Su kha ma'i chos drug

From Shangpa Resource Center
Revision as of 11:38, 2 February 2023 by Sengue (talk | contribs)








Resource ID CN94
Title su kha ma'i chos drug
Topics Six dharma of Sukhasiddhi
Sub-Topics Instructions
Associated Person Virupa
Bodong Cholé Namgyel
Link BDRC W22103 (p.453)

སུ་ཁ་མའི་ཆོས་དྲུག།

།དཔལ་རྡོ་རྗེ་རྣལ་འབྱོར་མ་ལ་ཕྱག་འཚལ་ལོ།
།གདམས་པ་འདི་ལ་སྐྱེད་རྫོགས་ཆོས་དྲུག་དང་བཅས་པ་ལས། སྐྱེད་རྫོགས་གཞན་དུ་བསྟན་ནས་ཆོས་དྲུག་ལ།
དང་པོ་ཐབས་ལམ་ནི། སྔོན་འགྲོ། གནས་ཚུལ་སྔར་དང་འདྲ་བ་ལས་རྐང་པ་སྣོལ། ལག་པ་གཉིས། པུང་པའི་འོག་གི་སྦ་ཤ་ལ་འཇུས། གྲུ་མོ་གཉིས་པུས་མོ་ལ་བཀལ། སྒལ་ཚིགས་དྲང་པོར་སྲང་། མགྲིན་པ་ཅུང་ཟད་སྒུག །རླུང་རོ་མང་དུ་གདོན་ནོ།
།རྒྱུད་ལས་ཀྱང་། ཨ་ཡི་འོད་ཀྱིས་སྲེགས་བྱས་ནས། མི་འགྲུབ་པ་ནི་གང་ཡང་མེད། །ཅེས་གསུངས་པས།
འོག་རླུང་འཐེན། སྟེང་རླུང་མནན་པས་ཨ་ལས་འོད་ཟེར་མེའི་རང་བཞིན་བདེ་བའི་རྣམ་པ་ཅན་གཅིག་འཕྲོས་ཏེ། ཡིག་འབྲུ་བཞི་ལ་ཕོག་པས་ཡིག་འབྲུ་བཞི་ཡང་། སོ་སོ་འི་ཁ་དོག་ལས་དམར་བའི་མདངས་ཆགས་པ་བདེ་བའི་རང་བཞིན་ཅན་གཅིག་ཏུ་གྱུར་པ་དང་། ལྟེ་བའི་པད་མ་གཡས་སུ་འཁོར་ཞིང་ཡིག་འབྲུ་ཚོ་ལ་འོད་ཟེར་ངོ་བོ་བདེ་བ་ལ་རྣམ་པ་མེའི་རང་བཞིན་ཅན་དུ་འཕྲོས་ཏེ། མགྲིན་པ་མན་ཆད་ཁྲིལ་ཁེངས་པར་བསམ་ཞིང་། ལུས་འཁྲུལ་འཁོར་བཅས། ངག་ཡི་གེ་བཞི་བ་ཟླས། སེམས་ཡི་གེ་བཞི་བའམ། ཨ་ལ་གཏད། ཉལ་ཙ་ན་ཡང་དམིགས་པ་བཟུང་ལ་གཉིད་ལོག །དྲོད་སྐྱེ་གསུང་། དེ་ནི་ཐབས་ལམ་མོ།
།ཁྱད་པར་དུ་བདེ་བ་འདོད་ན་མུ་དྲ་མཚན་ཉིད་དང་ལྡན་པའི་པད་མའི་ཟེ་འབྲུ་དེ། དྲོད་དང་བདེ་བའི་རང་བཞིན་དུ་བསམ། པད་མ་བཞི་ཡང་དྲོད་དང་བདེ་བའི་རང་བཞིན་དུ་འཁོར་བས་རང་གི་འཁལ་ཁུང་གཉིས་སུ་རེག་རེག་འཁོར་ནས་བདེ་ཁྲིལ་ཁྲིལ་འདུག་པར་བསམ་ཞིང་སྒོམ། དེས་དྲོད་སྐྱེ་གསུང། ཨྀཐི།།

