Sgyu lus 'bring po'i zur 'debs
Resource ID | SP3 |
---|---|
Title | sgyu lus 'bring po'i zur 'debs bu d+d+ha shrIs mdzad pa |
Topics | Illusory body |
Sub-Topics | Instructions |
Author | Sangyé Pelsang |
Link | BDRC W3CN18508 (p.454) |
Notes | This text is connected to chos drug gi gsung sgros by Gyeltsen Bum |
this text needs to be re-read
༄༅། །སྒྱུ་ལུས་འབྲིང་པོའི་ཟུར་འདེབས་བུདྡྷ་ཤྲཱིས་མཛད་པ་བཞུགས་སོ།།
བླ་མ་ཡི་དམ་ཞབས་པད་ལ། །རྩེ་གཅིག་གུས་པས་བཏུད་བྱས་ནས། །སྙན་བརྒྱུད་ནཻ་གུ་ཆོས་དྲུག་གིས། སྒྱུ་ལུས་དབང་འབྲིང་ཟུར་འདེབས་བྲི།
དེ་ལ་བཞི་ལས།
དང་པོ་ཚེ་འདིའི་བློས་བཏང་པའི་ཕྱིར་འཆི་བ་མི་རྟག་པ་བསམ་པ་ནི།
ཀླུའི་རྒྱལ་པོ་རྒྱ་མཚོས་ཞུས་པའི་མདོ་ལས། འདུས་བྱས་ཐམས་ཅད་མི་རྟག་ཅེས་གསུངས་པས། ལུས་སྲོག་འདི་ཡང་འདུས་བྱས་ཡིན་པས་མི་རྟག་པ་རྣམས་མི་རྟག་པར་ཤེས་དགོས་ཏེ།
མདོ་ལས། འདུ་ཤེས་རྣམས་ཀྱི་ནང་ནས་མཆོག་ཏུ་གྱུར་པ་འཆི་བ་མི་རྟགས་པའི་འདུ་ཤེས་རབ་ཏུ་བསྒོམ་པར་བྱའོ། ཞེས་དང་།
དམ་པ་སངས་རྒྱས་ཀྱིས་འཆི་བ་བསམས་ན་ཅིས་ཀྱང་དགོས་པ་མེད། རྟག་ཏུ་དྲན་པར་གྱིས་ཤིག་དིང་རི་བ། ཅེས་དང་།
སྐྱེས་པའི་ནང་ཕྱོགས་འཆི་བའི་བྱ་བྱུང་པས། འགྲོ་རྩིས་ད་ལྟ་གྱིས་ཤིག་དིང་རི་བ། ཅེས་དང་།
མཉམ་མེད་རྨོག་ལྕོག་པའི་ཞལ་ནས། ཚེ་ཡོངས་སུ་གཏུགས་པའི་ལྷག་མ་ལ། ལོང་མེད་ཀྱི་བརྩོན་འགྲུས་མི་རྩོམ་པར། ལས་འབྲེལ་པོ་གཅིག་སྔོན་དུ་བྱེད་བྱེད་ནས། དུས་རིང་པོ་སང་འཆི་གནངས་འཆི་ལ། ཆོས་རིངས་མོ་ཅིག་ཡོད་པ་ཤུལ་དུ་ལུས། ཞེས་དང་། ཕུང་པོ་ཟག་བཅས་སྡུག་བསྔལ་གནོད། །སྐྱེ་རྒ་ན་འཆི་ཀུན་གྱི་གནས། །ལུས་རྫ་ཆག་བཞིན་དུ་འབོར་རྒྱུ་ལས། །རྟག་ཏུ་རེ་བའི་སྙིང་མེད་པོ། ཞེས་སོགས་མང་དུ་གསུངས།
གུ་རུ་པད་མས། འཆི་བ་མི་རྟག་པ་བཤའ་མ་གཅིག་དྲན་ན། ཅིས་ཀྱང་དགོས་མེད་ཀྱི་བློ་སྐྱེ། ཐར་ལམ་ལ་བཙོན་པས་འཇུག །ཡང་དག་གི་བླ་མ་འཚོལ་མི་དགེ་བ་ལས་ངང་གིས་འབྱོལ། ཡོ་བྱད་ལ་འཛིན་ཆགས་མེད། འདུ་འཛི་ལ་བདུད་དུ་བལྟ། དེ་ཙམ་ན་ཡོན་ཏན་ཐམས་ཅད་རྒྱུད་ལ་སྤུངས་པ་བཞིན་ཏུ་འོང་སྟེ། བོད་ཀྱི་ཆོས་པ་ལ་འཆི་བ་མི་རྟག་པ་དྲན་པ་མི་འདུག་གསུང་ངོ་།
།འཆི་བ་མི་རྟག་པ་དྲན་ན་བསགས་སྦྱངས་ཀྱི་ཡོན་ཏན་ཐམས་ཅད་འབྱུང་བར་ཡང་།
ཞང་རིན་པོ་ཆེའི་ཞལ་ནས། འཁོར་བ་ལས་མ་གྲོལ་བ་དེ་གནས་ལུགས་ཀྱི་དོན་མ་རྟོགས་པས་ལན། དེ་སྒྲིབ་པ་མ་ཟད་པས། དེ་ཚོགས་མ་བསགས་པས། དེ་དད་པ་མ་སྐྱེས་པས། དེ་འཆི་བ་མ་དྲན་པས་ལན་ནོ། །དེ་ལ་འཆི་བ་མི་རྟག་པ་ཤ་མ་གཅིག་སྐྱེས་ན་ངེས་འབྱུང་གི་དད་པ་ལྐོག་ལངས་སུ་སྐྱེ། དེས་ཚོགས་བསོག །དེས་སྒྲིབ་པ་འཛད། དེས་གནས་ལུགས་ཀྱི་དོན་རྟོགས་ནས་འཁོར་བ་ལས་གྲོལ་བར་འགྱུར་རོང་། གསུང་ངོ་།
།དེའི་ལག་ལེན་བླ་མ་མཚན་ལྡན་བསྟེན་ནས། ཚོགས་བསགས་པས་ཡོན་ཏན་སྐྱེ་ཚུལ་ཡང་།
དམ་པ་དམར་པོ་ལ། ཡོན་བདག་ཡུན་རིང་པོ་བྱས་པ་གཅིག་གིས་ད་ང་རྒས་འདུག་པས། ཆོས་ཚིག་ཉུང་བ། དོན་དུ་འདྲིལ་བ། ཉམས་སུ་བླང་བདེ་བ་གཅིག་ཞུ་བྱས་པས། ཚོགས་བརྒྱ་རྩ་དང་བརྒྱ་འབུལ་གྱིས་གསུང་། དེ་ལྟར་བྱས་ཀྱང་ཡུན་རིང་པོ་མ་བྱུང་། ད་ཞུ་དགོས་བྱས་པས། གཞན་གྱི་ཐོས་སུ་མི་བཏུབ་པ་ཅིག་ཡོད་པས། ཚོགས་ཀྱི་ཆས་གཅིག་ཁྱེར་ལ་མི་མེད་པ་གཅིག་ཏུ་འདེང་ངོ་གསུང་ནས། གྲོགས་ཕུག་གཅིག་ཏུ་ཕྱིན་པ་དང་། མི་མི་འདུག་གམ་ལྟོས་ཞིག་གསུངས། མི་མི་གདའ་བྱས་པས། ངའི་ལག་པ་ལ་འཇུས་ལ་ང་ལ་ལྟོས་ཤིག་གསུངས། དེ་ལྟར་བྱས་པས། བན་ང་ཡང་འཆི། ཁྱོད་ཀྱང་འཆི། ཇུག་བྱེད། དེ་ལྟ་བུའི་ཆོས་ཟབ་མོ་གཅིག་ཁྱོད་ལ་བྱིན་པ་ཡིན་ནོ། །གསུང་། ཡོན་བདག་གི་བསམ་པ་ལ་ཆོས་དེ་ལ་ཚོགས་བརྒྱ་རྩ་དང་བརྒྱ་འབུལ་ཞིག་རང་མི་དགོས་པ་འདྲ། བླ་མ་ཇི་ལྟར་དགོངས་པ་ཡིན་ནམ་སྙམ་བློ་མ་བདེ་སྟེ་དེ་ནུབ་གཉིད་ཙམ་མ་བྱུང་། ཐོ་རངས་གཉིད་རི་བ་གཅིག་བྱུང་ཙ་ན། འཆི་བ་མི་རྟག་པ་ལྷང་པ་ཞིག་རྒྱུད་ལ་སྐྱེས་བྱུང་ནས། དེ་ནས་བརྩོན་པས་ཆོས་བྱས་པས་དགེ་སྦྱོར་བཟང་པོ་སྐྱེས་པ་གཅིག་བྱུང་ཟེར་རོ། །དེ་ལྟ་བུའི་སྙིང་ནས་ཆོས་བྱེད་པ་ལ། བརྩོན་འགྲུས་ཆེ་ཞིང་གདམས་ངག་གི་གནད་ཤེས་པ་གཅིག་དགོས་ཏེ།
ཁ་རགས་སྒོམ་ཆུང་པས། སྐུ་མཚམས་དམ་པོ་བཅད་ནས་སྒྲུབ་པ་མཛད་པས། མི་རྣམས་ན་རེ། ཐོས་པ་གཅིག་ཀྱང་མ་བྱས་པར་བསྒྲུབ་པ་ཁོ་ན་བྱེད་པ་བར་ཆད་ཀྱིས་ཁྱེར། སྡེར་ནང་དུ་བཅུག་ནས་ཁྱི་ལ་འདྲེན་པ་དང་འདྲ་བ་ཟེར་བ་བྱུང་། པོ་ཏོ་བས་ཁོང་གི་དགོན་པ་གཟིགས་སུ་བྱོན་པས། ཁོང་ལ་རི་དགས་ཚོ་བྲོས་སོང་། བཞུགས་པའི་ཕྱིའི་ཕྱོགས་བཞི་ན། མཐོ་རེ་ལ་ཡི་གེ་འདུག་པ་གཟིགས་པས། ཤར་ན། ཉམས་ཆུང་བདག་ལ་རྐྱེན་ངན་གནོད་པ་མང་། །བརྟན་པ་ཐོབ་ནས་རྐྱེན་ངན་གྲོགས་སུ་འཆར། །ནགས་ཀྱི་མེ་དང་མེ་སྟག་ཇི་བཞིན་དུ། །གཅིག་པུར་གནས་པ་ཁོ་བོའི་དབྱར་དམ་ཡིན། ལྷོ་ན། འཆི་བདག་བདུད་ནི་མི་བསྡོད་ཚུར་ཚུར་ཡོང་། །དེ་ལས་ཐར་བའི་ཐབས་ནི་ཅི་ཡང་མེད། །ད་ལྟ་གཉིད་དང་ལེ་ལོའི་དབང་སོང་ཏེ། །ཇི་འདྲའི་དུས་གཅིག་བདག་ལ་ཡོང་ན་ཨང་། ནུབ་ན། ཚེ་འདིའི་ལྟོ་རྒྱབ་ཇི་ལྟར་བྱས་ཀྱང་ཕྱིད། །ཤི་ནས་བྱང་ཆུབ་འབྲས་བུ་བརྩལ་ཐབས་མེད། །དགྲ་ཟིན་སྡེ་རིགས་ཀུན་ལ་མ་ཆག་པར། །བསོད་ནམས་ཆེན་པོ་མྱུར་དུ་བསག་པ་གཅེས། བྱང་ན། ཚེ་ལ་ལོང་མེད་ཐ་སྙད་ཐུག་པ་མེད། །དེ་བས་དམ་པའི་དགོངས་པ་ལོང་མཛོད་ལ། །འདུ་འཛི་སྤངས་པའི་དགོན་པར་ཞི་གནས་བསྟེན། བསེ་རུ་ལྟ་བུར་གཅིག་པུར་གནས་པར་བྱ། ཅེས་པ་མཐོང་པས་ཤིན་ཏུ་ངེས་ཤེས་སྐྱེས་པ་བྱུང་། ནང་དུ་ཕྱིན་ཙ་ན་རི་དགས་ཀྱི་འོ་མ་གཞོས་ནས་རང་རང་གི་ཕྲུག་གུ་ལ་ལྷུད་པའི་ཆས་སུ་འདུག་ནས། ང་ལ་རི་དགས་ཚོ་བྲོས་སོང་། ཁྱེད་ལ་མི་འབྲོས་པར་འདུག་པ་ཅི་ཡིན་བྱས་པས། ངས་སྐྱེ་བ་ལྔ་བརྒྱར་ཤ་མ་ཟོས་པ་ཡིན་ཟེར། ཁོང་རང་ཟན་ཆངས་པ་རེ་དང་། ལོ་མ་ཆངས་པ་རེ་ལ་གསོལ་རྒྱུ་མཛད་པ་ལ། ད་ནང་ལྟོ་སྐྱིད་པོ་བྱེད་གསུང་ནས། ཟན་ཆངས་པ་གཉིས་དང་ལོ་མ་ཆངས་པ་རེ་དྲངས།
དེ་ནས་པོ་ཏོ་བས་ཁ་རག་པ་ལ། ཉམས་ལེན་ཇི་ལྟར་མཛད་དྲིས་པས།
ཁ་རག་པ་ན་རེ། དལ་འབྱོར་རྙེད་དཀའ་དང་། འཆི་བ་མི་རྟག་པ་བསྒོམས་པས་ཚེ་འདི་ལས་བློ་ལྡོག་པར་གོ །ལས་རྒྱུ་འབྲས་དང་། འཁོར་བའི་ཉེས་དམིགས་བསྒོམས་པས་མི་དགེ་བ་ལས་བློ་ལྡོག་པར་གོ །བྱམས་པ་དང་སྙིང་རྗེ་བྱང་ཆུབ་ཀྱི་སེམས་བསྒོམས་པས་རང་གཅིག་པུའི་ཞི་བདེ་ལས་བློ་ལྡོག་པར་གོ །ཆོས་ཐམས་ཅད་རང་བཞིན་མེད་པར་བསྒོམས་པས། གཟུང་འཛིན་ལས་བློ་ལྡོག་པར་གོ །ཅེས་གསུངས་པས།
ཉམས་ལེན་གྱི་གནད་་་་་་གདའ་གསུང་ངོ་། །དེ་ལ་བློ་ལྡོག་བཞི་སྒོམ་རྒྱུ་བདུན་ཉམས་ལེན་སྐྱེས་བུ་གསུམ་གྱི་ཉམས་ལེན་དུ་འདུ་བ་ཡིན་ནོ་གསུངས་སོ། ཁོང་བཞུགས་པའི་བྲག་ཁུང་ན་ལང་ན་བྲག་ཟུར་ལ་དབུ་ཐུགས་ཁྲག་འོང་། སྒོ་རྩར་ཕྱིན་ཙ་ན་ཚེར་ཕུང་གཅིག་ཡོད་པ་ཞབས་ལ་ཟུག་ནས་ཁྲག་འོང་པ་གཅིག་ཡོད་པ་ལ་འདི་གཉིས་གཅོད་དགོས་པ་འདུག་སྙམ་པ་བྱུང་ཡང་། ད་ལྟ་ཀ་འཆི་ཉེན་ཡོད་སྙམ་ནས་དེ་ཡང་གཅོད་མ་ཁོམ་པར་ཐུགས་དམ་རྩེ་གཅིག་ཏུ་མཛད་དོ་གསུང་ངོ་།
ཆོས་ལ་སྙད་པའི་ཚེ་འདིའི་ཆེ་ཐབས་སྒྲུབ་པ་ལ་སྙིང་པོ་མེད་དེ།
