འབྲིའོ། །ནང་གི་གཞལ་ཡས་ཁང་རྣམས་ལ་རྟ་བབས་མེད་པས་ཀ་བ་ཀ་རྒྱན་མུན་སྣམ་ཡང་མེད་པས་དེའི་ཕྱིར་འདོད་སྣམ་སྒོ་ཁྱུད་ཀྱི་རྩིག་པ་ལ་རེག་པ་དང་། ཕ་གུ་དྲ་ཕྱེད་ཤར་བུ་མདའ་ཡབ་རྣམས་ཀྱང་སྒོ་ལོགས་ཀྱི་རྩིག་པ་ལ་རེག་པའོ། །དེ་ནས་དགྱེས་མཛད་ཐོད་པ་ཅན་ལ་རྩིག་པ་ལ་རེག་པའི་རྡོ་རྗེའི་ཕྲེང་བ་དང་གོང་རས་ནག་པོ། པད་འདབ་ཕྱོགས་བཞི་དམར་ལ་མེ་རླུང་སེར། བདེན་བྲལ་ལྗང་ལ་དབང་ལྡན་སྔོ། །ཟེའུ་འབྲུ་ཁྲ་བོ་ལྟེ་བ་མཐིང་ག །ལྷ་སྣམ་གྱི་གྲུ་ཆད་ཕྱོགས་མདོག །གསང་བ་འདུས་པ་ལ། ལྷ་སྣམ་དང་། རིམ་པ་གཉིས་པའི་གྲུ་ཆད་རྣམས་ཕྱོགས་མདོག །དེ་གཉིས་ཀྱི་བར་རཱེ་ཁ་ནག་པོས་བཅད། དེ་ལ་མ་རེག་ཙམ་རྡོ་རྗེ་ནག་པོའི་ཕྲེང་བ་ཟླུམ་པོ་ནང་ལིང་ཚེ་དགུ་ལྟེ་བ་མཐིང་ག །རེ་མིག་ཕྱོགས་མདོག །ཀ་བའི་མཚན་མ་ཕྱོགས་མདོག །གདུང་ཕྱི་ནང་རྣམས་ནག་པོ་ལ་རྡོ་རྗེ་དམར་པོའི་ཕྲེང་བ་རྣམས་སོ། །འཁོར་ལོ་བདེ་མཆོག་ལ། སྒོའི་རྩིག་པ་ལ་མ་རེག་ཙམ་ནས་སྐུ་འཁོར་མུ་ཁྱུད་བྲི་སྟེ། སྐུ་འཁོར་དཀར་པོ། རྩིབས་བར་གྱི་ཀ་བ་དང་མུ་ཁྱུད་ལ་འཁོར་ལོའི་ཕྲེང་བ། གསུང་འཁོར་དམར་པོ་ཀ་བ་དང་མུ་ཁྱུད་ལ་པདྨས་མཚན་པ། ཐུགས་འཁོར་སྔོན་པོ་ཀ་བ་དང་མུ་ཁྱུད་ལ་རྡོ་རྗེས་མཚན་པ། བདེ་ཆེན་འཁོར་ལོའི་མུ་ཁྱུད་སེར་པོ་ལ་གྲི་གུག་ལྗང་གུས་མཚན་པ། སྣ་ཚོགས་པདྨ་གོང་དང་འདྲ་བ། ལྷ་རྣམས་ཀྱི་གྲུ་ཆད་དང་སྐུ་འཁོར་གྱི་རྩིབས་བར་ཕྱོགས་མདོག །གསུང་འཁོར་གྱི་རྩིབས་བར་དཀར་པོ། ཐུགས་འཁོར་གྱི་རྩིབས་བར་དམར་པོ། བདེ་ཆེན་འཁོར་ལོའི་གོང་རས་མཐིང་ག །མ་ཧཱ་མཱ་ཡ་ཡང་དགྱེས་མཛད་དང་འདྲ་བ་ལས། ལྷ་སྣམ་བཞག་པ་དང་། རྡོ་རྗེའི་ཕྲེང་བ་མེད་པའོ། །རྡོ་རྗེ་འཇིགས་བྱེད་ཀྱི་དཀྱིལ་འཁོར་ལ། སྒོའི་རྩིག་པ་ལ་མ་རེག་ཙམ་དུ་རྡོ་རྗེའི་གདུང་ཟླུམ་པོ་དང་། དབུས་སུའང་རྡོ་རྗེའི་གདུང་ཟླུམ་པོ། བར་བར་དུ་གདུང་ཐུང་བརྒྱད་ཀྱི་རེའུ་མིག་བརྒྱད་དུ་བྱས་པ། ལྟེ་བ་མཐིང་ག་གཞན་རྣམས་ཕྱོགས་མདོག །ཕྱོགས་ཀྱི་རེའུ་མིག་གི་ནང་དུ། སྣ་ཚོགས་རྡོ་རྗེའི་རྭ་རྣམས་ཀྱང་ཕྱོགས་མདོག །གདུང་ཐམས་ཅད་ནག་པོ་ལ་རྡོ་རྗེ་སྔོ་སྐྱས་མཚན་པ་འབྲིའོ། །ད་ནི་ལྷའི་མཚན་མ་ལ་སོགས་རྣམས་བཤད་པར་བྱ་སྟེ། དཀྱིལ་འཁོར་དབུས་མའི་ལྟེ་བ་ལ་ཉི་གདན་གྱི་སྟེང་དུ། སྣ་ཚོགས་རྡོ་རྗེས་མཚན་པའི་ཐོད་པ་དང་གྲི་གུག་གོ །འདབ་མ་བརྒྱད་ལ་ཉི་མའམ་ཟླ་བའི་གདན་ལ། བྱང་ཤར་ནས་གཡས་བསྐོར་གྱིས། སེང་གེ། གྲི་གུག །དགེ་སློང་། ཌཱ་མ་རུ། འཁོར་ལོ། རུས་སྦལ། རྡོ་རྗེ་སྦྲུལ་རྣམས་ལྷའི་སྐུ་མདོག་དང་མཐུན་པར་བྲི། དཀྱིལ་འཁོར་ཤར་མའི་རེའུ་མིག་དགུའི་དབུས་སུ། ཉི་གདན་ལ་རྡོ་རྗེ་སྔོན་པོ། ལྷ་གནས་གཞན་རྣམས་སུ་ནུས་ཤིང་སྤྲོ་ན་མངོན་རྟོགས་བཞིན་ལྷའི་གདན་འབྲི་བ་ཡིན་ནའང་། བསྡུ་ན་སྒོ་སྐྱོང་བཞི་མ་གཏོགས་པ་ལ་མཚན་མ་ཁོ་ན་བྲིས་ཀྱང་ཆོག་སྟེ། རེའུ་མིག་བརྒྱད་ལ་གཡས་སྐོར་གྱིས་འཁོར་ལོ་དང་། མིག་འབྲས་དང་། རིན་པོ་ཆེ་དང་། རྡོ་རྗེ་སྔོན་པོ་དང་། པདྨ་དང་། ཡང་པདྨ་དང་། སྣ་ཚོགས་རྡོ་རྗེ་དང་། ཨུཏྤལ་སྔོན་པོ་རྣམས་འབྲི། རིམ་པ་གཉིས་པའི་གྲྭ་བཞིར། མེ་ལོང་། པི་ཝཾ། དྲིའི་དུང་ཆོས། རོ་མཆོག་གིས་གང་བའི་སྣོད་རྣམས་བྲི། དེ་བཞིན་དུ་ཤར་སྒོའི་གཡས་ནས་བརྩམས་ཏེ་རིམ་པས། འཁོར་ལོས་མཚན་པའི་ཀླུ་ཤིང་གི་མེ་ཏོག་དང་། རིན་པོ་ཆེ་དང་། ཡང་རིན་པོ་ཆེ་དང་། པདྨ་དང་། ཡང་པདྨ་དང་། སྣ་ཚོགས་རྡོ་རྗེ་དང་། ཡང་སྣ་ཚོགས་རྡོ་རྗེ་རྣམས་འབྲི། ཤར་སྒོར་ཐོ་བ། ལྷོ་སྒོར་དབྱུག་པ་དཀར་པོ། ནུབ་སྒོར་པདྨ་དམར་པོ། བྱང་སྒོར་རྡོ་རྗེ་ནག་པོ་རྭ་གདེངས་པ། ཤར་ལྷོར་རལ་གྲི། ལྷོ་ནུབ་ཏུ་ལྕགས་ཀྱུ། ནུབ་བྱང་དུ་བེ་ཅོན་ནག་པོ། བྱང་ཤར་དུ་རྡོ་རྗེ་རྩེ་གསུམ། ཤར་གྱི་གླིང་རྒྱབ་ཀྱི་ནང་དུ་འཁོར་ལོ། ནུབ་གླིང་གླང་རྒྱབ་ཀྱི་ནང་དུ་གཏུན་ཤིན་རྣམས་ཁ་དོག་དམིགས་བསལ་མེད་པ་རྣམས་སྐུ་མདོག་དང་མཐུན་པར་འབྲིའོ། །དཀྱིལ་འཁོར་ལྷོ་མའི་བདེ་ཆེན་འཁོར་ལོའི་དབུས་སུ་རྡོ་རྗེ་དང་གྲི་གུག །ཕྱོགས་ཀྱི་འདབ་མ་བཞི་ལ་ཁ་ཊྭཱཾ་ག །མཚམས་ཀྱི་འདབ་མ་བཞི་ལ་བུམ་ཐོད། ཐུགས་འཁོར་གྱི་རྩིབས་བརྒྱད་ལ་རྡོ་རྗེ། གསུང་འཁོར་གྱི་བརྒྱད་ལ་པདྨ། སྐུ་འཁོར་གྱི་བརྒྱད་ལ་འཁོར་ལོ། སྒོ་མཚམས་བརྒྱད་ལ་གྲི་གུག་རྣམས་ཉི་མའི་གདན་ལ་ལྷའི་སྐུ་མདོག་དང་མཚུངས་པ་འབྲིའོ། །དཀྱིལ་འཁོར་ནུབ་མའི་ལྟེ་བ་ལ་ཐོད་པ་དང་ཁ་ཊྭཱཾ་ག །ཕྱོགས་ཀྱི་འདབ་མ་བཞི་ལ་གཡས་སྐོར་གྱིས་རྡོ་རྗེ། ནོར་བུ། པདྨ། རལ་གྲི། མཚམས་བཞིར་བུམ་ཐོད། གཞལ་ཡས་ཁང་བྱང་མའི་ལྟེ་བར་རྡོ་རྗེའམ་གྲི་གུག་གམ་རལ་གྲི་གང་རུང་། རེའུ་མིག་བརྒྱད་ལ། ཤར་ནས་གཡས་སྐོར་གྱིས་འཁོར་ལོ་དང་། ཡང་འཁོར་ལོ་དང་། ནོར་བུ་དང་། ཡང་ནོར་བུ་དང་། པདྨ་དང་། ཡང་པདྨ་དང་། རལ་གྲི་དང་། ཡང་རལ་གྲི་དང་། ལྷ་སྣམ་བཏོན་ན། རིམ་པ་གཉིས་པའི་གྲྭ་བཞིར་པདྨ་ལ་གནས་པའི་ཐོད་པ་ཁྲག་གང་། ཤར་གྱི་ལྷ་སྣམ་ལ། གྲི་གུག །འཕང་མདུང་། གཏུན་ཤིང་། ཆུ་གྲི། རྡོ་རྗེ་རྩེ་གཅིག་པ། ལྕགས་ཀྱུ། ལྷོའི་ལྷ་སྣམ་ལ། སྟ་རེ། མདའ། དབྱུག་པ། ཁ་ཊྭཱཾ་ག །འཁོར་ལོ། ཞགས་པ། ནུབ་ཀྱི་ལྷ་སྣམ་ལ། རྡོ་རྗེ། ཅང་ཏེའུ། ཕུབ། གཞུ། དྲིལ་བུ། རླུང་རས། བྱང་གི་ལྷ་སྣམ་ལ་སྡིགས་མཛུབ། འཕན་རྩེ་གསུམ་པ། གླང་ལྤགས། ཐོ་བ། མདུང་རིང་། མེ་ཐབ་རྣམས་འགོད་པའི་ལུགས་ཀྱང་ཡོད། ལྷ་སྣམ་མ་བཏོན་ན་དེ་དག་འགོད་མི་དགོས་ཤིང་། ཐོད་པ་བཞི་ཡང་གྲུ་ཆད་བཞི་ལ་བྲིའོ། །ཤར་སྒོར་ཐོ་བ། ལྷོ་སྒོར་བེ་ཅོན། ནུབ་སྒོར་པདྨ། བྱང་སྒོར་རལ་གྲི་སྟེ། དེ་རྣམས་ལྷའི་སྐུ་མདོག་དང་མཐུན་པ་རེའུ་མིག་བརྒྱད་ཀྱི་ཤར་དང་། ཤར་ལྷོར་ཟླ་གདན་དང་། གཞན་རྣམས་ཉི་གདན་ལ་བྲིའོ། །ཕྱི་ནང་གི་དཀྱིལ་འཁོར་ཐམས་ཅད་ལ་བཀྲ་ཤིས་ཀྱི་བུམ་པ་བརྒྱད་འབྲི་ཞིང་། གཞི་དཀྱིལ་གྱི་གྲྭ་བཞི་པོ་ལ་མཆོད་པ་སྣ་ཚོགས་མཛེས་ཚོན་དུ་འབྲི་བར་བཤད་པ་ལ། དེང་སང་ལག་ལེན་ནི། བུམ་པ་ལས་ཐོན་པའི་མེ་ཏོག་ཟླུམ་འཛིངས་པདྨ་བརྒྱད་བརྒྱད་ཡོད་པ་ལ་མཚན་མ་བརྒྱད་བརྒྱད་འཁོད་པའམ། པདྨ་འདབ་བརྒྱད་ཀྱི་ལྟེ་བར་བུམ་པ་བཟང་པོ་རེ་རེ། འདབ་མ་བརྒྱད་ལ་འཁོར་ལོ་རིན་པོ་ཆེ་སོགས་བརྒྱད་དམ། སྒེག་སོགས་བརྒྱད་དམ། དངོས་གྲུབ་བརྒྱད་ལ་སོགས་པ་ཇི་ལྟར་བདེ་བར་འགོད་དོ། །བུམ་པ་ཐམས་ཅད་དང་། རྟ་བབས་ཀྱི་རྩེ་མོའི་རི་དྭགས་ནི་སེར་པོའོ། །གདུགས་རྣམས་དཀར་པོ། གཞན་རྒྱན་རྣམས་མཛེས་ཚོན་དུ་བྱ། གཞི་དཀྱིལ་གྱི་སྒོ་བཞིར་ཡང་ཉི་མའི་གདན་ལ་ལྕགས་ཀྱུ་ཞགས་པ་ལྕགས་སྒྲོག་དྲིལ་བུ་རྣམས་འབྲི་བར་དེ་ཁོ་ན་ཉིད་རིག་པ་དག་འདོམ་པར་མཛད་ལ། ནམ་མཁར་བཞུགས་པའི་དགྱེས་མཛད་ལྷ་དགུའི་མཚན་མ་ནི་འགོད་དགོས་པ་མ་ཡིན་ཏེ། ཐོད་པ་ཅན་ལྷ་དགུ་དང་དོན་གཅིག་པའི་ཕྱིར་ཅེས་གསུངས་སོ། །རྟ་བབས་སྒོ་ཚད་གཉིས་མ་ལྟར་ན། པདྨའི་སྣམ་བུ་དབུས་སྔོན་པོ་དང་ལྗང་གུ་སྤེལ་མར་བྱ་ཞིང་། པདྨ་ཕྱི་མ་གཉིས་ཀྱི་ཁ་བད་ཁྲ་བོ། ཟླ་བ་དཀར་པོ། ཉི་མ་དམར་པོ། བྲེ་གདན་དམར་པོ། བྲེ་དཀར་པོ། གདུང་གདན་དང་གདུང་ཁེབས་དམར་སེར། གདུང་སྣམ་དངོས་དང་། པདྨ་གསུམ་གྱི་འོག་གི་གདུང་དང་། སྟེང་གི་པད་ཁེབས་རྣམས་ནི་གསེར་མདོག་སྟེ་འདི་ལ་རྟ་བབས་ཀྱི་རྩེ་མོའི་པདྨ་འཁོར་ལོ་གདུགས་རི་དྭགས་རྣམས་ལ་ཚད་ངེས་པ་མེད་དོ། །གདུང་ཁེབས་དང་། པདྨ་སྣམ་བུ་གཉིས་པའི་ཁ་བད་ཀྱི་སྟེང་གི་གཡས་གཡོན་དུ་དྲིལ་བུའི་རྣམ་པའི་མཆོད་རྟེན་གྷ་ཊིར་སེར་པོ་དང་བཅས་པ་རེ་བྱ། གླང་རྒྱབ་ཀྱི་ཕྱི་ངོས་རྩ་བར་ཆུ་སྲིན་དང་། རྩེ་མོར་མཁའ་ལྡིང་གི་གདོང་དང་། ཕྱི་སྐོར་དུ་གསེར་གྱི་པ་ཏྲས་བསྐོར་བ། ནང་དུ་དྲ་ཕྱེད་སོགས་དཔྱངས་ཤིང་། གླང་རྒྱབ་ཀྱི་ནང་གི་རྩེར་དེ་བཞིན་གཤེགས་པ་རིགས་བཞིའི་ཕྱག་མཚན་ཕྲ་མོ་རེ་འདྲི་ཞིང་། རྟ་བབས་ཀྱི་སྣམ་བུ་ཐམས་ཅད་ལ་མ་ངེས་པའི་རྒྱན་སྣ་ཚོགས་པའོ། །ཕྱི་ནང་གི་གཞལ་ཡས་ཁང་ཐམས་ཅད་ཀྱི་སྣོད་དང་སྒོ་ཁྱུད་ཀྱི་མཚམས་སུ་ཟླ་ཕྱེད་རྡོ་རྗེ་དང་། འདོད་སྣམ་གྱི་སྟེང་དུ་ལྷ་མོའི་མཚན་མ་མེ་ཏོག་བཅུ་དྲུག་བཅུ་དྲུག་དང་། ཟུར་བཞིར་ཟླ་ཕྱེད་ནོར་བུའོ། །དེ་ལྟར་ལེགས་པར་ཚར་བ་དང་། ཚོན་གྱི་ལྷག་མ་རྣམས་མཆོད་བསྟོད་ཡེ་ཤེས་པ་གཤེགས་པ་རྣམས་བྱ་སྟེ། ཇི་ལྟར་བདེ་བར་བཞག་གོ
།གསུམ་པ་ནི། དེ་མ་ཐག་ཏུ་ལས་ཐམས་ཅད་པའི་བུམ་ཆུས་དཀྱིལ་འཁོར་དང་ཡོ་བྱད་ཐམས་ཅད་བསང་སྦྱང་ལ། ས་རྒྱན་གནམ་རྒྱན་སོགས་ཇི་ལྟར་མཛེས་པར་བཤམ། ཁྱད་པར་རྒྱལ་མཚན་བརྒྱད་བཤམས་པ་ནི། ཤར་དུ་དཀར་པོ། མེར་ལེབ་རྒན། ལྷོར་ནག་པོ། ལྷོ་ནུབ་ཏུ་དུད་ཁ། ནུབ་ཏུ་དམར་པོ། རླུང་དུ་ཁྲ་བོ། བྱང་དུ་སེར་པོ། བྱང་ཤར་དུ་ལྗང་སེར་རྣམས་སོ། །མཆོད་པ་སྟ་གོན་གྱི་དུས་ལས་མི་ཉུང་བར་བཤམས་ཤིང་མང་པོ་ལ་ནི་ཚད་མེད་དོ། །བཅུད་སྣ་ཚོགས་ཀྱིས་གང་བའི་བུམ་པ་བརྒྱད་ཀྱང་ཕྱོགས་མཚམས་བརྒྱད་དུ་དགོད། ནང་གཏོར་ཡི་དམ་གཏོར་མ་ལྔ་དང་། ཆོས་སྐྱོང་སྲུང་མའི་གཏོར་མ་བཞི་ངེས་པར་དགོས་ཤིང་། རྒྱས་པ་ལ་སྤྲོ་བས་ལྷག་པོར་ཕྱོགས་སྐྱོང་བཅུའི་གཏོར་མ་བཅུ་དང་། རྒྱལ་པོ་ཆེན་པོ་བཞི་ལ་བཞི་སྟེ། གཏོར་མ་བཅུ་བཞི་བྱེད་ཚུལ་བརྒྱུད་པ་འདི་ཉིད་ཀྱི་ཡིག་རྙིང་དང་། བླ་མའི་མན་ངག་ལས་འབྱུང་བ་རྣམས་དེང་སང་ལག་ལེན་ལ་བྱེད་པ་ཉུང་བས་རེ་ཞིག་བཞག་གོ །དྲུག་པ་ལ། དཀྱིལ་འཁོར་བསྒྲུབ་པའི་སྔོན་དུ་བྱ་བ་དང་། དཀྱིལ་འཁོར་སྒྲུབ་པ་དངོས་དང་། མཆོད་ཅིང་བསྟོད་པ་དང་། གཏོར་མ་འབུལ་བ་སྟེ་བཞི་ལས།