གང་ཟག་སྒྱུ་ལུས་སྒོམ་པར་འདོད་པས། པད་མ་དང་ཡིག་འབྲུའི་འོག་ཏུ་ཆོས་འབྱུང་ཕྱི་དཀར་ལ་ནང་དམར་བ་གཅིག་བསམ། དེའི་ནང་དུ་རིགས་དྲུག་གི་སེམས་ཅན་ཐམས་ཅད་འོད་ཀྱི་རང་བཞིན་དུ་བསམས་ནས། འདི་རྣམས་མི་བདེན་པ་ལ་བདེན་པར་བཟུང་བས། འདི་རྣམས་སྙིང་རེ་རྗེ་སྙམས་སུ་བསམས་ལ་རྨི་ལམ་སྒྱུ་མའི་དྲན་འདུན་དྲག་པོ་བཏང་། རང་གི་སྙིང་ཁར་རྩ་བའི་བླ་མ་བསམས་ལ་མོས་གུས་དུངས་བྱས་པས་སྔར་ལྟར་གསོལ་བ་དྲག་པོ་བཏབ་ནས་ཨ་ལས་འོད་ཟེར་བདེ་བའི་རང་བཞིན་འཕྲོས་པས་ཡིག་འབྲུ་བཞིའི་གསང་གནས་སུ་ཕོག་པས་འོད་ཀྱི་རང་བཞིན་ལྟེམ་ལྟེམ་བདེ་སྟོང་དུ་ཁྲིལ་ཁྲིལ་འདུག་པར་བསམ་ཞིང་། པད་མ་དྲོད་དང་བདེ་བའི་རང་བཞིན་ཅན་དེ་དྲག་ཏུ་འཁོར་བར་བསམ་ཞིང་འོག་རླུང་སྐུམ་ལ་འདི་རྨི་ལམ་ཡིན་སྒྱུ་མ་ཡིན་སྙམས་སུ་བསམ་ཞིང་། ཡི་གེ་བཞི་ལ་བཟླས་པ་བྱའོ། །མཉམ་བཞག་གི་དུས་སོ།
།ཐུན་འཇོག་ཁར་ལྟེ་བའི་ཨ་ལས་འོད་ཟེར་འཕྲོས། དབུ་མ་རྒྱུད། ཚངས་བུག་ནས་ཐོན། ནམ་མཁའ་གང་བས་ལྷའི་བུ་མོའི་བདེ་བ་ཐམས་ཅད་བཀུག་ནས་ཚངས་བུག་ནས་དབུ་མའི་ནང་རྒྱུད་ཏེ་ལྟེ་བའི་ཨ་དང་ཡིག་འབྲུ་བཞི་ལ་ཐིམ་པས་ཟག་པ་མེད་པའི་བདེ་བ་རྒྱས་པར་སྒོམ་ཞིང་། འོག་རླུང་སྐུམ་གསུང་།
དེ་བཞིན་དུ་དྲི་ཟའི་བུ་མོ་དང། བྲམ་ཟེའི་བུ་མོ་དང་། གདོལ་པའི་བུ་མོ་དང་། མིའི་བུ་མོ་དང་། ཀླུའི་བུ་མོའི་བདེ་བ་བཀུག་པ་སྔར་བཞིན་སྒོམ་མོ། །གཉིད་དུ་འགྲོ་ཁར་སྙིང་ཁའི་བླ་མ་ལ་མོས་གུས་བྱས་པས་ལྟེ་བའི་ཨ་ལས་འོད་ཟེར་འཕྲོས་ཡིག་འབྲུ་བཞི་ལ་ཕོག་ནས་འོད་ཀྱི་རང་བཞིན་དུ་ལྟེམ་ལྟེམ་བདེ་སྟོང་དུ་ཁྲིལ་ཁྲིལ་འདུག་པར་བསམ་ཞིང་། པད་མ་འཁོར་བ་དང་བཅས་པ་ལ་དྲན་འདུན་དྲག་པོ་བྱས་པས་རྨི་ལམ་ཟིན་གསུང་། གཉིད་དང་རྨི་ལམ་གྱི་བར་དུ་རྟོག་པ་རབ་རིབ་པ་བྱུང་ན་གཅིག་བཅུ། བཅུ་ལ་བརྒྱ་སྟོང་ལ་སོགས་པ་དཔག་ཏུ་མེད་པར་ཕེལ་གསུང་། གཉིད་དུ་འགྲོ་ཁར་འོག་རླུང་དྲག་ཏུ་སྐུམ་གསུང་།
སྦྱོང་སྤེལ་སྒོམ་པ་ནི། མཉམ་བཞག་དུ་སྒྱུ་ལུས་སྒོམ། རྗེས་ཤེས་དུས་སུ་བླ་མ་ལ་གསོལ་བ་བཏབ་པས་སྣང་བ་བདེན་མེད་དུ་བུན་སོང་བ་དང་། ཨ་ཕ་ང་འཁྲུལ་ནས་འདུག །སྣང་བ་འདི་རྨི་ལམ་གྱི་སྣང་བར་འདུག །ལུས་འདི་ཡིད་ཀྱི་ལུས་སུ་འདུག རྨི་ལམ་གྱི་སྣང་བ་དང་ཡིད་ཀྱི་ལུས་ལ་ཇི་ལྟར་སྦྱང་སྦྱང་ཡིན་སྙམ་པ་དང་། དངོས་པོ་ཕྲ་རགས་གང་ལ་ཡང་ཡིག་འགྲུ་ཚུགས་སུ་ལྟས་ལ་ཕར་ཐལ་ཚུར་ཐལ། ཡར་ཐལ་མར་ཐལ་དུ་བྱ། དེ་ལས་རྒྱ་སྟོང་ལ་སོགས་པར་སྦྱོང་སྤེལ་ལ་སོགས་པ་བྱའོ། །སྒྱུ་ལུས་གསོལ་འདེབས་སྦྱོང་པ་ཙོ་གསུམ་སྐོར་དུ་བྱའོ།
།སྤྲུལ་སྒྱུར་ལ་ཡང་དེ་བཞིན་ཏེ། མཉམ་བཞག་དུས་སུ་སྒྱུ་ལུས་སྒོམ། རྗེས་ཤེས་དུས་སུ་གསོལ་བ་བཏབ་པས་སྣང་བ་བདེན་མེད་དུ་བུན་ལོང་སོང་བ་དང་། ཨ་ཕ་ང་འཁྲུལ་ནས་འདུག །ངའི་རྨི་ལམ་གྱི་ལུས་དེ་མལ་ན་ཡོད་པར་འདུག །འདི་ཡིད་ཀྱི་ལུས་སུ་འདུག །སྣང་བ་འདི་རྨི་ལམ་གྱི་སྣང་བར་འདུག །རྨི་ལམ་གྱི་སྣང་བ་དང་ཡིད་ཀྱི་ལུས་གཉིས་ལ་གང་བྱ་བྱ་ཡིན་སྙམ་དུ་བསམ།
ཡིད་ལུས་རྨི་ལམ་སྣང་བ་ལ། །གང་ལྟར་བྱ་བྱ་ཡིན་སྙམ་དུ། །དངོས་པོ་ཕྲ་རགས་ཐམས་ཅད་དང་། །ས་ཆུ་མེ་རླུང་ཐམས་ཅད་ལའང་། །སྤྲུལ་སྒྱུར་སྦྱོང་སྤེལ་བྱ་བར་གསུངས། །དེ་བཞིན་འདི་ལྟར་སྣང་བ་འདི། །རྨི་ལམ་སྣང་བར་འདུག་སྙམ་པས། །བླ་མ་དམ་པས་ངོ་སྤྲད་པའི། །ལྷ་སྐུ་ཕྱག་རྒྱ་ཆེན་པོ་ལ། །སྒོམ་དགོས་སྙམ་པ་བྱས་པ་ཡང་། །ལྷ་སྐུ་གསལ་སྟོང་འཛིན་མེད་སྒོམ། །དེ་བཞིན་སྒྱུ་ལུས་གསོལ་འདེབས་དང་། །སྦྱོང་སྤེལ་གསུམ་ལ་སུམ་བསྐོར་བྱ། །ཞེས་གསུངས་སོ།
།ཡུལ་སྣང་ལ། སྐྱབས་སུ་འགྲོ་བའི་སྐོར་སྔར་དང་འདྲ། ཁྱད་པར་དུ་བླ་མ་རིན་པོ་ཆེ། སེམས་ཅན་ཐམས་ཅད་ཀྱི་དོན་དུ་བདག་གིས་བདག་འཛིན་བློ་ཡིས་ཐོངས་པར་བྱིན་གྱིས་བརླབ་དུ་གསོལ། ཅེས་གསོལ་བ་དྲག་པོ་བཏབ་པས་ཨའི་འོད་ཟེར་དེ་ཡིག་འབྲུ་བཞི་ལ་ཕོག་པས་འོད་ཀྱི་རང་བཞིན་དུ་སོང་བས་ལུས་ཕྲུ་མ་ཕུས་བཏབ་པ་ལྟར་དག་ནས་སྤྱི་བོ་ནས་རྐང་མཐིལ་ཡན་ཆད་དཀར་ཁྲིལ་དེས་གང་བ་ལ་ཤེས་པ་གཏད་ནས། སེམས་གསལ་སྟོང་འཛིན་མེད་ལ་ཅི་གནས་གནས་བཞག་ཅེས་གསུང་ངོ་།
།གཉིད་དུ་འགྲོ་ཁར་དམིགས་པ་གསལ་བར་བྱས་ལ་ཡུལ་སྣང་གཏན་ལ་ཕེབས་པར་སོགས་གསོལ་བ་དྲག་པོ་བཏབ་ལ། གཉིད་ལོག་གསུང་ངོ་། །ཨྀཐི།།