ཁ་རག་པའི་ཞལ་ནས། འགྲན་སེམས་ཀྱི་སློབ་གཉེར་བྱེད་པ་དང་། ལོ་འདོད་ཀྱི་སྟོན་པ་བྱས་པ་དང་། མཁས་འདོད་ང་རྒྱལ་སྨྲ་བ་གསུམ། ཆོས་སུ་འགྲོའམ་སོམས་གཅིག་ཨ། ཞེས་གསུངས་སོ།
ལོ་ཙ་བ་རིན་ཆེན་བཟང་པོས། ཇོ་བོ་ཐོ་ལྡིང་གསེར་གྱི་གཙུག་ལག་ཁང་དུ་གནད་དྲངས་ནས་ཞུས་པ། བཤད་པ་བྱས་ན་བསོད་ནམས་ཆེའམ་ཞུས་པས་ཚེ་འདི་བློས་ཐོང་གསུང་། ཉན་པ་དང་བསྒོམ་པ་བསོད་ནམས་ཆེའམ་ཞུས་པས་ཀྱང་། ཚེ་བློས་ཐོང་གསུང་། མདོར་ན་ཚེ་བློས་མ་ཐོངས་ན་བཤད་ན་བཤད་ཚད། ཉན་ན་ཉན་ཚད། བསྒོམས་ན་སྒོམས་ཚད་འཁྲུལ་གསུང་ངོ་།
མཉམ་མེད་རྨོག་ལྕོག་པ་ཆེན་པོས། རྨོག་ཅོག་གི་བྲག་ལ་བཞུགས་པས། ལོ་གཅིག་ཏུ་ཨ་ནེ་ཁྲོལ་ལྕམ་གྱིས་ཟླ་བ་རེ་ལ་ནས་བྲེ་བཅོ་ལྔ་རེའི་སྒྲུབ་བརྒྱགས་བསྐྱལ། དེ་ནས་ཨ་ནེ་ན་རེ་ང་རྒས་པས་བྲེ་དོ་མ་ནས་མི་འཁྱོལ་བ་འདུག་ཟེར་ནས། རེ་ཞིག་བྲེ་དོ་མ་བསྐྱལ། ཡང་ཨ་ནེ་བྱུང་ནས་རིན་ཆེན་བརྩོན་འགྲུས་ཁྱོད་གསོས་ཀྱང་སྐྱེད་ནི་མི་ཡོང་བར་འདུག །ང་རྒས་པས་སས་བྲེ་དོ་མ་ཡང་མི་འཁྱོལ་བར་འདུག་གོ་ཟེར་ནས། རྒན་མོ་གཅིག་ལ་ཉུང་གཞི་བླངས་ནས་བྲག་འོག་ན་ཕར་བཏབ་ཏེ། དབྱར་ལོ་མ། དགུན་ཉུང་མ་བཅོས་པ་གསོལ་ཏེ། ཚེ་བློས་བཏང་ནས་ཐུགས་དམ་མཛད་པས་སྒྱུ་ལུས་རྨི་ལམ་འབྱོངས། འོད་གསལ་མངོན་དུ་གྱུར་ནས་ཡི་དམ་མང་པོའི་ཞལ་གཟིགས། གྲུབ་པ་ཐོབ་གདའ་བ་ལ་གཟིགས་དང་། དབོན་སྟོན་སྐྱེར་སྒང་པས་སྒྲུབ་པ་མཛད་དུས་ལོ་ཕྱེད་དང་བཞིའི་བར་ལ། སྤེན་མའི་ཐལ་བས་ཆུའི་མདོག་བསྒྱུར་ནས། ཐུགས་དམ་མཛད་པ་ལ། བརྒྱགས་བསྐྱེལ་མཁན་སུ་ཡང་མེད་ཀྱི་སྟེང་དུ། གྲྭ་པ་རྣམས་ཀྱིས་སྒོ་རྡོས་བརྡུངས་པ་ལ་སྲན་ནས་སྒྲུབ་པ་བྱས་པས། སྤྱན་རས་གཟིགས་ལ་སོགས་ཡི་དམ་མང་པོའི་ཞལ་མཐོང་གྲུབ་པ་ཐོབ་གདའ་བ། རང་རེ་རྣམས་ཀྱང་དེ་རྣམས་ལ་མིག་བལྟས་ནས་རབ་ཚེ་དང་སྒྲུབ་པ་མཉམ་པ། འབྲིང་ལོ་མཚམས། དབྱར་མཚམས། རྒུན་མཚམས་མ་ཆག་པ། ཐ་མས་ཀྱང་ཁྲིད་འདི་མ་གྲོལ་བར་ལ། ཚེ་འདིའི་གཤོམ་རལ་གྱི་བྱ་བྱེད་ཐམས་ཅད་བཞག་ནས། ཉམས་ལེན་རྒྱུད་ཐོག་ཏུ་འགེལ་བ་ཅིག་མ་བྱས་ན། ཁྲིད་ཞུས་ལོའི་སྣང་པ་ཡིན་ཏེ།
ལང་ཀར་གཤེགས་པ་ལས། བག་ཆགས་ཀྱིས་ནི་དཀྲུགས་པའི་སེམས། །དོན་དུ་སྣང་པ་རབ་ཏུ་བྱུང་། །དོན་ཡོད་མ་ཡིན་སེམས་ཉིད་ནི། །ཕྱི་རོལ་དོན་མཐོང་ལོག་པ་ཡིན། ཞེས་གསུངས་པས།
སྣང་པ་ཐམས་ཅད་རང་སེམས་ཡིན་པར་བློ་ཐག་བཅད། མ་དག་པའི་སྣང་པ་ཐམས་ཅད་ཀྱང་སེམས་ཡིན་ཏེ།
སྤྱོད་འཇུག་ལས། ལྕགས་བསྲེགས་ས་གཞི་སུ་ཡི་བྱས། །མེ་ཚོགས་དེ་དག་གང་ལས་བྱུང་། །དེ་འདྲ་དེ་དག་ཐམས་ཅད་ནི། སྡིག་སེམས་ཡིན་པར་ཐུབ་པས་གསུང་། ཞེས་པས།
ཚ་དམྱལ་བའི་ལྕགས་བསྲེགས་པ་གཞི་ཡང་སེམས་ཅན་དེ་རང་གི་སེམས་ཡིན་པར་ཤེས་པར་བྱའོ།
།དེ་ལྟར་ཡང་མདོ་ལས། དམྱལ་བ་ཡི་དྭགས་དུད་འགྲོ་དང་། །ལྷ་རྣམས་ཇི་ལྟར་རིགས་དྲུག་ལ། །དངོས་གཅིག་ཡིད་ནི་ཐ་དད་ཕྱིར། །དོན་མ་གྲུབ་པར་འདོད་པ་ཡིན།
ཞེས་པས་མི་ལ་ཆུར་སྣང་པའི་དངོས་པོ་དེ་ཀ་ཚ་དམྱལ་ལ་མེའི་རིགས་དུ་མ། གྲང་དམྱལ་ལ་གང་དང་འཁྱག་པ་ལ་སོགས་རེག་བྱ་གྲང་བ་དུ་མར་སྣང་། ཡི་དགས་ལ་རྣག་ཁྲག་དང་བྱེ་ཚན་གྱི་ཐང་ལ་སོགས་པར་སྣང་ངོ་། །དུད་འགྲོ་ལ་གནས་དང་། བཏུང་བ་དང་། ལྷ་ལ་བདུད་རྩི་དང་། ཏིང་ངེ་འཛིན་གྱི་གསལ་སྣང་སྣ་ཚོགས་སུ་འཁྲུལ་པའི་དབང་གིས་འབྱུང་སྟེ། རང་སེམས་ཡིན་པའི་རྒྱུ་མཚན་གྱིས་སོ། །དེ་དག་ལས་ཀྱང་སེམས་ལས་གཞན་པའི་ཕྱི་དོན་བདེན་གྲུབ་དུ་ཡོད་ན་མཐོང་སྣང་ཐ་དད་དུ་ཇི་ལྟར་འབྱུང་། གནས་ལུགས་ལ་དེ་ཐམས་ཅད་བདེན་པར་མེད་དེ། སྒྲིབ་གཉིས་དག་པའི་སངས་རྒྱས་ཀྱི་ལོག་པ་དེ་རྣམས་མ་གྲུབ་པར་གཟིགས་པའི་ཕྱིར་རོ།
