Gzhi lam 'bras bu'i rnam bzhag

From Shangpa Resource Center
Revision as of 13:57, 4 December 2023 by Sengue (talk | contribs)








༈ གཞི་ལམ་འབྲས་བུའི་རྣམ་བཞག་བཞུགས་སོ།།

།གཞི་ལམ་འབྲས་བུ་གསུམ་ནི། གཞི་དབང་བཞི་རྫོགས་པ། ལམ་བསྐྱེད་རྫོགས་ཟུང་འཇུག །འབྲས་བུ་སྐུ་གསུམ་བདེ་ཆེན། ཕྲིན་ལས་ལྷུན་གྲུབ་ཕྱོགས་མེད་རང་ཤར་རོ།
།གནད་དྲུག་ནི། ཐབས་ལམ་རྩོལ་བའི་གནད། སྒྱུ་ལུས་བདེ་ཆེན་གྱི་གནད། རྨི་ལམ་འདུན་པའི་གནད། འོད་གསལ་མོས་གུས་ཀྱི་གནད། འཕོ་བ་དམིགས་པ་རྩེ་གཅིག་གི་གནད། བར་དོ་སྐྱོ་ཤས་ཀྱི་གནད་དོ།
གེགས་དྲུག་ནི་༼ཆོས་དྲུག་གི༽། ཐབས་ལམ་ལ་དྲེད་༼རྩོལ་བ་༽། སྒྱུ་ལུས་ལ་འཐས་༼བདེན་ཞེན་དུ་༽། རྨི་ལམ་ལ་འབྱམས་༼གཉིས་སུ་གོལ་༽། འོད་གསལ་༼མོས་གུས་༽ལ་བརྡུག འཕོ་བ་ལ་འཕྲོས་༼རྟོག་པ་སྣ་ཚོགས་༽། བར་དོ་ལ་༼ཐ་མ་ལ་དུ་༽འཁྲུལ་བའོ།
ལྟ་སྒོམ་སྤྱོད་འབྲས་ནི། ལྟ་བ་ཕྱོགས་མེད་མཐའ་བྲལ། སྒོམ་པ་གསལ་སྟོང་འཛིན་མེད། དམ་ཚིག་རང་སེམས་རྣམ་དག །སྤྱོད་པ་བླང་དོར་རང་གྲོལ། འབྲས་བུ་སྐུ་གསུམ་རང་ཤར། ཕྲིན་ལས་ཕྱོགས་མེད་ལྷུན་གྲུབ་བོ།
།ཡང་གཞི་ལམ་འབྲས་གསུམ་ནི། བྱིན་རླབས་དབང་གི་གཞི། གཏུམ་མོ་ལམ་གྱི་བོགས་འདོན། རྨི་ལམ་ལམ་གྱི་ཚོད་འཛིན། འོད་གསལ་འབྲས་བུ་འཆར་བའོ།
།གཞི་ལམ་འབྲས་བུའི་སྐུ་གསུམ་ནི། གཞི་སྐུ་གསུམ་རང་གནས། ལམ་སྐུ་གསུམ་ལམ་ཁྱེར། འབྲས་བུ་སྐུ་གསུམ་མངོན་གྱུར། ཕྲིན་ལས་ལྷུན་གྲུབ་ཕྱོགས་མེད་དོ།
།ཌཱ་ཀི་མས་སེང་ལྡེང་ནགས་ཀྱི་ནམ་མཁའ་ནས་གསུངས་པ་རྫོགས་སོ།
W8LS16295: ༼ཟུང་འཇུག་སྒྱུ་མའི་སྐྱེས་བུ་ལ། །གཉིས་མེད་ལམ་འཁྱེར་མདའ་ཡིས་བསྣུན། །རང་འཛིན་ཞེན་པའི་དོན་ལ་ཕོག །ཁྱབ་གདལ་ངང་དུ་ཤི་ནས་སོང་། །དེ་ཕྱིར་གཉིས་འཛིན་སྐྱེ་རྒྱུད་ཆེད། ཨྀཐི།༽
Lineage from BDRC W3CN766 and W8LS16295: ༼རྡོ་རྗེ་འཆང་གིས་ནི་གུ་མ་ལ་གསུངས། དེས་ཁྱུང་པོ་རྣལ་འབྱོར་ལ། དེས་རྨོག་ལྕོག་པ། དེས་སྐྱེར་སྒང་པ་ལ། དེས་སངས་རྒྱས་སྟོན་པ་ལ། དེས་ཤངས་སྟོན་ལ། དེས་ཡོན་ཏན་རྒྱ་མཚོ་ལ། དེས་བྱམས་པ་དཔལ་བ། དེས་བློ་གྲོས་གསལ་བ་ལ། དེས་ཀུན་དགའ་དཔལ་བཟང་ལ། དེས་རྩ་བའི་བླ་མ་མཁས་གྲུབ་དཀོན་མཆོག་ལེགས་པ་ལ། དེས་བདག་ལའོ།༽