འོད་གསལ་ལ་ཡང་སྐྱབས་སུ་འགྲོ་བའི་སྐོར་སྔར་དང་འདྲ། ཁྱད་པར་དུ་ཨ་ལས་ཉི་མ་འབུམ་ལས་ལྷག་པའི་འོད་ཟེར་བྱུང་བ་ཡིག་འབྲུ་བཞི་ལ་ཕོག་པས་ཨ་དང་ཡིག་འབྲུ་འོད་ཀྱི་རང་བཞིན་གྱིས་ཁོང་པའི་ནང་ཁེངས་ཏེ་གསལ་སྟོང་འཛིན་མེད་དུ་ཕྱལ་ཕྱལ་བ་ལ་མ་ཡེངས་པར་བྱ་གསུང་ངོ་། ཨྀཐི།།

འཕོ་བ་ནི། སེམས་སྐྱེད། སྐྱབས་འགྲོ། ཡི་གེ་བཞི་པ་བཟླས་པ་སྔར་དང་འདྲ་བ་ལ། རང་གི་སྤྱི་བོར་བླ་མ་བསམས་ལ། བླ་མ་རིན་པོ་ཆེ། བར་དོར་སངས་རྒྱ་བར་མཛད་དུ་གསོལ། ཅེས་གསོལ་བ་དྲག་པོ་གདབ། དེ་ནས་རང་གི་ལྟེ་བའི་ཨ་དེ་སེམས་དང་གཉིས་སུ་མེད་པར་བསམས་ལ་ཨ་དེ་ནམ་མཁའ་ལ་འཕིར་ལ་ཁད། འཕིར་ལ་ཁད་དུ་འདུག་པར་བསམ་མོ། །དེ་ནས་པད་མ་འདབ་བཞི་དང་། ཡིག་འབྲུ་བཞི་ལ་ཨ་ཐིམ་པར་བསམ། དེས་འབྱུང་བ་རང་གི་སེམས་ལ་ཐིམ་པ་ཡིན་གསུང་། དེ་ནས་ཨ་དེ་ཤུགས་དང་བཅས་ཏེ་རང་གི་སྤྱི་བོ་ན་ཡར་ཐོན་ནས་ནམ་མཁའི་འཐོངས་ན་ཡར་དཀར་ནར་རེ་སོང་ནས་འོད་དུ་ཡལ་ཏེ་སོང་བར་བསམ། དེ་ནི་འཕོ་བའོ། ཨྀཐི།།