།གཞན་ཡང་འཇམ་དཔལ་རྣམ་པར་རོལ་པའི་རྒྱུད་ལས། ལྷའི་བུ་པད་མ་རྣམ་པར་རོལ་པས་འཇམ་དཔལ་ལ་སྨྲས་པ། འཇམ་དཔལ་ཕྱི་རོལ་གྱིས་ཡུལ་འདི་རྣམས་བྱེད་པ་པོས་བྱས་པའམ་ཇི་ལྟར་བལྟ་བར་བྱ། འཇམ་དཔལ་གྱིས་སྨྲས་པ། ལྷའི་བུ་ཕྱི་རོལ་གྱི་ཡུལ་འདི་རྣམས་ནི་བྱེད་པ་པོས་བྱས་པ་མ་ཡིན་ཏེ། སེམས་རྟོག་པའི་བག་ཆགས་བལྟས་པའི་དབང་གི་སྣང་པ་ཡིན་ནོ། །ལྷའི་བུས་སྨྲས་པ་བག་ཆགས་ཇི་ལྟར་བལྟས་ཀྱང་རི་བོ་དང་ཉི་ཟླ་དང་རྒྱ་མཚོ་ལ་སོགས་པ་སྲ་ཞིང་མཐས་པ་འདི་ལྟར་སྣང་དུ་ག་ལ་རུང་། འཇམ་དཔལ་གྱིས་སྨྲས་པ། རྣམ་པར་རྟོག་པ་བལྟས་པའི་དབང་གིས་དེ་ལྟར་སྣང་དུ་རུང་སྟེ། གྲོང་ཁྱེར་ཆེན་པོ་ཝ་ར་ཎཱ་སིར་བྲམ་ཟེ་མོ་གཅིག་གི་ལུས་སྟག་ཏུ་བསྒོམས་པས། གྲོང་ཁྱེར་གྱི་མི་རྣམས་ཀྱིས་སྟག་དངོས་སུ་མཐོང་ནས་མི་ཐམས་ཅད་བྲོས་ཏེ། གྲོང་ཁྱེར་སྟོང་པ་བྱུང་། དགོ་སློང་ཁ་ཅིག་གིས་ཀེང་རུས་སུ་བསྒོམས་པས། ཐམས་ཅད་ཀྱི་ཀེང་རུས་སུ་མཐོང་བ་བྱུང་ངོ་། དེ་རྣམས་ཡུན་ཐུང་ངུས་ཀྱང་དེ་ལྟར་མཐོང་ན། ཐོག་མ་མེད་པའི་དུས་ནས་བག་ཆགས་བལྟས་པས་ཅི་སྟེ་མི་སྣང་། ལྷའི་བུས་སྨྲས་པ་བག་ཆགས་བལྟས་པའི་དབང་གིས་དེ་ལྟར་སྣང་པ་ཅིའི་ཕྱིར་ཡིན། འཇམ་དཔལ་གྱིས་སྨྲས་པ། སྣང་པ་ཐམས་ཅད་མ་ངེས་པ་ཡིན་ཏེ། ལ་ལའི་སྣང་པ་ནི་ལ་ལའི་མུན་པ་ལ་སོགས་པར་གསུང་སོ། །དག་པའི་སྣང་པ་རྣམས་ཀྱང་སེམས་ནི་ཏེ།
གོང་དུ་བཤད་པ་ལྟར། རིན་ཆེན་སེམས་ལས་ཕྱིར་གྱུར་པའི། སངས་རྒྱས་མེད་ཅེས་སོགས་གསུངས་པ་དང་།
ཀྱཻའི་རྡོ་རྗེ་ལས། སེམས་ནི་ཆེན་པོ་གཅིག་ཉིད་ལས། །ལྔ་ཡིས་གཟུགས་ཀྱི་རྣམ་པར་མཚན། །རིགས་ནི་ལྔ་པོ་དེ་ཉིད་ལས། །སྟོང་ཕྲག་ཏུ་མར་སྐྱེས་པ་ཉིད། །དེ་ཕྱིར་འདི་དག་རང་བཞིན་གཅིག །བདེ་ཆེན་མཆོག་ཏུ་ཕན་པ་ཉིད། །འདོད་ཆགས་ལ་སོགས་སེམས་ལྔ་ཡི། །དབྱེ་བས་ལྔ་རུ་འགྲོ་བར་འགྱུར། ཞེས་དག་པའི་རིགས་ལྔ་ལ་སོགས་པ་ཐམས་ཅད་སེམས་སུ་བཤད་པ་དང་།
མདོ་སྡེ་རྒྱན་ལས། ཇི་ལྟར་ཆུ་རྙོག་པ་ལས་དངས་པ་ན། །དངས་པ་དེ་ཉིད་དེ་ལས་སྐྱེས་མིན་གྱི། །དེ་ནི་དེ་ལ་དྲི་མ་བྲལ་བར་ཟད། །དེ་བཞིན་རང་སེམས་དག་ལ་ཚུལ་འདི་ཉིད། །སེམས་ནི་རྟག་ཏུ་རང་བཞིན་འོད་གསལ་འདོད། །དེ་ནི་བློ་བུར་ཉེས་པས་མ་རུངས་བྱས། །ཆོས་ཉིད་སེམས་ལས་གཞན་པ་སེམས་གཞན་ནི། །འོད་གསལ་མ་ཡིན་རང་བཞིན་ལ་བརྗོད་དོ། །ཞེས་དང་།
དེའི་འབྲེལ་པར་ཡང་ཇི་ལྟར་ཆུ་རང་བཞིན་གྱིས་དངས་པ་ལས་བློ་བུར་གྱིས་རྟོགས་པ་ཡིན་པ་དེ་བཞིན་དུ། སེམས་རང་བཞིན་གྱིས་འོད་གསལ་བར་འདོད་པ་ལས་གློ་བུར་གྱི་ཉེས་པས་མ་རུངས་པར་བྱས་སོ། །ཆོས་ཉིད་ཀྱི་སེམས་ལས་མ་རྟོགས་པ་སེམས་གཞན་ཏེ་གཞན་གྱི་དབང་གིས་མཚན་ཉིད་ནི་རང་བཞིན་གྱིས་འོད་གསལ་བ་ཉིད་དུ་མི་བརྗོད་དོ། །དེ་ལྟ་བས་ན་སེམས་ནི་འདིར་ཆོས་ཉིད་ཀྱི་སེམས་ཁོ་ན་ཡིན་པར་རིག་པར་བྱའོ། ཞེས་གསུངས་སོ།
།དེ་ལྟར་མྱོང་བ་དང་ལུང་དང་རིག་པ་དེ་དག་ལ་རྟེན་ནས། སྣང་བ་རང་སེམས་སུ་ཐག་ཆོད་ངོ་ཤེས་པ་བྱེད་དགོས་ཏེ། འདི་ལ་བརྟེན་ནས་འདུས་བྱས་མི་རྟག་པའི་རྒྱུ་མཚན་དང་། མ་དག་པའི་སེམས་འགགས་ན་འཁྲུལ་སྣང་ཐམས་ཅད་འགགས་པ་དང་། དག་པའི་སེམས་རྟོགས་ན་དག་སྣང་ཐམས་ཅད་འཆར་བ་ལ་སོགས་པ། སེམས་ཅན་གྱིས་སངས་རྒྱས་འགྲུབ་པའི་རྒྱུ་མཚན་དང་། གནས་ཀ་ཐམས་ཅད་འདི་ལ་ཡོད་པ་ཡིན་ཏེ།
བྲམ་ཟེ་ཆེན་པོས། སེམས་ཉིད་གཅིག་པོ་ཀུན་གྱི་ས་བོན་ཏེ། །གང་ལ་སྲིད་དང་མྱ་ངན་འདས་འཕྲོ་བ། །འདོད་པའི་འབྲས་བུ་བསྟེར་བར་བྱེད་པ་ཡིས། །ཡིད་བཞིན་ནོར་འདྲའི་སེམས་ལ་ཕྱག་འཚལ་ལོ། །ཞེས་གསུངས་པས།
