'khrul 'khor phyag len

From Shangpa Resource Center
Revision as of 15:42, 18 February 2023 by Sengue (talk | contribs)
(diff) ← Older revision | Latest revision (diff) | Newer revision → (diff)








Resource ID CN86
Title 'khrul 'khor phyag len
Topics Immortality
Sub-Topics Yantra
Author Bodong Cholé Namgyel
Associated Person Sangyé Tönpa
Link BUDA MW22103 (p.425)
Notes See 'chi med grub pa'i 'khrul 'khor sum cu rtsa gnyis kyi lag len

ཨོཾ་སྭསྟི་སིད་དྷཾ།
གང་གིས་ཐབས་མཁས་ལུས་ལ་གནད་སྣུན་པས། །ལུས་སེམས་འཆི་བ་མེད་པ་མངོན་གྱུར་ཏེ། །འཇའ་ལུས་རྡོ་རྗེའི་སྐུ་རུ་རབ་གྲུབ་པ། །དཔལ་ལྡན་བླ་མའི་ཞབས་ལ་གུས་བཏུད་ཏེ། །དེ་ཡི་འཁྲུལ་འཁོར་ཕྱག་ལེན་ཇི་བཞིན་བྲིས།
།དེ་ལ་གང་ཞིག་དད་པ་ལ་སོགས་པའི་ཡོན་ཏན་དང་ལྡན་ཞིང་། སྤྱི་དང་བྱེ་བྲག་གི་དབང་ལེགས་པར་ཐོབ་པས་ཚེ་འདི་ཉིད་ལ་མཆོག་གི་དངོས་གྲུབ་འགྲུབ་པའི་ཕྱག་ལེན་གྱི་འཁྲུལ་འཁོར་འདི་ལ་འབད་པར་བྱའོ།
།འདི་ལ་གསུམ་སྟེ། སྔོན་དུ་འགྲོ་བ་དང་། རྩ་བའི་འཁྲུལ་འཁོར་དང་། ཡན་ལག་གི་འཕྲུལ་འཁོར་རོ།
།དང་པོ་ནི་ལངས་ཏེ། རྐང་པ་གཡོན་པ་གཡས་པའི་བརླ་ལ་གཏད་ཅིང་། ལག་པར་ཞུན་ཆེན་པོ་ལ་སོགས་པ་བཟུང་བས་སྐུ་མཉེ་བྱ་ཞིང་གཡས་པས་དེ་བཞིན་དུ་བྱས་ཏེ་ལག་པ་སྤྲུག་གོ །དེ་རླུང་རེངས་འདུལ་བ་དང་། བསྲུང་འཁོར་དུའང་འགྱུར་རོ།

།གཉིས་པ་ཕྱག་རྒྱ་བཞི་ལ་ཕྱི་ནང་གསང་གསུམ་གྱི་དབྱེ་བས་བཅུ་གཉིས་ཏེ།
དང་པོ་ཕྱིའི་ཨ་གྲོལ་ལས་ཀྱི་ཕྱག་རྒྱ་ནི། རྐང་པ་གཡོན་པའི་རྟིང་པས་གཤང་ལམ་བཀག་ལ་གཡས་ཅུང་ཟད་རྐྱང་པའི་མཐེ་བོང་ནས་ལག་པ་གཡས་པའི་མཐེ་བོང་དང་གུང་འཛུབ་ཀྱིས་བཟུང་གཡོན་པ་སོ་གོང་དུ་བཞག །སྒལ་ཚིགས་སྲང་། མགྲིན་པ་དགུག ། དེ་ནས་ཡར་ལ་འཐེན་མར་ལ་རྟག་ཏུ་ལྡིག་གོ །དེ་ལྟ་བུ་རླུང་ཐུན་གསུམ་བྱའོ།
།བྷེ་ཏ་ཆོས་ཀྱི་ཕྱག་རྒྱ་ནི། ལུས་བསྒྱུར་ཏེ་རྐང་པ་གཉིས་བཤིབས་པའི་བར་དུ་སོར་ལྔ་ཙམ་བྱ་དེ་ནས་་་་་༌་མཐོ་གསུམ་ཙམ་གྱི་བར་ལག་པ་གཡས་པའི་ཁུ་ཚུར་གཡོན་པས་སྡམས་ལ་རྒུར་ཏེ་མགོ་བོ་བཀུག་ལ་ཚང་ར་དང་བརླ་གཉིས་རྟིང་པ་དང་བྱིན་པ་ལ་རྟག་ཏུ་གདབ་བོ། །རླུང་ཐུན་གཅིག་གོ །དེ་ལྟ་བུ་ལན་གསུམ་གྱི་མཏར།
བྷན་དྷ་དམ་ཚིག་གི་ཕྱག་རྒྱ་ནི། རྐང་པ་གཉིས་ཀྱི་བར་དུ་ཁྲུ་གང་བྱས་ལ་ལག་པ་གཉིས་རྐང་པའི་ནང་ནས་ཕྱིར་མཁྱུད་པའི་མཐེ་བོང་དང་གུང་འཛུབ་ཀྱིས་རྐང་པ་གཉིས་ཀྱི་མཐེ་བོང་ནས་རྟག་ཏུ་འཐེན་ལ་ལུས་རྟག་ཏུ་བཅུར། མགོ་བོ་རྒུག་གོ །རླུང་ཐུན་གཅིག་གོ
།ཕྱག་རྒྱ་ཆེན་པོ་ནི་ལག་པ་གཉིས་སྤུས་མོའི་སྟེང་དུ་སྣོལ་ཏེ། ལུས་ཚོག་བུའི་འཁྲུལ་འཁོར་གྱིས་གནས་པར་བྱའོ།

