Khyung pos mdzad pa'i bkra shis bka' rgya ma
Resource ID | SCv11p768 |
---|---|
Title | khyung pos mdzad pa'i bkra shis bka' rgya ma |
Topics | Wishes |
Author | Khyungpo Neljor |
Associated Person | Niguma |
Link | BDRC W23922 BDRC W3CN18508 (v2p.680) |
༈ ཁྱུང་པོས་མཛད་པའི་བཀྲ་ཤིས་བཀའ་རྒྱ་མ་བཞུགས་སོ།།
༈ ༼ཚུ༽
ཡོན་ཏན་རབ་རྫོགས་གངས་ཀྱི་རི་བོ་བཞིན། །བྱིན་རླབས་ཆུ་བོས་སྐལ་ལྡན་ཚིམ་མཛད་ཅིང་།
།རང་སེམས་ལྷན་ཅིག་སྐྱེས་པ་སྟོན་མཛད་པའི། །ཆོས་རྗེ་བླ་མ་རྣམས་ཀྱིས་བཀྲ་ཤིས་ཤོག
།སྒྲུབ་པ་པོ་ལ་བུ་བཞིན་གཟིགས་མཛད་ཅིང་། །མི་འབྲལ་ལུས་དང་གྲིབ་མ་ཇི་བཞིན་དུ།
།དམ་ཚིག་ཅན་ལ་དངོས་གྲུབ་སྟེར་མཛད་པའི། །ཡི་དམ་ལྷ་ཚོགས་རྣམས་ཀྱིས་བཀྲ་ཤིས་ཤོག
།དམ་ཅན་སྒྲུབ་པ་པོ་ཡི་རྗེས་འབྲང་ཞིང་། །ཞི་དང་རྒྱས་དང་མངོན་སྤྱོད་ལ་སོགས་པ།
།སྣ་ཚོགས་ཕྲིན་ལས་བསྒྲུབ་ལ་བརྩོན་མཛད་པའི། །ཆོས་སྐྱོང་བསྲུང་མ་རྣམས་ཀྱིས་བཀྲ་ཤིས་ཤོག
།སྣང་སྲིད་རང་གྲོལ་སྒྱུ་མ་རྨི་ལམ་བཞིན། །ཡིད་ལ་བྱར་མེད་སྟོང་གསལ་ཆེན་པོའི་ངང་།
།བདེ་བ་ཆེན་པོ་རྒྱུན་མི་ཆད་པའི་ཉམས། །བདེ་ཆེན་ཕྱག་རྒྱ་ཆེན་པོའི་བཀྲ་ཤིས་ཤོག
།བསྒྲུབ་པ་པོ་ལ་གསོལ་བ་འདེབས་པ་དང་། །སྐུར་པ་འདེབས་པའི་སྐྱེ་འགྲོ་གང་ཡིན་པ།
།ཐམས་ཅད་བྱང་ཆུབ་ལམ་ལ་འགོད་མཛད་པའི། །མཉམ་མེད་བྱང་ཆུབ་སེམས་ཀྱི༴
འཁོར་བ་མྱ་ངན་འདས་པ་ཐམས་ཅད་ཀྱི། །བཀྲ་ཤིས་གོ་འཕང་ཇི་སྙེད་ཡོད་པ་ཀུན།
།རྒྱུན་མི་ཆད་པ་ཆུ་བོའི་གཞུང་བཞིན་དུ། །སྐྱེ་འགྲོ་ཡོངས་ལ་རྟག་ཏུ་བཀྲ༴
བསོད་ནམས་དར་རྒྱས་རི་རྒྱལ་ལྷུན་པོ་བཞིན། །སྙན་གྲགས་ཆེན་པོ་ནམ་མཁའ་བཞིན་དུ་ཁྱབ།
།ཚེ་རིང་ནད་མེད་གཞན་དོན་ལྷུན་གྲུབ་པའི། །ཡོན་ཏན་རྒྱ་མཚོ་མཆོག་གིས་བཀྲ་ཤིས་ཤོག
།བཀྲ་ཤིས་བཀའ་རྒྱ་མ་འདི་གྲུབ་ཆེན་ཁྱུང་པོས་མཛད་པ་ཡིན་ནོ། །མགོན་པོའི་རབ་གནས་སོགས་ལ་ངེས་པར་དགོས་པ་ཡིན་ནོ།།
Version from phyag drug pa'i sgrub thabs
ཡོན་ཏན་རབ་རྫོགས་གངས་ཀྱི་རི་བོ་བཞིན། །བྱིན་རླབས་ཆུ་བོས་སྐལ་བཟང་ཚིམས་མཛད་ཅིང་།
།རང་སེམས་ལྷན་ཅིག་སྐྱེས་པ་སྟོན་མཛད་པའི། །ཆོས་རྗེ་བླ་མ་མཆོག་གི་བཀྲ་ཤིས་ཤོག
།སྒྲུབ་པ་པོ་ལ་བུ་བཞིན་གཟིགས་མཛད་ཅིང་། །མི་འབྲལ་ལུས་དང་གྲིབ་མ་ཇི་བཞིན་དུ།
།དམ་ཚིག་ཅན་ལ་དངོས་གྲུབ་སྟེར་མཛད་པའི། །ཡི་དམ་ལྷ་ཚོགས་རྣམས་ཀྱི་བཀྲ་ཤིས་ཤོག
།དམ་ཅན་སྒྲུབ་པ་པོ་ཡིས་རྗེས་འབྲངས་ཤིང་། །ཞི་དང་རྒྱས་དང་དབང་དང་མངོན་སྤྱོད་སོགས།
།སྣ་ཚོགས་ཕྲིན་ལས་ཚུལ་བཞིན་སྒྲུབ་མཛད་པའི། །ཆོས་སྐྱོང་སྲུང་མ་རྣམས་ཀྱིས་བཀྲ་ཤིས་ཤོག
།སྣང་སྲིད་རང་གྲོལ་སྒྱུ་མ་རྨི་ལམ་བཞིན། །བདེ་བ་ཆེན་པོ་རྒྱུན་ཆད་མེད་པའི་ཉམས།
།ཡིད་ལ་བྱར་མེད་སྟོང་གསལ་ནམ་མཁའི་ངང་། །བདེ་ཆེན་ཕྱག་རྒྱ་ཆེན་པོའི་བཀྲ་ཤིས་ཤོག
།སྒྲུབ་པ་པོ་ལ་བརྟེན་ཅིང་མཆོད་པ་དང་། །སྐུར་བ་འདེབས་པའི་སྐྱེ་འགྲོ་གང་ཡིན་པ།
།ཐམས་ཅད་བྱང་ཆུབ་ལམ་ལ་འགོད་མཛད་པའི། །མཉམ་མེད་བྱང་ཆུབ་སེམས་ཀྱི་བཀྲ་ཤིས་ཤོག
།འཁོར་བ་མྱ་ངན་འདས་པ་ཐམས་ཅད་ཀྱི། །བཀྲ་ཤིས་གོ་འཕང་ཇི་སྙེད་ཡོད་པ་རྣམས།
།ཕུན་སུམ་ཚོགས་པ་ཆུ་བོའི་གཞུང་བཞིན་དུ། །སྐྱེ་འགྲོ་ཡོངས་ལ་རྟག་ཏུ་བཀྲ་ཤིས་ཤོག
།བསོད་ནམས་དར་རྒྱས་རི་རྒྱལ་ལྷུན་པོ་བཞིན། །སྙན་གྲགས་ཆེན་པོས་ནམ་མཁའ་བཞིན་དུ་ཁྱབ།
།ཚེ་རིང་ནད་མེད་གཞན་དོན་ལྷུན་གྱིས་གྲུབ། །ཡོན་ཏན་རྒྱ་མཚོ་མཆོག་གི་བཀྲ་ཤིས་ཤོག