ཁྲིད་སྟོན་པ་པོ་རྣམས་དང་ཉན་པ་པོ་རྣམས་ཀྱིས་འལ་འོལ་ཆད་ཆོད་དུ་མ་ལུས་པར་ཉམས་ལེན་རྡོ་རུས་ཐུག་པས། སྣང་བ་རང་སེམས་ཡིན་པ་ལ་ཐེ་ཚོམ་མི་ཟ་བ་རེ་ཤིན་ཏུ་གལ་ཆེའོ། །འདི་དག་གི་ལུང་དང་རྒྱུ་མཚན་མང་དུ་ཡོད་མོད། ཡི་གེ་མངས་དོགས་བསྡུས་ཏེ་བྲིས་པ་ཡིན་པས་བླ་མ་རྣམས་ཀྱི་གདུལ་བྱའི་རྒྱུད་ཚོད་དང་སྦྱར་ནས་ཞིབ་ཏུ་བཤད་པར་བྱའོ།
།གསུམ་པ་སེམས་དེ་ཡང་སྒྱུ་མ་ལྟ་བུར་བསྟན་པ་ནི།
སྔོན་རྒྱ་གར་ཡུལ་དབུས་ཀྱི་རྒྱལ་པོ་གཅིག་ལ་རྟ་སྲེད་ཞུགས་ནས་ཡོད་པ་ལ། བཙུན་མོས་སྒྱུ་མ་མཁན་བཟང་པོ་ལ་བོས་ནས། རྒྱལ་པོ་ལ་སྒྱུ་མ་སྟོན་ཅིག་བྱས་པས། རྟ་བང་འགྲོས་སུ་འཛོམ་པ་སྤྲུ་ཁ་ཡིད་དུ་སྡུག་པ་གཅིག་བསྟན་ནས་རྟ་འདི་ཉོ་འམ་བྱས་པས་ཉོ་ཟེར། རིན་ལ་རྒྱལ་སྲིད་ཀྱི་ཕྱེད་འདོད་བྱས་པས། ཆགས་ཐོག་མེད་པར་འཇལ་ནུས་པ་བྱུང་། །ཡང་རྩ་ནས་མི་གཅིག་བྱུང་ནས། ཁོ་གཅིག་པོ་བདག་པ་མ་ཡིན། ཚོང་བཤའ་མར་བྱེད་ན་དེའི་སྟེང་དུ་བཙུན་མོའི་ཕྱེད་འཇལ་ནུས་སམ་བྱས་པས་ཀྱང་ནུས་པར་བྱུང་། ཡང་རྩ་ནས་མི་གཅིག་བྱུང་ནས་ཁོང་གཉིས་ཀྱང་བདག་པ་མ་ཡིན། ཚོང་གཤའ་མར་བྱེད་ན་དེའི་སྟེང་དུ་སྲས་ཚོའི་ཕྱེད་མཇལ་ནུས་སམ་བྱས་པས་དེ་ཅུང་ཟད་མ་ནུས་ནས། ཞོན་ལ་བལྷ་ཡི་བྱས་ནས་ཞོན་པས། བསྐལ་པར་ཕྱིན་ཡང་མི་བགྲོད་པའི་སར་ཁྱེར་ནས་ཐང་ཆེན་པོ་གཅིག་གི་འགྲམ་ན་མཚོ་གཅིག་འདུག་པའི་ཐང་དེ་ལ་རྒྱལ་པོ་བསྐྱུར་ནས་མཚོ་ལ་རྟ་ཏེ་འཆོངས་སོ། །དེ་ནས་ཡ་ཚད་ན་ཕྱིན་ཙ་ན། གྲོགས་ཕུག་གཅིག་འདུག་པ་ན། རྒན་རྒོན་བཟའ་མི་གཉིས་བུ་མོ་གཅིག་དང་གསུམ་འདུག་པ་ལ། རྒད་པོ་དེ་ན་རེ། རྒྱལ་པོ་ཆེན་པོ་ཁྱོད་བསོད་ནམས་ཆེན་པོ་དང་ལྡན་པ་ཡིན་ཡང་། རྒྱལ་སྲིད་དུ་ནི་བསྐལ་པར་ཕྱིན་ཡང་བགྲོད་པར་མི་ནུས། བུ་མོ་འདི་དང་བཟའ་མི་གྱིས་ཤིག་ཟེར་ནས། ཁྱིམ་ཐབས་བྱས། དེར་ལོ་བདུན་བརྒྱད་བསྡད། བུ་སྤུན་བདུན་བྱུང་། ཆུང་ཤོས་དེ་གུ་བ་གཅིག་བྱུང་། དེ་ནས་རྒད་པོ་ངེ་ན་རེ། རྒྱལ་པོ་ཆེན་པོ་ཁྱོད་བསོད་ནམས་ཆེན་པོ་དང་ལྡན་པ་ཡིན་ཡང་། བུ་དེ་གུ་བ་འདི་ལ་བྱམས་པར་གྱིས་ཤིག་ཟེར་ནས། མཚོ་དེ་ལ་འཆོངས་སོང། དེ་བཞིན་དུ་ཟེར་ཞིང་རིམ་པ་བཞིན་དུ་ཐམས་ཅད་མཆོངས་སོང། རྟིང་ལ་བུ་དེ་གུ་བ་དེ་ལ་ཡང་སྨྲ་རྒྱུ་ཅིག་བྱུང་ནས་རྒྱལ་པོ་ཆེན་པོ་ཁྱོད་བསོད་ནམས་དང་ལྡན་པ་ཡིན་པས། སྐྱིད་པར་གྱིས་ཤིག་ཟེར་ནས་མཚོ་ལ་མཆོང་སོང། །དེར་སྡུག་བསྔལ་དཔག་ཏུ་མེད་པ་ཡོད་པ་ལ། བཙུན་མོས་སྒྱུ་མ་མཁན་ལ། རྒྱལ་པོ་ལ་ཐུགས་རླུང་འཇུག་པར་འདུག་པས་སྒྱུ་མ་བཤིག་ཅིག་བྱས་ནས་བཤིག་པས། གྲིབ་སོ་མཐོ་གང་ཙམ་ལས་མ་སོང་པར་འདུག་གོ །དེས་ན་སྐད་ཅིག་མ་བསྐལ་པར་ཤར་བ་ཡིན་ནོ།
།དེ་ལ་སྒྱུ་མའི་རྒྱུ་ནི་རྡེའུ་དང་ཤིང་བུ་ལ་སོགས་པ་ཡིན་ལ། རྐྱེན་ནི་རྫས་དེ་དང་ལྟ་མཁན་གྱིས་མིག་སླད་པའི་སྔགས་དེ་ཡིན། ལྟ་མཁན་ལ་གསུམ་སྟེ། མིག་སླད་པའི་སྐྱེ་བོ། སྒྱུ་མ་མཁན་རང་མིག་མ་སླད་པའི་སྐྱེའོ།
།མཐོང་ཚུལ་ནི། མིག་སླད་པའི་སྐྱེ་བོས་རྟ་གླང་ལ་སོགས་པ་བདེན་འཛིན་དང་བཅས་པར་མཐོང་། སྒྱུ་མ་མཁན་རང་གིས་བདེན་འཛིན་མེད་བཞིན་དུ་རྟ་གླང་ལ་སོགས་མཐོང་། མིག་མ་སླད་པའི་སྐྱེ་བོས། སྒྱུ་མའི་རྒྱུ་རྡེའུ་དང་ཤིང་བུ་ལ་སོགས་པར་གང་ཡིན་དེར་མཐོང་། དཔེ་དེ་བཞིན་དུ་ད་ལྟར་གྱི་སྣང་བ་འདི་རྣམས་ཀྱང་། སྒྱུ་མ་ལྟ་བུ་ཡིན་པ་ལ་མཐོང་ཚུལ་གསུམ་དེ། ཐ་མལ་གྱི་སྐྱེ་བོ་འཁྲུལ་པའི་སྔགས་ཀྱིས་སླད་པ་རྣམས་ཀྱིས་རིགས་དྲུག་འཁྲུལ་སྣང་སྣ་ཚོགས་སུ་བདེན་ཞེན་དང་བཅས་པར་