།དེ་བཞིན་དུ་ནང་གི་ཨང་གྲོལ་རྐང་པ་དཀྱིལ་ཀྲུང་། ལག་པ་སྣོལ་ལ་ངར་གདོང་དུ་བཞག་ནས་སྔར་བཞིན་ལྡིག་གོ
།བྷེ་ཏ་ནི་རྐང་པའི་མཐིལ་གཉིས་བཤིབས་པའི་མཐེ་བོང་གཉིས་ལག་པས་མཐེན་ལ་རྟིང་པ་གཉིས་མ་བྲལ་བ་དང་། འཕོངས་རེ་མོས་སྟན་ལ་བརྡབ་བོ།
།བྷན་དྷ་ནི་རྐང་པ་དང་ལག་པ་གཡས་གཡོན་དུ་བཏང་སོ་སོར་སྒིབ་སྟེ་རྐང་པའི་མཐེ་བོང་ནས་འཐེན་ཞིང་རྒུར་ལ་མགོ་བོ་རྒུག་གོ
།ཕྱག་རྒྱ་ཆེན་པོ་ནི་མཉམ་བཞག་གིས་སོ།

།གསང་བའི་ཨ་གྲོལ་ནི། ལག་པ་གཉིས་ཁུ་ཚུར་རྒྱབ་ཏུ་སྣོལ་ལ། ལྡིགས་སྟེ་སྔ་མ་བཞིན་ནོ།
།བྷེ་ཏ་ནི། ཕྱིའི་དང་འདྲ་སྟེ། འོན་ཀྱང་དལ་བུས་བྱའོ།
།བྷན་དྷ་ནི། དཀྱིལ་ཀྲུང་གི་སྤུས་མོ་ལ་ལག་པ་འཇུས་ལ་རོ་སྟོད་གཡས་གཡོན་དུ་དྲག་ཏུ་གཅུའོ།
།ཕྱག་རྒྱ་ཆེན་པོ་ནི་མཆོད་སྦྱིན་གྱིས་སོ།
།དེ་དག་ལའང་ཐུན་གྲངས་སྔ་མ་བཞིན་ནོ།

།ཨ་གྲོལ་དགུ། བྷེ་ཏ་གསུམ། བྷ་དྷ་གཅིག་ཏུ་ཤེས་པར་བྱ། རླུང་ཐེབས་བཅུ་གསུམ་བསད་པ་འདི་བྲམ་ཟེ་ནག་པོའི་ཁྱད་ཆོས་ཡིན། ཞེས་སོགས།

