Bsgrub khrigs yid bzhin nor bu

From Shangpa Resource Center
Revision as of 12:08, 28 September 2023 by Sengue (talk | contribs)








Resource ID Sup20
Title ye shes mgon po'i chos skor las bsgrub khrigs yid bzhin nor bu
Topics Chadrupa
Sub-Topics Various
Author Khyungpo Neljor
Associated Person Maitripa
Link BDRC W3CN18508 (v3p.56)
Notes See sgrub thabs dgongs pa kun byung gdam ngag gi rgyal po for another version.

Needs to be re-read
༈ ཡེ་ཤེས་མགོན་པོའི་ཆོས་སྐོར་ལས་བསྒྲུབ་ཁྲིགས་ཡིད་བཞིན་ནོར་བུ་བཞུགས་སོ།

ན་མོ་གུ་རུ་རཏྣ་ལོ་ཀེ་ཤྭ་ར་མཧཱ་ཀ་ལ་ཡེ།
སྐུ་ལྔ་དབྱེར་མེད་དཔལ་ལྡན་རྡོ་རྗེ་འཆང་། །ཤ་ཝ་རི་པ་གཉིས་མེད་རྡོ་རྗེའི་ཞབས། །ར་ཧཱུ་ལ་དང་ཁྱུང་པོ་རྣལ་འབྱོར་པ། །རྨོག་ལྕོག་སྐྱེར་སྒང་སྙན་སྟོན་སངས་རྒྱས་ཞབས། །འགྲོ་མགོན་སྟོན་པ་ཤངས་སྟོན་ཆོས་ཀྱི་རྗེ། །ཡོན་ཏན་རྒྱ་མཚོ་དྭ་ཛ་མེ་རུ་སྟེ། །བརྒྱུད་ལྡན་བླ་མ་རྣམས་ལ་ཕྱག་འཚལ་ནས། །ས་བཅུའི་དབང་ཕྱུག་འཕགས་པ་སྤྱན་རས་གཟིགས། །གདུག་པ་འདུལ་ཕྱིར་བཅོམ་ལྡན་གཤིན་རྗེ་གཤེད། །ཕྱག་དྲུག་བརྡ་སྟན་དེ་ལ་གུས་བཏུད་ནས། །དེའི་སྒྲུབ་ཐབས་གཏོར་ཆོག་དབང་བསྐུར་དང་། །ཞལ་ཤེས་གདམ་ངག་འཐོར་བར་བཞུགས་པ་ཡིས། །བློ་གྲོས་དམན་པའི་སྐྱེ་བོས་རྟོགས་བཀའ་ཞིང་། །ལག་ལེན་མི་ཤེས་འཁྲུལ་པ་གསལ་ཕྱིར་དུ། །བསྒྲུབ་ཐབས་གཏོར་ཆོག་དབང་དང་ཞལ་གདམས་དང་། །བསྟོད་བསྐུལ་ལ་སོགས་གསལ་བར་བཀོད་པར་བྱ།
དེ་ལ་འདིར་ཡེ་ཤེས་མགོན་པོ་ཕྱག་དྲུག་པ་ཞེས་ཀྱང་བྱ། སྤྱན་རས་གཟིགས་ནག་པོ་ཞེས་ཀྱང་བྱ། ཙན་དན་གྱི་མགོན་པོ་ཞེས་ཀྱང་བྱ། ཤིང་ཕུང་ཅན་ཞེས་ཀྱང་བྱ། ཡིད་བཞིན་གྱི་མགོན་པོ་ཞེས་ཀྱང་བྱ། ཤངས་པའི་མགོན་པོ་བཞི་ལྡན་ཞེས་ཀྱང་བྱ།