མཐོང་། སོ་སྐྱེ་རྟོག་པ་བཟང་བ་རྣམས་དང་འཕགས་པ་འགའ་ཞིག་གིས། རྗེས་ཐོབ་ཏུ་འཁྲུལ་སྣང་མཐོང་ཀྱང་བདེན་འཛིན་མེད། བྱང་སེམས་འཕགས་པ་རྣམས་ཀྱི་མཉམ་བཞག་དང་། རྫོགས་པའི་སངས་རྒྱས་རྣམས་ཀྱི་གནས་ལུགས་ཟབ་མོ་དག་པའི་སྣང་བ་འཁྲུལ་སྣང་དང་བྲལ་བར་གཟིགས་ཏེ། སྤངས་རྟོགས་མཐར་ཕྱིན་པའི་ཕྱིར་རོ། །དེས་ན་སྣང་པ་འདི་ཐམས་ཅད་ཀྱི་གནས་ལུགས་སངས་རྒྱས་ཀྱི་གཟིགས་པ་ལྟར་ཡིན་ལ། ཉམས་སུ་ལེན་ལུགས། འཁྲུལ་པའི་སྔགས་ཀྱིས་སླད་པའི་ཚོགས་དྲུག་གི་ཡུལ་དུ། གཟུགས་སྒྲ་དྲི་རོ་རེག་བྱ་ཆོས་ལ་སོགས་པ་ཅིར་སྣང་ཐམས་ཅད་བདེན་མེད་དུ་བློ་ཐག་བཅད་ཅིང་བསྒོམ་པས་འཁྲུལ་སྣང་ཐམས་ཅད་རིམ་གྱིས་དག་ནས་མིག་མ་སླད་པའི་སྐྱེ་བོ་བཞིན་དུ། གནས་ལུགས་དག་པའི་སྣང་བ་རྟོགས་ནས་སངས་རྒྱ་བ་ཡིན་ཏེ།
ཏིང་ངེ་འཛིན་རྒྱལ་པོ་ལས། སྒྱུ་མ་བྱེད་པ་དག་གིས་གཟུགས་སྤྲུལ་ཏེ། །རྟ་དང་གླང་པོ་ཤིང་རྟ་སྣ་ཚོགས་བྱས། །ཇི་བཞིན་སྣང་ཡང་སྣང་པ་གང་ཡང་མེད། །ཆོས་རྣམས་ཐམས་ཅད་དེ་ལྟར་ཤེས་པར་གྱིས། ཞེས་པའི་དོན་ནོ།
བཞི་པ་སེམས་དེ་ཡང་རྨི་ལམ་ལྟ་བུར་བསྟན་པ་ནི།
སྔོན་རྒྱ་གར་ལྷོ་ཕྱོགས་ཀྱི་རྒྱལ་པོ་ཞིག་ལ་བུ་མོ་གཅིག་ཡོད་པའི་བསམ་པ་ལ། རིགས་དང་ལོངས་སྤྱོད་ལ་སོགས་པ་གང་གིས་སྒོ་ནས་ཀྱང་། ངའི་འཛའ་ཟླ་མཉམ་པ་མི་འདུག་སྙམ་ནས་སེམས་ཁྲལ་དུ་ཡོད་པ་ལ། གཡོག་མོས་ལྷ་ཅིག་ཅི་ལ་མྱ་ངན་བྱེད་དྲིས་པས། ངའི་གཉེན་དོས་ཐུབ་པར་མི་འདུག་ཟེར། རྒྱ་གར་ཤར་ཕྱོགས་ན་ཁྱེད་པས་ལྷག་པའི་རྒྱལ་བུ་གཅིག་ཡོད་བྱས་པས། གསེར་གྱི་ཐུལ་པ་གསེར་སྲང་བྱེ་བ་རི་བ་གཅིག་བསྐུར་ནས་བལྟར་བཏང་། དེས་གཉེན་བསྒྲིགས། རྒྱལ་བུས་ཀྱང་གཡུའི་ཐུལ་པ་གསེར་སྲང་བྱེ་བ་རི་བ་གཅིག་བསྐུར། ལྷ་ཅིག་ྒིས་གཡོག་མོ་ལ་རྒྱལ་བུ་ཇི་ལྟ་བུ་གཅིག་འདུག་དྲིས་པས། ལྷ་ཅིག་དང་སྒོ་རྩའི་ཁྱི་མོ་འདི་བསྐྲུན་ན་བྱས་པས། འདིས་ངའི་བརྒྱའི་ཆར་ཡང་། སྟོང་གི་ཆར་ཡང་བསྐྲུན་པར་མི་ནུས་ཟེར་རོ།
།དེ་བཞིན་དུ་རྒྱལ་བུ་ལ་ལྷ་གཅིག་གིས་བསྐྲུན་པར་མི་ནུས་པ་ཞིག་འདུག་བྱས་པས། དེ་ལ་ཡིད་ཆེས་པ་ཡོད་དྲིས་པ་ལ། ཐུལ་པ་གཏད་པས་ཤིན་ཏུ་དགའ་ནས། རྒྱལ་བུ་དེ་དང་གཉེན་བྱས་པ་ལ་སོགས་པའི་བསམ་མནོ། ཁོ་ན་ཡིད་ལ་འཁྱུས་པས། ནུབ་མོ་རྨི་ལམ་དུ་རྒྱལ་བུ་དང་ཁྱིམ་ཐབས་བྱས་ལྷན་ཅིག་བསྡད་པས། བུ་གཅིག་སྐྱེས་དེ་ལ་བཙས་སྟོན་རྒྱ་ཆེན་པོ་བྱས། ཤིན་ཏུ་དགའ་ཞིང་སྐྱིད་པར་ཡོད་འཕྲོ་ལ། བུ་དེ་ཤི་ནས་མྱ་ངན་དཔག་ཏུ་མེད་པ་ཡོད་ཙ་ན། སངས་རྒྱས་ཉི་མའི་སྙིང་པོས་སྒོ་ལ་འཁར་གསིལ་ཐུག་མཛད་ནས། ཛ་ཡ་སིདྡྷི་བཀྲིས་པར་གྱུར་ཅིག །ཅེས་བརྗོད་པས།
ལྷ་གཅིག་གི་སྣང་བ་ལ། ཇི་ལྟར་བུ་མོ་གཞོན་ནུའི་རྨི་ལམ་ན། །བུ་ཕོ་བྱུང་ཞིང་ཤི་བ་དེ་མཐོང་ནས། །བྱུང་ན་དགའ་ལ་ཤི་ན་མི་དགའ་ལྟར། །ཆོས་རྣམས་ཐམས་ཅད་དེ་ལྟར་ཤེས་པར་གྱིས། ཅེས་པའི་ཚིག་ཏུ་གོ་ཞིང་ལྷ་གཅིག་གྲོལ་བར་བཤད་དོ།
།དེ་ལྟར་རྨི་ལམ་ཐུན་ཅིག་ལ་འཁྲུལ་པའི་སེམས་བུ་སྐྱེས་པའི་བདེ་བ་དང་། ཤི་བའི་སྡུག་བསྔལ་ཉམས་སུ་མྱོང་བ་གཉིས་སྣང་ཡང་། དོན་ལ་བདེ་སྡུག་གང་ཡང་མེད་པར་ཤེས་པར་བྱའོ།
།དེ་བཞིན་དུ་སྤྱོད་འཇུག་ལས། ཇི་ལྟར་རྨི་ལམ་བུ་ཤི་བ། །དེ་མེད་སྙམ་དུ་རྣམ་རྟོག་ནི། །དེ་ཡོད་རྣམ་པར་རྟོག་པ་ཡི། །གང་ཡིན་དེ་ཡང་རྫུན་པ་ཡིན། ཞེས་གསུང་ལ།
བློ་འཁྲུལ་པའི་རྨི་ལམ་དང་གཉིད་སད་པའི་བདེ་བ་ལ་སྙིང་པོ་མེད་ཅིང་མི་རྟག་པ་ཡིན་ཏེ།
སྤྱོད་འཇུག་ལས། རྨི་ལམ་ལོ་བརྒྱར་བདེ་མྱོང་ཡང་། །ཡུད་ཙམ་ཅིག་གིས་བདེ་བ་ཡང་། །སད་པའི་ཚེ་ན་དེ་འདྲར་ཟད། །ཚེ་རིང་ཚེ་ཐུང་གཉིས་ཀ་ཡང་། །འཆི་བའི་ཚེ་ན་དེ་འདྲར་ཟད། ཅེས་གསུངས་སོ།