དང་པོ་ནི། སྔོན་འགྲོ་གཏོར་མ་དང་། ཕྱི་རོལ་གཏོར་མ་དང་། འོག་ཏུ་དགོས་པའི་ཡོ་བྱད་ཐམས་ཅད་ཚོགས་པར་བྱས་ལ། གོང་བཞིན་སྔོན་འགྲོ་གཏོར་མ་བཏང་། དཀྱིལ་འཁོར་དང་ཡོ་བྱད་ཐམས་ཅད་ལ་བགེགས་སྦྱང་བ་བྱ་སྟེ། ཞི་བས་སྦྱང་བ། ཞི་དྲག་ཕྱེད་མས་སྦྱང་བ། དཀྱིལ་འཁོར་ལ་སྦྱང་བ་ནི། བགེགས་གཏོར་རྣམས་བཤམས། བསང་སྦྱང་། འབྲུ་གསུམ་གྱིས་བྱིན་གྱིས་བརླབས། གཏོར་མའམ་མཐེབ་སྐྱུ་གསུམ་གྱི་རིམ་གྱིས་བསྐོར་ལ། ཨོཾ་སརྦ་བིགྷྣཱན་བྷྱཿན་མཿསརྦ་ཏ་ཐཱ་ག་ཏ་བྷྱོ་བི་ཤྭ་མུ་ཁེ་བྷྱཿ སརྦ་ཐཱ་ཁཾ་ཨུདྒཏེ་སྥ་ར་ཎ་ཨི་མཾ་ག་ག་ན་ཁཾ་གྲྀཧྞ་དཾ་བ་ལིཾ་ཏེ་སྭཱ་ཧཱ། ཞེས་ལན་གསུམ། འདིར་བགེགས་ཀྱི་ཚོགས་གང་ཡིན་པ་དེ་ཐམས་ཅད། མཆོད་སྦྱིན་གྱི་གཏོར་མ་རྒྱ་ཆེན་པོ་འདིས་ཚིམས་ནས། ཕན་པ་དང་བདེ་བའི་སེམས་དང་ལྡན་པས་གཞན་དུ་དེངས་ཤིག །ཞི་བས་སྦྱང་བའོ། །ཨོཾ་སུམྦྷ་སོགས་ལན་གསུམ་བཟླས་ཤིང་རྡོ་རྗེ་གསོར་ལ། ཏིང་ལོའམ་ཆང་བུ་བསྐོར། འདིར་བགེགས་ཀྱི་ཚོགས་གང་ཡིན་པ་དེ་ཐམས་ཅད། གཏོར་མས་ལམ་བརྔན། ཏིང་ལོ་ལམ་སྒྲོན། ཆང་བུ་ལམ་རྒྱགས་ཀྱི་ཚུལ་དུ་ཁྱེར་ལ། ས་ཡི་ཕྱོགས་འདིར་མ་གནས་པར་གཞན་དུ་སོང་ཤིག །ཅེས་པ་ནི། ཞི་དྲག་ཕྱེད་མས་སྦྱང་བའོ། །ཧཱུྃ་མཛད་ཀྱི་ཕྱག་རྒྱ་བྱས་ནས་བདེན་སྟོབས་བརྗོད་ལ། མཐར་དྲག་པོའི་ཚམ་རྔམ་རོལ་ཆེན་དང་བཅས་པས་སྐྲོད་པ་ནི། འདི་ལྟར། དྲག་པོས་སྦྱང་བ་རྣམས་སྤྱི་དང་མཐུན་པར་བྱ། འོག་སློབ་མ་དབང་བསྐུར་གྱི་སྐབས་སུ་འབྱུང་བ་ལྟར་ཏིལ་གྱིས་སྦྱང་བས་བྱུར་བསལ། ལས་ཐམས་ཅད་པའི་བུམ་པས་ཁྲུས་གསོལ་རྒྱས་བསྡུས་གང་རུང་ཞིག་བྱ། དེ་ནས་བདུད་རྩི་འཁྱིལ་བའི་སྔགས་དྲག་ཏུ་བཟླ་ཞིང་། ཧཱུྃ་ཞེས་བརྗོད་པས་བསྲུང་བའི་འཁོར་ལོ་སྐད་ཅིག་གིས་གསལ་བཏབ། གོང་བཞིན་མཆོད་པ་བྱིན་རླབས་བྱ། སྐྱབས་འགྲོ་ནས་བཟླས་པའི་བར་དང་། དེ་རྗེས་བདག་བསྐྱེད། ཉེར་བསྡུ་རྣམས་སྒྲུབ་ཐབས་ནས་འབྱུང་བ་ལྟར་བདག་བསྐྱེད་རྫོགས་པར་བསྒོམ་མོ། །གཉིས་པ་ལ། དཀྱིལ་འཁོར་བསྐྱེད་པ་དང་། གཟེངས་བསྟོད་པ། གནས་ལྔར་བསྒྲུབ་པ། ལྷག་པའི་ལྷར་བསྒྲུབ་པ། ཡེ་ཤེས་ཀྱི་ལྷར་བསྒྲུབ་པ། ཏིང་ངེ་འཛིན་གསུམ་བསྒྲུབ་པ་སྟེ་དྲུག་གོ
།དང་པོ་ནི། དེ་ནས་མདུན་བསྐྱེད་བསང་སྦྱང་། སྟོང་པའི་ངང་ལས། རྃ་ལས་ཉི་མ་ནས་ཟླ་བའི་དཀྱིལ་འཁོར་གྱི་གདན་རེ་རེ་ཞེས་པའི་བར་ལྷ་སྟ་གོན་བཞིན། ལྷའི་མཚན་མ་རྣམས་ཡོངས་སུ་གྱུར་པ་ལས། དབུས་སུ་དགྱེས་མཛད་ནས་ཁྱབ་པར་མཛད་པའོ། །དེ་བཞིན་དུ། འདབ་མ་བརྒྱད་ལ་ནས་དབུས་ན་བཞུགས་པའི་བར་ཕྱི་ནང་གི་དཀྱིལ་འཁོར་མཐའ་དག་བསྐྱེད་ཚུལ་ཡང་ལྷ་སྟ་གོན་བཞིན་ནོ།
།གཉིས་པ་ནི། དེ་ནས་ནམ་མཁར་བཞུགས་པའི་སྟ་གོན་གྱི་ལྷ་རྣམས་གསལ་བར་བལྟས་ཏེ། བདུག་སྤོས་འཐུལ་བཞིན་དུ། དེང་བདག་སྐྱེ་བ་འབྲས་བུར་བཅས། །བདག་གིས་གསོན་པའང་འབྲས་བུར་བཅས། །ལྷ་དང་དམ་ཚིག་མནོས་པར་ནི། །འགྱུར་བ་འདི་ལ་ཐེ་ཚོམ་མེད། །འདི་ནི་བདག་ཉིད་དམ་པ་སྟེ། །ལྷ་དང་སྐལ་བ་མཉམ་པར་འགྱུར། །བདག་གིས་མཆོད་པ་བླ་མེད་འདིས། །སངས་རྒྱས་ཐམས་ཅད་སྤྱན་འདྲེན་པས། །དེང་བདག་འདུས་པའི་མཆོག་ཡིན་ནོ། །ཞེས་ཉེ་བར་སྙན་གསན་ཕབ།
གསུམ་པ་ནི། ཨོཾ་ཧྲཱིཿསྭཱ་ཧཱ་དང་གཙོ་བོ་ལྔའི་སྙིང་པོ་བརྗོད། རང་གི་གནས་ལྔར་རྒྱུད་སྡེ་ལྔའི་དཀྱིལ་འཁོར་སྐད་ཅིག་གིས་སླར་ཡང་གྲུབ་པར་གྱུར། སླར་ཡང་སྙིང་པོ་དྲུག་ཚར་གཅིག་བརྗོད། ཨོཾ་ཨ་ཨཱ་ཨི་ཨཱི་ཨུ་ཨཱུ་རྀ་རཱྀ་ལྀ་ལཱྀ་ཨེ་ཨཻ་ཨོ་ཨཽ་ཨཾ་ཨཿ ཀ་ཁ་ག་གྷ་ང་། ཙ་ཚ་ཛ་ཛྷ་ཉ། ཊ་ཐ་ཌ་ཌྷ་ཎ། ཏ་ཐ་ད་དྷ་ན། པ་ཕ་བ་བྷ་མ། ཡ་ར་ལ་ཝ། ཤ་ཥ་ས་ཧ་ཀྵ་ཧཱུྃ་ཕཊ་སྭཱ་ཧཱ། བདག་ཉིད་ཀྱི་ལུས་ཀྱི་དཀྱིལ་འཁོར་ལྔ་དང་། མདུན་བསྐྱེད་རྒྱུད་སྡེ་ལྔའི་དཀྱིལ་འཁོར་གྱི་ལྷ་ཚོགས་རང་བཞིན་མཉམ་པ་ཉིད་ཀྱི་ངོ་བོས་རྣམ་པར་དག་པའི་ཕྱིར་རྣམ་པ་ཐ་དད་ཀྱང་ངོ་བོ་གཅིག་པ་ཡིན་ནོ། །རྡོ་རྗེ་རྩེ་ལྔ་པའི་ཕྱག་རྒྱ་གནས་ལྔར་གཏུགས་ལ། ཨོཾ་བཛྲ་མ་ཧཱ་ས་མ་ཡ་སྟྭཾ། སླར་ཡང་གཏུགས་ལ། ཨོཾ་ས་མ་ཡ་སཏྭ་ཨ་དྷི་ཏིཥྛ་སྭ་མཾ།
བཞི་པ་ནི། ཨ་ཁཾ་ཝཱི་ར་ཧཱུྃ། ཞེས་དཀྱིལ་འཁོར་གྱི་ཤར་སྒོ་ནས་ཞུགས་ཏེ། གཙོ་བོའི་དྲུང་དུ་བདག་ཉིད་གནས་པར་གྱུར། ཨོཾ་ཨཱཿཧཱུྃ། གཞལ་ཡས་ཁང་ས་གསུམ་རྣམ་པར་དག་པའི་ངོ་བོར་གྱུར། ཨོཾ་ཨཱཿཧཱུྃ། ལྷ་ཚོགས་རྣམས་སེམས་ཅན་གྱི་ཁམས་ཐམས་ཅད་རྣམ་པར་དག་པའི་བདག་ཉིད་དུ་གྱུར།
ལྔ་པ་ནི། རང་གི་སྙིང་ག་ནས་འོད་ཟེར་འཕྲོས་པས། སྟ་གོན་གྱི་དཀྱིལ་འཁོར་རྟེན་དང་བརྟེན་པར་བཅས་པ་ཐམས་ཅད་ཨོཾ་བཛྲ་ས་མཱ་ཛཿ བདུད་རྩི་འཁྱིལ་བའི་སྔགས་ལན་གསུམ་བཟླས་ཤིས་རྡོ་རྗེ་གསོར་བས་བགེགས་བསྐྲད། སྒོ་དབྱེ། མཚམས་བཅིངས་པར་བསམ། རྡོ་རྗེའི་གུར་ནང་གི་ནམ་མཁའ་ལ་དགྱེས་པས་བཞུགས་པར་གྱུར། ཨརྒྷཾ་སོགས་དང་། གཙོ་བོའི་སྙིང་པོ་རྣམས་ཀྱི་མཐར་འབྲུ་གསུམ་སྦྱར་བ་དང་། ཨ་ནུ་རཱ་ག་རྣམས་ཀྱིས་མཆོད། དེ་ཉིད་ལྔ་པས་བསྟོད། པདྨ་ཀ་མ་ལ་ཡ་སྟྭཾ་གྱིས་གདན་ཕུལ། རྩ་སྔགས་རྣམས་དང་། མཚོན་ཆ་ཅན་གྱི་ལྷ་མོ་བརྒྱད་པོའི་སྔགས་བོར་བའི་སྔགས་ཐམས་ཅད་ལ་རེ་རེ་བཞིན་དུ་ཨཱ་བེ་ཤ་ཡ་ཛཿཧཱུྃ་བྃ་ཧོཿ ཞེས་བཏགས་ལ་རྟེན་ལ་དབབ་སྟེ་དམ་ཡེ་གཉིས་མེད་དུ་བསྲེ། སྙིང་གའི་ས་བོན་གྱི་འོད་ཟེར་གྱིས་དགྱེས་མཛད་མཚོན་ཆ་ཅན་ལྷ་བཅུ་གསུམ་རྒྱུད་སྡེ་ལྔའི་ལྷ་ཚོགས་དང་བཅས་པ་ཨོཾ་བཛྲ་ས་མཱ་ཛཿ ནས་འཁོར་རྣམས་ལ་གཙོ་བོས་དབུ་བརྒྱན་གྱི་བར་དུ་བུམ་བསྐྱེད་ཀྱི་སྐབས་དང་འདྲ་བར་བྱ།
དྲུག་པ་ནི། སླར་ཡང་གོང་བཞིན་མཆོད་བསྟོད་བྱས་ལ། བདག་ཉིད་རང་སྣང་གི་རིག་མ་དང་བཅས་པ་དཀྱིལ་འཁོར་གྱི་གཙོ་བོ་ཡབ་ཡུམ་རྣམས་དང་གཉིས་སུ་མེད་པར་གྱུར། ཡབ་ཀྱི་གསང་གནས་ནས་རྡོ་རྗེའི་ལམ་ནས་ཡུམ་གྱི་པདྨར་བབས་ཀྱི་བར་མཚོན་ཆ་ཅན་གྱི་སྒྲུབ་ཐབས་བཞིན། བྱང་ཆུབ་ཀྱི་སེམས་ཀྱི་འོད་ཟེར་གྱི་དཀྱིལ་འཁོར་གྱི་འཁོར་ལོའི་ལྷ་ཚོགས་ཚད་མེད་ཅིང་གྲངས་མེད་པར་གྱུར། མཁའ་ནང་ནས་ཕྱིར་སྤྲོས་ནམ་མཁའི་དབྱིངས་ཐམས་ཅད་ཡོངས་སུ་གང་། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་སྣ་ཚོགས་པའི་མཆོད་པས་མཉེས་པར་བྱས། སེམས་ཅན་ཐམས་ཅད་ལ་བྱང་ཆུབ་ཀྱི་སེམས་ཀྱི་འོད་ཟེར་གྱིས་དབང་བསྐུར། སྡིག་སྒྲིབ་ཐམས་ཅད་སྦྱངས། རྡོ་རྗེ་འཆང་ཆེན་པོའི་གོ་འཕང་ལ་བཀོད། དེ་རྣམས་དང་སྔོན་ནས་གྲུབ་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་སྤྲུལ་པའི་ལྷ་ཚོགས་རྣམས་དང་གཅིག་ཏུ་འདྲེས། ཐམས་ཅད་སླར་འདུས། བྱང་ཆུབ་ཀྱི་སེམས་སུ་ཞུ་བ་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ལ་ཐིམ་པར་གྱུར། མདུན་བསྐྱེད་ཀྱི་བཟླས་པ་ཅི་རིགས་པ་བྱ་སྟེ། གཙོ་བོ་དྲུག་གི་སྙིང་པོ་བརྒྱ་རྩ་རེ། རྩ་སྔགས་ཉེ་སྙིང་སོགས་ཚར་རེ། འཁོར་རྣམས་ཀྱི་སྔགས་གསུམ་གསུམ་བཟླ་བའི་ལག་ལེན་ཡོད་དོ། །གསུམ་པ་མཆོད་ཅིང་བསྟོད་པ་ནི། དེ་ནས་མཆོད་པ་བྱིན་རླབས་ནས་བསྟོད་པའི་བར་ནི་གོང་ལྷ་སྟ་གོན་གྱི་སྐབས་སུ་བཤད་པ་བཞིན་བྱའོ། །དེར་མ་ཟད་མཆོད་པ་འབུལ་བའི་ཚིགས་བཅད། སྔགས་དང་ཕྱག་རྒྱ་ཇི་ཙམ་ཤེས་པ་དེ་ཐམས་ཅད་ཀྱིས་འཚམས་པར་མཆོད་དེ་མཆོད་པའི་ཁྱད་པར་རྒྱས་པ་ཉིད་མཆོག་གོ །བཞི་པ་གཏོར་མ་འབུལ་བ་ནི། དེ་ནས་གཏོར་མ་རྣམས་བྱིན་གྱིས་བརླབ་པ་དང་། འཇིག་རྟེན་ལས་འདས་པའི་གཏོར་མ་འབུལ་ཚུལ་སྒྲུབ་ཐབས་བཞིན་ཏེ། ཅུང་ཟད་ཁྱད་པར་ཡོད་པ་སྟ་གོན་གྱི་སྐབས་བཞིན་ནོ། །གཏོར་མ་གཉིས་པ་མྱུར་མཛད་ཡེ་ཤེས་མགོན་པོ་ལ་གཏོར་ཆོག་ལྟར་འབུལ། གསུམ་པ་མཁའ་འགྲོ་སྡེ་ལྔ་ལ་འབུལ་སྟེ། ཨོཾ་ཤྲཱི་ཧེ་རུ་ཀ་མ་ཧཱ་བཛྲ་ཨཱ་ཀཊྚེ་ཨཱ་ཀཊྚེ། པྲ་བེ་ཤ་ཡ། པྲ་བེ་ཤ་ཡ། བནྡྷ་ཡ་བནྡྷ་ཡ། སརྦ་བཛྲ་ཌཱ་ཀི་ནཱི་ནཾ་ཧྲཱི་ད་ཡཾ་ཧཱུྃ་ཧཱུྃ་ཕཊ་ཅེས་ལན་གསུམ་གྱིས་སྤྱན་དྲངས། ཨོཾ་བུདྡྷ་ཌཱ་ཀི་ནཱི་པྲ་ཏཱིཙྪ་ཨི་མཾ་བ་ལིཾ་ཨོཾ་ཕཊ། ཨོཾ་བཛྲ་ཌཱ་ཀི་ནཱི་པྲ་ཏཱིཙྪ་ཨི་མཾ་བ་ལིཾ་ཧཱུྃ་ཕཊ། ཨོཾ་རཏྣ་ཌཱ་ཀི་ནཱི་པྲ་ཏཱིཙྪ་ཨི་མཾ་བ་ལིཾ་ཏྲཱྃ་ཕཊ། ཨོཾ་པདྨ་ཌཱ་ཀི་ནཱི་པྲཏཱིཙྪ་ཨི་མཾ་བ་ལིཾ་ཧྲཱིཿཕཊ། ཨོཾ་ཀརྨ་ཌཱ་ཀི་ནཱི་པྲ་ཏཱིཙྪ་ཨི་མཾ་བ་ལིཾ་ཨཱཿཕཊ། ཨོཾ་སརྦ་ཌཱ་ཀི་ནཱི་པྲ་ཏཱིཙྪ་ཨི་མཾ་བ་ལིཾ་ཧོཿཕཊ། ཅེས་ལན་ལྔས་ཕུལ། ཨརྒྷཾ་ནས་ཤབྡའི་བར་དང་འབྲུ་གསུམ་གྱིས་མཆོད། དེ་ཉིད་ལྔ་པ་མཁའ་འགྲོ་སྤྱི་གཏོར་ལྟར་འདོན་པ་སྤོས་པས་བསྟོད། གཏོར་མ་ཐ་མ་འབྱུང་པོ་ཐམས་ཅད་པའི་གཏོར་མ་ཡང་སྒྲུབ་ཐབས་ནས་འབྱུང་བ་བཞིན་ནོ། །འོན་ཀྱང་འདིར་གཤེགས་གསོལ་མི་བྱ། ཕྱོགས་སྐྱོང་དང་ནག་པོ་ཆེན་པོ་དུར་ཁྲོད་དང་། མཁའ་འགྲོ་སྡེ་ལྔ་ཁྱམས་ལ་བཞུགས་པར་བསམ། ཕྱི་རོལ་གཏོར་མ་ནི། མདོར་བསྡུས་པའི་ཚེ། མཁའ་འགྲོ་སྤྱི་གཏོར་དང་། འབྲིང་ལ་མོས་པའི་ཚེ་དགྱེས་མཛད་རྡོ་རྗེ་ནས་འབྱུང་བའི་འབྱུང་པོ་ཐམས་ཅད་པའི་གཏོར་མ་དང་། རྒྱས་པ་ལ་མོས་པའི་ཚེ། ཕྱོགས་བཞི་དང་། སྟེང་སྟེ་ལྔར་གཏོར་མ་ཆེ་བ་རེ་མཆོད་པ་དང་བཅས་པ་རེ་འབུལ་དགོས་ལ། ཐམས་ཅད་ལའང་མཆོད་པ་བྱིན་རླབས་དང་། གཏོར་མ་བྱིན་རླབས་རྣམས་གོང་ས་ཆོག་གི་སྐབས་དང་འདྲ། ཤར་དུ་ཕྱོགས་སྐྱོང་ལ་གཏོར་མ་འབུལ་བ་ཡང་གོང་ས་ཆོག་གི་སྐབས་བཞིན། ལྷོ་རུ། ཕཻཾ་བཛྲ་ཨཱ་རལླི་ཧོཿཛ་ཧཱུྃ་བྃ་ཧོཿདྲྀ་ཤྱ་ཧོ། ཞེས་འབྱུང་པོ་ཐམས་ཅད་སྤྱན་དྲངས། ཨོཾ་ཁ་ཁ་ཁཱ་ཧི་ཁཱ་ཧི། སརྦ་ཡཀྵ་རཀྵ་ས་བྷུ་ཏཱ་པྲེ་ཏ་པི་ཤཱ་ཙ། ཨུནྨཱ་ད། ཨ་པསྨཱ་ར། ཌཱ་ཀ་ཌཱ་ཀི་ནྱཱ་ད་ཡ། ཨི་དཾ་བ་ལིཾ་གྲྀཧྣཱནྟུ། ས་མ་ཡ་རཀྵནྟུ། མ་མ་སརྦ་སིདྡྷིམྨེ་པྲ་ཡཙྪ་ནྟུ། ཡ་ཐཻ་བྃ། ཡ་ཐཻཥྚཾ་བྷུཉྫ་ཐ། ཛི་གྷྲ་ཐ། པི་བ་ཐ། མ་ཏི་ཀྲ་མ་ཐ། མ་མ་སརྦ་ཀཱ་རཱ་ཏ་ཡ། སཏྶུ་ཁཾ་བི་ཤུདྡྷ། ས་ཧཱ་ཡི་ཀཱ་བྷ་ཝནྟུ་ཧཱུྃ་ཧཱུྃ་ཕཊ་སྭཱ་ཧཱ། ཞེས་ལན་གསུམ་གྱིས་ཕུལ། ནུབ་ཏུ་མཁའ་འགྲོ་སྡེ་ལྔའི་གཏོར་མ་སྔར་བཤད་པ་ལྟར་འབུལ། བྱང་དུ་རང་གི་སྙིང་གའི་འོད་ཟེར་གྱིས། ཕྱོགས་སྐྱོང་བ་བཅུ་སྲིད་པ་གསུམ་གྱི་འབྱུང་པོའི་ཚོགས་དང་བཅས་པ་བཛྲ་ས་མཱ་ཛཿ ཨོཾ་བྷུ་ཛ་ར་ཎཱཾ། ཡ་པ་ཏཱ་ལ་ཙ་རཱ་ཎཱཾ། མན་ཁེ་ཙ་རཱ་ཎཱཾ། ཏ་པཱུརྦ་ཨ་དྷི་ག་ཏཱ་ནཱཾ། ཀ་དཀྵི་ཎ་ཨ་དྷི་ག་ཏཱ་ནཱཾ། ཧཱུྃ་པཤྩི་མ་ཨ་དྷི་ག་ཏཱ་ནཱཾ། ཕཊ་ཨུཏྟ་ར་ཎ་ཨ་དྷི་ག་ཏཱ་ནཱཾ། ཨོཾ་ཨི་ཧྲཱིཿཡ་བིཀྵོ་ཏྲྀ་ཏ་ཨི་ན་ཨཱན་དེ་ཧཱུྃ་ཕཊ། སརྦ་བྷཱུ་ཏེ་བྷྱོ་ཧ་ཧ་ཧ་ཧི་ཧི་ཧི་ཧཱུྃ་ཧཱུྃ་ཧཱུྃ་ཕཻཾ་ཕཻཾ་ཕཻཾ་ཕཊ་སྭཱ་ཧཱ། ཞེས་ལན་གསུམ་གྱིས་ཕུལ། སོ་སོའི་མཐར་ཨརྒྷཾ་ལ་སོགས་པས་ཕྱི་མཆོད་དང་། འབྲུ་གསུམ་གྱིས་ནང་མཆོད་དང་། དམ་ཚིག་ལྡན་ཞིང་འཇིག་རྟེན་སྐྱོང་། །སྲིད་པ་གསུམ་ན་གང་གནས་པ། །འགྲོ་བའི་དོན་ཀུན་སྤྱོད་པ་ལ། །མཆོད་ཅིང་བསྟོད་དེ་ཕྱག་ཀྱང་འཚལ། །ཞེས་བསྟོད། མཆོད་སྦྱིན་གཏོར་མ་འདི་བཞེས་ལ། [ ་་ ]།སོགས་འདོད་དོན་གསོལ་བ་བཏབ་པ་རྣམས་ཐམས་ཅད་ལ་སྦྱོར། སྟེང་ཕྱོགས་སུ་སྒྲུབ་ཐབས་ནས་འབྱུང་བ་ལྟར་སྤྱི་གཏོར་རྒྱས་པར་འབུལ་བ་ལས། ཐམས་ཅད་རང་མདོག་ཐིག་ལེར་ཞུ། [ ་་ ]ཞེས་པ་ནས་གཡས་བརྐྱང་བཞུགས་ཤིང་དུར་ཁྲོད་བརྒྱན། ཅེས་པའི་བར་དོར། གཙོ་བོ་ལྔའི་རྩ་སྔགས་དང་། བདུད་རྩི་འཁྱིལ་བའི་སྔགས་དྲག་ཏུ་བཟླས། ཡུངས་ཀར་གཏོར་ཞིང་བགེགས་བསྐྲད་ལ་མཚམས་བཅད། སླར་ནང་དུ་འོང་མ་ཐག་ལས་བུམ་གྱི་ཆུས་ཁྲུས་བྱས་ལ་ཁ་བཤལ། དཀྱིལ་འཁོར་ལ་ལན་གསུམ་དུ་བསྐོར་བ་བྱས་ཏེ། ཨོཾ་བཛྲ་ཨདྒྷཱ་ཊ་ཡ་ས་མ་ཡ་པྲ་བེ་ཤ་ཡ་ཧཱུྃ་ཞེས་ཧཱུྃ་མཛད་ཀྱི་ཕྱག་རྒྱ་དྲལ་བས་ཕྱོགས་བཞིའི་སྒོ་དབྱེ། ཨོཾ་མཆོག་ཏུ་བདེ་བའི་སེམས་ནི་རོལ་པར་ལྡན། །སྒེག་པའི་ཕྱག་གིས་བཅོམ་ལྡན་འདས་ལ་འདུད། །ཛཿཧཱུྃ་བྃ་ཧོཿརབ་ཏུ་གྲུབ་པར་མཛོད། །མགོན་པོ་སྙིམ་པའི་མེ་ཏོག་བཞེས་སུ་གསོལ། །ཧོ་ཞེས་མེ་ཏོག་ཕུལ། ས་མ་ཡ་པྲ་བེ་ཤ་ཡ་ཧཱུྃ་ཞེས་པས་མགོ་བོར་མེ་ཏོག་བཅིངས་ལ། བདག་ཅག་འཁོར་དང་བཅས་པ་ལ་བར་ཆད་ཞི་བར་མཛོད། ཅེས་གསོལ་བ་དྲག་ཏུ་བཏབ།
བདུན་པ་ནི། འོག་ནས་ཇི་ལྟར་འབྱུང་བའི་སློབ་མ་ལ་དབང་བསྐུར་བའི་ཆོ་ག་ཉིད་ཚིག་གི་ཁ་བསྒྱུར་ཕྲན་བུའི་འདོར་ལེན་ཕྱེད་པར་བྱས་ལ་བདག་འཇུག་རྫོགས་པར་བླང་ངོ་།
།བརྒྱད་པ་ནི། ཐོག་མར་དཀྱིལ་འཁོར་དུ་འཇུག་པའི་དོན་དུ་མཎྜལ་ཕུལ་ལ། དགའ་ཆེན་ཁྱོད་བདག་སྟོན་པ་སྟེ། ཞེས་ལན་གསུམ། སངས་རྒྱས་ཀུན་གྱི་རང་བཞིན་སྐུ། །སློབ་དཔོན་ཁྱོད་ལ་སྐྱབས་སུ་མཆི། །གཙོ་བོ་ལྷ་མོར་བཅས་པ་ཡི། །ལྷ་རྣམས་ལ་ཡང་ཕྱག་འཚལ་ལོ། །ཐར་པ་ཆེན་པོའི་གྲོང་མཆོག་ཏུ། །མགོན་པོས་བདག་ནི་འཇུག་པར་འཚལ། །རྒྱལ་བ་མི་གནས་མྱ་ངན་འདས། །བཅོམ་ལྡན་ཁྱོད་སྐུ་བདག་ལ་སྟོན། །ཅེས་ལན་གསུམ།
གནང་བ་སྦྱིན་པ་ནི། དེ་བཞིན་གཤེགས་པ་ཀུན་གྱི་གནས། །ཧེ་རུ་ཀ་དཔལ་གྲོང་ཁྱེར་མཆོག །སྙིང་པོའི་དཀྱིལ་འཁོར་འདི་རུ་ནི། །བདག་གིས་སློབ་མ་གཞུག་པར་བྱ། །ལན་གསུམ།
ཨོཾ་ན་མ་སྟེ་ཧཱུྃ། ན་མཿམེ་ཧཱུྃ། ན་མོ་ན་མཿཧཱུྃ། ཕྱོགས་བཞི་ནས་ཕྱག་བྱ། བདུན་རྣམ་དག་བྱའོ། །རིགས་ཀྱི་བུ་ཁྱོད་གང་ལ་དགའ། །སྐལ་བ་བཟང་ལ་བདག་དགའོ། །སྐལ་བཟང་དེས་ཁྱོད་ཅི་ཞིག་བྱེད། །སངས་རྒྱས་མཆོག་འདོད་དམ་ཚིག་ཡིན། །ཨོཾ་ཙཀྵུ་བནྡྷ་ཝ་རཱ་མ་ན་ཡ་ཧཱུྃ། ཨོཾ་ཨཱཿཁཾ་ཝཱི་ར་ཧཱུྃ། སྙིང་གར་ཀུན་རྫོབ་བྱང་ཆུབ་སེམས་ཀྱི་ངོ་བོ་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ། དོན་དམ་བྱང་ཆུབ་སེམས་ཀྱི་ངོ་བོ་རྡོ་རྗེ་དཀར་པོ་རྩེ་ལྔ་པ་འོད་ཟེར་འཕྲོ་བ། ཨོཾ་སརྦ་ཡོ་ག་ཙིཏྟ་ཨུཏྤཱ་ད་ཡཱ་མི། སུ་ར་ཏེ་ས་མ་ཡ་སྟྭཾ། བཛྲ་ཡོ་ག་བོ་དྷི་ཙིཏྟ་ཡ་ཐཱ་སུ་ཁཾ། ཛཿཧཱུྃ་བྃ་ཧོཿ ཞེས་པའམ། ཨཱཿཁཾ་ཝཱི་ར་ཧཱུྃ་ཞེས་པས་ཡོལ་བའི་ནང་དུ་བཅུག་པར་བསམ། ལྷའི་དམ་ཚིག་བསྒྲགས་པ་ནི་རྡོ་རྗེ་མགོ་བོར་བཞག་ལ། འདི་ནི་དམ་ཚིག་རྡོ་རྗེ་སྟེ། །ཁྱོད་ཀྱིས་སྤྱི་བོར་བཞག་པ་ཡིས། །སངས་རྒྱས་སྐུ་རུ་ཁྱོད་འགྲུབ་ཅིང་། །མི་ཕྱེད་ཡེ་ཤེས་མཆོག་ཏུ་འགྱུར། །ཡང་སྙིང་གར་རྡོ་རྗེ་བཞག་ལ། ཧེ་རུ་ཀ་དཔལ་དེང་ཁྱོད་ཀྱི། །སྙིང་ལ་ཡང་དག་ཞུགས་པར་མཛད། །གལ་ཏེ་ཚུལ་འདི་སྨྲས་ན་ནི། །དེ་མ་ཐག་ཏུ་དྲལ་ཏེ་གཤེགས།
།མནའ་ཆུ་བླུད་པ་ནི། འདི་ནི་ཁྱོད་ཀྱི་དམྱལ་བའི་ཆུ། །དམ་ཚིག་འདས་ན་སྲེག་པར་བྱེད། །དམ་ཚིག་བསྲུང་ན་དངོས་གྲུབ་ནི། །རྡོ་རྗེ་བདུད་རྩིའི་ཆུ་འདིས་འགྲུབ། །ཨོཾ་སརྦ་པཉྩ་ཨ་མྲྀ་ཏ་ཨུ་ད་ཀ་ཋ་ཋ་ཋ།
སློབ་དཔོན་གྱིས་དམ་ཚིག་བསྒྲགས་པ་ནི། རྡོ་རྗེ་སྤྱི་བོར་བཞག་ལ། དེང་ནས་བཟུང་སྟེ་བུ་ཁྱོད་ཀྱི། །ཧེ་རུ་ཀ་དཔལ་ང་ཡིན་གྱི། །ང་ཡིས་ཇི་ལྟར་བཀའ་སྩལ་པ། །གུས་པའི་ཚུལ་གྱིས་ཉན་པར་བྱོས། །གལ་ཏེ་ང་ལ་བརྙས་པ་ན། །སངས་རྒྱས་ཐམས་ཅད་བརྙས་པས་ན། །མི་བདེ་མ་སྤངས་དུས་བྱས་ནས། །སེམས་ཅན་དམྱལ་བར་གྱུར་ཏ་རེ། །ཡེ་ཤེས་དབབ་པའི་དོན་དུ་མཎྜལ་ཕུལ་ལ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས། །བྱིན་གྱིས་བརླབས་པའི་ཡེ་ཤེས་དེ། །རྡོ་རྗེ་སེམས་དཔའ་བདག་ལ་དེང་། །སློབ་དཔོན་ཁྱོད་ཀྱིས་དབབ་ཏུ་གསོལ། །ལན་གསུམ། དང་པོའི་རྡོ་རྗེའི་ཕྱག་རྒྱ་སྙིང་གར་གཏད་ལ། འདི་ནི་ཡེ་ཤེས་རྡོ་རྗེ་སྟེ། །རྡོ་རྗེ་སེམས་དཔའ་ཡིན་པར་བསྒྲགས། །རྡོ་རྗེ་ཡེ་ཤེས་བླ་མེད་ནི། །དེ་རིང་ཉིད་དུ་དབབ་པར་ཤོག
།སློབ་མས་ལྷ་ལ་གསོལ་བ་གདབ་པ་ནི། དཔའ་བོ་དང་རྣལ་འབྱོར་མ་རྣམས་ཀྱིས་བྱིན་གྱིས་རློབས་ལ། བདག་ལ་དཔལ་ཧེ་རུ་ཀ་དབབ་ཏུ་གསོལ། ལན་གསུམ། ཁྱེད་རང་འོད་དཔག་མེད་དམར་པོ་ཞལ་གཅིག་ཕྱག་གཉིས་པདྨ་དང་དྲིལ་བུ་འཛིན་པ། གཡས་བརྐྱང་གི་སྟབས་ཀྱིས་བཞུགས་པའི་རྐང་མཐིལ་དུ། ཛྷཻཾ་ལྗང་ནག་རླུང་གི་རང་བཞིན། ལྟེ་བར་རཾ་དམར་པོ་མེ་དྲག་ཏུ་འབར་བ། སྙིང་གར་ཧཱུྃ་ཡིག་སྔོན་པོ་འོད་ཟེར་ལྔ་འཕྲོ་བ་ས་ཁམས་ཀྱི་རང་བཞིན། སྤྱི་བོར་བཾ་ལས་བདུད་རྩིའི་དཀྱིལ་འཁོར་དཀར་པོ་ཟླུམ་པོ་དབུས་སུ་མཾ་ཡིག་དང་། འོག་ཏུ་ཧཾ་ཡིག་དཀར་པོ་མགོ་མཐུར་དུ་བསྟན་པས་མཚན་པ། སྐབས་འདིར་སྤྲོ་ན། འབྱུང་བཞིའི་དཀྱིལ་འཁོར་ལ་ཡི་གེ་རྣམས་ཀྱིས་མཚན་པར་བསྒོམ་པ་དང་། ཤིན་ཏུ་བསྡུ་ན། སྤྱི་བོར་ཡང་ཡི་གེ་གསུམ་ཁོ་ནས་ཆོག་པར་བཞེད་དོ། །ཛྷཻཾ་ལས་འོད་ཟེར་གྱི་ཚོགས་འཕྲོས། བྱིན་པ་ནས་བརྒྱུད། བརླའི་རྩ་བོ་ཆེ་ནས་ཞུགས། སུམ་མདོར་གཅིག་ཏུ་འདྲེས། ལྟེ་བའི་རཾ་ལ་ཕོག་པས། མེ་ལྕེ་དྲག་ཏུ་འབར་ཏེ། སྙིང་གའི་ཧཱུྃ་བསྲེགས། སྤྱི་བོའི་ཧཾ་ལ་ཕོག་པས། བདུད་རྩིའི་བདེ་བ་ཆེན་པོའི་རྒྱུན་སྐྱ་ཆིལ་ཆིལ་བབས་པས། སྙིང་ག་དང་ལྟེ་བའི་ཡི་གེ་ལ་ཕོག་ཅིང་། ལུས་ཐམས་ཅད་དུ་ཁྱབ་པས། གཟུང་འཛིན་གྱི་སྣང་བ་དབྱིངས་སུ་ནུབ་ཅིང་། བདེ་སྟོང་གི་ཡེ་ཤེས་ལྷང་གིས་སྐྱེས། སློབ་དཔོན་གྱི་ཐུགས་ཀའི་འོད་ཟེར་གྱིས། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དཔའ་བོ་དང་རྣལ་འབྱོར་མ་ཁྲོ་བོ་དང་ཁྲོ་མོ་ཐམས་ཅད་བ་སྤུའི་བུ་ག་ནས་སིབ་སིབ་ཐིམ་པར་གྱུར། ཨོཾ་ཨཱ་བེ་ཤ་ཡ་ཨཱ་བེ་ཤ་ཡ། སྟམྦྷ་ཡ། ར་ར་ར་ར། ཙཱ་ལ་ཡ་ཙཱ་ལ་ཡ། ཧ་ལེ་ཡ། ཧཱུྃ་ཡ་ཧཾ་ཧཱུྃ་ཛྙཻཾ་སྭཱ་ཧཱ། ཞེས་དྲག་ཏུ་བཟླ། གུ་གུལ་དང་། ཚིལ་ཆེན་བྱི་ལ་ནག་པོའི་བྲུན། ཟླ་མཚན་གྱིས་བགོས་པའི་རས་རྣམས་རོ་སོལ་གྱི་མེ་ལ་བསྲེགས་པའི་དུད་པས་བདུག །རོལ་མོ་སྣ་ཚོགས་བྱ། ཨ་ཁཾ། ཡང་དག་པ་ཡི་དཀྱིལ་འཁོར་འདིར། །བདག་གིས་སློབ་མ་གཞུག་པར་བགྱི། །ལྷ་ཡི་རིགས་ཀྱི་རིམ་པ་དང་། །དངོས་གྲུབ་བསོད་ནམས་དེ་བཞིན་ཤོག །ཅེས་བདེན་པའི་སྟོབས་བརྗོད་དོ། སྔོན་ནས་བསྒྲུབས་པའི་ཡི་དམ་ལྷ། །གང་ཡིན་དེ་རིང་བདག་གི་ནི། །རིགས་དང་མཐུན་པའི་དངོས་གྲུབ་དང་། །ལྷ་དང་མ་ནོར་མཇལ་བར་ཤོག །ཨོཾ་པྲ་ཏཱིཙྪ་བཛྲ་ཧོཿ ཞེས་པས་མེ་ཏོག་དོར། སངས་རྒྱས་ཀུན་གྱིས་བྱིན་བརླབས་པའི། །མེ་ཏོག་རྣམ་པར་སྣང་མཛད་འདི། །སྟོབས་ཆེན་ཁྱོད་ཀྱིས་རབ་བཅིངས་པས། །རིགས་ཀྱི་བདག་པོར་དབང་བསྐུར་རོ། །ཨོཾ་པྲ་ཏཱིཙྪ་གྲྀཧྞ་སྟྭཾ། ས་མ་ཡ་མཱཾ་སྭཱ་ཧཱ། རྡོ་རྗེས་མིག་དབྱེ་སྟེ། ཧེ་རུ་ཀ་དཔལ་དེང་ཁྱོད་ཀྱིས། མིག་འབྱེད་པར་ནི་བརྩོན་པར་མཛད། །རྡོ་རྗེའི་མིག་ནི་བླ་ན་མེད། །ཕྱེ་བས་ཐམས་ཅད་མཐོང་བར་ཤོག །ཨོཾ་བཛྲ་ནཻ་ཏྲ་ཨ་པ་ཧ་ར་ཕ་ཊ་ལཾ་ཧྲཱིཿཨཱཿ བཛྲ་ཙཀྵུཿ པྲ་བེ་ཤ་ཡ་ཧཱུྃ་ཞེས་བརྗོད། ཧེ་བཛྲ་པ་ཤྱ་ཧྲཱིཿ ཞེས་པས་གདོང་གཡོགས་བཀྲོལ་ནས།
ལྷ་ངོ་བསྟན་པ་ནི། དཀྱིལ་འཁོར་བཟང་པོ་འདི་ལ་ལྟོས། །མཐོང་ནས་དད་པ་རབ་ཏུ་བསྐྱེད། །ཁྱོད་ནི་རྣལ་འབྱོར་མ་རིགས་སྐྱེས། །སྔགས་དང་ཕྱག་རྒྱའི་བྱིན་རླབས་ཀྱིས། །འགྲོ་དོན་ཕུན་སུམ་ཚོགས་ཀུན་དང་། །དངོས་གྲུབ་ཐམས་ཅད་མངོན་དུ་འགྱུར། །དམ་ཚིག་ཐམས་ཅད་སྲུང་བ་དང་། །གསང་སྔགས་ལ་ཡང་བརྩོན་པར་བགྱི། །ཞེས་བརྗོད་ལ། དཀྱིལ་འཁོར་གྱི་སྟེང་གི་ནམ་མཁའ་ལ་བརྒྱུད་པའི་བླ་མ་ཐམས་ཅད། དུར་ཁྲོད་རྣམས་སུ་ཆོས་སྐྱོང་བའི་སྲུང་མ་དང་བཅས་པ་ཐམས་ཅད་བཞུགས་པར་མོས།