འདིའི་རྣལ་འབྱོར་བྱ་བར་མོས་པའི་གང་ཟག་སྙེན་སྒྲུབ་དང་ལས་ཚོགས་ཀྱིས་རང་གཞན་སྨིན་པར་བྱེད་ཅིང་། གཏོར་དབང་དང་ཞལ་སྡམས་ཀྱིས་སློབ་མ་རྗེས་སུ་འཛིན་པར་འདོད་པས། ཐོག་མར་བརྒྱུད་ལྡན་གྱི་བླ་མ་ལ་དབང་དང་རྗེས་སུ་གནང་བ་ཐོབ་ཅིང་། དམ་ཚིག་དང་སྡོམ་པར་ལྡན་ཞིང་སྤྱན་རས་གཟིགས་ཀྱི་སྙེན་པ་རྒྱས་བསྡུས་གང་རུང་སྐྱེལ་བའི་གང་ཟག་གིས།
གདམས་པ་དྲུག་སྟན་པ་འདིས་ཉམས་སུ་བླང་བར་བྱ་སྟེ། བཀོད་པ་བཤམ་ཞིང་བདག་སྐྱེད་མདུན་སྐྱེད་བསྒོམ་པ་དང་གཅིག །ཡེ་ཤེས་པ་དགུག་གཞུག་བྱ་ཞིང་་བླ་མས་རྒྱས་གདབ་པ་དང་གཉིས། གསོལ་བ་གདབ་ཅིང་ཡིག་བརྒྱ་བགྲང་བ་དང་གསུམ། བཤགས་པ་བྱ་ཞིང་སྙེན་པ་ཀྱལ་བ་དང་བཞི། གཏོར་འབུལ་ཞིང་མཆོད་བསྟོད་བྱ་བ་དང་ལྔ། དབང་བསྐུར་ཞིང་འཕྲིན་ལས་བསྟོད་བསྐུལ་ཞལ་ཤེས་མཚམས་སུ་སྦྱར་བ་དྲུག་གིས་སྟོན་ཏེ།
དེ་ལ་དང་པོ་གནས་དབེན་ཞིང་ཡིད་དུ་འོང་བའི་ས་ཕྱོགས་སུ། སྟེགས་བུ་ཁྲུ་གང་པའི་སྟེང་དུ། ཆང་དང་ཁྲག་གི་ཆག་ཆབ་གདབ། མཎྜལ་གྲུ་གསུམ་མཐིང་ནག་མེ་རི་འཁྱམས་དང་བཅས་པ་བྲིས། ཐོད་པའམ་ཀ་ཊོ་རའི་ནང་དུ། འབྲུ་ནག་པོ་ལ་རྗེན་བཏགས་བྱས་པའི་གཏོར་མ་གྲུ་གསུམ་དཔལ་དང་ལྡན་པ་གཤོས་བུ་ལྔས་སྐོར་བ་ལ་ཤ་ཁྲག་དང་རྒྱན་གྱིས་བརྒྱན་པ་དཀྱིལ་འཁོར་གྱི་དབུས་སུ་མནྫི་འམ་ཁྲིའུ་ལ་བཞག །དེའི་ཐ་མ་བླ་མ་ཡི་དམ་ལ་སོགས་པ་གང་འོས་ཀྱི་གཏོར་མ་དང་མཆོད་རྫས་དུ་མས་བསྐོར། མདུན་དུ་ནང་མཆོད་དང་ཌཱ་མ་རུ། རྡོ་རྗེ་དྲིལ་བུ་དང་སྤོས་སྦྱར་མ་རྣམས་སྟ་གོན་བྱ། རང་བསྒྲུབ་པའི་གྲོགས་དང་བཅས་ནས་སྟན་བདེ་བ་ལ་འདུག་ནས། སྔོན་འགྲོའི་གཏོར་མ་ཆུས་སྦྱངས་རང་ཡི་དམ་གང་ཡིན་པར་ཀྲོངས་སྐྱེད་ལ། ཨ་མྲི་ཏས་བསང་། སྭ་བྷ་ཝས་སྟོང་པར་སྦྱངས་པའི་ངང་