Sgyu lus dbang po rab kyi lung 'dren zhal shes

From Shangpa Resource Center
Revision as of 12:38, 22 September 2023 by Sengue (talk | contribs)








Resource ID Org1
Title sgyu lus dbang po rab kyi lung 'dren zhal shes
Topics Illusory body
Sub-Topics Instructions
Author Orgyenpa
Link BDRC W3CN18508 (v1p.434)
Notes Linked to chos drug gi gsung sgros

༄༅། །སྒྱུ་ལུས་དབང་པོ་རབ་ཀྱི་ལུང་འདྲེན་ཞལ་ཤེས།།

བླ་མ་དམ་པ་རྣམས་ལ་ཕྱག་འཚལ་ལོ།
ཡེ་ཤེས་མངོན་འབྱུང་ལས། ས་དང་ལམ་གྱི་རིམ་པ་རྣམས། །བླ་མའི་མོས་གུས་ལོ་ཟླས་བགྲོད། །བླ་མའི་སྣང་པ་མ་བྲལ་ན། །སངས་རྒྱས་རྣམས་དང་འབྲལ་མེད་གནས། །ཞེས་དང་།
ཡེ་ཤེས་མཁའ་འགྲོ་ནཻ་གུ་མའི་ཞལ་ནས། ལམ་ལྔ་ས་བཅུའི་རིམ་པ་རྣམས། །མོས་གུས་སྟོབས་ཀྱིས་བགྲོད་པར་བྱེད། །བླ་མའི་སྣང་པ་མི་འབྲལ་བ། །རྒྱུད་སྡེའི་དགོངས་པ་གནད་ཀྱི་མཆོག །ཅེས་དང་།
སློབ་དཔོན་བིརྺ་པའི་ཞལ་ནས་ཀྱང་། ལམ་ཟབ་བླ་མ་ཞེས་གསུངས་པས། དབང་པོ་རབ་ལམ་གཞན་ལ་ལྟོས་མི་དགོས་པར། བླ་མའི་མོས་གུས་ཉིད་ཀྱིས་གྲོལ་བར་གསུངས་སོ།
།གཞན་ཡང་། ལྷ་སྐུ་བསྐལ་པ་སྟོང་དུ་བསྒོམས་པ་བས། བླ་མ་དྲན་པ་བསོད་ནམས་ཆེ་ཞིང་། སངས་རྒྱས་སྟོང་གི་ཡོན་ཏན་འཛིན་པར་འགྱུར་བ་ལ་སོགས་ཡིད་ཆེས་སུ་མདོ་རྒྱུད་ཐམས་ཅད་མཐུན་ཏེ།
ཡེ་ཤེས་གསལ་བ་སྒྲོན་མའི་རྒྱུད་ལས། མཚན་དང་དཔེ་བྱད་ལྡན་པའི་ལྷ། །བསྐལ་པ་སྟོང་དུ་བསྒོམས་པ་བས། །བླ་མ་དྲན་པ་བསོད་ནམས་ཆེ། །ཅེས་སོ།
།ཨ་ཏི་བཀོད་པའི་རྒྱུད་ལས། དྲིན་དང་ལྡན་པའི་བླ་མ་དེ། །སྙིང་གི་དཀྱིལ་ལམ་སྤྱི་བོའི་གཙུག །ལག་པའི་མཐིལ་དུ་གང་བསྒོམས་པ། །སངས་རྒྱས་སྟོང་གི་བྱིན་རླབས་ནི། །གང་ཟག་དེ་ཡིས་འཛིན་པར་འགྱུར། །ཞེས་སོ།
།བརྟག་གཉིས་ལས། གཞན་གྱིས་བརྗོད་མིན་ལྷན་ཅིག་སྐྱེས། །གང་དུ་ཡང་ནི་མི་རྙེད་པ། །བླ་མའི་དུས་ཐབས་བརྟེན་པ་དང་། །བདག་གི་བསོད་ནམས་ལས་ཤེས་བྱ། །ཞེས་སོ།
།ལེགས་པ་གྲུབ་པ་ལས། སྐྱ་བ་འཛིན་པ་མེད་པར་ནི། །གྲུ་ཡིས་ཕ་རོལ་ཕྱིན་མི་ནུས། །ཡོན་ཏན་ཐམས་ཅད་རབ་རྫོགས་ཀྱང༌། །བླ་མ་མེད་པར་སྲིད་མཐར་མིན། །ཅེས་སོ།