དགུ་པ་ནི། སྦྱང་བ་གཉིས་ནི་སྔོན་འགྲོ་ཡིན། །ཆུ་ཅོད་རྡོར་དྲིལ་མིང་དང་ལྔ། །དངོས་གཞི་ཉིད་དེ་ཆུ་དབང་ལ། །བསང་སྦྱང་ལྷར་བསྐྱེད་བྱིན་གྱིས་བརླབས། །ཡེ་ཤེས་དབང་ལྷ་སྤྱན་འདྲེན་མཆོད། །དབང་བསྐུར་བཟླས་པ་མཆོད་བསྟོད་བྱ། །གསོལ་བཏབ་ཤིས་བརྗོད་ཆུ་དབང་བསྐུར། །སླར་ཡང་མཆོད་བསྟོད་དག་པ་བརྗོད། །དབང་ལྷ་སྤྱན་འདྲེན་མ་གཏོགས་པ། །འོག་མ་རྣམས་ཀྱང་ཕལ་ཆེར་འདྲ། །ཞེས་བྱ་སྟེ། དེ་ཡང་རྡོ་རྗེ་སློབ་མའི་དབང་བསྐུར་བའི་དོན་དུ་མཎྜལ་ཕུལ། ཧེ་རུ་ཀ་དཔལ་དབང་བསྐུར་བ། །འགྲོ་བ་སྐྱོབ་པའི་གཟི་བརྗིད་ཅན། །ཡོན་ཏན་འབྱུང་གནས་ཇི་ལྟར་སྩོལ། །དེ་བཞིན་བདག་ལའང་དེང་སྩོལ་ཅིག །བདག་གཞན་ངན་འགྲོ་ལས་སྒྲོལ་ཞིང་། །ཐར་པ་ཆེན་པོའི་གྲོང་མཆོག་ཏུ། །གནས་ནས་འགྲོ་བ་སྒྲོལ་བྱེད་པ། །ཡེ་ཤེས་དབང་མཆོག་བདག་ལ་སྩོལ། །ཞེས་ལན་གསུམ། ཨོཾ་སུམྦྷ་ནི་སུམྦྷ་ཧཱུྃ་ཧཱུྃ་ཕཊ། ཨོཾ་གྲིཧྞ་གྲྀཧྞ་ཧཱུྃ་ཧཱུྃ་ཕཊ། ཨོཾ་གྲྀཧྞ་པ་ཡ་གྲྀཧྞ་པ་ཡ་ཧཱུྃ་ཧཱུྃ་ཕཊ། ཨོཾ་ཨཱ་ན་ཡ་ཧོ། བྷ་ག་ཝཱན་བིདྱ་རཱ་ཛ་ཧཱུྃ་ཧཱུྃ་ཕཊ། རོལ་མོ་དྲག་ཏུ་བྱའོ། །ཨོཾ་བཛྲ་ཌཱ་ཀ་ཁ་ཁ་ཁཱ་ཧི་ཁཱ་ཧི་སརྦ་པཱ་པཾ་ད་ཧ་ན་བྷསྨི་ཀུ་རུ་སྭཱ་ཧཱ། ཞེས་པའམ། ཨོཾ་སརྦ་པཱ་པཾ་སརྦ་བིད་ཤཱིཾ་ཀུ་རུ་སྭཱ་ཧཱ། དེ་ནས་ཆུ་དབང་བསྐུར་བ་ནི། བདག་དང་དབང་རྫས་གཉིས་ཀ་ཨ་མྲྀ་ཏས་བསང་། སྭ་བྷཱ་བས་སྦྱང་། སློབ་མ་དང་དབང་རྫས་རྣམ་རྒྱལ་བུམ་ཆུ། སྟོང་པའི་ངང་ལས། པདྨ་དང་ཉི་མའི་གདན་ལ། ཧཱུྃ་ལས་རྡོ་རྗེ་ཧཱུྃ་གིས་མཚན་པ་ལས། གཉིས་ཀའང་མི་བསྐྱོད་པ་སྐུ་མདོག་སྔོན་པོ་ཞལ་གཅིག་ཕྱག་གཉིས་གཡས་རྡོ་རྗེ་དང་གཡོན་དེས་ཡུ་བ་བྱས་པའི་དྲིལ་བུ་འཛིན་པ། ཞབས་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས་པ། སྟག་ལྤགས་ཀྱི་ཤམ་ཐབས་དང་། ཐོད་པའི་ཕྲེང་བ་དང་། རུས་པའི་རྒྱན་དྲུག་གིས་བརྒྱན་པ། ཡུམ་མཱ་མ་ཀི་སྔོན་མོ་གྲི་གུག་དང་ཐོད་པ་འཛིན་པ་དང་མཉམ་པར་སྦྱོར་བ། དཔྲལ་བར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ། སློབ་དཔོན་གྱི་ཐུགས་ཀ་ནས་འོད་ཟེར་འཕྲོས། སངས་རྒྱས་བྱང་ཆུབ་སེམས་དཔའ་ཐམས་ཅད་མི་བསྐྱོད་པ་ཡབ་ཡུམ་གྱི་རྣམ་པར་བཛྲ་ས་མཱ་ཛཿ ཨོཾ་བཛྲ་ཨཾ་གུ་ཤ་ཛཿ ཨོཾ་བཛྲ་པཱ་ཤ་ཧཱུྃ། ཨོཾ་བཛྲ་སྥོ་ཊ་བཾ། ཨོཾ་བཛྲ་གྷཱཎྜེ་ཧོཿ ཛཿཧཱུྃ་བྃ་ཧོཿ གཉིས་ཀ་དང་གཉིས་སུ་མེད་པར་ཐིམ། སླར་ཡང་སློབ་དཔོན་གྱི་ཐུགས་ཀ་ནས་འོད་ཟེར་འཕྲོས། དབང་གི་ལྷ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རིགས་པའི་ལྷ་མོ་ཁྲོ་བོའི་ཚོགས་དང་བཅས་པ་བཛྲ་ས་མཱ་ཛཿ ཨོཾ་བཛྲ་པུཥྤེ་ཨཱཿཧཱུྃ། སོགས་ཉེར་སྤྱོད་ལྔ་ཕུལ་ལ། དེ་བཞིན་གཤེགས་པ་རྣམས་ཀྱིས་འདི་ལ་མངོན་པར་དབང་བསྐུར་བ་སྩལ་དུ་གསོལ། ཞེས་གསོལ་བ་བཏབ་པས། ཨོཾ་བཛྲི་བྷ་ཝ་ཨ་བྷི་ཥིཉྩ་ཧཱུྃ། ཞེས་དབང་རྫས་ལ་དབང་བསྐུར། སྐུ་གང་དྲི་མ་དག །ཆུའི་ལྷག་མ་ཡར་ལུད་པ་ལས་མི་བསྐྱོད་པས་དབུ་བརྒྱན། ཨོཾ་ཨཱཿབཛྲ་དྷྲྀ་ཀ་ཧཱུྃ་ཕཊ་སྭཱ་ཧཱ། ཞེས་མང་དུ་བཟླས་ལ་མེ་ཏོག་ལ་སོགས་པས་མཆོད། མི་བསྐྱོད་པ་ནི་ཡེ་ཤེས་ཆེ། །སོགས་ཤློ་ཀ་གཅིག་གིས་བསྟོད། མི་བསྐྱོད་པ་ཡབ་ཡུམ་སྙོམས་པར་ཞུགས་ཏེ་ཞུ་བ་ལས་བྱུང་བའི་ཆུར་གྱུར། ནམ་མཁར་བཞུགས་པའི་དབང་གི་ལྷ་དཀྱིལ་འཁོར་དང་བཅས་པ་རྣམས་ལ་གསོལ་བ་བཏབ་པར་མོས་ཏེ། བྱང་ཆུབ་རྡོ་རྗེ་སངས་རྒྱས་ལ། །མཆོད་ཆེན་ཇི་ལྟར་སྩལ་བ་ལྟར། །བདག་ཀྱང་རབ་ཏུ་བསྒྲལ་བའི་ཕྱིར། །ནམ་མཁའི་རྡོ་རྗེ་དེང་བདག་སྩོལ། །ཞེས་ལན་གསུམ་གསོལ་བ་བཏབ། སློབ་དཔོན་གྱིས་སོ་སོའི་བུམ་པ་མང་དུ་ཡོད་ན། རང་སྔགས་ཀྱི་བུམ་པ་སོ་སོའི་བུམ་ཆུ་བུམ་པའམ། ཀ་པཱ་ལར་བསྡུས། རྣམ་རྒྱལ་བུམ་པ་གཅིག་ཁོ་ན་ཡིན་ན། དེ་ཉིད་ཐོགས་ཏེ། ཨོཾ་ཕུན་སུམ་ཚོགས་པ་མངའ་བ་གསེར་གྱི་རི་བོ་འདྲ། །འཇིག་རྟེན་གསུམ་གྱི་མགོན་པོ་དྲི་མ་གསུམ་སྤངས་པ། །སངས་རྒྱས་པདྨ་རྒྱས་པ་འདབ་འདྲའི་སྤྱན་མངའ་བ། །འདི་ནི་འཇིག་རྟེན་དགེ་བའི་བཀྲ་ཤིས་དང་པོའོ། །དེ་ཡི་ཉེ་བར་བསྟན་པའི་མཆོག་རབ་མི་གཡོ་བ། །འཇིག་རྟེན་གསུམ་ན་གྲགས་ཤིང་ལྷ་དང་མིས་མཆོད་པ། །ཆོས་ཀྱི་དམ་པ་སྐྱེ་རྒུ་རྣམས་ལ་ཞི་བྱེད་པ། །འདི་ནི་འཇིག་རྟེན་དགེ་བའི་བཀྲ་ཤིས་གཉིས་པའོ། །དགེ་འདུན་དམ་པ་ཆོས་ལྡན་ཐོས་པའི་བཀྲ་ཤིས་ཕྱུག །མི་དང་ལྷ་དང་ལྷ་མ་ཡིན་གྱིས་མཆོད་པའི་གནས། །ཚོགས་ཀྱི་མཆོག་རབ་ངོ་ཚ་ཤེས་དང་དཔལ་གྱི་གཞི། །འདི་ནི་འཇིག་རྟེན་དགེ་བའི་བཀྲ་ཤིས་གསུམ་པའོ། །བཀྲ་ཤིས་གང་ཞིག་སེམས་ཅན་ཀུན་གྱི་སྙིང་ལ་གནས། །ཀུན་གྱི་བདག་ཉིད་རིགས་ཀུན་གྱི་ནི་བདག་པོ་མཆོག །སེམས་ཅན་མ་ལུས་སྐྱེད་བྱེད་བདེ་བ་ཆེན་པོ་སྟེ། །དེ་ཡིས་དེང་ཁྱོད་དབང་བསྐུར་མཆོག་ལ་བཀྲ་ཤིས་ཤོག །ཉིན་མོ་བདེ་ལེགས་མཚན་བདེ་ལེགས་སོགས་བྱ། ཇི་ལྟར་བལྟམས་པ་ཙམ་གྱིས་ནི། །ལྷ་རྣམས་ཀྱིས་ནི་ཁྲུས་གསོལ་ལྟར། །ལྷ་ཡི་ཆུ་ནི་དག་པ་ཡིས། །དེ་བཞིན་བདག་གིས་སྐུ་ཁྲུས་གསོལ། །ཨོཾ་སརྦ་ཏ་ཐཱ་ག་ཏ་བཛྲ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲཱི་ཡེ་ཧཱུྃ། ལས་བུམ་གྱིས་ཁྲུས་བྱ། དེ་ནས་རྣམ་རྒྱལ་བུམ་པ་ཐོགས་ལ། ཀུན་གཞི་རྣམ་ཤེས་རྣམ་དག་ཅིང་། །མེ་ལོང་ཡེ་ཤེས་ངོ་བོ་ཉིད། །བཅོམ་ལྡན་མི་བསྐྱོད་པ་ཡིས་ནི། །ཡེ་ཤེས་ཆུ་རྒྱུན་དབང་བསྐུར་རོ། །ཨོཾ་སརྦ་ཏ་ཐཱ་ག་ཏ་བཛྲ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲི་ཡེ་ཧཱུྃ། དབང་བསྐུར་རྡོ་རྗེ་ཆེན་པོ་ནི། །ཁམས་གསུམ་ཀུན་གྱིས་ཕྱག་བྱས་པ། །སངས་རྒྱས་ཀུན་གྱི་གསང་གསུམ་གྱི། །གནས་ལས་བྱུང་བ་སྦྱིན་པར་བྱ། །གཙོ་བོ་རྣམས་ཀྱི་སྙིང་པོ་བརྗོད་ལ། ཨོཾ་བཛྲཱི་བྷ་ཝ་ཨ་བྷི་ཥཉྩ་ཧཱུྃ། ཞེས་རེ་རེ་ལ་བཏགས། ཐམས་ཅད་ཀྱི་མཇུག་ཏུ། བརྟན་པར་བྱ་བའི་ཕྱིར། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲི་ཡེ་ཧཱུྃ། ཞེས་བརྗོད་ཅིང་། དབང་བསྐུར་སྐུ་གང་དྲི་མ་ཐམས་ཅད་དག །ཆུའི་ལྷག་མ་ཡར་ལུད་པ་ལས། མི་བསྐྱོད་པས་དབུ་བརྒྱན། ནམ་མཁའི་དབྱིངས་གང་བའི་སངས་རྒྱས་རྣམ་ལས། རྡོ་རྗེའི་རིགས་ཀྱི་ལྷ་ཚོགས་དཔག་ཏུ་མེད་པ་བྱུང་ནས། རང་ཉིད་ལ་ཐིམ། ཨོཾ་བཛྲ་པུཥྤེ་ཨཱཿཧཱུྃ་སོགས་ཉེར་སྤྱོད་ལྔ་དང་རོལ་མོ་འབུལ། མི་བསྐྱོད་པ་ནི་ཡེ་ཤེས་ཆེ། །རྡོ་རྗེ་དབྱིངས་ནི་མཁའ་ཆེན་པོ། །རྡོ་རྗེ་གསུམ་མཆོག་དཀྱིལ་འཁོར་གསུམ། །རྡོ་རྗེ་མཁའ་འགྲོར་ཕྱག་འཚལ་བསྟོད། །སློབ་མ་ལ་བསྟོད་པ་བྱ། དེ་ལྟར་ཁྱེད་ལ་ཆུའི་དབང་བསྐུར་བས། རྣམ་པར་ཤེས་པའི་ཕུང་པོ་རྒྱལ་བ་མི་བསྐྱོད་པ་དང་། ཆུའི་ཁམས་མཱ་མ་ཀིའི་ངོ་བོར་སངས་རྒྱས་ཤིང་། ཞེ་སྡང་མ་སྤངས་པར་དག་ནས། མེ་ལོང་ལྟ་བུའི་ཡེ་ཤེས་མངོན་དུ་གྱུར། འདི་མན་ཆད་ལ་འདོན་པ་བསྒྱུར་བར་བྱའོ། །ཅོད་པན་གྱི་དབང་ནི། བསང་སྦྱང་། སློབ་མ་དང་དབང་རྫས་དབུ་རྒྱན། སྟོང་པའི་ངང་ལས། པདྨ་ཉི་མའི་གདན་ལ། ཨཱཾ་ལས་རིན་པོ་ཆེ་ཨཱཾ་གིས་མཚན་པ་ལས། གཉིས་ཀའང་རིན་ཆེན་འབྱུང་ལྡན་སྐུ་མདོག་སེར་པོ་ཞལ་གཅིག་ཕྱག་གཉིས་གཡས་རིན་པོ་ཆེ་དང་། གཡོན་དེས་ཡུ་བ་བྱས་པའི་དྲིལ་བུ་འཛིན་པ། ཞབས་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས་པ། སྟག་ལྤགས་ཀྱི་ཤམ་ཐབས་དང་། ཐོད་པའི་ཕྲེང་བ་དང་། རུས་པའི་རྒྱན་དྲུག་གིས་བརྒྱན་པ། ཡུམ་རིན་ཆེན་སྒྲོལ་མ་སེར་མོ་གྲི་གུག་དང་ཐོད་པ་འཛིན་པ་དང་མཉམ་པར་སྦྱོར་བ། དཔྲལ་བར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ། སློབ་དཔོན་གྱི་ཐུགས་ཀ་ནས་འོད་ཟེར་འཕྲོས། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་རིན་ཆེན་འབྱུང་ལྡན་ཡབ་ཡུམ་གྱི་རྣམ་པར་བཛྲ་ས་མཱ་ཛཿ ཨོཾ་བཛྲ་ཨཾ་ཀུ་ཤ་ཛཿ ནས་ཛཿཧཱུྃ་བྃ་ཧོཿའི་བར་གོང་བཞིན། གཉིས་ཀ་དང་གཉིས་སུ་མེད་པར་ཐིམ། དེ་བཞིན་གཤེགས་པ་རྣམས་ཀྱིས་འདི་ལ་མངོན་པར་དབང་བསྐུར་བ་སྩལ་དུ་གསོལ། ཞེས་གསོལ་བ་བཏབ་པས། ཨོཾ་བཛྲཱི་བྷ་ཝ་ཨ་བྷི་ཥཉྩ་ཧཱུྃ། ཞེས་དབང་རྫས་ལ་དབང་བསྐུར། སྐུ་གང་དྲི་མ་དག་ཆུ་ལྷག་མ་ཡར་ལུད་པ་ལས། རིན་ཆེན་འབྱུང་ལྡན་གྱིས་དབུ་བརྒྱན། ཨོཾ་ཨཱཿརཏྣ་དྷྲྀཀ་ཧཱུྃ་ཕཊ་སྭཱ་ཧཱ། ཞེས་མང་དུ་བཟླས་ལ་མེ་ཏོག་ལ་སོགས་པས་མཆོད། རིན་ཆེན་རྒྱལ་པོ་རབ་ཏུ་ཟབ། ཅེས་སོགས་ཤློ་ཀ་གཅིག་གིས་བསྟོད། རིན་ཆེན་འབྱུང་ལྡན་ཡབ་ཡུམ་སྙོམས་པར་ཞུགས་ཏེ་ཞུ་བ་ལས་བྱུང་བའི་རིན་པོ་ཆེའི་ཅོད་པན་དུ་གྱུར། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བདག་ལ་མངོན་པར་དབང་བསྐུར་དུ་གསོལ། ཐོར་ཚུགས་ཅོད་པན་གྱིས་བརྒྱན་ཅིང་། །སངས་རྒྱས་ཀུན་གྱིས་རབ་བསྔགས་པའི། །རིན་ཆེན་འབར་བའི་དབུ་རྒྱན་དང་། །དར་དཔྱངས་དབང་བསྐུར་སྦྱིན་པར་བྱ། །ཨོཾ་སརྦ་ཏ་ཐཱ་ག་ཏ་རཏྣ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲཱི་ཡེ་ཧཱུྃ། ཞེས་པའི་སྔགས་འདི་གཙོ་བོ་རྣམས་ཀྱི་སྙིང་པོའི་མཐར་བཏགས་ལ་མཐར་ཨོཾ་བཛྲ་རཏྣ་ཨ་བྷི་ཥེ་ཀ་ཏ་ཧཱུྃ་སུ་ར་ཏ་སྟྭཾ་ཨ་ཧཾ། ཨོཾ་ལཱཾ་མཱཾ་པཱཾ་ཏཱཾ་ཧཱུྃ། ཨོཾ་བཛྲ་ཏུཥྱ་ཧོ་ཞེས་བཅིངས་ཏེ་ཅོད་པན་གྱི་དབང་བསྐུར་རོ། །ཨོཾ་སརྦ་ནས་ཤྲཱི་ཡེ་ཧཱུྃ་གི་བར་གྱིས་ཆུ་དབང་བསྐུར། དབང་བསྐུར་སྐུ་གང་དྲི་མ་དག །ཆུ་ལྷག་མ་ཡར་ལུད་པ་ལས་རྣ་ལྟག་གཡས་སུ་རིན་ཆེན་འབྱུང་ལྡན་གྱིས་དབུ་བརྒྱན། ནམ་མཁའི་དབྱིངས་ཐམས་ཅད་གང་བའི་སངས་རྒྱས་རྣམས་ལས། རིན་པོ་ཆེའི་རིགས་ཀྱི་ལྷ་ཚོགས་དཔག་ཏུ་མེད་པ་བྱུང་ནས་སློབ་མ་ལ་ཐིམ། ཨོཾ་བཛྲ་པུཥྤེ་སོགས་དང་། རིན་ཆེན་རྒྱལ་པོ་སོགས་ཀྱིས་བསྟོད། དེ་ལྟར་ཁྱེད་ལ་ཅོད་པན་གྱི་དབང་བསྐུར་བས། ཚོར་བའི་ཕུང་པོ་རྒྱལ་བ་རིན་ཆེན་འབྱུང་ལྡན་དང་། ནམ་མཁའི་ཁམས་རིན་ཆེན་སྒྲོལ་མའི་ངོ་བོར་སངས་རྒྱས་ཤིང་། ང་རྒྱལ་དང་སེར་སྣ་མ་སྤངས་རང་སར་དག་ནས། མཉམ་པ་ཉིད་ཀྱི་ཡེ་ཤེས་མངོན་དུ་གྱུར་སྙམ་དུ་སྒོམས་ཤིག །ཅེས་བརྗོད། རྡོ་རྗེའི་དབང་ནི། བསང་སྦྱང་། སློབ་མ་དང་དབང་རྫས་རྡོ་རྗེ་སྟོང་པའི་ངང་ལས་པདྨ་ཉི་མའི་གདན་ལ་ཛྲིཾ་ལས་པདྨ་ཛྲིཾ་གིས་མཚན་པ་ལས། གཉིས་ཀའང་འོད་དཔག་མེད་དམར་པོ་ཞལ་གཅིག་ཕྱག་གཉིས་གཡས་པདྨ་དང་། གཡོན་དེས་ཡུ་བ་བྱས་པའི་དྲིལ་བུ་འཛིན་པ་ཞབས་རྡོ་རྗེ་སྐྱིལ་མོ་ཀྲུང་གིས་བཞུགས་པ། སྟག་ལྤགས་ཀྱི་ཤམས་ཐབས་དང་། ཐོད་པའི་ཕྲེང་བ་དང་རུས་པའི་རྒྱན་དྲུག་གིས་བརྒྱན་པ། ཡུམ་གོས་དཀར་མོ་དམར་མོ་གྲི་གུག་དང་ཐོད་པ་འཛིན་པ་དང་མཉམ་པར་སྦྱོར་བ། དཔྲལ་བར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ། སློབ་དཔོན་གྱི་ཐུགས་ཀ་ནས་འོད་ཟེར་འཕྲོས། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་འོད་དཔག་མེད་ཡབ་ཡུམ་གྱི་རྣམ་པར་བཛྲ་ས་མཱ་ཛཿ ཨོཾ་བཛྲ་ཨཾ་ཀུ་ཤ་ཛཿ ཨོཾ་བཛྲ་པ་ཤ་ཧཱུྃ། ཨོཾ་བཛྲ་སྥོ་ཊ་བཾ། ཨོཾ་བཛྲ་གྷཎྜེ་ཧོཿ ཛཿཧཱུྃ་བཾ་ཧོཿ གཉིས་ཀ་དང་གཉིས་སུ་མེད་པར་ཐིམ། དེ་བཞིན་གཤེགས་པ་རྣམས་ཀྱིས་འདི་ལ་མངོན་པར་དབང་བསྐུར་བ་སྩལ་དུ་གསོལ། ཞེས་གསོལ་བ་བཏབ་པས། ཨོཾ་བཛྲི་བྷ་ཝ་ཨ་བྷི་ཥིཉྩ་ཧཱུྃ། ཞེས་དབང་རྫས་ལ་དབང་བསྐུར། སྐུ་གང་དྲི་མ་དག་ཆུའི་ལྷག་མ་ཡར་ལུད་པ་ལས། འོད་དཔག་མེད་ཀྱིས་དབུ་བརྒྱན། ཨོཾ་ཨཱཿརོ་ལྀ་ཀ་ཧཱུྃ་ཕཊ་སྭཱ་ཧཱ། པུཥྤེ་སོགས། རྡོ་རྗེ་དཔག་མེད་རྒྱལ་པོ་ཆེ། །མི་རྟོག་ནམ་མཁའ་རྡོ་རྗེ་འཛིན། །འདོད་ཆགས་ཕ་རོལ་ཕྱིན་པ་བརྙེས། །པདྨ་མཁའ་འགྲོར་ཕྱག་འཚལ་བསྟོད། །འོད་དཔག་མེད་ཡབ་ཡུམ་སྙོམས་པར་ཞུགས་ཏེ་ཞུ་བ་ལས་བྱུང་བའི་རིན་པོ་ཆེའི་རྡོ་རྗེ་རུ་གྱུར། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བདག་ལ་མངོན་པར་དབང་བསྐུར་དུ་གསོལ། སངས་རྒྱས་ཀུན་གྱི་རྡོ་རྗེའི་དབང་། །དེ་རིང་ཁྱོད་ལ༴ སངས་རྒྱས་ཀུན་ཏུ༴ རྡོ་རྗེའི་དབང་ནི་སྦྱིན་པར་བྱ། །གཙོ་བོ་རྣམས་ཀྱི་སྙིང་པོའི་མཐར། ཨོཾ་སརྦ་ཏ་ཐཱ་ག་ཏ་པདྨ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲཱི་ཡེ་ཧཱུྃ། ཨོཾ་བཛྲ་ཨ་དྷི་པ་ཏི་སྟྭཾ། ཨོཾ་ཨ་བྷི་ཥིཉྩ་ཧཱུྃ་ཏིཥྛ་བི་ར་ས་མ་ཡ་སྟྭཾ། ཨོཾ་སརྦ་ཏ་ཐཱ་སོགས་ཤྲཱི་ཡེ་ཧཱུྃ་བར་ཞེས་པས་གཏད། དབང་བསྐུར་སྐུ་གང་དྲི་མ་དག །ཆུའི་ལྷག་མ་ཡར་ལུད་པ་ལས་ལྟག་པར་འོད་དཔག་མེད་ཀྱིས་དབུ་བརྒྱན། ནམ་མཁའི་དབྱིངས་ཐམས་ཅད་གང་བའི་སངས་རྒྱས་རྣམས་ལས། པདྨའི་རིགས་ཀྱི་ལྷ་ཚོགས་དཔག་ཏུ་མེད་པར་བྱུང་ནས་སློབ་མ་རྣམས་ལ་ཐིམ། ཨོཾ་བཛྲ་པུཥྤེ་སོགས། རྡོ་རྗེ་དཔག་མེད་རྒྱལ་པོ་ཆེ། །མི་རྟོག་ནམ་མཁའི་རྡོ་རྗེ་འཛིན། །འདོད་ཆགས་ཕ་རོལ་ཕྱིན་པ་བརྙེས། །པདྨ་མཁའ་འགྲོར༴ དེ་ལྟར་ཁྱེད་ལ་རྡོ་རྗེའི་དབང་བསྐུར་བས་འདུ་ཤེས་ཀྱི་ཕུང་པོ་རྒྱལ་བ་འོད་དཔག་མེད་དང་། མེའི་ཁམས་གོས་དཀར་མོའི་ངོ་བོར་སངས་རྒྱས་ཤིང་། འདོད་ཆགས་མ་སྤངས་རང་སར་དག་ནས། སོ་སོར་རྟོག་པའི་ཡེ་ཤེས་མངོན་དུ་གྱུར་སྙམ་དུ་སྒོམས་ཤིག །དྲིལ་བུའི་དབང་། བསང་སྦྱང་། སློབ་མ་དང་དབང་རྫས་དྲིལ་བུ་སྟོང་པའི་ངང་ལས་པདྨ་ཉི་མའི་གདན་ལ་ཁཾ་ལས་རལ་གྲི་ཁཾ་གིས་མཚན་པ་ལས། གཉིས་ཀའང་དོན་ཡོད་གྲུབ་པ་ལྗང་གུ་ཞལ་གཅིག་ཕྱག་གཉིས་པ། གཡས་རལ་གྲི་དང་གཡོན་དེས་ཡུ་བ་བྱས་པའི་དྲིལ་བུ་འཛིན་པ། ཞབས་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས་པ། སྟག་ལྤགས་ཀྱི་ཤམ་ཐབས་དང་། ཐོད་པའི་ཕྲེང་བ་དང་། རུས་པའི་རྒྱན་དྲུག་གིས་བརྒྱན་པ། ཡུམ་དམ་ཚིག་སྒྲོལ་མ་ལྗང་གུ་གྲི་གུག་དང་། ཐོད་པ་འཛིན་པ་དང་མཉམ་པར་སྦྱོར་བ། དཔྲལ་བར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ། སློབ་དཔོན་གྱི་ཐུགས་ཀ་ནས་འོད་ཟེར་འཕྲོས། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་དོན་ཡོད་གྲུབ་པ་ཡབ་ཡུམ་གྱི་རྣམ་པར་བཛྲ་ས་མཱ་ཛཿ ཨོཾ་བཛྲ་ཨཾ་ཀུ་ཤ་ཛཿ ནས་ཛཿཧཱུྃ་བྃ་ཧོཿ བར་གོང་བཞིན། གཉིས་ཀ་དང་གཉིས་སུ་མེད་པར་ཐིམ། དེ་བཞིན་གཤེགས་པ་རྣམས་ཀྱིས་འདི་ལ་མངོན་པར་དབང་བསྐུར་བ་སྩལ་དུ་གསོལ། ཞེས་གསོལ་བ་བཏབ་པས། ཨོཾ་བཛྲི་བྷ་ཝ་ཨ་བྷི་ཥིཉྩ་ཧཱུྃ། ཞེས་དབང་རྫས་ལ་དབང་བསྐུར་སྐུ་གང་དྲི་མ་དག །ཆུའི་ལྷག་མ་ཡར་ལུད་པ་ལས། དོན་ཡོད་གྲུབ་པས་དབུ་བརྒྱན། ཨོཾ་ཨཱཿཔྲཉྫཱ་དྷྲིཀ་ཧཱུྃ་ཕཊ་སྭཱ་ཧཱ། པཥྤེ་སོགས། དོན་ཡོད་རྒྱལ་པོ་རྫོགས་སངས་རྒྱས། །བསམ་པ་ཐམས་ཅད་རྫོགས་མཛད་པ། །སངས་རྒྱས་ངོ་བོ་ཉིད་ལས་བྱུང་། །སྣ་ཚོགས་མཁའ་འགྲོར༴ །དོན་ཡོད་གྲུབ་པ་ཡབ་ཡུམ་སྙོམས་པར་ཞུགས་ཏེ་ཞུ་བ་ལས་བྱུང་བའི་རིན་པོ་ཆེའི་དྲིལ་བུར་གྱུར། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བདག་ལ་མངོན་པར་དབང་བསྐུར་དུ་གསོལ། སངས་རྒྱས་ཀུན་གྱི་དྲིལ་བུའི་དབང་། །དེ་རིང་ཁྱོད་ལ༴ སངས་རྒྱས་ཀུན་ཏུ༴ དྲིལ་བུའི་དབང་༴ སྙིང་པོའི་མཐར། ཨོཾ་སརྦ་ཏ་ཐཱ་ག་ཏ་ཀརྨ་ཨ་བྷི་ཥེ་ཀ་སོགས། ཨོཾ་བཛྲ་ཨ་དྷི་པ་ཏི་སྟྭཾ་ཨ་བྷི་ཥིཉྩ་ཧཱུྃ་ཏིཥྛ་བཛྲ་ས་མཱ་ཡ་སྟྭཾ། ཞེས་པས་གཏད། ཨོཾ་སརྦ་ཏ་ཐཱ་ག་ཏ་གྷཎྜེ་ཨ་དྷི་ཥྛ་ན་ཨ་བྷི་ཥེ་ཀ་ཏ་སོགས། ཨོཾ་སརྦ་ཏ་ཐཱ་ག་ཏ་སོགས། དབང་བསྐུར་སྐུ་གང་དྲི་མ་དག །ཆུའི་ལྷག་མ་ཡར་ལུད་པ་ལས་རྣ་ལྟག་གཡོན་པར་དོན་ཡོད་གྲུབ་པས་དབུ་བརྒྱན། ནམ་མཁའི་དབྱིངས་ཐམས་ཅད་གང་བས་སངས་རྒྱས་རྣམས་ལས་ཀྱི་རིགས་ཀྱི་ལྷ་ཚོགས་དཔག་ཏུ་མེད་པར་བྱུང་ནས་སློབ་མ་ལ་ཐིམ། ཨོཾ་བཛྲ་པུཥྤེ་སོགས། དོན་ཡོད་རྒྱལ་པོ་རྫོགས་སངས་རྒྱས། །བསམ་པ་ཐམས་ཅད་རྫོགས་མཛད་པ། །སངས་རྒྱས་ངོ་བོ་ཉིད་ལས་བྱུང་། །སྣ་ཚོགས་མཁའ་འགྲོར༴ དེ་ལྟར་ཁྱེད་ལ་དྲིལ་བུའི་དབང་བསྐུར་བས་འདུ་བྱེད་ཀྱི་ཕུང་པོ་རྒྱལ་བ་དོན་ཡོད་གྲུབ་པ་དང་། རླུང་གི་ཁམས་དམ་ཚིག་སྒྲོལ་མའི་ངོ་བོར་སངས་རྒྱས་ཤིང་། ཕྲག་དོག་མ་སྤངས་རང་སར་དག་ནས། བྱ་བ་གྲུབ་པའི་ཡེ་ཤེས་མངོན་དུ་གྱུར་སྙམ་དུ་སྒོམས་ཤིག །མིང་གི་དབང་ནི། བསང་སྦྱང་། སློབ་མ་དང་དབང་རྫས་རྡོ་རྗེ་དང་། དྲིལ་བུ་སྟོང་པའི་ངང་ལས་པདྨ་ཉི་མའི་གདན་ལ་བྷྲཱུྃ་ལས་འཁོར་ལོ་བྷྲཱུྃ་གྱིས་མཚན་པ་ལས། གཉིས་ཀའང་རྣམ་སྣང་དཀར་པོ་གཡས་འཁོར་ལོ་དང་། གཡོན་དེས་ཡུ་བ་བྱས་པའི་དྲིལ་བུ་འཛིན་པ་ཞབས་རྡོ་རྗེ་སྐྱིལ་མོ་ཀྲུང་གིས་བཞུགས་པ། སྟག་ལྤགས་ཀྱི་ཤམ་ཐབས་དང་། ཐོད་པའི་ཕྲེང་བ་དང་། རུས་པའི་རྒྱན་དྲུག་གི་བརྒྱན་པ། ཡུམ་སངས་རྒྱས་སྤྱན་མ་དཀར་མོ་གྲི་གུག་དང་ཐོད་པ་འཛིན་པ་དང་མཉམ་པར་སྦྱོར་བ། དཔྲལ་བར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ། སློབ་དཔོན་གྱི་ཐུགས་ཀ་ནས་འོད་ཟེར་འཕྲོས། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་རྣམ་སྣང་ཡབ་ཡུམ་གྱི་རྣམ་པར་བཛྲ་ས་མཱ་ཛཿ ཨོཾ་བཛྲ་ཨཾ་ཀུ་ཤ་ཛཿ སོགས། ཛཿཧཱུྃ་བྃ་ཧོཿ བར་གོང་བཞིན། གཉིས་ཀ་དང་གཉིས་སུ་མེད་པར་ཐིམ། དེ་བཞིན་གཤེགས་པ་རྣམས་ཀྱིས་འདི་ལ་མངོན་པར་དབང་བསྐུར་བ་སྩལ་དུ་གསོལ། ཞེས་གསོལ་བ་བཏབ་པས། ཨོཾ་བཛྲི་བྷ་ཝ་ཨ་བྷི་ཥིཉྩ་ཧཱུྃ། ཞེས་དབང་རྫས་ལ་དབང་བསྐུར་སྐུ་གང་དྲི་མ་དག །ཆུའི་ལྷག་མ་ཡར་ལུད་པ་ལས་རྣམ་པར་སྣང་མཛད་ཀྱིས་དབུ་བརྒྱན། ཨོཾ་ཨཱཿཛི་ན་ཛྀཀ་ཧཱུྃ་ཕཊ་སྭཱ་ཧཱ། པུཥྤེ་སོགས། རྣམ་པར་སྣང་མཛད་དག་པ་ཆེ། །རྡོ་རྗེ་ཞི་བ་དགའ་ཆེན་པོ། །རང་བཞིན་གྱི་ནི་འོད་གསལ་མཆོག །སངས་རྒྱས་མཁའ་འགྲོ༴ རྣམ་པར་སྣང་མཛད་ཡབ་ཡུམ་སྙོམས་པར་ཞུགས་ཏེ་ཞུ་བ་ལས་བྱུང་བའི་རྡོ་རྗེ་དང་དྲིལ་བུར་གྱུར། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བདག་ལ་མངོན་པར་བསྐུར་དུ་གསོལ། རྣམ་པར་སྣང་མཛད་མིང་གི་དབང་། །དེ་རིང་ཁྱོད་ལ༴ སངས་རྒྱས་ཀུན༴ མིང་གི་དབང་མཆོག་བསྐུར་བར་བྱ། །སྙིང་པོའི་མཐར། ཨོཾ་སརྦ་ཏ་ཐཱ་ག་ཏ་བུདྡྷ་ཨ་བྷི་ཥེ་ཀ༴ ཞེས་བསྒྲགས་ལ། ཨོཾ་བཛྲ་སཏྭ་སྟྭཾ། ཨ་བྷི་ཥིཉྩ་ཧཱུྃ། བཛྲ་ནཱ་མ་ཨ་བྷི་ཥེ་ཀ་ཏ་ཧེ་ཤྲཱི༴ སོགས། ཡང་བརྟན་བྱེད་དུ། ཨོཾ་སརྦ་ཏ་ཐཱ་ག་ཏ༴ སོགས། ཅོད་པན་གྱི་སྐབས་བཞིན། དབང་བསྐུར་སྐུ་གང་དྲི་མ་དག །ཆུའི་ལྷག་མ་ཡར་ལུད་པ་ལས་དཔྲལ་བར་རྣམ་སྣང་གིས་དབུ་བརྒྱན། ནམ་མཁའི་དབྱིངས་ཐམས་ཅད་གང་བའི་སངས་རྒྱས་རྣམས་ལས་དེ་བཞིན་གཤེགས་པའི་རིགས་ཀྱི་ལྷ་ཚོགས་དཔག་ཏུ་མེད་པ་བྱུང་ནས་སློབ་མ་ལ་ཐིམ། ཨོཾ་བཛྲ་པུཥྤེ་སོགས། རྣམ་པར་སྣང་མཛད་དག་པ་ཆེ། །རྡོ་རྗེ༴ རང་བཞིན༴ སངས་རྒྱས་མཁའ༴ དེ་ལྟར་མིང་གི་དབང་བསྐུར་བའི་གཟུགས་ཀྱི་ཕུང་པོ་རྒྱལ་བ་རྣམ་པར་སྣང་མཛད། སའི་ཁམས་སངས་རྒྱས་སྤྱན་མའི་ངོ་བོར་སངས་རྒྱས་ཤིང་། གཏི་མུག་མ་སྤངས་རང་སར་དག་ནས། ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་མངོན་དུ་གྱུར་སྙམ་དུ་སྒོམས་ཤིག །སླར་ཡང་སློབ་དཔོན་གྱིས། འདི་ནི་སངས་རྒྱས་ཐམས་ཅད་ཀྱི། །རྒྱུད་སྡེ་ལྔ་ཡི་དཀྱིལ་འཁོར་དུ། །དེ་རིང་སློབ་དཔོན་མིང་དབང་སྦྱིན། །དཀྱིལ་འཁོར་གཙོ་བྱས་མིང་དབང་འགྲུབ། །ཨོཾ་ཨཱཿབཛྲ་ཧཱུྃ། བཅུ་པ་ལ། གསོལ་གདབ་ཕྱག་མཚན་རྡོར་དྲིལ་སྦྱིན། །དམ་ཚིག་གསུམ་དང་ཆུ་དབང་མཆོད། །རྗེས་གནང་ལུང་བསྟན་དབུགས་དབྱུང་ཞིང་། །བརྟུལ་ཞུགས་དག་པ་བརྗོད་པའོ།
།དེ་ལ་དང་པོ་ནི། རྡོ་རྗེ་སློབ་དཔོན་གྱིས་དབང་གི་དོན་དུ་མཎྜལ་ཕུལ། འཁོར་ལོ་ཕྱིར་མི་བཟློག་པའི་དབང་། །དམ་པ་བདག་ལ་སྩལ་ནས་ཀྱང་། །མགོན་པོ་འཁོར་ལོ་ལྷ་དག་གིས། །དེ་ཉིད་སློབ་དཔོན་ཕྲིན་ལས་གསུང་། །དེ་རིང་བདག་ནི་ཁྱོད་དྲིན་ལས། །རང་དང་གཞན་དོན་ནུས་འགྱུར་ཕྱིར། །རྡོ་རྗེ་སློབ་དཔོན་དབང་བསྐུར་བར། །ཐུགས་རྗེ་ཅན་ཁྱོད་སྩལ་དུ་གསོལ། །རྟག་ཏུ་རྡོ་རྗེ་དྲིལ་བུ་འཛིན། སེམས་ཅན་བཟུང་ཕྱིར་རྗེས་གནང་སོགས། །བདག་ལ་དེ་རིང་བཀའ་དྲིན་མནོས། །མགོན་པོ་ཐུགས་རྗེས་ཐུགས་དམ་དགོངས། །ཞེས་ལན་གསུམ།
གཉིས་པ་ནི། དབང་སྟེགས་ལེགས་པར་བཤམ་ཐུབ་ན་རབ། མ་ཐུབ་ན་ཡིད་ཀྱིས་བསམ་པས་ཆོག་སྟེ། དཀྱིལ་འཁོར་ཤར་ཕྱོགས་སུ་སེང་གེས་བཏེགས་པའི་རིན་པོ་ཆེའི་ཁྲི་ལ་ཁྱེད་རང་རྡོ་རྗེ་འཆང་ཆེན་པོ་སྐུ་མདོག་སྔོན་པོ་རྡོ་རྗེ་དང་དྲིལ་བུ་འཛིན་པ། དར་དང་རིན་པོ་ཆེ་དང་། རུས་པ་ལ་སོགས་པ་རྒྱན་ཐམས་ཅད་ཀྱིས་བརྒྱན་པ། མཚན་དང་དཔེ་བྱད་ཐམས་ཅད་ཡོངས་སུ་རྫོགས་ཤིང་། རང་སྣང་གི་ཤེས་རབ་དམ་པས་འཁྱུད་པའི་སྐུ་ཅན་དུ་གྱུར། སྟེང་དུ་གདུགས་དཀར་པོ་གསེར་གྱི་ཡུ་བ་ཅན། མཐའ་བསྐོར་དུ་མཆོད་པའི་སྤྲིན་གྱི་ཕུང་པོས་ཡོངས་སུ་བསྐོར་བར་གྱུར། ཧཱུྃ་ཡིག་ལས་བྱུང་བའི་ཕྱག་མཚན་རྣམས་སུ་གྱུར། །ཧེ་རུ་ཀ་ནི་ཁ་ཊྭཱཾ་ག །རྣལ་འབྱོར་མ་ནི་ཌཱ་མ་རུ། །རྡོ་རྗེ་ཁ་ཊྭཱཾ་རྡོ་རྗེར་བཅས། །དྲིལ་བུ་སིལ་སིལ་སྒྲ་སྒྲོགས་ཤིང་། །ཚངས་པའི་སྐུད་ཐོགས་རྣལ་འབྱོར་བདག །གྲི་གུག་དང་ནི་ཀ་པཱ་ལ། །དཔའ་བོ་ཆེན་པོས་བླང་བར་གྱིས། ཞེས་བརྗོད།