།ཉམས་སུ་ལེན་ཚུལ་ནི། སྒྱུ་མ་ལྟ་བུའི་ཆོས་ཅན་རྣམས་སྣང་། ཡང་བདེན་པ་ལ། སྒྱུ་མ་དང་རྨི་ལམ་བདེན་མེད་དུ་བསྒོམས་པའི་སྒྱུ་མ་ཐམས་ཅད་སངས་ནས། ཡེ་ཤེས་ཀྱི་སྒྱུ་མ་རྒྱས་ནས་གྲོལ་བར་འགྱུར་ཏེ།
རྣམ་སྣང་མངོན་བྱང་ལས། སྒྱུ་མ་ལྟ་བུའི་ཆོས་རྣམས་ལ། །སྒྱུ་མ་ལྟ་བུར་བསྒོམ་བྱས་ན། །སྒྱུ་མ་ལྟ་བུར་མངོན་སངས་རྒྱ། །རྨི་ལམ་ལྟ་བུའི་ཆོས་རྣམས་ལ། །རྨི་ལམ་ལྟ་བུར་བསྒོམས་བྱས་ན། །རྨི་ལམ་ལྟ་བུར་མངོན་སངས་རྒྱས། །ནམ་མཁའ་ལྟ་བུའི་ཆོས་རྣམས་ལ། །ནམ་མཁའ་ལྟ་བུར་བསྒོམས་བྱས་ན། །ནམ་མཁའ་ལྟ་བུར་མངོན་སངས་རྒྱ། ཅེས་གསུངས་ལ།
ཚིག་ཏུ་བརྗོད་པས་ཀྱང་། གསལ་འདེབས་དགོས་ཏེ།
ཁྱེའུ་རབ་སྣང་གི་ཞུས་པའི་མདོ་ལས། ཆོས་རྣམས་སྒྱུ་མ་རྨི་ལམ་ཞེས། །གང་གིས་ཚིག་བརྗོད་དྲན་གྱུར་ན། །སྲིད་པའི་འཆིང་བ་ལས་གྲོལ་ནས། །ཚེ་འདི་ཉིད་དུ་སངས་རྒྱས་ངེས། ཞེས་སོ།
དེ་ལྟར་མཉམ་བཞག་ཏུ་བསྒོམ་ཚུལ་ཡང་།
ཡེ་ཤེས་མཁའ་འགྲོ་ནེ་གུ་མས། དྲན་སྣང་རྟོགས་པའི་རི་མོ་རྣམས། །སྒྱུ་མ་རྨི་ལམ་ཐག་བཅད་ནས། །འདུན་པ་དྲག་པོས་ཉམས་སུ་བླང་། །འཁྲུལ་སྣང་བྱུང་ན་ཡང་ཡང་སྦྱང་། ཞེས་དང་།
རྗེས་ཐོབ་ལམ་དུ་ཁྱེར་ཚུལ་ཡང་། ཅིར་སྣང་བསྒོམ་དུ་མ་ཤེས་ན། །གཉེན་པོ་བརྟེན་གྱི་ག་ན་ལང་། །ཡུལ་ངན་སྤངས་པས་ག་ན་སྤོངས། སྒྱུ་མར་རྟོགས་པས་རང་སར་གྲོལ། ཞེས་གསུངས་པ་ལྟར་ཉམས་སུ་བླང་།
དེ་ལྟ་བུའི་སྒྱུ་མའི་མཐར་ཐུག་དབུ་མ་ཆེན་པོའི་དོན་ཡིན་ཏེ།
གཉིས་མེད་རྣམ་རྒྱལ་ལས། སྒྱུ་མ་འདི་ནི་ཡོད་མེད་ལས་འདས་ཤིང་། །དབུ་མ་ཙམ་དུའང་མི་གནས་ཀུན་རྫོབ་ཏེ། །ཆོས་རྣམས་ཐམས་ཅད་སྒྱུ་མའི་སྒྱུ་མ་སྣང་བ་ལས། འགག་པ་མེད་པའི་རོལ་པར་རང་བྱུང་པའོ། ཞེས་གསུངས་ཏེ།
དེའི་དོན་ཡང་། འཁྲུལ་སྣང་སྒྱུ་མ་ཡོད་པ་དང་མེད་པ་ལས། ལམ་གྱི་སྒྱུ་མ་བསྒོམ་པས་འདས་ཏེ། རང་སྟོང་གི་དབུ་མ་ཙམ་ལའང་མི་གནས་པར། ཡེ་ཤེས་སྒྱུ་མའི་རང་བཞིན་ཀུན་རྫོབ་ཀྱི་རྣམ་པ་ཙམ་དུ་སྣང་བ་སྟེ། འདི་ལ་ཡང་དག་ཀུན་རྫོབ་ཅེས་པ་བཅུ་པའི་འགྲེལ་པ་རྣམས་དང་། བླ་མེད་ཀྱི་རྒྱུད་སྡེ་ཟབ་མོ་རྣམས་སུ་གྲགས་ལ། སྒྱུ་མ་མཁན་བཟང་པོས་ཞུས་པའི་མདོར་ཡང་།
ཁམས་གསུམ་སེམས་ཅན་ཐམས་ཅད་ནི། ལས་ཀྱི་བསྡུས་པའི་སྒྱུ་མ་ཡིན། མེ་ལོང་གཟུགས་བརྙན་ལ་སོགས་པ། རྐྱེན་གྱིས་བསྒྱུར་བའི་སྒྱུ་མ་ཡིན། ང་ཡི་འཁོར་གྱི་དགེ་སློང་ནི། ཆོས་ཀྱི་བསྡུས་པའི་སྒྱུ་མ་ཡིན། ང་ནི་ཡང་དག་རྫོགས་སངས་རྒྱས། །ཡེ་ཤེས་སྤྲུལ་པའི་སྒྱུ་མ་ཡིན།
ཅེས་གསུངས་པས་ལས་དང་རྐྱེན་གྱི་སྒྱུ་མ་ནི་འཁྲུལ་པ་ཡིན་ལ། ཆོས་ཀྱི་བསྡུས་པ་ནི་ལམ་གྱི་སྒྱུ་མ་ཡིན། ཡེ་ཤེས་སྒྱུ་མ་ནི་དག་པའི་སྒྱུ་མར་ཤེས་དགོས་ལ། སྒྱུ་མའི་དོན་ཡང་ཡོད་མེད་གཉིས་ཀ་ཚང་བ་གཅིག་ལ་ཟེར་ལ། འཁྲུལ་པའི་སྒྱུ་མ་ནི་སྣང་ཡང་བདེན་པར་མེད་པ་དང་། ཡེ་ཤེས་སྒྱུ་མ་ནི་འཁྲུལ་པའི་དྲི་མ་མེད་ལ། ཡེ་ཤེས་ཀྱི་སྣང་བ་ཡོད་པའོ། ལམ་གྱི་སྒྱུ་མ་ནི་དེ་གཉིས་རེས་འཇོག་ཏུ་ཅི་རིག་པར་འཆར་བའོ།
དེ་ལྟར་ཡང་མགོན་པོ་བྱམས་པས། མ་དག་མ་དག་དག་པ་དང་། །ཤིན་ཏུ་རྣམ་དག་གོ་རིམས་འཞིན། །སེམས་ཅན་བྱང་ཆུབ་སེམས་དཔའ་དང་། །དེ་བཞིན་གཤེགས་པ་ཞེས་བརྗོད་དོ། ཅེས་གསུངས་ལ།
དེ་ལྟ་བུའི་ལམ་ཉམས་སུ་ལེན་པའི་གང་ཟག་ཡང་། རྣལ་འབྱོར་ཆོས་གཡུང་ལྟ་བུ་ཅིག་དགོས་ཏེ།