།ཕལ་པོ་ཆེ་ལས། ནོར་བཟང་གི་དགེ་སློང་རྒྱ་མཚོའི་བྱངས་ལ་གསོལ་པ། ཁྱོད་ཀྱི་བྱང་ཆུབ་སེམས་དཔའི་རྣམ་པར་ཐར་པ་འདི་ལྟ་བུ་གང་ལས་བྱུང་། བཀའ་སྩལ་པ། ངས་སྔོན་དགེ་བའི་བཤེས་གཉེན་ལ་རིམ་གྲོ་དང་། བཀུར་བསྟི་དང་། ཕུ་དུད་དུ་བྱས་པ་ལས་བྱུང་ངོ་། ཁྱེད་ཀྱང་དགེ་བའི་བཤེས་གཉེན་ལ་བསྟེན་ཞེས་གསུང་ངོ་།
།མདོ་ལས། སངས་རྒྱས་ཆོས་ཀུན་དགེ་བའི་བཤེས་ལ་བསྟེན་ཏོ་ཞེས། །ཡོན་ཏན་ཀུན་གྱི་མཆོག་མངའ་རྒྱལ་བ་དེ་སྐད་གསུང་། །ཞེས་སོ།
བླ་མ་རྨོག་ལྕོག་པའི་ཞལ་ནས། ཚེ་གཅིག་གི་སངས་རྒྱ་བ་ལ་བླ་མའི་མོས་གསུང་། ཁོང་གིས་ཐག་ཆོད་ངེས་ཤེས་ལ། ཐུགས་རྗེ་ཆེན་པོ་རང་དཀར་ནའང་དཀར། །དགྱེས་རྡོར་བདེ་མཆོག་རང་ནག་ནའང་ནག །ང་ལ་རེ་ས་བླ་མ་ལས་མེད། ཇི་ལྟར་འདུག་ཀྱང་བླ་མའི་སྣང་པ་དང་འབྲལ་མ་མྱོང་། ཚེ་གཅིག་གི་སངས་རྒྱས་དེ་ཡོང་ཡོང་འདྲ། ཞེས་གསུངས་སོ།
བླ་མ་སྐྱེར་སྒང་པའི་ཞལ་ནས། བླ་མའི་མོས་གུས་ལ་མ་བུ་གཅིག་པོ་ཤི་བ་ལྟ་བུ་དགོས་གསུང་།
བླ་མ་སངས་རྒྱས་གཉན་གྱི་ཞལ་ནས། བླ་མའི་མོས་གུས་ལ། མཆི་མ་རུས་པའི་གཏིང་ནས་འོང་བའི་གསོལ་བ་འདེབས་དགོས་གསུང་།
བླ་མ་སངས་རྒྱས་སྟོན་པའི་ཞལ་ནས། བླ་མའི་མོས་གུས་ལ་རྗེས་ངས་ལོག་ལྟའི་དབང་དུ་མ་སོང་བའི་གསོལ་བ་འདེབས་པ་དགོས་གསུང་། ཡང་ན་བླ་མ་བརྗེད། ཡང་ན་བླ་མ་ལ་ལོག་ཏ་བྱེད་པ་ལ་བྱིན་རླབས་མི་འབྱུང་། གསུང་ངོ་།
བླ་མ་འགྲོ་མགོན་ཤངས་སྟོན་གྱི་ཞལ་ནས། གསོལ་བ་གང་འདེབས་ནུས་པ་ལ་དགེ་སྦྱོར་འཆར་གྱི་འདུག་གསུང་། སྐྱེ་དམན་གྱི་གསོལ་བ་འདེབས་ནུས་པས་དགེ་སྦྱོར་འཆར་བ་མང་དུ་འོང་གི་འདུག་གསུང་། གསོལ་བ་འདེབས་མ་ནུས་ན་དགེ་བཤེས་དང་། སྟོན་པ་ལའང་དགེ་སྦྱོར་མི་འཆར་བར་འདུག་གསུང་ངོ་།
བླ་མ་སངས་རྒྱས་གཉན་གྱི་ཞལ་ནས། ཆོས་རྗེ་འབྲི་ཁུང་པཞང་རིན་པོ་ཆེཆོས་རྗེ་དུས་གསུམ་མཁྱེན་པགཙང་པ་རྒྱ་རས། ཐམས་ཅད་ཀྱི་དྲུང་དུ་ཕྱིན་པས། བླ་མའི་མོས་གུས་གཅིག་པོས་ས་ལམ་བགྲོད་པ་ལ་ཀུན་མཐུན་པར་འདུག་གསུང་ངོ་།
ཆོས་རྗེ་ས་སྐྱ་པཎྜི་ཏ་ཡང་། རྗེ་བཙུན་ཆེན་པོ་ལ་ཁུ་བོའི་འདུ་ཤེས་མི་མཛད་པར། མཚན་ཐོས་པའམ། སྐུ་དྲན་ནམ། མཐོང་བའི་དུས་སུ་བཤུམས་པ་དང་། ཞབས་བཀྲུས་ནས་གསོལ་བ་ལ་སོགས་པ་མཛད་གསུང་། སྒྱུ་ལུས་དབང་པོ་རབ་ཀྱི་སྐབས་སུ། བླ་མ་ལ་མོས་གུས་རྩེ་གཅིག་ཏུ་བྱས་ནས། གསོལ་བ་བཏབ་པའི་ཡོན་ཏན་ལ། ཡིད་ཆེས་ཤིང་ངེས་ཤེས་བསྐྱེད་པར་བྱེད་པའི་མདོ་རྒྱུད་ཀྱི་ལུང་དང་བླ་མ་གོང་མ་རྣམ་གྱིས་གསུང་བསྒྲོས་ཐུན་མོང་མ་ཡིན་པ་རྣམས་ཡི་གེར་བཀོད་པའོ།