གསུམ་པ་ནི། རྡོར་དྲིལ་གཉིས་ཀ་བསང་སྦྱང་། སྟོང་པའི་ངང་ལས། ཧཱུྃ་ལས་རྡོ་རྗེ་ཧཱུྃ་གིས་མཚན་པ་ལས་རྡོ་རྗེ་སེམས་དཔའ་དཀར་པོ་རྡོ་རྗེ་དང་དྲིལ་བུ་འཛིན་པས་ཡུམ་རྡོ་རྗེ་སྙེམས་མ་དཀར་མོ་གྲི་གུག་དང་ཐོད་པ་འཛིན་པ་དང་མཉམ་པར་སྦྱོར་བ། རྒྱན་ཐམས་ཅད་ཀྱིས་རྣམ་པར་རྒྱན་པའི་སྐུ་ཅན་དུ་གྱུར། དཔྲལ་བར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ། སངས་རྒྱས་ཐམས་ཅད་རྡོ་རྗེ་སེམས་དཔའ་ཡབ་ཡུམ་གྱི་རྣམ་པར་སྤྱན་དྲངས་ཏེ་ཐིམ། དེ་ཉིད་ཞུ་བ་ལས་བྱུང་བའི་རྡོ་རྗེ་དང་དྲིལ་བུར་གྱུར། རྡོ་རྗེ་ཆེ་དང་དྲིལ་བུ་ཆེ། །ཟུངས་ཤིག་རྡོ་རྗེར་བྱིན་གྱིས་བརླབས། །དེ་རིང་རྡོ་རྗེ་སློབ་དཔོན་འགྱུར། །སློབ་མའི་ཚོགས་རྣམས་བསྡུ་བར་གྱིས། །མི་ཤེས་པའམ་རྨོངས་པ་ཡིས། །དེ་ཉིད་ངེས་པར་བསྟན་མི་བྱ། །རྡོ་རྗེ་དྲིལ་བུ་མི་སྤང་སྟེ། །སློབ་དཔོན་རྣམས་ནི་སྨད་མི་བྱ། །སྔགས་དང་སངས་རྒྱས་ཐམས་ཅད་དང་། མཚུངས་པར་མཆོད་དེ་འབད་པས་གྱིས། །ཞེས་བརྗོད། རང་སྣང་གི་ཤེས་རབ་དམ་པ་ལ་འཁྱུད་པས་བདེ་བ་ཆེན་པོ་ཉམས་སུ་མྱོང་བར་གྱུར།
བཞི་པ་ནི། སངས་རྒྱས་ཀུན་གྱི་རྡོ་རྗེ་ནས་སྦྱིན་པར་བྱ། སྙིང་གར་གཏོད། ཐོག་མཐའ་མེད་པའི་སེམས་དཔའ་ནི། །རྡོ་རྗེ་སེམས་དཔའ་དགའ་བ་ཆེ། །ཀུན་ཏུ་བཟང་པོ་ཀུན་བདག་ཉིད། །རྡོ་རྗེ་སྙེམས་ཚུལ་བདག་པོའི་བདག །བཅོམ་ལྡན་དཔལ་མཆོག་དང་པོ་ཡི། །སྐྱེས་བུ་མཆོག་ཏུ་འདི་འགྱུར་རོ། །ཨོཾ་ཨཱཿམ་ཧཱ་བཛྲ་ཧཱུྃ། ཁྱོད་ཀྱིས་སེམས་འཁོར་འདས་དབྱེར་མེད་ཀྱི་དོན་རྟོགས་པར་བྱའོ། འདི་ནི་རྣལ་འབྱོར་མ་ཀུན་གྱི། །ཤེས་རབ་དབྱངས་ཀྱི་རྗེས་འགྲོར་བཤད། །ཁྱོད་ཀྱིས་ཀྱང་ནི་རྟག་ཏུ་བཅངས། །བྱང་ཆུབ་མཆོག་ཏུ་རྒྱལ་བ་བཞེད། དྲིལ་བུ་ལན་བརྒྱད་དཀྲོལ། ཨ་སྲིད་པ་ངོ་བོ་ཉིད་ཀྱིས་དག །ངོ་བོ་ཉིད་ཀྱིས་སྲིད་བྲལ་བྱས། །རང་བཞིན་དག་པའི་སེམས་དཔའ་མཆོག །སྲིད་པ་དམ་པ་བྱེད་པར་འགྱུར། །ཨོཾ་བཛྲ་གྷཱཎྜེ་ཨ། ཨོཾ་ཨཱཿས་ཏྭ་སྟྭཾ། སྒྲ་ཐམས་ཅད་གྲགས་སྟོང་དུ་ཤེས་པར་གྱིས་ཤིག །རྡོ་རྗེ་དང་དྲིལ་བུ་གཉིས་ཀ་ཟུང་དུ་སྦྱར་ལ། ཤེས་རབ་བཅུ་དྲུག་ལོན་པ་ལ། །ལག་པ་དག་གིས་ཡང་དག་འཁྱུད། །བདག་མེད་ཡུམ་མཆོག་ཁྱོད་ལ་སྦྱིན། །རྡོ་རྗེ་སྐུ་ཡི་དངོས་གྲུབ་ཐོབ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་ནུ་རཱ་ག་ཎ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ། །ཡིད་ཀྱི་ལུས་སུ་བསྟེན་པའི་ཕྱིར། །ཕྱག་རྒྱའི་དམ་ཚིག་རབ་ཏུ་བརྗོད། གང་གི་ལུས་ནི་ཐམས་ཅད་བསྟེན། །དེས་ན་ཕྱག་རྒྱར་རབ་ཏུ་བསྒྲགས། །གཟུགས་སུ་སྣང་བ་རྣམས་ལྷ་སྐུར་ཤེས་པར་གྱིས་ཤིག
།ལྔ་པ་ནི། ཨོཾ་ཕུན་སུམ་ནས་བཀྲ་ཤིས་གསུམ་པའོ། དབང་བསྐུར་རྡོ་རྗེ་ནས་ཤྲཱི་ཡེ་ཧཱུྃ་གིས་བར་ཆུ་དབང་བཞིན། དེ་ལྟར་དབང་བསྐུར་བའི་ཆུ་རྒྱུན་གྱིས་ལུས་ཀྱི་ནང་ཐམས་ཅད་གང་། དབང་རྟགས་སུ་རྡོ་རྗེ་འཆང་ཆེན་པོས་དབུ་བརྒྱན་པར་གྱུར། ཨོཾ་སུ་པྲ་ཏིཥྛ་བཛྲཱ་ཡེ་སྭཱ་ཧཱ། ཞེས་མེ་ཏོག་གཏོར་ཞིང་བརྟན་ཞུགས་བྱ།
དྲུག་པ་ནི། བདག་འཇུག་གི་སྐབས་སུ་འདིར་ཨརྒྷཾ་ནས་ཤབྡའི་བར་གྱིས་མཆོད་དེ་ཚིགས་བཅད་རྣམས་མི་དགོས། དབང་གི་ལུགས་འདིར་སློབ་མ་ལ་མཆོད་པ་འབུལ་བ་ཡིན་ཏེ། སྒེག་དང་བཅས་པས་ཕྲེང་བ་འཕང་། །སངས་རྒྱས་ཀུན་མཆོད་རྣལ་འབྱོར་མ། །དེ་ནི་འབྲལ་བར་མི་འགྱུར་ཏེ། །ཕྲེང་བ་དེ་ཡིས་རྒྱན་ཡིན་ནོ། །ཨོཾ་བཛྲ་ཀཱ་རུ་ཎི་ཀཱ་ལཀྵ་ཧཱུྃ་བཾ་སྟྭཾ། །རྡོ་རྗེའི་གདན་འདི་རྫོགས་སངས་རྒྱས། །སྲས་དང་བཅས་པར་རྣམ་རོལ་ཞིང་། །རྡོ་རྗེ་སྒེག་མོའི་རབ་སྦྱོར་གྱིས། །དགའ་སྟོན་བདེ་བའི་མཆོད་པ་གྱིས། ཨོཾ་བཛྲ་ཨརྒྷཾ་ཨཱཿཧཱུྃ། །སངས་རྒྱས་རྣམས་ལ་མེ་ཏོག་གཏོར། །བྱང་ཆུབ་ཡན་ལག་ཚོགས་གྱུར་པ། །མཚན་དང་དཔེ་བྱད་ལྡན་པ་ཡི། །བདེ་གཤེགས་སྐུ་ནི་ཐོབ་པར་འགྱུར། །བྷྲཱུཾ། །རྫོགས་སངས་རྒྱས་ལ་སྤོས་ཕུལ་བས། །བརྟུལ་ཞུགས་བཟང་པོས་ལེགས་ཚིམ་གྱིས། །ལུས་ཅན་བདེ་གཤེགས་ཆ་ལུགས་སུ། །ཡེ་ཤེས་ཀྱིས་ནི་ཚིམ་པར་གྱིས། །གྷ། རྒྱལ་བ་རྣམས་ལ་དྲི་ཕུལ་བས། །ཚུལ་ཁྲིམས་ཏིང་འཛིན་ཤེས་རབ་དང་། །རྣམ་གྲོལ་ཡེ་ཤེས་མཐོང་བ་ཡི། །བྱང་ཆུབ་ལུས་ཅན་རྣམས་ལ་བགོས། །ཧྲཱིཿ ཆོས་ཀྱི་མེ་ནི་ལེགས་འབར་བས། །པདྨ་གར་དབང་རང་ཉིད་དེས། །སེམས་ཅན་མ་རིག་ལྡོངས་རྣམས་ལ། །ཆོས་ཀྱི་སྒྲོན་མེ་སྦར་བར་གྱིས། །གཱི། །ལུས་ཅན་ཀུན་ལ་དམ་ཆོས་ཀྱི། །གླུ་ནི་ཁྱོད་ཀྱིས་བླང་བར་བྱ། །དེས་ནི་རྣལ་འབྱོར་མ་རྣམས་དང་། །མྱུར་དུ་བདེ་བ་མྱོང་བར་འགྱུར། །ཨོཾ། །དེང་ནས་བརྩམས་ཏེ་བྱང་ཆུབ་བར། །རྣལ་འབྱོར་མ་དང་དཔའ་ཚོགས་ཀུན། །ཤེས་རབ་ཐབས་ཀྱི་སྦྱོར་བ་ཡིས། །བདེ་བའི་གར་གྱིས་རོལ་པར་གྱིས། །ཧོཿ། དེ་ཉིད་ཐལ་མོའི་གར་གྱིས་ནི། །སངས་རྒྱས་ཐམས་ཅད་ཆགས་པར་བྱ། །སངས་རྒྱས་འདུལ་བའི་ཕྲིན་ལས་ཀྱིས། །གར་མཁན་ཚུལ་དུ་བསྒྱུར་བར་བྱ།
།བདུན་པ་ནི། །མིག་ཐུར་མེ་ལོང་དྲིལ་བུ་དང་། །མདའ་གཞུ་འཁོར་ལོ་དུང་པོ་ཏི། །སྤྲུལ་བཤད་དངོས་གྲུབ་མཆོད་པ་དང་། །ལྷ་བསྒོམ་སྔགས་ཀྱི་རྗེས་གནང་ངོ་། །དེ་དག་ཀྱང་རིམ་པས། །ཇི་ལྟར་མིག་མཁན་རྒྱལ་པོ་ཡིས། །འཇིག་རྟེན་རབ་རིབ་གསལ་བ་ལྟར། །རྒྱལ་བ་རྣམས་ཀྱིས་བུ་ཁྱོད་ཀྱི། །མི་ཤེས་པ་ཡི་རབ་རིབ་གསལ། །ཨོཾ་བཛྲ་ནཻ་ཏྲ་ཨ་པ་ཧ་ར་པ་ཊ་ལཾ་ཧྲཱིཿཏྲཱཾ། ཞེས་མིག་ཐུར་དང་། ཆོས་རྣམས་གཟུགས་བརྙན་ལྟ་བུ་སྟེ། །གསལ་ཞིང་དྭངས་ལ་རྙོགས་པ་མེད། །བཟུང་དུ་མེད་ཅིང་བརྗོད་དུ་མེད། །རྒྱུ་དང་ལས་ལས་ཀུན་ཏུ་འབྱུང་། །ངོ་བོ་ཉིད་མེད་གནས་མེད་པར། །དེ་ལྟར་ཆོས་རྣམས་ཤེས་གྱིས་ལ། །སེམས་ཅན་དོན་ནི་མཉམ་མེད་བྱོས། །འོན་ཀྱང་སྐྱོབ་པའི་སྲས་སུ་སྐྱེས། ཞེས་བརྗོད་དེ་མེ་ལོང་དང་། ཨ་ལས་བྱུང་བའི་དྲིལ་བུ། །ཐམས་ཅད་ནམ་མཁའི་མཚན་ཉིད་དེ། །ནམ་མཁའ་ལ་ཡང་མཚན་ཉིད་མེད། །ནམ་མཁའ་དང་ནི་མཉམ་སྦྱོར་བས། །ཐམས་ཅད་མཆོག་གི་གཉིས་མེད་གསལ། ཞེས་དྲིལ་བུ་དང་། ཧོ་ལས་བྱུང་བའི་མདའ་གཞུ། །དེ་བཞིན་གཤེགས་པ་ཐམས་ཅད་དང་། །རྗེས་སུ་ཆགས་པར་བྱོས་ཤིག ཅེས་མདའ་གཞུ་དང་། ཨོཾ་བཛྲ་ཧེ་ཏུ་མཱཾ། རྐང་པ་གཉིས་ཀྱི་བར་དུ་འཁོར་ལོ་བཞག དེང་ནས་བརྩམས་ཏེ་སེམས་བསྐྱེད་པ། །བརྩམས་ཏེ་ཆོས་ཀྱི་འཁོར་ལོ་བསྐོར། །དེ་རིང་ཕན་ཆོད་སེམས་ཅན་ལ། །སྐྱོབ་པ་རྣམས་ཀྱིས་འཁོར་ལོ་བསྐོར། །ཞེས་འཁོར་ལོ་དང་། ཨོཾ་བཛྲ་བྷཱ་ཥ་རཾ། ལག་པ་གཡས་སུ་དུང་། ཁྱོད་ཀྱི་ཐེ་ཚོམ་དོགས་མེད་པར། །ཡིད་གཉིས་མེད་པའི་ཚུལ་གྱིས་སུ། །ཆོས་ཀྱི་དུང་ནི་བླ་མེད་པ། །དྲི་མེད་ཀུན་ཏུ་གང་བར་གྱིས། །ཨོཾ་མ་ཧཱ་དྷརྨ་ཧཱུྃ། རྒྱུད་ཀྱི་པོ་ཏི། གསང་སྔགས་སྤྱོད་ཚུལ་ཆོ་ག་འདི། །སྐྱེ་བོ་རྣམས་ལ་རྟག་ཏུ་ཤོད། །དེ་ལྟར་བྱས་ནས་སངས་རྒྱས་ལ། །ཕན་ཐོགས་དྲིན་དུ་ཟོ་ཞེས་བྱ། །རྡོ་རྗེ་འཛིན་པ་དེ་ཀུན་ཡང་། །ཁྱོད་ལ་རྟག་ཏུ་བསྲུང་བར་མཛད། ཞེས་པོ་ཏི་དང་། རིགས་ལྔའི་ཕྱག་མཚན་རིམ་པར་གཏད་ལ། འཇིག་རྟེན་ཁམས་ནི་ཐམས་ཅད་དུ། །སེམས་ཅན་ཀུན་ལ་ཕན་པའི་ཕྱིར། །ཇི་ལྟར་སྣ་ཚོགས་འདུལ་འགྱུར་བའི། །ཆོས་ཀྱི་འཁོར་ལོ་རབ་ཏུ་བསྐར། དེ་བཞིན་དུ། ཆོས་ཀྱི་འཁོར་ལོའི་གནས་སུ། རྡོ་རྗེ་དང་། རིན་ཆེན་དང་། པདྨ་དང་། སྣ་ཚོགས་ཞེས་པ་རྣམས་བཅུག་ལ། རིགས་ལྔའི་སྤྲུལ་པའི་སྒོ་ནས་སེམས་ཅན་རྣམས་ཀྱི་དུག་ལྔ་སྦྱངས་ཏེ། ཡེ་ཤེས་ལྔ་རྒྱུད་ལ་བསྐྱེད་པར་གྱིས་ཤིག །ཅེས་རིགས་ལྔའི་རྗེས་གནང་དང་། ཞི་དང་རྒྱས་དང་དབང་དང་དགུག །སྡང་བར་བྱ་དང་གནོན་སོགས་དང་། །བསད་དང་བསྐྲད་པ་ལ་སོགས་པ། །ལས་དེ་རྣམས་ནི་སྒྲུབ་པར་གྱིས། །རལ་གྲི་མིག་སྨན་ས་འོག་དང་། །མཆིལ་ལྷྭམ་དེ་བཞིན་རིལ་བུ་སྟེ། །རྣལ་འབྱོར་པ་ཡིས་དངོས་གྲུབ་ནི། །དེ་ནི་ཅི་དགར་སྒྲུབ་པར་གྱིས། ཞེས་ལས་དང་དངོས་གྲུབ་ཀྱི་རྗེས་གནང་ངོ་། བདག་ཉིད་སངས་རྒྱས་ཐམས་ཅད་དང་། །རྣལ་འབྱོར་མ་ནི་ཀུན་གྱིས་དངོས། །དེ་ལས་འབད་པ་ཐམས་ཅད་ཀྱིས། །ཧེ་རུ་ཀ་དཔལ་བདག་མཆོད་དོ། །མཆོད་པའི་རྗེས་གནང་ངོ་། འདོད་ཆགས་བྲལ་བ་ལྟ་བུ་ཡི། །ཁམས་གསུམ་ན་ནི་སྡིག་མེད་དེ། དེ་ལ་འདོད་ལ་ཆགས་བྲལ་བར། །ཁྱོད་ཀྱིས་ནམ་ཡང་མ་བྱེད་ཅིག །ལྷའི་སྐུ་ལ་སེམས་ཡོངས་སུ་ཆགས་ཤིང་། ཞེན་པར་གྱིས་ཤིག །ལྷ་བསྒོམ་པའི་རྗེས་གནང་ངོ་། རིགས་ལྔ་འདི་ལ་སྩལ་ལགས་ཀྱིས། །འདི་ལ་འགོ་བར་མཛད་དུ་གསོལ། ལན་གསུམ། །རིགས་ལྔ་བདག་ལ་སྩལ་ལགས་ཀྱིས། །བདག་ལ་འགོ་བར་མཛད་དུ་གསོལ། ལན་གསུམ། སྔགས་ཀྱི་དངོས་གྲུབ་སྩལ་དུ་གསོལ། །བརྟུལ་ཞུགས་བརྟན་པར་མཛད་དུ་གསོལ། །སྔགས་བཟླས་པའི་རྗེས་གནང་ངོ་།
།བརྒྱད་པ་ནི། སློབ་དཔོན་བཅོམ་ལྡན་འདས་དཔལ་རྒྱལ་བ་ཤཱཀྱ་ཐུབ་པའི་སྐུར་གྱུར་པས་བླ་ན་མེད་པའི་བྱང་ཆུབ་ཏུ་ལུང་སྟོན་པར་གྱུར། །རྒྱུད་སྡེ་ལྔའི་དཀྱིལ་འཁོར་འདིར། །རྡོ་རྗེ་འཛིན་པ་བདག་ཉིད་དང་། །ཕྱོགས་དུས་སངས་རྒྱས་ཐམས་ཅད་ཀྱང་། །ཁྱོད་ལ་རྟག་ཏུ་ལུང་སྟོན་གྱུར། །བདག་ཅག་སངས་རྒྱས་མགྲིན་གཅིག་ཏུ། །བདེ་བར་གཤེགས་པར་ལུང་སྟོན་ཏོ། །ཨོཾ་འདི་ལྟར་ངས་ཁྱོད་ལུང་བསྟན་ཏེ། །རྡོ་རྗེ་སེམས་དཔའ་དེ་བཞིན་གཤེགས། །སྲིད་པ་ཤིན་ཏུ་རྣམ་དག་པས། །སྲིད་པའི་ངན་འགྲོ་ལས་ཁྱོད་འདས། །ཨོཾ་ཤྲཱི་ཧེ་རུ་ཀ་ནཱ་མཿ སརྦ་ཏ་ཐཱ་ག་ཏ་སིདྡྷི་ས་མ་ཡ་སྟྭཾ་བྷུར་བྷུཿཝ་སྭཿ
དགུ་པ་ནི། གསང་ཆེན་མཆོག་གི་དཀྱིལ་འཁོར་འདིར། །བཅུག་པ་དང་ནི་མཐོང་བས་ཀྱང་། །སྡིག་པ་ཀུན་ལས་རྣམ་གྲོལ་ནས། །དེ་རིང་ཁྱེད་རྣམས་བདེ་བར་གནས། །བདེ་ཆེན་ཐེག་པ་འདི་ལ་ནི། །ཕྱིན་ཆད་འཆི་བ་ཡོད་མ་ཡིན། །མི་ཐུབ་པ་དང་མི་ཚུགས་པ། །ཅིས་ཀྱང་མི་འཇིགས་དགའ་བར་གྱིས། །སྲིད་པ་ཤིན་ཏུ་རྣམ་དག་པས། །སྲིད་པའི་ངན་འགྲོ་རྣམས་ལས་བཏོན།