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ། ཨོཾ་ཨཱཿཧཱུྃ་ལས་གཏོར་མ་དངས་ཤིང་ཐོགས་པ་མེད་པ་ཟག་པ་མེད་པའི་བདེ་བ་ཁྱད་པར་ཅན་སྐྱེད་པས་གང་བར་གྱུར། ཨོཾ་ཨཱཿཧཱུྃ། ཨོཾ་ཨ་ཀ་རོ་མུ་ཁཾ་སརྦ་དྷརྨཱ་ནྱེཾ་ཨདྱེ་ནུད་པན་ན་ཏྭད་ཏ་ཨོཾ་ཨཿཧཱུྃ་ཕཊ་སྭཱ་ཧཱ། ཨརྒཾ། པཏཾ། པུཥྤེ། དྷུ་པེ། ཨ་ལོ་ཀེ། གྷནྡྷེ། ནེ་ཝེ་ཏེ། ཤཔྟ་ཨཱཿཧཱུྃ། མཆོད་སྦྱིན་གྱི་གཏོར་མ་རྒྱ་ཆེན་པོ་འདི་ཉིད། དཀར་པོའི་ཕྱོགས་ལ་མངོན་པར་དགའ་བ་གསང་སྤྱོད་ཀྱི་གྲོགས་སུ་གྱུར་པ་རྣམས་དང་། ས་ཆ་དང་གནས་འདི་ཉིད་ལ་གནས་པའི་ལྷ་ཀླུ་འབྱུང་པོ་མཐུ་བོ་ཆེ་རྣམས་ལ་འབུལ་ལོ། །འདི་བཞེས་ལས་གསང་སྤྱོད་ཀྱི་བྱ་བ་མ་གྲུབ་ཀྱི་བར་དུ་གདོང་གྲོགས་དང་བསྲུང་སྐྱོབ་རྒྱ་ཆེན་པོ་མཛད་དུ་གསོལ། ནག་པོའི་ཕྱོགས་སུ་གྱུར་པ་དཀྱིལ་འཁོར་དང་གསང་སྤྱོད་ལྟ་བ་ལ་མི་དབང་བ་རྣམས་གཏོར་མ་འདི་ཁྱེར་ལ་གསང་སྤྱོད་ཀྱི་བྱ་བ་མ་གྲུབ་ཀྱི་བར་དུ་འདིར་མ་གནས་པར་གཞན་དུ་དེངས་ཤིག །གང་མི་འགྲོ་བ་དེ་དག་མགོ་བོ་ཚལ་པ་རབ་ཏུ་འགས་པར་འགྱུར་རོ།
།ཨོཾ་སུཾ་བྷ་ནི་བརྗོད། རོལ་མོ་བྱ། མཆོད་རྫས་རྣམས་མི་དམིགས་པའི་ངང་ལས། ཡེ་ཤེས་སྣང་བ་ལས་གྲུབ་པའི་མཆོད་རྫས་རབ་འཇམ་དངས་ཤིང་ཐོགས་པ་མེད་པ་ས་དང་བར་སྣང་ནམ་མཁའི་ཁམས་ཐམས་ཅད་ཡོངས་སུ་གང་བ་བསམ་གྱི་མི་ཁྱབ་པར་གྱུར། ཨརྒྷཾ་ལ་སོགས་པས་བྱིན་དབབ། ནང་མཆོད་བསང་སྦྱངས་བྱས་ལ།
སྟོང་པའི་ངང་ལས། ཡཾ་ལས་རླུང་གི་དཀྱིལ་འཁོར། དེའི་སྟེང་དུ་རཾ་ལས་མེའི་དཀྱིལ་འཁོར། དེའི་སྟེང་དུ་ཀཾ་ལས་མི་མགོ་སྐམ་པོ་གསུམ་གྱི་སྒྱེད་པོའི་སྟེང་དུ། ཨ་ལས་ཐོད་པ་དཀར་པོ་དུམ་བུ་གཅིག་པ་ཡངས་ཤིང་རྒྱ་ཆེ་བའི་ནང་དུ། ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ། ཤར་དུ་གྷོ་ལས་བ་ལང་གི་ཤ། ལྷོར་ཀུ་ལས་ཁྱིའི་ཤ། ནུབ་ཏུ་དྷ༼ཧ༽་ལས་རྟ་ཤ། བྱང་དུ་ཧ༼ད༽་ལས་གླང་པོ་ཆེའི་ཤ། དབུས་སུ་ན་ལས་མི་ཤ། ཤར་དུ་བྷྲུཾ་ལས་དྲི་ཆུ་། ལྷོར་ཨཾ་ལས་རཀྟ། ནུབ་ཏུ་ཛྲིཾ་ལས་བྱང་སེམས། བྱང་དུ་ཁཾ་ལས་ཀླད་པ། དབུས་སུ་ཧཱུྃ་ལས་དྲི་ཆེན། ཤར་དུ་བྷྲུཾ་ལས་མེ་ལོང་ལྟ་བུའི་ཡེ་ཤེས། ལྷོར་ཨཾ་ལས་མཉམ་པ་ཉིད་ཀྱི་ཡེ་ཤེས། ནུབ་ཏུ་ཛྲིཾ་ལས་སོ་སོར་ཀུན་ཏུ་རྟོག་པའི་ཡེ་ཤེས། བྱང་དུ་ཁཾ་ལས་བྱ་བ་གྲུབ་པའི་ཡེ་ཤེས། དབུས་སུ་ཧཱུྃ་ལས་ཆོས་ཀྱི་དབྱིངས་ཡེ་ཤེས། དེ་རྣམས་ཀྱི་སྟེང་དུ་ཨོཾ་དཀར་པོ་མགོ་འཐུར་དུ་བལྟ་བ་རེ་རེ། ཟླ་བའི་ཁ་ཅོད་སྣ་ཚོགས་རྡོ་རྗེ་ཧཱུྃ་གིས་མཚན་པ། དེ་ལས་འོད་ཟེར་འོག་ཏུ་སྤྲོས། རླུང་གཡོས་མེ་འབར། ཐོད་པ་དྲོས། རྫས་རྣམས་ཞུ། མི་གཙང་བ་དང་འབགས་པ་ཐམས་ཅད་ཕྱིར་སྣོད་ཁེངས་པར་བཤམས་༼གཏོར་མའི་ལག་ལེན་ཞལ་ལས་ཤེས་སོ།༽ལ། དཀྱིལ་འཁོར་གྱི་དབུས་སུ་བཞག །དེ་བྲིས་སྐུ་དེ་གཟུགས། གཡས་སུ་མཁའ་འགྲོ་སྤྱི་གཏོར། གཡོན་དུ་གཞི་བདག་གི་གཏོར་མ། རྒྱབ་དུ་གནོད་སྦྱིན་གཏོར་མ། མདུན་དུ་མཆོད་པ་རྣམ་ལྔ་ཅི་འབྱོར་བཤམས། གནད་གཅིག་ལ་འདིའི་ལུང་ཞུ་བ་དང་སྒྲུབ་པ་བྱེད་དུས་སམ་བཅའ་ཁ་བྱེད་དུས་ཟས་སྣ་ཚོགས་བསགས་ལ་ཚོགས་འཁོར་བྱེད་པ་གལ་ཆེ། ༼འདི་ཞུ་བའི་བླ་མ་གཅིག་ལ་༽ཕྱག་རྟེན་གང་ཕུལ་བ་དེ་དངོས་གྲུབ་ཀྱི་ཐོག་མར་བྱུང་། དེ་ལྟར་མ་ཡིན་དངོས་གྲུབ་ཡལ་ཞེས་གསུངས་སོ། །དམ་ཚིག་གཙང་བའི་རྣལ་འབྱོར་པས། ཚོགས་འཁོར་བཤམས་དང་བཅས་པས་འགྲུབ། ཞེས་ཡིད་བཞིན་ནོར་བུའི་རྒྱུད་ལས་གསུངས་སོ།
།དེས་སྐྱེད་རིམ་བསྟན་ནས་རྫོགས་པའི་རིམ་པ་ནི། རང་གི་སེམས་ཉིད་ཐིག་ལེ་དམར་པོར་གྱུར་པ་༼སྙིང་ཁ་ན་སྤྲོད་པ་ཟེར་བའང་འདུག་༽དེ་ལ་གཏད། དེ་ཇི་སྙེད་གཅིག་སྒོམས་པས་སེམས་གཏན་ལ་ཕེབས་པ་ཡིན། དེ་འོད་དུ་ཡལ་ཏེ་སོང་པ་དེའི་ངང