།མཁའ་འགྲོ་མ་ཐམས་ཅད་ཟིལ་གྱིས་གནོན་པའི་རྒྱུད་ལས། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་གངྒཱའི་ཀླུང་གི་བྱེ་མ་སྙེད་དུ་བསྙེན་བཀུར་བྱས་པ་ལས། རྡོ་རྗེ་སློབ་དཔོན་གྱི་བ་སྤུའི་བུ་ག་གཅིག་ལ་ཏིལ་མར་གྱིས་བྱུག་པ་བྱས་པ་བསོད་ནམས་ཆེས་ཁྱད་པར་དུ་འཕགས་སོ། །ཞེས་གསུངས་སོ།
།གསང་འདུས་ལས། རྡོ་རྗེ་སློབ་དཔོན་ནི། བདག་ཅག་ཕྱོགས་བཅུའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཕའོ། །མའོ། །སྐྱེད་པའོ། །ཞེས་གསུངས་སོ།
།སྡོམ་འབྱུང་ལས། བླ་མ་སངས་རྒྱས་བླ་མ་མཆོད། ལ་སོགས་གསུངས་སོ།
།ལང་ཀར་གཤེག་པ་ལས། དགེ་བའི་བཤེས་གཉེན་ལ་རིམ་གྲོ་བྱས་པ་ལས། རྣམ་པར་རྟོག་པ་འཁོར་བའི་རྒྱ་མཚོ་ལས་དང་སྲེད་པ་དང་མི་ཤེས་པའི་རྒྱུ་ལས་བྱུང་པ་དག་ལས་རྒལ་བར་ནུས་སོ། །ཞེས་གསུངས་སོ།
།བླ་མ་ལྔ་བཅུ་པ་ལས། བླ་མ་དང་ནི་རྡོ་རྗེ་འཛིན། ཐ་དད་པར་ནི་མི་བརྟག་གོ །ཞེས་གསུངས་སོ།
།སངས་རྒྱས་མཉམ་སྦྱོར་ལས། རེས་འགའ་ཞི་ལ་རེས་འགའ་ཁྲོ། །རེས་འགའ་བགེགས་ཆེན་གནོན་མཛད་ཅིང་། །སྐྱེ་དང་རི་བོ་ཐམས་ཅད་དོ།
།ལྷན་ཅིག་སྐྱེས་གྲུབ་ལས། སློབ་མ་འགའ་ཞིག་གྲུབ་བརྙེས་ནས། །ཁེངས་པས་བླ་མར་ཕྱག་མི་བྱེད། །བླ་མའི་བཀའ་ལས་འདས་པ་ཡི། །སྐད་ཅིག་དེ་ལ་མནར་མེད་ལྟུང་། །ཞེས་དང་།
ཀླུ་སྒྲུབ་ཀྱིས། ཚོགས་ནང་བླ་མ་མཐོང་ན་རྒྱབ་ཀྱིས་ཕྱོགས་པར་བྱེད། དེ་ནི་ལྐོག་ཏུ་སོང་ནས་དེ་ནས་ཕྱག་བྱེད་འགྱུར། །དེ་ནི་རང་བུ་ཡིན་ཡང་གཞན་བུ་བཞིན་ཏུ་སྤང་བར་བྱ། །རྒྱལ་རིག་རྗེ་རིགས་མཆོག་ཏུ་སྐྱེས་གྱུར་ཀྱང་། །བསྙེན་པས་དེ་ནི་ནམ་ཡང་དྲུང་དུ་བཞག་མི་བྱ། ཅེས་སོ།
།ཆོས་རྣམས་ཡང་དག་པར་སྟུད་པའི་མདོ་ལས། ཆོས་རྣམས་མ་ཐོས་མི་ཤེས་ཀྱང་། ཡོན་ཏན་ལྡན་པའི་བླ་མ། དང་བའི་ཡིད་ཀྱིས་མོས་བྱས་ན། བསོད་ནམས་དེ་འདྲ་གཞན་ན་མེད། ཅེས་གསུང་།
དེ་ལྟ་བུའི་མོས་གུས་གཅིག་ཡོད་ན། གདམས་ངག་སྣ་རེ་ལས་མི་ཤེས་ཀྱང་། མི་ལྟོ། ཆོས་ཚིག་གཅིག་ལས་མི་ཤེས་ཀྱང་མི་ལྟོ། བསྒོམ་ཐུན་གཅིག་ལས་མ་བསྒོམས་ཀྱང་། མི་ལྟོ་ཏེ། རང་སེམས་ཆོས་ཀྱི་སྐུ་ཏུ་རྟོག་ནས་འོང་། གྲུབ་ཆེན་ཨོ་རྒྱན་པ་གསུང་ངོ་། །མངྒལཾ།