བཅུ་པ་ནི། དབང་རྫས་རྡོ་རྗེ་བསང་སྦྱང་། སྟོང་པའི་ངང་ལས། ཧཱུྃ་ལས་རྡོ་རྗེ་ཧཱུྃ་གིས་མཚན་པ་ཡོངས་སུ་གྱུར་པ་ལས། རྡོ་རྗེ་སེམས་དཔའ་སྐུ་མདོག་དཀར་པོ་རྡོ་རྗེ་དང་དྲིལ་བུ་འཛིན་པ། ཡུམ་རྡོ་རྗེ་སྙེམས་མ་དང་མཉམ་པར་སྦྱོར་བའི་སྐུ་ཅན་དུ་གྱུར། དཔྲལ་བར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་རྡོ་རྗེ་སེམས་དཔའི་རྣམ་པར་བཛྲ་ས་མཱ་ཛཿ ཛཿཧཱུྃ་བཾ་ཧོཿ དེ་ཉིད་ཞུ་བ་ལས་བྱུང་བའི་དང་པོའི་རྡོ་རྗེ་རྩེ་ལྔ་པར་གྱུར། དེ་ཉིད་སྤྱི་བོ་དང་། མགྲིན་པ་དང་། སྙིང་ག་རྣམས་སུ་རེག་ལ། འདི་དེ་སངས་རྒྱས་ཐམས་ཅད་དེ། །རྡོ་རྗེ་སེམས་དཔའ་ཕྱག་ན་གནས། །ཁྱོད་ཀྱིས་ཀྱང་ནི་རྟག་ཏུ་བཅང་། །ཕྱག་ན་རྡོ་རྗེའི་བརྟུལ་ཞུགས་བརྟན། །ཨོཾ་སརྦ་ཏ་ཐཱ་ག་ཏ་སིདྡྷི་བཛྲ་ས་མ་ཡ་ཏིཥྛ་ཨེ་ཥ་སྟྭཾ་དྷཱ་ར་ཡཱ་མི་བཛྲ་ས་ཏྭ་ཧི་ཧི་ཧི་ཧཱི་ཧཱུྃ། དེང་ཕྱིན་ཆད་ཐ་མལ་གྱི་སྤྱོད་པ་ཐམས་ཅད་བརྟུལ་ནས་སྔགས་ཀྱི་སྤྱོད་པ་ལ་ཞུགས་པར་གྱིས་ཤིག །རང་གི་བདག་ཉིད་ཡོངས་སྤངས་ནས། །དཀའ་ཐུབ་ཀྱིས་ཀྱང་མི་གདུང་ཞིང་། །ཅི་བདེ་བར་ནི་བདེ་བ་བཟུང་། །འདི་ནི་མ་བྱོན་རྫོགས་སངས་རྒྱས། ཞེས་བརྗོད་ལ་དོན་བཤད།
བཅུ་གཅིག་པ་ནི། སེམས་ཅན་དོན་ཕྱིར་སེམས་བསྐྱེད་པས། །སེམས་ཅན་བསྒྲལ་བའི་དོན་དེ་ལ། །གཙོ་བོས་ཇི་ལྟར་བཀའ་སྩལ་པ། །དེ་དག་ཐམས་ཅད་བདག་གིས་བགྱིད། །ཆོས་ཐམས་ཅད་མཉམ་པ་ཉིད་ཀྱིས་ཕྱིར། གཞལ་མེད་ཁང་གྲུ་བཞི་པ། དྲན་པ་ཉེར་བཞག་བཞིས་ཤར་སྒོ། ཡང་དག་པར་སྤོང་བ་བཞིས་ལྷོ་སྒོ། རྫུ་འཕྲུལ་གྱིས་རྐང་པ་བཞིས་ནུབ་སྒོ། དབང་པོ་དང་སྟོབས་ནི་བྱང་སྒོ། །ཚངས་པའི་གནས་པ་བཞིས་ཟུར་བཞི། །བསྡུ་བའི་དངོས་པོ་བཞིས་རྟ་བབས། བྱང་ཆུབ་ཡན་ལག་བདུན་གྱིས་མེ་ཏོག་གི་ཕྲེང་བ། འཕགས་པའི་ལམ་ཡན་ལག་བརྒྱད་ཀྱིས་ཀ་བ། བདུད་བཞི་ཡོངས་སུ་བཅོམ་པས་བསྲུང་བའི་འཁོར་ལོ། འཁོར་བ་རྣམ་པར་དག་པས་དུར་ཁྲོད། རྡོ་རྗེ་ཐེག་པའི་ཆོས་ཀྱི་འཁོར་ལོ་བསྐོར་བའི་ཕྱིར་རྡོ་རྗེའི་ཐིག་དང་ལྡན་པ། ཉེས་པས་མ་གོས་པས་པདྨ། ཡེ་ཤེས་ཆེན་པོས་ཉི་མ། འཇིགས་ཚོགས་ལ་ལྟ་བ་ཡོངས་སུ་འཇོམས་པས་རྡོ་རྗེ། བྱང་ཆུབ་ཀྱི་སེམས་ཟླ་བའི་དཀྱིལ་འཁོར་རྣམས་སོ། ལྷ་རྣམས་ནི་ཕུང་པོ་ལྔ་དང་། ཁམས་བཞི་དང་། དབང་པོ་དྲུག་དང་། ཡུལ་དྲུག་རྣམ་པར་དག་པ་ཡེ་ཤེས་ལྔ་དང་། ཚད་མེད་པ་རྣམས་དང་། ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སོགས་པའི་བདག་ཉིད་དོ། །གཞན་ཡང་དེང་ནས་ཁྱོད་ཀྱིས་དབང་བསྐུར་བ་དང་། རབ་ཏུ་གནས་པ་དང་། སྦྱིན་སྲེག་དང་། དངོས་གྲུབ་སྒྲུབ་པ་ལ་སོགས་པ་སློབ་དཔོན་གྱི་ལས་འདི་དག་མཐའ་དག་སྒྲུབས་ཤིག
།དེ་ནས་བུམ་དབང་གི་དག་པ་བརྗོད་པ་ནི། དེ་ལྟར་ན་རྡུལ་ཚོན་གྱི་དཀྱིལ་འཁོར་དུ་ཞུགས་བུམ་པའི་དབང་བསྐུར་བ་ཐོབ། གཙོ་བོར་ལུས་ཀྱི་དྲི་མ་མཐའ་དག་སྦྱངས། དམ་ཚིག་ཏུ་རྩ་བ་དང་ཡན་ལག་གི་དམ་ཚིག་ཉི་ཤུ་རྩ་གཉིས་བསྲུང་བ་ལ་དབང་། ལམ་བསྐྱེད་པའི་རིམ་པ་བསྒོམ་པས། འབྲས་བུ་སྤྲུལ་པའི་སྐུ་མངོན་དུ་འགྱུར་བའི་རྟེན་འབྲེལ་ལེགས་པར་བསྒྲིགས་པ་ཡིན་ནོ། །ཞེས་བརྗོད། དེ་དག་གིས་བུམ་པའི་དབང་འཁོར་དང་བཅས་པའོ།
།བཅུ་གཅིག་པ་ནི། དབང་གོང་མ་གསུམ་ཐུན་མོང་གི་དོན་དུ་མཎྜལ་ཕུལ། བདག་ནི་འཁོར་བར་བྱིང་བ་ཡི། །འགྲོ་བ་སྐྱབས་མེད་ཕོངས་ནས་ནི། །དེ་བསྒྲལ་ཕྱིར་ནི་ཁྱོད་ཉིད་དང་། །རྡོ་རྗེ་འཛིན་བདག་སློབ་དཔོན་ལ། །སངས་རྒྱས་ཀུན་གྱི་ཡེ་ཤེས་མཆོག །གསང་དབང་བླ་ན་མེད་པར་ཞུ། །བརྩེ་བས་བདག་ལ་གནང་བར་མཛོད། །དམ་ཚིག་ཇི་བཞིན་བདག་གིས་བགྱིད། ལན་གསུམ། སློབ་དཔོན་བཅོམ་ལྡན་འདས་དགྱེས་མཛད་རྡོ་རྗེ་ཞལ་བརྒྱད་ཕྱག་བཅུ་དྲུག་ཞབས་བཞི་པ་མཚོན་ཆ་ཅན་གྱི་སྐུར་གསལ་བའི་སྤྱི་བོར་དཔལ་གསང་བ་འདུས་པ་ལྷ་སུམ་ཅུ་རྩ་གཉིས་ཀྱི་དཀྱིལ་འཁོར། མགྲིན་པར་མ་ཧཱ་མཱ་ཡཱ་ལྷ་ལྔའི་དཀྱིལ་འཁོར། སྙིང་གར་དགྱེས་མཛད་ཐོད་པ་ཅན་ལྷ་དགུའི་དཀྱིལ་འཁོར། ལྟེ་བར་འཁོར་ལོ་སྡོམ་པ་ལྷ་དྲུག་ཅུ་རྩ་གཉིས་ཀྱི་དཀྱིལ་འཁོར། གསང་བར་རྡོ་རྗེ་འཇིགས་བྱེད་ལྷ་བཅུ་གསུམ་ཐོད་པ་བཞི་དང་བཅས་པའི་དཀྱིལ་འཁོར་རྣམས་སྐད་ཅིག་གིས་གྲུབ་པར་གྱུར། སངས་རྒྱས་བྱང་ཆུབ་སེམས་དཔའ་ཐམས་ཅད་རྒྱུད་སྡེ་ལྔའི་ལྷ་ཚོགས་ཀྱི་རྣམ་པར་སྤྱན་དྲངས། ལུས་ཀྱི་དཀྱིལ་འཁོར་ལ་ཐིམ། ཛཿཧཱུྃ་བཾ་ཧོཿ གཉིས་སུ་མེད་པར་ཐིམ། རིག་མ་སྐད་ཅིག་གིས་རྗེ་བཙུན་རྡོ་རྗེ་བདག་མེད་མར་གྱུར། ཡབ་ཀྱི་གསང་གནས་ཧཱུྃ་ནས་ཐུགས་ཀར་རྗེས་སུ་ཆགས་པའི་མེས་བྱང་ཆུབ་ཀྱི་སེམས་སུ་ཞུ། དཀྱིལ་འཁོར་ལྔའི་ལྷ་ཚོགས་ཐམས་ཅད་ཀྱི་ཞལ་དུ་ཞུགས། གསང་བའི་ལམ་ནས་བྱུང་བ་རྣམས་གཅིག་ཏུ་བསྡུས་ཏེ། གཞི་ལུས་ཀྱི་རྩ་ཨ་ཝ་དྷཱུ་ཏིའི་ལམ་ནས་བརྒྱུད། རྡོ་རྗེ་དང་པདྨའི་ལམ་ནས་བྱུང་སྟེ། ག་པུར་དང་སིཧླ་གཅིག་ཏུ་འདྲེས་པའི་རྒྱུན་ཡེ་ཤེས་བདུད་རྩི་ལྔ་གཅིག་ཏུ་འདྲེས་པའི་ཀ་པཱ་ལར་བབས་པར་གྱུར། ཨོཾ་སརྦ་ཏ་ཐཱ་ག་ཏ་པཱུ་ཛ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ། གསང་དབང་ཁོ་ནའི་དོན་དུ་མཎྜལ་ཕུལ། ཨོཾ་བཅོམ་ལྡན་ཞི་བ་ཆེན་པོ་ཀྱེ། །རྡོ་རྗེ་རྣལ་འབྱོར་ཅིག་བཞེད་པ། །མི་ཕྱེད་ཕྱག་རྒྱ་སྒྲུབ་པ་པོ། །རྡོ་རྗེ་སྦྱོར་ལས་ཡང་དག་བྱུང་། །བདག་ཉིད་ཆེན་པོ་ཁྱོད་ཇི་བཞིན། །མངའ་བདག་བདག་ལའང་དེ་ལྟར་མཛོད། །འཁོར་བ་འདམ་གྱི་ཚོགས་ནང་དུ། །བྱིང་བ་སྐྱབས་མེད་བདག་ལ་སྐྱོབས། །ཉོན་མོངས་ཡེ་ཤེས་ཉིད་གྱུར་པས། །བྱང་ཆུབ་སེམས་ཆེན་བདག་ལ་སྩོལ། ལན་གསུམ། ཨོཾ་ཨཿཧཱུྃ། སྟོང་པའི་ངང་ལས། སློབ་མ་དགྱེས་མཛད་མཚོན་ཆ་ཅན་ཞལ་ཕྱག་ཡོངས་སུ་རྫོགས་པར་གྱུར། ཨོཾ་དེ་བ་པི་ཙུ་བཛྲ་ཧཱུྃ་ཧཱུྃ་ཧཱུྃ་ཕཊ་སྭཱ་ཧཱ། ཡེ་ཤེས་པ་བཛྲ་ས་མཱ་ཛཿ ཛཿཧཱུྃ་བཾ་ཧོཿ ཨཱཿཁཾ་ཝཱི་ར་ཧཱུྃ་གིས་གདོང་བཅིངས། ཨོཾ་བཛྲ་ཡོ་ག་ཙིཏྟ་ཨུཏ་པཱ་ད་ཡཱ་མི། ཅེས་སེམས་བསྐྱེད། བདུད་རྩི་ལྕེ་ཐོག་ཏུ་བཞག །ཇི་ལྟར་བཅོམ་ལྡན་དགྱེས་རྡོར་གྱིས། །བྱང་ཆུབ་སྲས་ལ་དབང་བསྐུར་ལྟར། །བདག་གིས་གསང་བའི་དབང་གིས་ནི། སེམས་ཀྱི་རྒྱུན་གྱིས་དབང་བསྐུར་རོ། །གཙོ་བོ་ལྔའི་སྙིང་པོའི་མཐར། །འབྲུ་གསུམ་བཏགས་པ་བརྗོད། སློབ་མས་ཀྱང་ཨ་ཧོ་མ་ཧཱ་སུ་ཁཾ་ཞེས་བྱ། དེ་བཞིན་དུ་ཤེས་རབ་རྡོ་རྗེ་བདག་མེད་མའི་གཟུགས་ཀྱིས་ཀྱང་དབང་བསྐུར་བར་གྱུར། ཇི་ལྟར་ནས་མ་ཧཱ་སུ་ཁཾ་བར་གོང་བཞིན། དེ་ནས་འབྲུ་གསུམ་གྱིས་གདོང་གཡོགས་བཀྲོལ། དེ་ལྟར་ཀུན་རྫོབ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་དུ་ཞུགས་གསང་བའི་དབང་བསྐུར་བ་ཐོབ། ངག་གི་དྲི་མ་སྦྱངས། དམ་ཚིག་ཏུ་ཤ་ལྔ་བདུད་རྩི་ལྔ་ལ་སོགས་པ་བཟའ་བའི་དམ་ཚིག་རྣམས་སྒྲུབ་པ་ལ་དབང་། ལམ་གཏུམ་མོ་དང་སྒྱུ་ལུས་ཡན་ལག་དང་བཅས་པ་བསྒོམས་པས་འབྲས་བུ་ལོངས་སྐུ་མངོན་དུ་འགྱུར་བའི་རྟེན་འབྲེལ་བསྒྲིགས་པ་ཡིན་ནོ། ཤེས་རབ་ཡེ་ཤེས་ཀྱི་དོན་དུ་ཕྱག་དང་མཎྜལ་ཕུལ། །དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི། །སྐུ་གསུང་ཐུགས་ཀྱི་རྡོ་རྗེ་རྣམས། །གཅིག་བསྡུས་བདེ་བ་ཆེན་པོ་སྟེ། །གསང་བའི་ཡེ་ཤེས་བདག་ལ་སྩོལ། ལན་གསུམ། གོང་བཞིན་མིག་དགབ། དེ་ནས་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པའི་རིག་མ་གཏད། དགའ་སྟེར་གནས་སྟེར་ལྷ་མོ་ནི། །སྣ་ཚོགས་གཟུགས་ཅན་ཡིད་འོང་མ། །བཟུང་ཅིག་བཟུང་ཅིག་སེམས་དཔའ་ཆེ། །བཟུང་ལ་མཆོད་པ་རྟག་ཏུ་གྱིས། །ཐབས་གཞན་གྱིས་ནི་སངས་རྒྱས་མིན། །འགྲོ་གསུམ་འདིའང་དག་པ་ཡིན། །དེ་ཕྱིར་འདི་དང་བྲལ་བར་ནི། །ཁྱོད་ཀྱིས་ནམ་ཡང་མ་བྱེད་ཅིག །འདི་ནི་སངས་རྒྱས་ཐམས་ཅད་ཀྱི། །རིག་པའི་བརྟུལ་ཞུགས་བླ་ན་མེད། །བླུན་པོ་གང་ཞིག་འདི་སྤོང་བ། །དེ་ལ་མཆོག་གི་དངོས་གྲུབ་མེད། །ལྷ་མོ་དེས་ཀྱང་། །བདུད་རྩི་བཟའ་དང་བཏུང་བ་དང་། །ཁྲག་དང་ཁུ་བ་དེ་བཞིན་ཏེ། །ཤ་ཆེན་བསྟེན་པར་བུ་སྤྲོའམ། །བུད་མེད་རྣམས་ལ་རྟག་གུས་དང་། །བྷ་གའི་པདྨར་འོ་བྱེད་པ། །བུ་ཁྱོད་ཇི་ལྟར་བདེ་བྱེད་སྨྲོས། །ལྷ་མོ་ཅི་ཕྱིར་བདག་མི་སྤྲོ། །བདུད་རྩི་ལྔ་པོ་བཟའ་བར་བྱ། །བདག་མེད་མ་ལ་རྟག་ཏུ་གུས། །བྷ་གའི་པདྨར་འོ་བྱེད་པ། །ཨ་ཧོ་ང་ཡི་པདྨ་ནི། །བདེ་བ་ཀུན་དང་ཡང་དག་ལྡན། །ཅི་སྟེ་ཆོ་ག་བཞིན་བསྟེན་ན། །དེ་ཡི་མདུན་ན་ང་འདུག་སྟེ། །སངས་རྒྱས་བསྟན་པ་ལ་སོགས་པ། །བྱ་བ་པདྨར་བྱེད་བཞིན་གྱིས། །བདེ་ཆེན་རྒྱལ་པོ་རང་ཉིད་ནི། །འདི་ཉིད་དུ་ནི་རྟག་ཏུ་བཞུགས། །ཨོཾ་ཨཱཿབྷཉྫ་མོཀྵ་ཧཾ། ཞེས་བརྗོད། དེ་ནས་སློབ་མ་དགྱེས་མཛད་རྡོ་རྗེ་མཚོན་ཆ་ཅན་ཞལ་ཕྱག་ཐམས་ཅད་ཡོངས་སུ་རྫོགས་པ་དང་། རིག་མ་རྡོ་རྗེ་བདག་མེད་མར་གྱུར། གཉིས་ཀའི་རྩ་འཁོར་ལོ་ལྔ་རབ་ཏུ་གསལ་བ་ལ་རྒྱུད་སྡེ་ལྔའི་དཀྱིལ་འཁོར་གྱི་ལྷ་ཚོགས་ཡོངས་སུ་རྫོགས་པར་གྱུར། སྒྲུབ་ཐབས་བཞིན་མཁའ་གསང་བྱིན་གྱིས་བརླབས། སློབ་དཔོན་གྱི་ཐུགས་ཀའི་འོད་ཟེར་གྱིས་སངས་རྒྱས་བྱང་ཆུབ་སེམས་དཔའ་ཐམས་ཅད་སྤྱན་དྲངས། སློབ་མ་དང་། རིག་མའི་གནས་ལྔར་ཐིམ་པས་བདེ་བ་ཆེན་པོས་རྒྱུད་བྱིན་གྱིས་བརླབས། ཡབ་ཡུམ་སྙོམས་པར་ཞུགས། རྗེས་ཆགས་གཏུམ་མོ་རབ་ཏུ་འབར་བས་སྤྱི་བོའི་ཧཾ་ཡིག་ཞུ། མགྲིན་པར་ཕྱིན་པས་དགའ་བ། སྙིང་གར་ཕྱིན་པས་མཆོག་དགའ། །ལྟེ་བར་ཕྱིན་པས་ཁྱད་དགའ། །ནོར་བུར་ཕྱིན་པས་ལྷན་ཅིག་སྐྱེས་དགའ་མངོན་དུ་བྱས། སླར་ཡང་ཧཱུྃ་ཞེས་བྱ་བས་གྱེན་དུ་གཤེགས་པར་གྱུར་ཏེ། འཁོར་ལོ་བཞིར་རིམ་པས་མས་བརྟན་པའི་དགའ་བ་ཤར་ཏེ། སྤྱི་བོར་ལྷན་ཅིག་སྐྱེས་པ་བརྟན་པར་གྱུར། འབྲུ་གསུམ་གྱིས་གདོང་གཡོགས་བཀྲོལ། དེ་ལྟར་ན་བྷ་གའི་དཀྱིལ་འཁོར་དུ་ཞུགས། ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་བ་ཐོབ། ཡིད་ཀྱི་དྲི་མ་སྦྱངས། དམ་ཚིག་ཏུ་དངོས་དང་ཡེ་ཤེས་ཀྱི་རིག་མ་བསྟེན་པ་ལ་དབང་། ལམ་ལས་དང་ཡེ་ཤེས་ཀྱི་ཕྱག་རྒྱ་དང་འོད་གསལ་སྒོམ་པས་འབྲས་བུ་ཆོས་སྐུ་མངོན་དུ་འགྱུར་བའི་རྟེན་འབྲེལ་སྒྲིགས་པ་ཡིན་ནོ། བཞི་པ་ཆེན་པོ་ཚིག་དབང་ཞུ་བར་མཎྜལ་ཕུལ། ཁྱོད་ཞབས་པདྨོའི་བཀའ་དྲིན་གྱིས། །གཙོ་བོའི་དབང་བསྐུར་རྣམ་གསུམ་ཐོབ། །དེ་རིང་རིན་ཆེན་བཞི་པ་ཡང་། །གཙོ་བོས་བདག་ལ་བཀའ་དྲིན་སྩོལ།