དེ་ཡང་བླ་མ་དྭགས་པོ་ལྷ་རྗེ་ལ། སློབ་མ་རྣམས་ཀྱིས་ཐབས་ལམ་འབྱོང་པ་སུ་ཡོད་ཞུས་པས། ཆོས་གཡུང་གསུང་། སྒྱུ་མ། རྨི་ལམ། འོད་གསལ། འཕོ་བ། བར་དོ་འབྱོངས་པ་སུ་ཡོད་ཞུས་པས་ཀྱང་། ཆོས་གཡུང་གསུང་། རྣལ་འབྱོར་ཆོས་གཡུང་དེ་ཁྱི་ལྤགས་གཉིས་སྦྱར་ནས་སྦུད་པའི་གཟུགས་བྱས་པ་གཅིག་ལ། འགྲོ་ན་འབྲང་ཕད། ལྟོ་སྐོལ་ན་སྦུད་པ་ལ་སོགས་པའི་གང་མཁོ་བྱེད་པའི་ལྡུམ་བུ་བ་ཅིག་ཡོད་པ་ལ། སློབ་མ་གཞན་རྣམས་ཀྱིས་བསམ་པ་ལ། ལྡུམ་བུ་བ་འདི་ལ་དེ་ཙམ་པའི་བསྟོད་ར་ཞིག་དགོས་མོད་སྙམ་ནས་འཁོར་པ་ཚོས་མ་ཐེག་པར། ད་འདི་དམའ་ཕབ་དགོས་པར་འདུག །དེ་ལ་བླ་མ་ལ་བཞེད་པ་འདྲེན་རེས་བྱས་པས། ཁོ་ལ་དྲང་རྒྱུ་མེད་ན་དམའ་ཕེབས་འོང་ཟེར་ནས་གྲོས་བྱས་པས། ཐམས་ཅད་ཀྱིས་དྲངས་ནས། སང་ཆོས་གཡུང་ལ་འདྲེན་རེས་ཡོད་བྱས་པས། ཁོང་གི་སྒོ་ཡོན་བསྐོར་ནས་ཕྲུ་བ་གཅིག་ཏུ། ཟན་དང་ཕྱེ་དང་ཐུག་པ་བསྟེར་བ་བྱུང་ཚད་བླུག་ནས། བླ་མ་ལ་དྲངས་པས་གསོལ་ལོ། །དེས་དམའ་ཡ་ཆ་ཞིག་ལ་ཕེབས། ད་ཚོགས་གཤོམ་རེས་བྱེད་བྱས་པས། གཞན་ཐམས་ཅད་ཚོགས་འཁོར་བཤམས། བཞེད་དགོངས་ཆོས་གཡུང་ལ་གཤོམ་རེས་ཡོད་དོ་བྱས་པས། ངའི་བཞེད་པ་དེ་ཡང་མགོ་ཐོན་ཅིག་མ་བྱུང་། ང་ལ་ཅི་ཡང་མེད་པའི་ཚོགས་འཁོར་རང་ཅི་འོང་ངམ་བྱས་པས། ཁྱོད་བླ་མའི་ཐུགས་ཟིན་གྱིས་མི་ཡོང་ན་གཞན་སུས་ཡོད་ཟེར། དེ་ནུབ་རྨི་ལམ་བཟུང་ནས་ལྷ་ཡུལ་དུ་ཕྱིན། བཞེས་ནུབ་བླ་མ་དྭགས་པོ་ལྷ་རྗེ་ལ་མཆོད་པ་ཕུལ་ཅིག །མི་འབུལ་ན་འདུལ་བ་ཡིན་ནོ། །ལྷ་མ་ཡིན་དང་། དྲི་ཟ་དང་ཀླུའི་ཡུལ་དུ་ཕྱིན་ནས་བཞེས་ནུབ་བླ་མ་ལ་མཆོད་པ་ཕུལ་ཞིག་མི་འབུལ་ན་འདུལ་བ་ཡིན་ནོ་ཞེས་སྡིགས་པས། ཐམས་ཅད་ཀྱིས་ཁས་སླངས་སོ། །དེ་ནས་བླ་མ་ལ་ཁྲི་མཐོན་པོ་གཤམས་ནས་ཚོགས་འཁོར་མཛད་པའི་དུས་སུ། མེ་ཏོག་གི་ཆར། འཇའ་འོད། རོལ་མོའི་སྒྲ་དང་གླུ་དབྱངས་སྙན་པ། དྲི་ཞིམ་པ་དཔག་ཏུ་མེད་པ་བྱུང་པས། བླ་མ་ལ་འཁོར་རྣམས་ཀྱིས་འདི་ཅི་ལགས་ཞུས་པས། ཆོས་གཡུང་གི་ཅལ་ཅོལ་ཡིན་མོད་གསུང་། དེ་ནས་ཆོས་གཡུང་རྩོད་མེད་དུ་གྱུར། དེ་ནས་བླ་མས་འོ་ཅག་ལ་མ་བྱིན་པའི་གདམ་ངག་ཟབ་མོ་ཞིག་ཁོ་ལ་བྱིན་ཡོད་པར་འདུག་ནས་ནས། ཁམ་པའི་གྲ་པ་ཕྱུག་པོ་རྣམས་ཀྱིས་ཁོང་ལ་ནོར་ཆེན་པོ་ཕུལ་ནས་ཞུས་པས། ནོར་རྣམས་བླངས་ནས་འཕོངས་པ་རྣམས་ལ་བྱིན། ཁོང་གི་གསུང་ནས། ངས་འཆི་བ་མི་རྟག་པ་དང་། བླ་མའི་མོས་གུས་དང་། ཅིར་སྣང་ཐམས་ཅད་སྒྱུ་མ་རྨི་ལམ་དུ་ཁྱེར་བ་དང་གསུམ་པོ། དེ་བསྒོམས་པས་ཆོས་དྲུག་ཀ་རྫོགས་ནས་བྱུང་པ་ཡིན་ནོ་གསུང་ངོ་།
འདི་རྣམས་བཤོད་པའི་སྐབས་སུ་བླ་མས་ཀྱང་བྱང་ཆུབ་ཀྱིས་སེམས་ཀྱིས་ཀུན་ནས་བླངས་ཏེ། རིང་ཐབས་དང་ཆེ་བཅོས་སུ་མ་སོང་པ་བྱས་ལ་སློབ་མ་མཆོག་དམན་ཀུན་ལ་དྲིས་གཏུག་ཡང་ཡང་བྱས་ལ་དོན་གོ་ཞིང་མྱོང་བ་རྒྱུད་ལ་སྐྱེས་པ་མཛད་དགོས། ཟབ་ཆོས་ཀྱིས་སློབ་མ་བསླུས་ན་གཏན་གྱི་འདུན་མ་འཆོར་བས་ཤིན་ཏུ་སྡིག་ཆེའོ། །སློབ་མས་ཀྱང་འཆི་ཆོས་དང་། གཏན་གྱི་འདུན་མ་འཚོལ་དུས་གཉིད་དང་བཟའ་བཏུང་དང་བྲེ་མོ་དང་འགྲོ་འདུག་བྱ་བྱེད་ཐམས་ཅད་སྤངས་ལ་རྩེ་གཅིག་ཏུ་བསྒོམ་ཞིང་། དོན་མ་གོ་བར་དུ་བླ་མ་ལ་ཞུ་བ་དང་། རྒྱུད་ལ་མ་སྐྱེས་བར་དུ་བསྒོམ་པ་གལ་ཆེ། སྙིང་ཐག་པ་ནས་ཀྱི་སྙན་བསྐུལ་འདི་ལ་དཔོན་སློབ་གཉིས་ཀས་གསན་པར་ཞུ། སྒྱུ་ལུས་དབང་པོ་འབྲིང་གི་སྐབས་སུ་འཆི་བ་མི་རྟག་པ་བསམ་པ་དང་། སྣང་པ་སེམས་སུ་ངོ་སྤྲད་པ་དང་། སེམས་སྒྱུ་མ། རྨི་ལམ་ལྟར་ངོ་སྤྲད་པའི་ཟུར་འདེབས་བླ་མ་རྣམས་ཀྱི་ཕྱག་ལེན་དང་། མདོ་རྒྱུད་ཀྱིས་ལུང་བསྙམ་མེད་པས་༼སངས་རྒྱས་དཔལ་བཟང་པོས་༽དཔལ་ལྐུགས་༼ལུང་༽གི་གཙུག་ལག་ཁང་དུ་བྲིས་པའི་དགེ་བའི་རྩ་བས་སེམས་ཅན་ཐམས་ཅད་ཀྱིས་སྒྱུ་མ་ལྟ་བུའི་དོན་རྟོགས་པར་གྱུར་ཅིག །མངྒ་ལཾ།