།གསུམ་པ་ལ་གཉིས་ལས། རྩ་བ་དང་འདྲ་བའི་བཞི་ནི།
དཀྱིལ་ཀྲུང་ལག་པ་སྤུས་མོའི་སྟེང་ན་མར་རྐྱང་ལ་ཕྱིའི་ཨ་གྲོལ་བཞིན་ལྡིག་པའོ། །ཕྱིའི་བྷེ་ཏ་བཞིན་ལ་ཅུང་ཟད་བཅུ་ཞིང་ཧཱུྃ་གདོན་པ་དང་དཀྱིལ་ཀྲུང་བཅས་པའི་ལག་པ་གཉིས་ཀྱིས་ལུས་ཐམས་ཅད་ལ་དྲུལ་ཞིང་མཉེ་བ་དང་ལུས་སྡིགས་བྱ་ཞིང་སྤྲུག་པ་དང་། ཁུ་ཚུར་གཉིས་ཀྱིས་རྐེད་པ་རླུངས་ནས་ལག་པ་སྤྲུག །རྗེས་ལ་རོ་སྟོད་དྲག་དུ་སྤྲུག་པ་དང་བཞིའོ།
།ཡན་ལག་དངོས་ཀྱི་བཅུ་དྲུག་ལ། མགོ་བོའི་བཞི་ནི། ལག་པ་གཉིས་ཀྱིས་བྱེད་དང་། ལྟག་པ་སྲུབ་ཅིང་མཉེ་བ་དང་། མིག་ཕྱོགས་ཐམས་ཅད་དུ་ལྟ་ཞིང་སྒྲིམ་པ་དང་། ལག་པའི་དཀར་བྲུལ་བའི་སྟོད་ཀྱིས་བདུག་པ་དང་། མགོ་བོ་གཡས་གཡོན་དུ་སྐོར་བ་དང་། མགོ་བོ་ཕྱོགས་བཞིར་ཙམ་ཅིང་འཐེན་པ་དང་བཞིའོ།
།རོ་སྟོད་ཀྱི་གསུམ་ནི། ལག་པ་སྤུས་མོ་ལ་འཛུབ་པའི་རོ་སྟོད་བཅུ་བ་དང་། གུང་མོ་རྐྱང་བའི་ལག་ལྕགས་རྐྱང་ཞིང་བཅུས་ལ་ནུ་མའི་གོང་གཉིས་དང་། ནུ་བར་དུ་གསུམ་གསུམ་རྡེག་པ་དང་། དེ་བཞིན་ལྷེན་སྣ་གཡས་གཡོན་དབུས་དང་གསུམ་དུ་རྡེག་པ་དང་གསུམ་མོ།
།ལག་པའི་བཞི་ནི། པུང་པ་གཡས་གཡོན་གཉིས་ཕྱི་ནང་དུ་རེ་མོས་སུ་སྐོར་ནས། ཡ་གཉིས་ཀ་དུས་གཅིག་དུ་སྐོར་བ་དང་། རྡོ་རྗེ་ཁུ་ཚུར་རྐྱང་སྐུམ་དྲག་ཏུ་བྱ་བ་དང་། མགོ་བོ་པུང་མགོ་ལ་སྦྱར་ནས་མིག་ལྟ་ཞིང་ལག་པ་སྤྲུག་པ་དང་། སྤྲུག་ཅིང་རྡོ་རྗེ་ཁུ་ཚུར་བྲང་ལ་དྲག་ཏུ་གཅེར་བ་དང་བཞིའོ།
།ཕོ་བའི་གསུམ་ནི། ལངས་ལ་ལག་པ་གཉིས་ཀྱིས་ཕོ་བ་དང་གསུས་པ་དྲག་ཏུ་རྡུལ་བ་དང་། ལག་པ་སྤུས་མོ་ལ་དགབ་ལ་ཕོ་སྐོར་རྒྱ་སྐྱེད་པ་རྟག་ཏུ་བྱ་བ་དང་། ལག་ལྕགས་མགོ་ཐོག་ནས་སྡམ་ཞིང་ཕོ་བ་ལ་རྟེན་པ་དང་གསུམ་མོ།
།བཅུ་བཞི་པོ་དེ་ཐམས་ཅད་ལ་གཅིག་མ་གཏོགས་པ་ནི་དཀྱིལ་ཀྲུང་ངོ་།
།རྐང་པ་གཉིས་ནི་ལངས་ལ། རྐང་པ་གཉིས་ནི་རེ་མོས་སུ་དྲག་ཏུ་སྤྲུག་པ་དང་། འདུག་ལ་ལག་པ་བརླ་ལ་འཇུས་ལ་མཐེ་བོང་སྐུམ་ལ་རྐྱང་སྐུམ་དྲག་ཏུ་བྱ་བ་དང་གཉིས་སོ།
།དེ་ཐམས་ཅད་ཀྱི་སྔོན་དུ་སེམས་བསྐྱེད། གསོལ་བ་གདབ། རླུང་རོ་བསལ། འཕྲུལ་འཁོར་བྱས་ནས་རླུང་ལན་གསུམ་ཁ་ནས་འཐུངས་ཏེ་ཁ་བྱར་ལ་འཁྲུལ་འཁོར་རྣམས་བྱོའོ།
།དཔལ་ལྡན་མགོན་པོའི་ཕྱག་ལེན་ཇི་བཞིན་དུ། །ཆོས་རྗེ་སྟོན་པས་གསལ་བར་མཛད་མོད་ཀྱང་། །ཉུང་ངའི་ཚིག་གིས་བདེ་བླག་རྟོགས་པ་འདི། །གོ་སྟོན་རང་ཉིད་དྲན་པ་གསོ་ཕྱིར་བྲིས། །དགེ་བས་འགྲོ་ཀུན་འཆི་མེད་གྲུབ་པར་ཤོག། ཨྀཐི།།