་ལ་ཇི་ཙམ་གནས་ཀྱི་བར་དུ་འཇོག་བཞག་པའི་ངང་ནས་རིག་རིག་པ་རིག་སྟོང་། གྱུ་གྱུ་བ་འགྱུས་སྟོང་། མ་སྒྲིབས་པར་གསལ་བ་དེ་གསལ་སྟོང་། ཡིན་མེན་གྱི་མཐའ་དང་བྲལ་བས་རྨི་ལམ་གྱི་སྣང་པ། སྒྱུ་མའི་རང་བཞིན་ཞེས་པ་ལ་གབ་སྟེ་ངོ་སྤྲད་པ་དེའོ། །དེ་རྫོགས་པའི་རིམ་པའོ། །དེའི་སྟེང་ནས་འགྲོ་འདུག་ཉལ་འཆག་གི་སྣང་པ་ཡང་དེ་ཁོ་ན་བཞིན་ཉམས་སུ་ལེན་པ་ཁོ་བོ་ཁྱུང་པོ་རྣལ་འབྱོར་པའི་སྤྱོད་ཚུལ་ལོ།
།སྒྲུབ་པ་འདི་ལ་གསོལ་འདེབས་ཁོ་ན་གལ་ཆེ། སྒྲུབ་པ་ཐོན་ནས་ཡེ་ཤེས་པ་གཤེགས། དམ་ཚིག་པ་རང་ལ་བསྡུ། གཏོར་མ་ཆེ་བ་དངོས་གྲུབ་ལེན་པ་ཡིན། དམ་ཉམས་ཀྱི་ཁར་མི་བཞིན་ཁྱི་དང་བ་གླང་ལ་མི་བཞིན། གཏོར་མ་གཞན་རྣམས་མཆོད་བསྟོད་གཞུང་བཞིན་བྱས་ལ་གཏོར་མ་ནང་ནུབ་ཚ་བ་ཡོད་དུས་སམ་སྦྱིན་སྲེག་གི་གཞུང་བཞིན་བྱེད་དུས་སྲོག་སྔགས་ལ། ཁམས་གསུམ་དབང་བསྡུད་ཀྱི་སྔགས་ཀྱི་བཤམ་དུ་སུ་ཙ་ཁའི་བཏགས་ལ་འབུལ་ལོ།
།དེ་མ་ཡིན་པའི་སྤྱན་འདྲེན་བསྟོད་འབུལ། གཏོར་སྔགས། མགོན་པོའི་གཞུང་ཇི་བཞིན་དུ་བྱེད་པ་གནད་ཡིན་གསུང། རྗེས་བསྔོ་བ་མི་དམིགས་པས་རྒྱས་འདེབས་ཅིང་བཀྲ་ཤིས་བཀའ་བརྒྱ་མ་བརྗོད། བདག་ཁྱུང་པོ་རྣལ་འབྱོར་པས་ཞལ་གདམས་སྙན་བརྒྱུད་ཡི་གེར་བཀོད། བླ་མ་མགོན་པོ་མཁའ་འགྲོ་བཟོད་པར་གསོལ། གསེར་ཆོས་རྣམས་ཀྱི་ནང་ནས་མགོན་པོའི་བཀའ་བརྒྱ་མ་འདི་རིན་ཆེན་བརྩོན་འགྲུས་ལ་གཏོད། གཅིག་རྒྱུད་ལས་མ་སྤེལ་གཅིག །ཨྀཐི།།
འདིའི་རྒྱུད་པ་འདི་ཡེ་ཤེས་ཀྱི་མགོན་པོ། ར་ཧཱུ་ལ། ཁྱུང་པོ་རྣལ་འབྱོར། རིན་ཆེན་བརྩོན་འགྲུས། སྐྱེར་སྒང་པ། གཉན་སྟོན། སངས་རྒྱས་སྟོན་པ། བྲག་ནག་པ་བསོད་ནམས་མཛེས། ཡོན་ཏན་རྒྱལ་མཚན། མཁས་བཙུན་སངས་རྒྱས།རྒྱལ་མཚན་འབུམ། སངས་རྒྱས་དབོན་པོ།བྱམས་པ་དཔལ། བླ་མ་སེང་གེ་རྒྱལ་མཚན། དེས་བདག་ལའོ།