བར་དོ་ལ། སྐྱབས་འགྲོ་སྔར་དང་འདྲ། ཁྱད་པར་དུ། བླ་མ་སངས་རྒྱས་རིན་པོ་ཆེ། བར་དོར་རྒྱལ་བ་ལོངས་སྐུ་འགྲུབ་པར་མཛད་དུ་གསོལ། ཞེས་གསོལ་བ་དྲག་ཏུ་གདབ། དེ་ནས་རྗེ་བཙུན་མར་གསལ་གདབ། ལྟེ་བའི་ཡིག་འབྲུ་བཞི་མཁའ་འགྲོ་མ་བཞི། ཕྱག་གཡས་གྲི་གུག །གཡོན་ཐོད་པ་བདུད་རྩིས་བཀང་བ་འཛིན་པ། སྤྱན་གསུམ་པ། མཆེ་བ་རྩིགས་པ། དབུ་སྐྲ་སིལ་བུས་སྐུ་རྒྱབ་ནོན་པ་དེར་བསམ། དེ་ནས་ཨ་དཀར་ལས་འོད་ཟེར་དཀར་པོ་འཕྲོས་ཏེ་ཌ་ཀི་བཞིའི་གསང་གནས་སུ་ཕོག་པས་བདེ་གསལ་དུ་ལམ་ལམ་འདུག་པར་བསམ། དེ་ལ་ཐུན་ཕྱེད་བྱའོ།
།དེ་ནས་ཡང་། ཨ་ཕ་ང་ཤི་ནས་འདུག །སྣང་བ་འདི་བར་དོའི་སྣང་བར་འདུག །ལུས་འདི་ཡིད་ཀྱི་ལུས་སུ་འདུག །གཟུགས་དང་སྒྲ་དང་དྲི་དང་རོ་ལ་སོགས་པ་གང་སྣང་ཡང་བར་དོའི་སྣང་བར་འདུག་སྙམ་པ་བྱས་ལ། ད་བླ་མས་ངོ་སྤྲད་པའི་ལྷ་སྐུ་ཕྱག་རྒྱ་ཆེན་པོ་སྒོམ་དགོས་སྙམ་པ་བྱས་ལ། རང་བཞན་གཟུགས་སུ་སྣང་བ་ཐམས་ཅད་ལྷའི་སྐུ། སྒྲ་གྲགས་ཚད་སྔགས་ཀྱི་རང་སྒྲར་བསམ། དྲན་རྟོག་ཐམས་ཅད་ཆོས་ཉིད་དམ། སྒྱུ་མ་རྨི་ལམ་དུ་བསམ། དེ་ལ་༼ཁྱད་པར་དུ་༽ཕོ་ཐམས་ཅད་ཞེ་སྡང་སྐྱེ་བའི་ཡུལ་དེ་བདེ་མཆོག་ཡབ་རྐྱང་གཅིག་ཏུ་བསམ། མོ་ཐམས་ཅད་ཁྱད་པར་དུ་འདོད་ཆགས་སྐྱེ་བའི་ཡུལ་དེ་རྗེ་བཙུན་མར་བསམ། དེས་བར་དོར་ཕྲག་དོག་མིག་ཟེར་མ་བྱུང་ན་རབ། བྱུང་ན་གནད་འདིས་སངས་མི་རྒྱ་མི་སྲིད་དོ། །བར་དོའོ། ཨྀཐི།།

།།རྫོགས་རིམ་འཁྲུལ་འཁོར་དང་བཅས་པ་ནི། ལུས་ཀྱིས་དཀྲུངས་ཕྱུང་པ། ཙོག་བུའི་ཚུལ་དུ་བྱས་ལ། ལག་པ་གཡས་རྩེ་གསུམ་གྱི་ཕྱག་རྒྱ་ནམ་མཁའ་ལ་བསྟན། གཡོན་སྡིགས་འཛུབ་ཐུགས་ཁར་བཅས་ལ། མིག་ཅུང་ཞིག་གཡས་ལ་ལྟ་བའི་ཚུལ་གྱིས་ནམ་མཁའ་ལ་ཧུར་རེ་ལྟའོ། །དེ་ནས་པད་མ་འདབ་བཞི་དང་། ཡིག་འབྲུ་བཞི་ཨ་ལ་ཐིམ་པ་དང་། ཨ་སྤྱི་བོའི་གཙུག་ན་ཡར་རྒྱངས་ཏེ་ནམ་མཁའ་ལ་ཡར་སོང་བ་དང་འོད་དུ་ཡལ་སོང་བར་བསམ་མོ།
།ལུས་ཀྱི་འཁྲུལ་འཁོར་ལྡན་བྱས་ཏེ། ནམ་མཁའ་རིག་མེད་སྟོང་པ་ལ། །རིག་བྱ་སེམས་ཀྱི་རྩ་བ་བཅུན། །རྩ་བ་བཅུན་དང་ལྷུག་པར་ཞོག །ཅེས་གསུངས་པས་ཨ་རིག་པ་ལ་ཁྲོག་འདོན། སེམས་གསལ་སྟོང་འཛིན་མེད་ཀྱི་ངང་ལ་བཞག་གསུང་པས། ཌཱ་ཀི་རང་སེམས་སུ་ངོ་སྤྲད་པའོ། ཨྀཐི།།

།།ལྷའི་དཀར་བ། དྲི་ཟའི་སྔོ་བ། བྲམ་ཟེའི་སྨུག་པ། གདོལ་པའི་སྨུག་ནག །ལྟེ་བ་མན་ཆད་གོས་མེད། མིའི་རཱ་ག །ཀླུའི་དཀར་སེར་རོ། །གཉིས་ལ་མིག་ལ་སྒྲིབ་ག་མེད། གཅིག་ལ་མཆུའི་ཆ་གམ་ཡོད།
དཀར་བ་ལ་དབང་བཞི། །སྔོ་བ་ལ་དགའ་བ་བཞི། སྨུག་པ་ལ་སྐད་ཅིག་བཞི། སྨུག་ནག་ལ་ཡང་དབང་བཞི། རཱ་ག་སྐུ་བཞིའོ། ཨྀཐི།།