དེ་ནས་བཞི་པ་ཚིག་ཙམ་གྱིས་སྦྱིན་པ་ནི། ཡེ་ཤེས་འདི་ནི་ཆེས་ཕྲ་ཞིང་། །རྡོ་རྗེ་སྙིང་པོ་མཁའ་དང་མཚུངས། །རྡུལ་བྲལ་མཐར་ཕྱིན་ཞི་བ་ཉིད། །ཁྱོད་ཀྱི་ཕ་ནི་ཁྱོད་ཉིད་དོ། །དེ་ནས་བཞི་པའི་ཡེ་ཤེས་དེ། །མན་ངག་སྔོན་དུ་སྦྱིན་པ་ནི། །ཕྱག་རྒྱ་བཞི་དོན་གཅིག་ཉིད་དུ། །བརྒྱུད་པ་ཡོད་པས་དེ་ལ་བསྟན། །ཕྱག་རྒྱ་བཞི་དོན་རིམ་པ་ལྔ། །ལམ་ལྔ་སྐད་ཅིག་དེ་ལ་བསྒོམ། །ཁྱོད་ཀྱིས་སྲོག་ཆགས་བསད་པར་བྱ། །རྫུན་གྱི་ཚིག་ཀྱང་སྨྲ་བར་བྱ། །མ་བྱིན་པར་ཡང་ཁྱོད་ཀྱིས་ལོང་། ཕ་རོལ་བུད་མེད་བསྟེན་པར་བྱ། །ཤ་ལྔ་བདུད་རྩི་ལྔ་ལ་རོལ། །མི་བཟའ་བ་ནི་གང་ཡང་མེད། །རྩ་བའི་ལྟུང་བ་བཅུ་བཞི་བསྲུང་། །དེས་ནི་ཐ་མལ་སྤངས་ནས་འགྲུབ། །དེ་ལྟར་ན། དོན་དམ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་དུ་ཞུགས། དབང་བཞི་པ་ཐོབ། སྒོ་གསུམ་གྱི་དྲི་མའི་བག་ཆགས་ཐམས་ཅད་སྦྱངས། དམ་ཚིག་ཏུ་དགོངས་ཏེ་གསུངས་པའི་དམ་ཚིག་རྣམས་ཀྱང་སྤྱོད་པ་ལ་དབང་། ལམ་ཟུང་འཇུག་ཕྱག་རྒྱ་ཆེན་པོ་བསྒོམ་པས། འབྲས་བུ་ངོ་བོ་ཉིད་སྐུ་མངོན་དུ་འགྱུར་བའི་རྟེན་འབྲེལ་བསྒྲིགས་པ་ཡིན་ནོ། །དེ་ནས་གཙོ་བོས་ཇི་ལྟར་སོགས་དང་། གཏང་རག་གི་མཎྜལ་འབུལ་བ་དང་། དེང་ནས་བརྩམས་ཏེ་སོགས་དང་། དགེ་བ་བསྔོ་བ་རྣམས་བྱའོ།
།བཅུ་གཉིས་པ་ནི། མཆོད་པ་རྒྱ་ཆེར་བཤམས། གོང་བཞིན་བྱིན་གྱིས་བརླབས། མཆོད་ཡོན་ནས་རོལ་མོའི་བར་ཚིགས་བཅད་དང་བཅས་པ་གོང་བཞིན་བརྗོད། དེ་བཞིན་དུ་ནང་མཆོད་ཀྱང་སྔར་བཞིན་ཕུལ། །དེ་ཉིད་ལྔ་པས་བསྟོད། བཅོམ་ལྡན་འདས་དཔལ་དགྱེས་མཛད་རྡོ་རྗེའི་ལྷ་ཚོགས་འཁོར་དང་བཅས་པ་རྣམས་དང་། བཅོམ་ལྡན་འདས་དཔལ་གསང་བ་འདུས་པའི་ལྷ་ཚོགས་འཁོར་དང་བཅས་པ་རྣམས་དང་། བཅོམ་ལྡན་འདས་དཔལ་འཁོར་ལོ་སྡོམ་པའི་ལྷ་ཚོགས་འཁོར་དང་བཅས་པ་རྣམས་དང་། བཅོམ་ལྡན་འདས་དཔལ་སྒྱུ་འཕྲུལ་ཆེན་མོའི་ལྷ་ཚོགས་འཁོར་དང་བཅས་པ་རྣམས་དང་། བཅོམ་ལྡན་འདས་དཔལ་གཤིན་རྗེ་གཤེད་རྡོ་རྗེ་འཇིགས་བྱེད་ཀྱི་ལྷ་ཚོགས་འཁོར་དང་བཅས་པ་རྣམས་དང་། རྩ་བ་དང་བརྒྱུད་པར་བཅས་པའི་བླ་མ་དམ་པ་རྣམས་དང་། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་དང་། དཔའ་བོ་དང་མཁའ་འགྲོ་མའི་ཚོགས་རྣམས་དང་། དཔལ་མྱུར་མཛད་ཡེ་ཤེས་ཀྱི་མགོན་པོ་ཞིང་སྐྱོང་བ་འཁོར་དང་བཅས་པ་རྣམས་དང་། དཔལ་གཙང་རིགས་ཀྱི་མགོན་པོ་བདུན་ཅུ་རྩ་ལྔ་ལ་སོགས་པ་ཕྱི་ནང་གསང་བའི་དམ་ཅན་གྱི་ཚོགས་དང་བཅས་པ་རྣམས་བདག་ལ་དགོངས་སུ་གསོལ། བདག་དང་སེམས་ཅན་ཐམས་ཅད་བླ་ན་མེད་པའི་བྱང་ཆུབ་ཀྱི་གནས་ལ་འགོད་པར་མཛད་དུ་གསོལ། སངས་རྒྱས་ཀྱི་བསྟན་པ་རིན་པོ་དར་བ་དང་། སེམས་ཅན་ཐམས་ཅད་ལ་བདེ་སྐྱིད་འཕེལ་བར་མཛད་དུ་གསོལ། ཁྱད་པར་རིག་པ་འཛིན་པའི་ཐེག་པ་ལུང་དང་རྟོགས་པས་བསྡུས་པ་མཐའ་དག་བྱིན་རླབས་མི་ཉམས་ཤིང་ཤིན་ཏུ་དར་བར་མཛད་དུ་གསོལ། བདག་དང་སློབ་མར་བཅས་པ་ལ་མཆོག་དང་ཐུན་མོང་གི་དངོས་གྲུབ་མ་ལུས་པ་ཚེ་འདི་ཉིད་ལ་སྩལ་དུ་གསོལ། རྒྱུད་ཀྱི་རྒྱལ་པོ་རྣམས་ལས་ཇི་སྐད་བཤད་པའི་ལས་ཐམས་ཅད་ཐོགས་པ་མེད་པར་གྲུབ་པར་མཛད་དུ་གསོལ། ཞེས་དངོས་གྲུབ་ཞུ།
ཡི་གེ་བརྒྱ་པ་ལན་ཉི་ཤུ་རྩ་གཅིག་སོགས་འདོན་ཞིང་། །མ་འབྱོར་བ་དང་སོགས་དང་། །ལྷག་པ་དང་ནི་སོགས་དང་། །གཙོ་བོས་ནུས་པ་མ་མཆིས་པ་སོགས་ཀྱིས་བཟོད་པར་གསོལ། དེ་ནས་དཀྱིལ་འཁོར་གྱི་ཤར་སྒོའི་ཐད་དུ་གནས་པས། ཆོས་ཐམས་ཅད་མཉམ་པ་ཉིད་དུ་མོས་པས། ཨོཾ་ཁྱོད་ཀྱིས་སེམས་ཅན་དོན་ཀུན་མཛད། །རྗེས་སུ་མཐུན་པའི་དངོས་གྲུབ་སྩོལ། །སངས་རྒྱས་ཡུལ་དུ་གཤེགས་ནས་ཀྱང་། །སླར་ཡང་འབྱོན་པར་མཛད་དུ་གསོལ། ཅེས་ལན་གསུམ་གྱིས་མཐར་རོལ་མོའི་སྒྲ་དང་བཅས། ཨོཾ་ཨ་ཀཱ་རོ་མུ་ཁཾ་སརྦ་དྷརྨ་ཎཱཾ་ཨཱ་དྱ་ནུཏྤནྣ་ཏྭཱ་ཏ་ཨོཾ་ཨཿཧཱུྃ་ཕཊ་མུཿ ཞེས་བརྗོད་ཅིང་ཐོག་མར་དབང་ལྡན་གྱི་བརྩིགས་པ་བཤིག །དེ་རྗེས་སུ་ཐིག་ཆེན་བརྒྱད་ཀྱ་ིས་ནས་དབྱིའོ། །མཐར་ཅི་བདེར་ཕྱགས་ཤིང་ལྷ་མཚན་རྣམས་ལོགས་སུ་བསྡུའོ། །དེ་བྱིན་རླབས་ཀྱི་དོན་དུ་རང་གི་སྤྱི་བོར་ཅུང་ཟད་བླུགས་ལ། དོན་དུ་གཉེར་བ་རྣམས་ལའང་ཅུང་ཟད་བྱིན། དེ་ཉིད་བུམ་པ་བཟང་པོར་བླུག་སྟེ་བཀུར་སྟི་དང་བཅས་ཀླུ་བརྒྱད་མཆོད་པའི་ཆོ་གས་ཆུ་བོར་སྤྱན་དྲངས་ཤིང་གཏད་དོ། །སླར་འོང་སྟེ་ཐིག་རྗེས་རྣམས་མི་མངོན་པར་བྱས་ལ། ལྷ་མོ་སངས་རྒྱས་སྤྱན་མའི་སྔགས་ཀྱིས་ཕུར་བུ་ཕྱུང་ཞིང་། སྔགས་དེ་ཉིད་ཀྱིས་ཕུར་ཁུང་ཡང་འོ་མས་བཀང་ངོ་། །སྒྲུབ་མཆོད་ཉིན་ཞག་སྦྲེལ་མར་བྱེད་ན་ཡང་གཤེགས་གསོལ་གྱི་ཉིན་མོ་མ་གཏོགས་གཤེགས་གསོལ་གྱི་དོན་དུ་བརྟན་བཞུགས་བྱ་ཞིང་། དངོས་གཞི་ཉིན་རྟིང་མ་རྣམས་ལ་ནམ་མཁའི་ལྷ་འབེབས་པའི་སྐོར་རྣམས་མི་དགོས་སོ།
།སྨོན་ལམ་ནི་སྒྲུབ་ཐབས་ནས་འབྱུང་བའི། །སྐྱེ་ཞིང་སྐྱེ་བར་རིགས་མཆོག་ཏུ། །ཞེས་སོགས་ཐུན་མོང་མ་ཡིན་པའི་བསྔོ་སྨོན་རྒྱས་པར་བརྗོད།
བཀྲ་ཤིས་ནི། ཕུན་སུམ་ཚོགས་པ་མངའ་བ་གསེར་གྱི་རི་བོ་འདྲ། །ཞེས་སོགས་ཞལ་ནས་གསུངས་པའི་ཚིགས་སུ་བཅད་པ་སྔོན་ཏུ་འགྲོ་བས་མེ་ཏོག་ཆར་དུ་བསྙིལ་ཞིང་། །བཀྲ་ཤིས་འབྱུང་གནས་རིགས་དང་དཀྱིལ་འཁོར་རྒྱ་མཚོར་ཁྱབ་པའི་བདག །ཡིད་བཞིན་ནོར་ལྟར་གསོལ་བཏབ་འདོད་དོན་ཐོགས་པ་མེད་པར་སྩལ། །བྱིན་རླབས་ཆར་པས་སྐལ་ལྡན་ཞིང་སར་སྨིན་གྲོལ་འབྲས་བུ་སྐྱེད། དཔལ་ལྡན་བླ་མའི་བཀྲ་ཤིས་སྣང་བས་ཁམས་གསུམ་ཡོངས་གྲོལ་ཤོག །བཀྲ་ཤིས་གང་ཞིག་བདེ་ཆེན་ཆོས་སྐུའི་ནམ་མཁའ་ཡངས་པ་ལ། །འོད་གསལ་ལོངས་སྐུ་ངེས་པ་ལྔ་ལྡན་ཉི་ཟླའི་དཀྱིལ་འཁོར་རྒྱས། །གང་འདུལ་སྤྲུལ་སྐུའི་འོད་ཟེར་དྲྭ་བས་འགྲོ་བློའི་པད་ཚལ་འབྱེད། །སྐུ་བཞི་དབྱེར་མེད་བཀྲ་ཤིས་དཔལ་འབར་མ་རིག་མུན་སེལ་ཤོག །བཀྲ་ཤིས་གང་ཞིག་དཔལ་ལྡན་འབྲས་སྤུངས་ཆོས་དབྱིངས་ཕོ་བྲང་དུ། །རྡོ་རྗེ་འཆང་ཆེན་ནཱ་དའི་སྒྲས་བསྟན་རིན་ཆེན་རྒྱ་མཚོའི་རྒྱུད། །ཕྱག་རྒྱ་སྔགས་དང་ཡེ་ཤེས་མཐར་ཐུག་སྟོན་པ་རྣམ་ལྔའི་ལྷ། ངོ་མཚར་དཀྱིལ་འཁོར་བཀྲ་ཤིས་དཔལ་འབར་ལྔ་ཕུང་དབྱིངས་གྲོལ་ཤོག །བཀྲ་ཤིས་གང་ཞིག་ཆོས་ཀྱི་འབྱུང་གནས་ཐར་པ་ཆེན་པོའི་གྲོང་། །བྱང་ཆུབ་ཕྱོགས་ཆོས་བཀོད་པས་རབ་མཛེས་ཀུན་བཟང་མཆོད་སྤྲིན་འཁྲིགས། །ཚོགས་བརྒྱད་རྣམ་དག་དུར་ཁྲོད་བརྒྱད་ལྡན་རྡོ་རྗེའི་སྲུང་འཁོར་གཏམས། །གཞལ་མེད་ཁང་ཆེན་བཀྲ་ཤིས་དཔལ་འབར་དག་པ་རབ་འབྱམས་ཤོག །བཀྲ་ཤིས་གང་ཞིག་རྡོ་རྗེ་བཙུན་མོའི་བྷ་གར་ལེགས་བཞུགས་པ། །དགྱེས་པའི་རྡོ་རྗེ་སྐུ་བཞི་ཡེ་ཤེས་རྣམ་པ་ལྔ་ཡི་དངོས། །ཤེས་རབ་ཐབས་ཀྱི་བདག་ཉིད་ཨེ་ཝཾ་རང་བཞིན་ཟུང་དུ་འཇུག །དཀྱིལ་འཁོར་གཙོ་མཆོག་བཀྲ་ཤིས་དཔལ་འབར་དངོས་གྲུབ་གཉིས་ཐོབ་ཤོག །བཀྲ་ཤིས་གང་ཞིག་ཆོས་དབྱིངས་གསང་བ་མཆོག་གི་དགྱེས་པ་ན། །ཐམས་ཅད་བདག་ཉིད་སྒྱུ་འཕྲུལ་དྲྭ་བ་སྣ་ཚོགས་རོལ་པ་ཅན། །མི་ཕྱེད་རྡོ་རྗེ་གསུམ་བདག་རྒྱལ་དང་རྒྱལ་བའི་སྲས་རྣམས་ཀྱི། །གསང་བ་འདུས་པའི་བཀྲ་ཤིས་དཔལ་འབར་སྣང་གསུམ་རྣམ་དག་ཤོག །བཀྲ་ཤིས་གང་ཞིག་སྙིང་རྗེའི་མཆེ་བ་གཙིགས་ཤིང་འཇིགས་པ་ཆེ། །དགའ་ཆེན་སྔགས་ཀྱི་མེ་ཏོག་ཕྲེང་བས་མཁའ་མཉམ་སྐུ་ལུས་བརྒྱན། །གཉིས་སྣང་ཤ་ཆེན་རྟོག་མེད་གསོལ་མཛད་དཔལ་ལྡན་ཐུགས་རྗེའི་སྟོབས། །སྒྱུ་འཕྲུལ་ཆེན་མོའི་བཀྲ་ཤིས་དཔལ་འབར་ཉོན་མོངས་འཆིང་གཅོད་ཤོག །བཀྲ་ཤིས་གང་ཞིག་འཁོར་འདས་རྟོག་པའི་དྲྭ་བ་ཇི་སྙེད་པ། །ལྷན་སྐྱེས་འོད་གསལ་ཕྱག་རྒྱས་མི་ཤིགས་བདེ་བ་ཆེན་པོར་སྡོམ། །དཀྱིལ་འཁོར་འདྲེན་པ་རྣལ་འབྱོར་མ་དཔལ་དཔྱིད་ཀྱི་བདུད་རྩིས་དགྱེས། །འཁོར་ལོ་སྡོམ་པའི་བཀྲ་ཤིས་དཔལ་འབར་བདེ་བ་མཆོག་བརྙེས་ཤོག །བཀྲ་ཤིས་གང་ཞིག་རྒྱལ་ཀུན་མཐུ་སྟོབས་ཕྲིན་ལས་བསྡུས་པའི་སྐུ། དྲན་པ་ཙམ་གྱིས་བདུད་སྡེ་ལྷ་མིན་དུས་ཀྱི་མུན་པ་ཀུན། །ཅིག་འཆར་འཇོམས་པའི་ཉིན་བྱེད་ཡེ་ཤེས་གཟི་བརྗིད་འབུམ་འཕྲོ་བ། །འཇིགས་མཛད་རྡོ་རྗེའི་བཀྲ་ཤིས་དཔལ་འབར་བདུད་བཞི་ལས་རྒྱལ་ཤོག །བཀྲ་ཤིས་གང་ཞིག་ནམ་མཁའ་དང་མཉམ་སྙིང་པོའི་ཡེ་ཤེས་ལྔ། །སྐུ་གསུང་ཐུགས་དང་ཡོན་ཏན་ཕྲིན་ལས་མཐའ་ཡས་སྒྱུ་མའི་གར། །དུག་ལྔའི་དཔུང་འཇོམས་དཀྱིལ་འཁོར་རྣམ་ལྔ་རྟེན་དང་བརྟེན་པར་བཅས། །གདོད་ནས་ཡོངས་གྲུབ་བཀྲ་ཤིས་དཔལ་འབར་སྐུ་ལྔ་ལྷུན་གྲུབ་ཤོག །བཀྲ་ཤིས་གང་ཞིག་སངས་རྒྱས་རྡོ་རྗེ་རིན་ཆེན་པདྨ་ལས། །ཡེ་ཤེས་རིགས་ལྔའི་སྤྲིན་འཕྲོ་དངོས་གྲུབ་གཉིས་ཀྱི་ཆར་རྒྱུན་འབེབས། །གནས་གསུམ་དཔའ་བོ་རྣལ་འབྱོར་མ་ཚོགས་ཞིང་སྔགས་ལྷན་ཅིག་སྐྱེས། །རྡོ་རྗེ་མཁའ་འགྲོའི་བཀྲ་ཤིས་དཔལ་འབར་སྒྲུབ་ལ་མཆོག་སྩོལ་ཤོག །བཀྲ་ཤིས་གང་ཞིག་སྙིང་རྗེ་རབ་ཁྲོས་མྱུར་མཛད་ནག་པོ་ཆེ། །ཕྱོགས་སྐྱོང་མ་མོ་འབྱུང་པོའི་ཚོགས་བཅས་དམ་ཚིག་བཀའ་ཡི་གཉེར། །རྟག་ཏུ་ཞི་ཡང་འབར་བའི་གཟུགས་ཀྱིས་རྣལ་འབྱོར་བུ་བཞིན་སྐྱོང་། །དམ་ཅན་རྒྱ་མཚོའི་བཀྲ་ཤིས་དཔལ་འབར་བསམ་དོན་ཡོངས་འགྲུབ་ཤོག །བཀྲ་ཤིས་གང་ཞིག་དོན་དམ་བདེན་པ་འོད་གསལ་འདུས་མ་བྱས། །བརྟན་གཡོ་ཀུན་ཁྱབ་སྙིང་པོའི་རང་བཞིན་ལྷུན་གྲུབ་ཡོན་ཏན་ལྡན། །སྲིད་དང་ཞི་བའི་དགེ་ལེགས་ཀུན་འབྱུང་གཞོམ་དུ་མེད་པའི་དབྱིངས། །རྣམ་ཀུན་མཆོག་ལྡན་བཀྲ་ཤིས་དཔལ་འབར་རྟག་བརྟན་ཀུན་ཁྱབ་ཤོག །ཅེས་པའམ། ཡང་ན། ཡོན་ཏན་རབ་རྫོགས་གངས་ཀྱི་རི་བོ་བཞིན། །ཞེས་སོགས་བཀྲ་ཤིས་བཀའ་བརྒྱ་མ་ལྟ་བུའི་ཤིས་པའི་ཚིག་རྒྱ་ཆེར་བརྗོད་ལ་ཤུལ་དེ་ཉིད་དུ་སྦྱིན་སྲེག་དང་ཚོགས་ཀྱི་འཁོར་ལོ་ལ་སོགས་པ་དགའ་སྟོན་རྒྱ་ཆེར་བྱའོ། །དེ་ལྟར་བཤད་པའི་དགེ་འདིས་ཀྱང་། །དཔག་ཡས་སེམས་ཅན་མ་ལུས་རྣམས། །ཡན་ལག་བདུན་ལྡན་སྐུ་བཞིའི་དངོས། །རྡོ་རྗེ་འཆང་ཆེན་ཐོབ་པར་ཤོག །དཔལ་རྒྱུད་སྡེ་ལྔའི་བདག་འཇུག་ངག་དོན་འདི་ཡང་ཉེར་མཁོར་མཐོང་ནས་ཏཱ་ར་ནཱ་ཐས་སྨྲས་པའོ།